Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 103_དཀར་ཆག
Văn bản gốc(Tây Tạng)
Trang 6 / 10 (50.000 ký tự/trang)
ས་པར་མཛད་དེ་དེ་དག་གི་བཤད་པའང་དཔྱིས་ཕྱིན་པར་གཏན་ལ་ཕབ། དེ་ནས་དགེ་བཤེས་འབྲོ་ཤེས་ རབ་འབར་གྱིས་བསྟན་པ་སྔ་དར་གྱི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བའི་རྒྱུན་དང་། །ཇོ་བོ་དང་རིན་བཟང་གི་བཤད་རྒྱུན་རྣམས་གཅིག་དྲིལ་གྱི་བཤད་སྲོལ་ཆེན་པོ་བཏོད་པ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་སྟེ་བསྟན་པ་འདི་ལ་བྱ་བ་ཆེ་ཐང་དུ་མཛད། དེ་ནས་བཟུང་སྟེ་ད་ལྟའི་བར་ འཆད་ཉན་མ་ནུབ་པར་ཡོད་པ་འདི་ལགས་ཤིང་། བོད་ཡུལ་དུ་ཤེར་ཕྱོགས་ཀྱི་བསྟན་བཅོས་རྩོམ་མཁན་ཡང་ཤིན་ཏུ་མང་བར་བྱུང་ངོ་། །ཡང་རྔོག་ལོའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་བཤད་སྲོལ་ལ་བརྟེན་ནས་ཕྱིས་དགེ་བཤེས་ཕྱྭ་པས་ཀྱང་སྤེལ་ལོ། །ཕར་ཕྱིན་གྱི་དངོས་བསྟན་ སྟོང་ཉིད་ཀྱི་རིམ་པ་བཤད་པ་དང་། ཉམས་སུ་ལེན་པ་དག་ལ་དབུ་མ་པར་གྲགས་པས་དེ་ནི་དང་པོར་པཎྜི་ཏ་ཛྙཱ་ན་གརྦྷ་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དབུ་མ་རྩ་བའི་ཤེས་རབ་དང་། དེའི་འགྲེལ་པ་ཤེས་རབ་སྒྲོན་མ་སོགས་ཀྱི་གཞུང་བསྒྱུར་བཤད་མཛད་པ་སོགས་ནས་དེར་ཡང་། ཕྱི་ དར་ལ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཤེས་རབ་སྒྲོན་མ་གཙོ་བོར་གྱུར་པའི་གཞུང་ལ་འཆད་ཉན་མཛད་ནས་ཆེས་དར་བ་ཡིན་ཞིང་། །ཁྱད་པར་པ་ཚབ་ལོ་ཙཱས་ཁ་ཆེར་བྱོན་ནས། སཛྫ་ནའི་སྲས་གཉིས་སོགས་ལ་བསྟེན་ཏེ་ལོ་ཉི་ཤུ་རྩ་གསུམ་དུ་སྦྱངས་པ་མཛད་ནས། བོད་དུ་རྩ་འཇུག་ བཞི་གསུམ་སོགས་ཀྱི་འགྲེལ་པ་ཟླ་བས་མཛད་པའི་རིགས་རྣམས་བསྒྱུར། འཆད་ཉན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ། དེའི་སློབ་མ་གཙང་པ་སར་སྦོས་དང་། རྨ་བྱ་བྱང་བརྩོན་སོགས་མང་པོས་དབུས་གཙང་དུ་སྤེལ་བས་དབུ་མའི་བཤད་རྒྱུན་རྒྱ་ཆེར་དར་བ་དེང་སང་ཡང་ཡོད་དོ། ། དེའི་ཉམས་ལེན་གྱི་རྒྱུན་ཡང་ཇོ་བོ་རྗེ་ནས་འབྲོམ་རྒྱུད་གཙོ་བོར་བཀའ་གདམས་རིན་པོ་ཆེ་ལ་དར་ཞིང་། དེ་ལྟའི་བཤད་སྒྲུབ་ཀྱི་རྒྱུན་གཉི་གའང་རང་སྟོང་སྨྲ་བའི་ལུགས་དང་། དེ་ལས་ཀྱང་ཐལ་འགྱུར་བའི་ཕྱོགས་ཏེ་འདི་ལ་བོད་ཀྱི་སློབ་དཔོན་ཊཱིཀ་བྱེད་པའང་མང་ཞིག་བྱུང་ངོ༌། །དེའི་གསེབ་ཏུ་རང་ རྒྱུད་ཀྱི་གྲུབ་མཐའ་སྨྲ་བ་འང་ཐར་ཐོར་བྱུང་མོད་ཀྱི་དེ་དག་གི་བཤད་སྲོལ་གྱི་རྒྱུན་ཆེན་པོ་ཚུགས་པ་ཞིག་ནི་མ་བྱུང་བར་མངོན་ནོ། །འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ནི་ཤིན་ཏུ་རྒྱ་ཆེ་ནའང་། ཕྱི་ནས་འཕགས་ཡུལ་དུའང་ཆེར་མི་བཞུགས་པ་གོང་དུ་སྨོས་ཟིན་པ་ལྟར་ལ། དེ་ལས་བོད་དུ་ བྱོན་པ་ནི། ཕལ་པོ་ཆེ་དང་། དཀོན་བརྩེགས་དང་། ལང་གཤེགས་སོགས་ཕྱིས་རྒྱ་གར་དུ་གང་བཞུགས་ལས་ཀྱང་ཕལ་ཆེ་བ་ཞིག་ཡིན་གྱི་ཡོངས་སུ་རྫོགས་པར་བསྒྱུར་བ་ནི་མ་ཡིན་ཏེ། རྒྱ་གཞུང་རྣམས་སུ་ལུང་ཁུངས་སྨོས་པ་རྣམས་ལས་མང་པོ་འདིར་མི་བཞུགས་པའི་ཕྱིར་རོ། །དེའང་བདེ་ བར་གཤེགས་པའི་སྙིང་པོ་སྟོན་པའི་མདོ་ཕལ་ཆེ་བ་ཞིག་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་བ་ཡིན་ཞིང་། ཕྱི་འགྱུར་ཡང་ཅི་རིགས་པར་ཡོད་ལ། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་སྔ་དར་ཕྱི་དར་གཉི་ག་ལ་ཅི་རིགས་པར་བསྒྱུར་བ་ཡིན་ཞིང་། དེ་དག་གི་བཤད་སྲོལ་ཡང་ མང་དུ་ཡོད་པ་ལས། གཙོ་བོར་ནི་ཕྱིས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་སློབ་དཔོན་སཛྫ་ན་ལས་མདོ་སྡེ་རྒྱན་དང་རྒྱུད་བླ་མ། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད་རྣམས་ཀྱི་གཞུང་འགྲེལ་བཤད་པ་དང་བཅས་པ་གསན་ནས་སློབ་མ་རྣམས་ལ་བསྟན་པས་རྒྱ་ཆེར་འཕེལ་ཏེ། ཕྱིས་ གཙང་ནག་པ་དང་། ཀུན་མཁྱེན་རང་བྱུང་ཞབས་དང་། ཇོ་མོ་ནང་པ་སོགས་ཀྱིས་རྩལ་དུ་བཏོན་ནས་བཤད་པས་འཁོར་ལོ་མཐའ་མའི་སྙིང་པོའི་དོན་ཆེས་ཆེར་གསལ་བར་གྱུར་པ་ཡིན་ནོ། །དེས་ན་འདི་དག་ནི་དབུ་མ་གཞན་སྟོང་གི་སྲོལ་ལེགས་པར་འཛིན་པ་པོ་ཡིན་ཞིང་། སྲོལ་འདི་ལས་ ཊིཀ་ཆེན་མཛད་པོའང་མང་དུ་བྱོན་ཏེ། ཁ་ཅིག་ལུགས་འདི་ལ་སེམས་ཙམ་པར་འཆད་པ་ནི་ཤིན་ཏུ་ནོར་རོ། །ཡང་གྲྭ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་བོ་ཆེས་སཛྫ་ན་ལས་རྒྱུད་བླ་སོགས་ཞུས། ལྕང་ར་བ་སོགས་སློབ་མ་རྣམས་ལ་བཤད་ནས། ཕྱི་མོ་བར་དུ་བཤད་སྲོལ་བྱུང་བ་ནི་ སེམས་ཙམ་གྱི་གྲུབ་མཐའ་སྨྲ་བའི་ལུགས་སུ་ངེས་ཏེ། ལུགས་དེའི་ཡིག་ཆ་རྣམས་སུ་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་པ་དེ་སངས་རྒྱས་ཀྱི་རྒྱུ་གྲུངས་པོར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཇི་ལྟར་བྱོན་པའི་ཚུལ་ནི། །བསྟན་པ་སྔ་ དར་གྱི་དུས་སུ་ཆོས་རྒྱལ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ་དཔང་སྐོང་ཕྱག་བརྒྱ་པ། མདོ་ཟ་མ་ཏོག །ཙིནྡྷ་མཎིའི་གཟུགས་ཀྱི་བཀོལ་ཕོར་སོགས་ཡུམ་བུ་བླ་མཁར་གྱི་རྩེར་བབས་པ་དེར་གཉེན་པོ་གསང་བ་ཞེས་པའི་མཚན་གསོལ་ནས་མཆོད་པ་བྱེད་པ་ཙམ་བྱུང་བས་དམ་བ་ཆོས་ཀྱི་དབུ་ བརྙེས། དེ་ནས་སྲོང་བཙན་སྒམ་པོའི་དུས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤངྐ་ར། བལ་པོ་ཤི་ལ་མཉྫ་སོགས་བྱོན་ཏེ་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་སོགས་ཀྱིས་བྱས་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བསྒྱུར། སློབ་མ་སྐལ་ལྡན་རྣམས་ལ་རྒྱལ་པོ་ཉིད་ཀྱིས་དེ་ དང་འཚམ་པའི་ཡི་དམ་ལྷའི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་མན་ངག་ཕོག་པས་གྲུབ་པ་ཐོབ་པའང་མང་དུ་བྱུང་བར་གྲགས། དེ་ནས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་སངས་རྒྱས་གསང་བ་སྤྱན་འདྲེན་དུ་དབས་མཉྫ་ཤྲཱི་སོགས་བཏང་ཡང་མ་བྱོན་པར་ཀྲི་ཡོག་སྡེ་གསུམ་ བཤད་པ་ཉན། ཉིད་ཀྱི་འགྲེལ་པ་རྣམས་གནང་བ་ཁྱེར་ཏེ་སླར་འོངས་ནས་བཙན་པོ་ལའང་ཕུལ། སློབ་མ་རྣམས་ལའང་བཤད་པས་དར་བར་གྱུར། ཁྱད་པར་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་སྤྱན་དྲངས་ཏེ། དེས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། ཟན་ཡང་ལྷུན་གྱིས་གྲུབ་པའི་ གཙུག་ལག་ཁང་བཞེངས་པ་ལ་རབ་ཏུ་གནས་པ་མཛད། ཆོས་གཏེར་དང་ནོར་གཏེར་དཔག་ཏུ་མེད་པ་སྦས། སྔགས་ཀྱི་རྒྱུད་སྡེ་བཞི་དང་ཁྱད་པར་བླ་མེད་ཀྱི་རྒྱུད་རྣམས་བཤད་པ་དང་། དབང་བསྐུར་མན་ངག་སྦྱིན་པ་སོགས་གསང་སྔགས་ཀྱི་བསྟན་པ་ཉིན་མོ་ལྟ་བུར་མཛད། གཞན་ཡང་སློབ་དཔོན་ ཤཱནྟི་གགྷ་དང་སྔགས་འཆང་དྷརྨ་ཀཱིརྟི་སོགས་ཀྱིས་ཀྱང་སྔགས་རྒྱུད་བསྒྱུར་ཞིང་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར་བ་དང་རྒྱུད་བཤད་པ་སོགས་མཛད། བཙན་པོས་ཡེར་པ་དང་། ཆུ་བོ་རི་སོགས་ལ་བསྒོམ་གྲྭ་ཆེན་པོ་བཙུགས། དབྱིག་རྡོ་རྗེ་རྒྱལ་མཚན། གནུབས་ནམ་མཁའི་སྙིང་པོ། བཙུན་ པ་དཔལ་དབྱངས། ངན་ལམ་རྒྱལ་བ་མཆོག་དབྱངས། མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་བརྒྱ་རྩ་བརྒྱད་ཀྱིས་གྲུབ་པ་ཐོབ་པར་གྲགས། རྗེ་འབངས་ཉེར་ལྔའང་དེ་དག་གི་གཙོ་བོར་གྱུར་པ་རྣམས་སོ། །བོན་པོ་དང་བརྩད་པས་བོན་པོ་ཕམ་སྟེ་དྲན་པ་ནམ་མཁའ་སོགས་ཆོས་ལ་བཅུག ཕྱིས་ བསྒོམས་པས་གྲུབ་པ་ཐོབ་པའང་མང་ཞིག་བྱུང་། དེ་དག་གི་དུས་སུ་གཙོ་བོར་དར་བའི་རྒྱུད་སྡེ་རྣམས་ནི་གསང་བ་འདུས་པ་ལ་སོགས་པ་ཏ་ནྟ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་དག་གོ། །དེ་ལས་སྒྲུབ་པ་བཀའ་བརྒྱད་དུ་གྲགས་པ་རྣམས་ནི་རྟ་མགྲིན་དང་ཕུར་པའི་སྐོར་པདྨ་སཾ་བྷ་བས་དར་ བར་མཛད། དེ་བཞིན་དུ་ཤཱནྟི་གརྦྷས་འཇམ་དཔལ་སྐུ་དང་། ཧཱུྃ་ཀཱ་རས་ཡང་དག་ཐུགས། དྲི་མེད་བཤེས་གཉེན་གྱིས་བདུད་རྩི་ཡོན་ཏན་གྱི་དབང་། རྒྱུད་ཉམས་ལེན་དང་བཅས་པ་དར་བར་མཛད། མ་མོ་སོགས་འཇིག་རྟེན་པའི་སྡེ་གསུམ་ཡང་། སློབ་དཔོན་པདྨས་བོད་ཡུལ་སོགས་ ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས། སྲོག་སྙིང་ཕུལ། དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ། སོ་སོའི་སྡེ་ཚན་དུ་བསྡུས་ནས་རིག་སྔགས་བསྒྲུབ་པའི་ཆོ་ག་མཛད་པ་ཡིན་ནོ། །ཁྱད་པར་རྫོགས་ཆེན་ལ་སེམས་ཀློང་མན་ངག་སྡེ་གསུམ་ལས། དང་པོ་བེ་རོ་ཙ་ན་རཀྵི་ཏས། གཉིས་པའང་དེ་ཉིད་ཀྱིས། གསུམ་པ་བི་མ་ལ་མི་ཏྲེས་སྤེལ་བར་བྱས་པ་ཡིན། དེར་མ་གཏོགས་པའི་འདུས་པ་མདོ་ནི་མདོ་དགོངས་འདུས་སུ་གྲགས་པ་སྟེ། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་དང་། གནུབས་སངས་རྒྱས་ཡེ་ཤེས་གཉིས་ཀྱིས་བསྒྱུར་བཤད་མཛད་དེ་དར། སྒྱུ་འཕྲུལ་ རྒྱུད་ཀྱི་སྐོར་ནི། གསང་བ་སྙིང་པོ་སོགས་རྩ་འགྲེལ་དང་བཅས་རྣམས་ཏེ། ཐོག་མར་བི་མ་ལ་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་བཤད་དེ། དེ་ནས་རིམ་བཞིན་བཤད་ཉན་བསྒོམ་བསྒྲུབ་ཀྱི་རྒྱུན་དར་བ་ཡིན་ནོ། །དེ་དག་གི་སྐབས་སུ་སློབ་དཔོན་གྱིས་གཏེར་དུ་སྦས་པ་རྣམས་ཕྱི་ ནས་ཆོས་དེ་དང་དེའི་གདུལ་བྱར་གྱུར་པ་དག་བྱུང་བའི་ཚེ་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་ཕྱུང་སྟེ་འགྲོ་དོན་མཛད་པ་ཡིན་ནོ། །དེ་ལྟར་བསྟན་པ་སྔ་དར་གྱི་ཚེ་བྱུང་བའི་གསང་སྔགས་རྣམས་ལ་ནི་གསང་སྔགས་སྔ་འགྱུར་དུ་གྲགས་ཏེ་ད་ལྟའི་བར་དུ་སྲོལ་དེའི་བཀའ་གཏེར་གཉི་གའི་དབང་རྒྱུད་ མན་ངག་སོགས་ཅི་རིགས་པར་སྣང་ངོ༌། །བསྟན་པ་ཕྱི་དར་གྱི་ཚེ་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་གཉིས་ལ་བརྟེན་པའི་དབང་བཀའ་དང་། རྗེས་གནང་དང་། རིག་གཏད་ཙམ་དང་ལུང་སྦྱིན་པ་སོགས་ལས་འཆད་ཉན་གྱི་སྲོལ་ནི་མ་བྱུང་བར་མངོན་ལ། བླ་མ་ཁ་ཅིག་གིས་དཔུང་བཟང་ སོགས་ལ་བཤད་པ་བྱས་པར་གྲགས་པའང་རྩལ་བཤད་བྱས་པ་ཉིད་དུ་ཟད་ཀྱི་བཤད་རྒྱུན་འདེད་རྒྱུ་ཡོད་པ་མ་མཐོང་ངོ་། །རྣལ་འབྱོར་རྒྱུད་ནི་ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་བྱོན་ཏེ་བླ་མ་མང་པོ་བསྟེན། རྒྱུད་དང་གདམས་ངག་མང་པོ་ཉན་ནས། གསང་སྔགས་སྤྱི་དང་ཁྱད་ པར་ཡོ་ག་ལ་ཤིན་ཏུ་མཁས། བོད་དུ་རྣལ་འབྱོར་གྱི་རྒྱུད་རྣམས་ཕལ་ཆེར་སྔར་ནས་ཡོད་མོད་ཀྱི་འགྲེལ་པ་དང་བསྟུན་ནས་གསར་དུ་བསྒྱུར། འགྲེལ་པའང་དེ་ཉིད་བསྡུས་པའི་འགྲེལ་པ་དེ་ཉིད་སྣང་བ་སོགས་བསྒྱུར་ནས་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ། ཕྱག་ ལེན་ངེས་ཏིག་མཛད་དེ། རྔོག་ལེགས་ཤེ་སོགས་ཐུགས་སྲས་བཞི་གཙོ་བོར་གྱུར་པའི་སློབ་མ་མང་པོ་ལ་གནང་སྟེ། འཆད་ཉན་གྱིས་བརྒྱུད་པ་ཟིན་པ་ཤིན་ཏུ་མང་བར་བྱུང་། དེ་ལས་ཕོ་བྲང་ཞི་བ་འོད་ཀྱིས་པཎྜི་ཏ་མནྟཱ་ཀ་ལཱ་ཤ་སོགས་སྤྱན་དྲངས་ཏེ། འགྱུར་མང་དུ་ མཛད་ཅིང་ཁྱད་པར་དཔལ་མཆོག་གི་ཧོར་ཀོང་བསབས། བཤད་རྒྱུད་རྡོ་རྗེ་རྩེ་མོ་སོགས་སློབ་མ་མང་པོ་ལ་བཤད། ཟངས་དཀར་ལོ་ཙཱས་ཀྱང་ཡོ་གའི་སྐོར་ལ་གསན་པ་རྒྱ་ཆེན་པོ་མཛད་ནས། སྨད་འགྲེལ་དུམ་བུ་གསུམ་ཡང་རྫོགས་པར་བསྒྱུར། ཟངས་དཀར་ གྱི་བུ་བཞིར་གྲགས་པ་སོགས་ལ་བཤད་པས་ཆེས་དར་བར་གྱུར་པ་ཡིན་ནོ། །དེ་དག་ལས་བརྒྱུད་དེ་ཕྱིས་བུ་སྟོན་རིན་པོ་ཆེ་ལ་དབང་དང་རྒྱུད་འགྲེལ་གྱི་བཤད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱུང་བ་དེས་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་རྨང་ནས་གསོ་བ་ལྟ་བུར་མཛད་པ་ཡིན་ཞིང་། དེང་སང་ནི་རྒྱུད་རྣམས་ཀྱི་བཀླག་ལུང་ཙམ་དང་། དབང་བཀའ་འགའ་ཞིག་ལས་རྒྱུད་འགྲེལ་གྱི་བཤད་པ་སོགས་ཕལ་ཆེར་མི་བཞུགས་སོ། །རྣལ་འབྱོར་བླ་མེད་རྒྱུད་ལས་ཕ་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པ་ནི། འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་ ལས་སྔ་མ་ནི་དང་པོར་ལོ་ཆེན་རིན་ཆེན་བཟང་པོས་འདུས་པའི་རྒྱུད་ཉིད་དང་། དེའི་འགྲེལ་པ་སྒྲོན་གསལ་སོགས་གཞུང་ཆེ་ཕྲ་མང་པོ་བསྒྱུར། དེ་དག་གི་དབང་དང་བཤད་པ་སོགས་ཀྱང་དཔྱིས་ཕྱིན་པར་གསན། །གཞན་ཡང་ཕྱི་ནས་ལོ་ཙཱ་བ་མང་པོས་འཕགས་ཡུལ་ནས་མཉན་ ཏེ་བསྒྱུར་བཤད་ཅི་རིགས་པར་མཛད་མོད་ཀྱི་གཙོ་བོར་མར་འགོས་ཀྱི་ལུགས་གཉིས་སུ་གྲགས་ཆེ། དེའང་འགོས་ལུགས་ནི་ལོ་ཙཱ་བ་ཆེན་པོ་འགོས་ཞུག་པ་ལྷ་བཙས་ཀྱིས་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་དང་། དེ་ཝཱ་ཀ་ར་ཙནྡཱ་དང་། བིརྱ་བྷ་དྲ་སོགས་པཎྜི་ཏ་བདུན་ཅུ། མཁའ་འགྲོ་མ་ གཉིས་རྣམས་ལས་གསང་བ་འདུས་པའི་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། བོད་དུ་སྔར་བསྒྱུར་བའི་རྒྱུད་འགྲེལ་ཕྲན་དང་བཅས་པ་རྣམས་ལ་འགྱུར་བཅོས་དང་ཞུས་དག་སོགས་ཤིན་ཏུ་ལེགས་པར་མཛད། སློབ་མ་རྣམས་ལ་རྒྱ་ཆེར་བསྟན་པ་ལས་མངར་བ་སེང་གེ་རྒྱལ་མཚན་སོགས་ སློབ་མའི་མཆོག་དྲུག་བྱུང་། དེ་དག་ལས་ཉེ་བར་བརྒྱུད་དེ་འདུས་པའི་སྐོར་ཤིན་ཏུ་དར་བར་བྱུང་བ་ཡིན་ཏེ་འགོས་ལུགས་སུ་གྲགས་སོ། །མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཀྱིས་སློབ་དཔོན་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་ལ་སོགས་པ་བསྟེན་ནས་གསང་བ་འདུས་པའི་སྐོར་རྣམས་ཞུས། བོད་དུ་སློབ་མ་ རྣམས་ལ་བསྟན་པ་ལས་སློབ་མའི་མཆོག་ཏུ་གྱུར་པ་ཀ་ཆེན་བཞི་ལས་ཁྱད་པར་དུ་མཚུར་སྟོན་དབང་ངེ་ལ་འདུས་པའི་སྐོར་ཡོངས་སུ་རྫོགས་པར་གནང་། དེས་ཁམས་པ་རོ་མཉམ་རྡོ་རྗེ་ལ་གནང་སྟེ། རོ་མཉམ་རྡོ་རྗེས་རྒྱ་གར་དུ་འདུས་པ་ཉན་པ་ལ་བྱོན་པའི་ཚེ་ལམ་དུ་རྒྱ་གར་བ་གཉིས་ མར་པ་ལ་འདུས་པ་ཉན་དུ་འོངས་པ་དང་འཕྲད་ནས་ཚུལ་བྱོན། མར་པ་གཤེགས་ཟིན་པས་མཚུར་སྟོན་ལ་འདུས་པ་གསན་པ་སོགས་ནས་ཉེ་བར་བརྒྱུད་དེ་མར་ལུགས་སུ་གྲགས་སོ། །འོན་ཀྱང་ཇོ་བོ་རྗེ་ཨ་ཏི་ཤས་ནག་ཚོ་ལ་གསུངས། དེས་རོང་པ་ཕྱག་སོར་བ་ལ་བཤད་པ་སོགས་ ནས་ཇོ་བོ་ལུགས་སུ་གྲགས་པ་བྱུང་ངོ་། །ཡང་ཆག་ཆོས་རྗེ་དཔལ་གྱིས་པཎྜི་ཏ་ར་ཝེནྡྲ་པ་སོགས་བསྟེན་ནས་འདུས་པ་གསན་པ། འུ་ཡུག་ཀུང་ར་བ་བླ་མ་དཔལ་སོགས་ལ་བཤད་པ་ནས་ཉེ་བར་བརྒྱུད་དེ་ཆག་ལུགས་སུ་གྲགས་པ་བྱུང་ངོ༌། །ཡང་ཁ་ཆེ་པཎ་ཆེན་གྱིས་ས་སྐྱ་པཎྜི་ཏ་ དང་། དཔྱལ་ཆོས་ཀྱི་བཟང་པོ་སོགས་ལ་གནང་བ་ནས་པཎ་ཆེན་ལུགས་སུ་གྲགས་པའང་བྱུང་ངོ༌། །གཞན་ཡང་བཤད་སྲོལ་ཅུང་ཟད་འདྲ་མིན་ཡོད་པའི་རྒྱུན་སྣ་ཚོགས་ཞིག་བྱུང་འདུག་ཀྱང་བྲིས་པས་མི་ལང་ངོ༌། །ཕྱི་མ་ཡེ་ཤེས་ཞབས་ལུགས་ནི་དང་པོར་ལོ་ཆེན་རིན་བཟང་ལས་རྐྱང་ པོ་ཆོས་བློ་སོགས་ལ་དར་ཞིང་སྨྲ་ཏི་ཛྙཱ་ནས་ཀྱང་ཁམས་སུ་བཤད་པ་ཁམས་ལུགས་སུ་གྲགས་པ་བྱུང་། པཎྜི་ཏ་སུ་ན་ཡ་ཤྲཱི་དང་གཉན་ལོ་ནས་བརྒྱུད་པ་ས་སྐྱ་པ་རྣམས་ལ་གྲགས་ཆེ་བས་ས་ལུགས་སུ་གྲགས་པ་དང་། པཎྜི་ཏ་པུཎྱ་ཤྲཱི་སོགས་ལས་རྭ་ལོ་ ཙཱ་བས་གསན་ནས་དར་བ་རྭ་ལུགས་དང་། ཡང་གཉོས་འབྱུང་པོས་བ་ལིང་ཨཱ་ཙཱརྱ་བསྟེན་ཏེ་འདུས་པ་ཉན་པ་ནས་གཉོས་ལུགས་སུ་གྲགས་པ་སོགས་བྱུང་ངོ༌། །དེ་ལྟར་ལུགས་སྔ་ཕྱི་གཉི་གའི་ཕྱོགས་ལ་བོད་ཡུལ་འདིར་ཊཱིཀ་དང་། སྒྲུབ་ཐབས་ དཀྱིལ་ཆོག་དང་མན་ངག་གི་ཡི་གེ་སོགས་རྩོམ་མཁན་ནི་ཤིན་ཏུ་མང་བ་ཞིག་བྱུང་སྣང་ངོ༌། །ཡང་ཕ་རྒྱུད་ལས་གཤེད་སྐོར་ནི། ཕྱི་དར་ལ་དང་པོར་ཅོག་གྲུ་ལོ་ཙཱ་བ་ཤེས་རབ་བླ་མས། གཤིན་རྗེ་གཤེད་ནག་གི་རྒྱུད་དང་། འཇིགས་བྱེད་རྟོག་ བདུན་གཉིས་དང་། འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་སོགས་བསྒྱུར། དགྲ་གདོང་འཇིགས་གསུམ་གྱི་དབང་དང་བཤད་པའང་དར་བར་མཛད། ནག་ཚོ་ལོ་ཙཱས་ཀྱང་ཇོ་བོ་དང་དམ་ཚིག་རྡོ་རྗེ་སོགས་ལས་གསན་ཏེ་རྒྱུད་འགྲེལ་བསྒྱུར། དབང་ བསྐུར་བ་དང་རྒྱུད་བཤད་པ་སོགས་ལས་ཀྱང་མང་དུ་མཆེད། །རོང་ཟོམ་ཆོས་བཟང་གིས་ཨུ་པཱ་ཡ་ཤྲཱི་མི་ཏྲ་ལ་བསྟེན་ཏེ་ནག་འཇིགས་ཀྱི་རྒྱུད་སོགས་བསྒྱུར་ཏེ་བཤད་པའང་མཛད་དོ། །གཞན་ཡང་གཉོས་དང་རྭ་ལོ་དང་ཤུད་ཀེ་ལོ་ཙཱ་སོགས་མང་པོས་དམར་ ནག་འཇིགས་གསུམ་སོགས་ཀྱི་རྒྱུད་གཞུང་མན་ངག་མང་དུ་གསར་དུ་བསྒྱུར་བ་དང་། འགྱུར་བཅོས་མཛད་པ་སོགས་ཤིན་ཏུ་མང་ཞིང་ཁྱད་པར་སྲོལ་ཆེར་བཏོད་པ་པོ་ནི་དཔྱལ་ལོ་སོགས་བཞི་དང་། རྭ་སྐྱོ་ཞང་གསུམ་དང་། གཉོས་ཏེ་བརྒྱད་ཡིན་པ་ ལས། སྔ་མ་ནི་གཤེད་དམར་གྱི་སྐོར་ཏེ་དཔྱལ་ལོ་ཆོས་དཔལ་བཟང་པོས་ནིཥྐ་ལངྐ་ལ་ཞུས་ནས་བོད་དུ་དར་བ་དང་། དཱ་ན་ཤཱི་ལས་ས་སྐྱ་པཎ་ཆེན་ལ་གནང་བ་དང་། ཆག་ལོས་ཀྱང་བིརཱུ་པའི་གཞུང་སོགས་བསྒྱུར་ཅིང་བསྟན་པ་དང་། གློ་བོ་ལོ་ཙཱས་ དརྦ་ན་ཨཱ་ཙཱརྱ་སོགས་ལས་གསན་ཅིང་སྤེལ་བ་རྣམས་ཏེ། དེ་དག་གི་རྒྱུན་ལས། གཤེད་དམར་གྱི་སྐོར་རྣམས་ཀྱི་དབང་ཁྲིད་མན་ངག་དང་བཅས་པ་བྱུང་བ་ཡིན་ནོ། །རྭ་ལུགས་ནི། རྭ་ལོ་རྡོ་རྗེ་གྲགས་ཀྱི་བལ་པོ་འབའ་རོ་ཕྱག་ རྡུམ་དང་། མེ་ཙ་ལིང་པ་གཉིས་བསྟེན་ནས། རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གསན། ཁྱད་པར་བལ་པོ་ཐུགས་རྗེ་ཆེན་པོ་ལ་དགྲ་གདོང་འཇིགས་གསུམ་སོགས་ཀྱི་སྐོར་རྫོགས་པར་ས་ལ་གསན། བོད་དུ་ཆོས་འཁོར་ཆེན་པོ་ མཛད་ཅིང་། གཤེད་སྐོར་གནང་བའི་སློབ་མ་ཁོ་ནའང་ཉིས་སྟོང་ལྷག་བྱུང་བར་གྲགས། གཙོ་བོར་རྭ་ཆོས་རབ་སོགས་ཏེ། དེ་དག་ལས་མཆེད་པའི་ཚུལ་ནི་སྨོས་ཀྱིས་མི་ལང་ངོ༌། །སྐྱོ་ལུགས་སུ་གྲགས་པ་ནི། བླ་མ་སྐྱེས་ཨ་མོ་གྷ་བཛྲ་སོགས་ ལས། རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་རྣམས་གསན་ནས་དར་བར་མཛད་པ་ཡིན་ཞིང་། ཞང་ལུགས་ནི། གོང་གི་ཅོག་གྲུ་ལོ་ཙཱ་བ་དེས་དེ་ཝཱ་ཀ་ར་ཙནྡྲ་ལ་ནག་འཇིགས་གཉིས་གསན་པ་ནས་ཉེ་བར་བརྒྱུད་པ་རྣམས་ཀྱི་སྲོལ་ཡིན་ནོ། །གཉོས་ལུགས་ནི། གཉོས་ ལོ་ཙཱས་བ་ལིང་ཨཱ་ཙཱརྱ་སོགས་ལས། ནག་པོ་སྐོར་གསུམ་གསན་པ་ནས་མཆེད་པ་དག་གོ། །མ་རྒྱུད་ཀྱི་ཕྱོགས་ལས། །རྡོ་རྗེ་གདན་བཞི་བའི་དབང་ཁྲིད་བཤད་པ་མན་ངག་དང་བཅས་པ་རྣམས། །ལོ་ཆེན་རིན་བཟང་དུས་སུའང་ཅུང་ཟད་བྱུང་ཞིང་། ག་ཡ་དྷ་ ར་དང་། འབྲོག་མི་དཔོན་སློབ་སོགས་ཀྱིས་བསྒྱུར་བཤད་མཛད་པ་དང་། མར་འགོས་གཉིས་ཀྱིས་བཤད་སྒྲུབ་ཀྱི་སྲོལ་ཆེར་བཏོད་པ་ཡིན་ནོ། །སྒྱུ་འཕྲུལ་ཆེན་མོའང་དེ་དང་མཚུངས་ཤིང་། སངས་རྒྱས་ཐོད་པ་ལ་གྱི་ཇོ་ཟླ་བའི་འོད་ཟེར་སོགས་ཀྱིས་རྒྱུད་ འགྲེལ་བསྒྱུར་བཤད་མཛད་པ་དང་། མར་འགོས་སོགས་ལས་ཀྱང་དར་རོ། །བདེ་མཆོག་གི་སྐོར་ནི། ཕྱི་དར་གྱི་ཐོག་མར་ཇོ་བོ་རྗེས་ལོ་ཆེན་རིན་བཟང་དང་། རོང་པ་མགར་དགེ་སོགས་ལ་གནང་ཞིང་། པཎྜི་ཏ་མང་པོ་ལ་བསྟེན་ནས་ལོ་ཆེན་དང་། འགོས་ སོགས་ཀྱིས་རྒྱུད་དང་། སྒྲུབ་ཐབས། འགྲེལ་པ་སོགས་བདེ་མཆོག་སྐོར་གྱི་གཞུང་མང་དུ་བསྒྱུར། ཕྱིས་ཇོ་བོས་ནག་ཚོ་ལོ་ཙཱ་སོགས་ལའང་གནང་བ་ནས་དར་བ་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱིས། །བལ་པོར་ཕམ་ཐིང་པ་སྐུ་མཆེད་ལ་བདེ་མཆོག་ གི་སྐོར་རྣམས་གསན་ནས། མལ་ལོ་སོགས་ལ་གནང་བ་དང་། མལ་ལོ་ཉིད་ཀྱིས་ཕམ་ཐིང་པ་སྐུ་མཆེད་སོགས་མང་པོ་བསྟེན་ནས་ཞུས་པས། བདེ་མཆོག་སྐོར་ལ་མཁས་པར་གྱུར་པ་དེ་ལ་ས་ཆེན་གྱིས་གསན་པ་སོགས་ནས། ས་སྐྱ་པ་ཡབ་ སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་ཆེས་དར་བ་ཡིན་ནོ། །མར་པ་ལོ་ཙཱས་ནཱ་རོ་པ་ལ་བདེ་མཆོག་གི་སྐོར་རྣམས་ཀྱི་ངེས་གསང་བླ་ན་མེད་པ་གསན་ནས། ཕྱིས་བོད་དུ་སློབ་མ་རྣམས་ལ་གདམས་པ་ལས། དབང་དང་ཁྲིད་ཀྱི་སྲོལ་ཁྱད་པར་བ་མང་པོ་མར་མིའི་ བཀའ་རྒྱུད་རྣམས་ལ་དར་བར་སྣང་ཞིང་། ཁྱད་པར་མར་པ་དོ་པས། ནཱ་རོ་པའི་སློབ་མ་མ་ན་ཀ་ཤཱི་སོགས་བླ་མ་མང་པོ་བསྟེན་ནས། ན་རོའི་ལུགས་ཀྱི་བདེ་མཆོག་གི་དབང་། རྒྱུད་བཤད་པ་མན་ངག་དང་བཅས་པ་གསན་ཏེ། བདེ་མཆོག་གི་ཆོས་ སྐོར་ལས་འགྱུར་ཡང་མང་པོ་མཛད། བོད་དུ་སློབ་མའང་མང་དུ་ཚང་ཞིང་། ཁྱད་པར་གཙང་གི་མཁས་པ་རྒྱ་ནམ་དོའི་གཟེ་བ་བློ་ལྡན་སོགས་ཀྱིས་ཆོས་རྒྱུད་ལེགས་པར་གཟུང་སྟེ། འདི་ལས་གྱེས་པའི་བཤད་སྲོལ་དང་། སྒྲུབ་རྒྱུན་ཤིན་ཏུ་འཕེལ་བ་ ཡིན་ནོ། །ཡང་ཕམ་ཐིང་པ་སྐུ་མཆེད་གསུམ་སོགས་ལས་པུ་རོང་ལོ་ཆུང་དང་གཉོས་ལོ་སོགས་ཀྱིས་གསན་ནས། རྒྱུན་བྱུང་བའང་ཅི་རིགས་པར་ཡོད་ཅིང་། དེ་ལས་ཁྱད་པར་པུ་རོང་ལོ་ཆུང་ནས་བརྒྱུད་པ་རྣམས་ཀྱི་བཤད་སྲོལ་བཟང་ལ་ཡུན་རིང་བར་བྱུང་བ་ ཡིན་ནོ། །དེར་མ་ཟད་སུམྦྷ་ལོ་ཙཱ་དྷརྨ་ཡོན་ཏན་གྱིས་པཎྜི་ཏ་ཛ་ཡ་སེ་ན་བསྟེན་ཏེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་ཡན་ལག་དང་བཅས་པ་གསན་ནས་འགྱུར་ཡང་མཛད་དེ། བོད་ཡུལ་དུ་དེ་དག་གི་དབང་བཀའ་དང་།བཤད་དཀའ་ སོགས་ཆེས་དར་བར་གྱུར་པ་ཡིན་ནོ། །དེའི་ཡུམ་བཀའ་རྡོ་རྗེ་ཕག་མོའི་སྐོར་ཡང་། ལྷ་སོ་བདུན་མར་གྲགས་པའི་དབང་བསྐུར་དང་། བསྙེན་བསྒྲུབ་ཀྱི་རྒྱུན་ཙམ་ཞིག་དར་བར་སྣང་ཞིང་། ཁྱད་པར་ཕག་མོ་གཞུང་དྲུག་ཏུ་གྲགས་པ་ནི་བལ་པོ་ བ་རེནྡྲ་རུ་ཙི་ལ་གཞུང་དྲུག་བྱིན་བརླབས་དང་བཅས་པ་ཞུས། དེ་བཞིན་དུ་རྔོག་ལོ་ཆེན་པོ་དང་། སྣུབས་སྟོན་དང་། ཁུ་ནེ་ཙོ་སོགས་ཀྱིས་ཀྱང་གསན་ནས། དེ་དག་སོ་སོ་ལས་བརྒྱུད་དེ་ཆེས་དར་ཞིང་། རྭ་ལོས་པཎྜི་ཏ་ཨ་བྷི་ཡུལྟ་ལ་གསན་ནས་ ཀྱང་མཆེད་པ་ཡིན་ནོ། །ཡང་མར་ལོས་ནཱ་རོ་པ་སོགས་ལས་གསན་ཏེ་མཆེད་པའི་ལུགས་ཀྱང་ཡོད་དོ། །དཔལ་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་སྐོར་ལ། འབྲོག་མི་ལོ་ཙཱ་སོགས་ཀྱིས་རྒྱུད་འགྲེལ་ཕྲན་དང་བཅས་པ་རྣམས་བསྒྱུར་བཤད་མཛད་དེ་དར་བ་ ཡིན་ཞིང་། །དེ་ལས་ཁྱད་པར་འབྲོག་མིས་པཎྜི་ཏ་ག་ཡ་དྷ་ར་ལ་སོགས་བསྟེན་ནས། དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་གསན་ནས་ཉེ་བར་བརྒྱུད་དེ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ལ་རྒྱ་ཆེར་མཆེད་པ་དང་། འགོས་ལོས་བྲམ་ཟེ་ ནག་པོའི་ཞབས་སོགས་ལས་གསན་ནས་དར་བ་དང་། ཁྱད་པར་མེར་པ་ལོ་ཙཱས་ནཱ་རོ་པ་བསྟེན་ནས་གསན་པ། མེས་རྫོག་གཉིས་ལས་བཤད་སྒྲུབ་ཀྱི་རྒྱུན་ཆེས་ཆེར་དར་བ་དང་། སེ་ཙ་བསོད་ནམས་རྒྱལ་མཚན་གྱིས། ཕམ་ཐིང་པ་ལས་ན་རོའི་ ལུགས་གསན་ནས་དར་བ་སོགས་སོ། །ཁྱད་པར་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་དཔལ་དུས་ཀྱི་འཁོར་ལོ་ནི། ཐོག་མར་པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང་། གྱི་ཇོ་ལོ་ཙཱས་རྒྱུད་འགྲེལ་བསྒྱུར་ནས། དབང་བཤད་མན་ངག་གི་སྲོལ་བཏོད་པ་པོམ་ལོ་ཙཱ་སོགས་ལས་ བརྒྱུད་པ་གྱི་ཇོ་ལུགས་དང་། འབྲོ་ལོ་ཙཱས་ཁ་ཆེ་ཟླ་བ་མགོན་པོ་བསྟེན་ནས། མཆོག་མི་འགྱུར་གྱི་ལེའུ་མ་གཏོགས་རྒྱུད་འགྲེལ་རྫོགས་པར་བསྒྱུར། དབང་བཤད་མན་ངག་དང་བཅས་པ་མནོས། ཕྱིས་པཎྜི་ཏས་མཆོག་མི་འགྱུར་ལ་རང་འགྱུར་མཛད། པཎ་ཆེན་ལ་འཕན་ཡུལ་གྲབ་སྒོམ་གྱིས་ཐུག་སྟེ། དུས་འཁོར་ལ་མཁས་གྲུབ་གཉིས་ལྡན་དུ་གྱུར། དེས་སྒྲོ་སྟོན་ལ་བཤད་པ་སོགས་ནས་དར་བ་འབྲོ་འགྱུར་གྱི་སྟེང་ནས་བཤད་པ་བྱེད་པའི་སྲོལ་ཡོད་པས། འབྲོ་ལུགས་དང་། ཙཱ་མི་སངས་རྒྱས་ གྲགས་ཀྱིས་དུས་ཞབས་པ་ལས་གསན་ཏེ་འགྲེལ་ཆེན་བསྒྱུར་ནས། རྒ་ལོ་སོགས་སློབ་མ་རྣམས་ལ་བཤད་པ་ཙཱ་མིའི་ལུགས་དང་། རྭ་ཆོས་རབ་ཀྱིས་བལ་པོའི་པཎྜི་ཏ་ས་མནྟ་ཤཱི་ལས་རྒྱུད་འགྲེལ་གསན་ནས་བསྒྱུར་བ་ལས། རྭ་ཡེ་ཤེས་སེང་གེ་ སོགས་ལ་མཆེད་པར་ལུགས་དང་། གཞན་ཡང་པཎ་ཆེན་ལུགས་དང་། ཆག་ལུགས་དང་། ཤ་བ་རི་པའི་མན་ངག་ལུགས་སོགས་མང་དུ་བྱུང་སྟེ། དེ་དག་གི་གདམས་ངག་གཙོ་བོར་གྱུར་པ་ནི། སྦྱོར་བ་ཡན་ལག་དྲུག་པ་ཡིན་ཞིང་། ཀྱེ་ རྡོར་ལ་སོགས་པ་མ་རྒྱུད་གཞན་ལའང་སྦྱོར་བ་དྲུག་གི་སྒོ་ནས། ཁྲིད་ཚུལ་ཡོད་པ་འགའ་ཞིག་བྱུང་མོད་ཀྱི་འདི་དངོས་མ་ཡིན་ནོ། །དེ་ལྟར་དཔལ་དུས་ཀྱི་འཁོར་ལོའི་སྐོར་རྣམས་གངས་རིའི་ཁྲོད་དུ་ཆེས་ཆེར་གསལ་བར་གྱུར་པ་ལ། ཕྱིས་བུ་སྟོན་ཐམས་ཅད་ མཁྱེན་པ་དང་། རང་བྱུང་ཞབས་དང་། ཇོ་མོ་ནང་པ་སོགས་མཁས་ཤིང་གྲུབ་པ་བརྙེས་པ་མང་པོས་ཀྱང་ལྷག་པར་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་བཤད་པ་ནི་རྒྱུད་གཙོ་ཆེ་བའི་བྱུང་ཚུལ་མགོ་སྨོས་རིགས་པ་ཙམ་ཡིན་ཞིང་། དེས་མཚོན་ ནས་ཤེས་པར་བྱ་བ་ལས། ཞིབ་པར་ན་བོད་དུ་འགྱུར་རོ་ཅོག་གི་རྒྱུད་རྣམས་ཕལ་ཆེར་ལ། སྔོན་དུས་དབང་རྗེས་གནང་བཤད་པ་མན་ངག་སོགས་མ་བྱུང་བ་མེད་པས་སྨོས་ཀྱིས་མི་ལང་ངོ༌། །མཐའ་གཅིག་ཏུ་མ་ངེས་པའི་བླ་མེད་ཀྱི་རྒྱུད་སྡེ་སྤྱིའི་མན་ ངག་གི་གནད་གསང་ཐམས་ཅད། གང་ཟག་སྐལ་བ་ཅན་གཅིག་གྲོལ་བའི་ཆ་རྐྱེན་དུ་ཚང་ལ། མ་ནོར་བར་བསྡུས་པའི་ཁྲིད་ཀྱི་སྲོལ་ནི་བོད་ཡུལ་འདིར་མང་དུ་བྱུང་སྣང་བ་ལས། ཇོ་བོ་བཀའ་གདམས་པ་རྣམས་ལ་སྤྱིར་གྲགས་པའི་ལམ་རིམ་ནི། སྔགས་ཀྱི་ཐུན་མོང་མ་ཡིན་པར་མི་འགྱུར་བས་དེར་མི་གཏོགས་ལ། གཞན་ནི་འབྲོག་མི་ལོ་ཙཱས་ག་ཡ་དྷ་ར་ལས་གསན་ཏེ། དེས་རྒྱུད་ཀྱི་བཤད་པ་གཙོ་ཆེ་བ་འཁོན་དཀོན་མཆོག་རྒྱལ་པོ་ལ་གནང་། གདམས་ངག་ལམ་འབྲས་ བུ་དང་བཅས་པའི་སྐོར་རྣམས་སེ་སྟོན་ཀུན་རིག་ལ་གནང་། སེ་སྟོན་གྱིས་དཀོན་མཆོག་རྒྱལ་པོ་ལ་བཤད་སྐོར་རྣམས་ཀྱང་གསན། དེས་གདམས་ངག་རྣམས་རྫོགས་པར་ཞིང་སྟོན་ཆོས་འབར་དང་། ཕལ་ཆེར་ཞ་མ་ལྕམ་སྲིང་སོགས་ལ་གནང་། ས་ཆེན་གྱིས་གསེ་སྟོན་མཇལ་ཏེ། གཞུང་བཤད་གསན་ཡང་གདམས་ངག་མ་གསན་པས། ཕྱིས་ཞིང་དགོན་པ་བ་ལས་གསན་ཏེ། ཐུགས་ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། དེས་རྗེ་བཙུན་བསོད་ནམས་རྩེ་མོ་ལ་གནང་ སྟེ། ཟག་མེད་བདེ་བ་ཆེན་པོའི་སྐུ་བརྙེས་ནས་མཁའ་སྤྱོད་ཆེན་པོར་བྱོན། དེས་གྲགས་པ་རྒྱལ་མཚན་ལ་གནང་བས། གྲུབ་པ་ཆེན་པོའི་ངང་ཚུལ་འཛིན་པར་མཛད། དེས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གནང་སྟེ། འདི་ནི་རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་པདྨོ་བྱེ་བར་གྱུར་པས། རྗེ་བཙུན་འཇམ་པའི་དབྱངས་དང་མི་གཉིས་པར་ཁུམས་ཤིང་། བདེ་བར་གཤེགས་པའི་བསྟན་པ་སྣང་བར་བྱེད་པའི་ཉི་མ་གཅིག་པུ་པར་གྱུར། དེ་ནས་ཐུགས་ རྗེའི་བདག་ཉིད་བླ་མ་འཕགས་པ་སོགས་ལས་ཉེ་བར་བརྒྱུད་དེ། གངས་ཅན་གྱི་ལྗོངས་འདིར་དཔལ་ལྡན་ས་སྐྱ་པ་ཞེས། བསྟན་པའི་རྩ་ལག་མཆོག་ཏུ་གྱུར་པ་འདི་བྱུང་བ་ཡིན་ཞིང་། དེ་ལས་ཀྱང་ཚོགས་བཤད་ཀྱི་སྲོལ་འཛིན་ངོར་རྫོང་གོང་དཀར་བ་ རྣམས་དང་། སློབ་བཤད་ཐུན་མོང་མིན་པའི་སྲོལ་འཛིན་ཁའུ་བྲག་རྫོང་པ་སོགས་རྒྱ་ཆེར་རྒྱས་པར་གྱུར་པ་ཡིན་ནོ། །ཡང་མར་པ་ལོ་ཙཱས་ནཱ་རོ་པ་སོགས་བསྟེན་ཏེ། རྒྱུད་ཀྱི་དབང་བཤད་མན་ངག་སྣ་ཚོགས་དང་། ཁྱད་པར་ཟབ་ལམ་ནཱ་རོའི་ཆོས་ དྲུག་ཏུ་གྲགས་པ་གསན། སློབ་མ་ཀ་ཆེན་བཞི་གཙོ་བོར་གྱུར་པ་ལ་གནང་ཞིང་། གཞན་རྣམས་ལས་བཤད་བརྒྱུད་དང་། ཁྱད་པར་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ལ་རས་པ་ལས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་རྒྱས་པ་བྱུང་། དེའང་མི་ལའི་སློབ་མ་ དྭགས་པོ་ལྷ་རྗེ། དེའི་སློབ་མ་ཁམས་པ་མི་གསུམ་ལས། གྲུབ་ཐོབ་དབུ་སེ་ནས་ཀརྨ་ཀཾ་ཚང་གི་ལུགས་དང་། ཕག་མོ་གྲུ་པ་ལས་འབྲི་འབྲུག་སྟག་ལུང་འབའ་རོམ་བཀའ་རྒྱུད་ཁྲོ་ཕུ་བཀའ་བརྒྱུད་སོགས་བྱུང་བ་ཡིན་ནོ། །གཞན་ཡང་མི་ལའི་ སློབ་མ་རས་ཆུང་པ་ནས་རས་ཆུང་སྙན་རྒྱུད་དུ་གྲགས་པ་དང་། ངན་རྫོང་རས་པ་ནས་ངན་རྫོང་སྙན་བརྒྱུད་དུ་གྲགས་པ་སོགས་མང་དུ་མཆེད་པ་རྣམས་ནི་སྨོས་ཀྱིས་མི་ལང་ངོ་། །ཡང་ནཱ་རོ་པའི་ལྕམ་ནི་གུ་མས་ཁྱུང་པོ་རྣལ་འབྱོར་རྗེས་སུ་བཟུང་སྟེ། དེ་ལས་ གདམས་ངག་ནི་གུ་ཆོས་དྲུག་སོགས། ཤང་པའི་ཆོས་སྐོར་དུ་གྲགས་པ་རྣམས་བྱུང་ཞིང་། སྲོལ་དེ་འཛིན་པ་ལ་ཤང་པ་བཀའ་རྒྱུད་དུ་གྲགས་སོ། ཡང་གྲུབ་ཆེན་དམ་པ་སངས་རྒྱས་སུ་གྲགས་པ་དེས། བོད་ཡུལ་དུ་ལན་མང་པོར་བྱོན་ནས། ཆོས་བསྟན་པའི་གཙོ་བོ་ནི། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྐོར་རྣམས་ཏེ། དེ་ལའང་བརྒྱུད་པ་སྔ་ཕྱི་བར་གསུམ་སོགས་ཀྱིས་རྒྱ་ཆེར་འཕེལ་བ་དང་། གཅོད་ཡུལ་དུ་གྲགས་པ་མ་གཅིག་ལབ་སྒྲོན་ནས་བརྒྱུད་པ་འདི་དག་ནི་མདོ་སྔགས་ཀྱི་ཕྱོགས་ གཉིས་ཀར་གཏོགས་པ་ལས་མཐའ་གཅིག་ཏུ་ཆད་པར་གཟུང་མི་ནུས་སོ། །དེ་ལྟ་བུའི་བདེ་བར་གཤེགས་པའི་བཀའ་སྲོལ་ཆེན་པོ་བོད་ཀྱི་ཡུལ་དུ་འདྲེན་ཞིང་སྐྱོང་བར་མཛད་པའི་ལོ་པཎ་གྱི་ཚོགས་ཅི་ཙམ་ཞིག་བྱོན་པ་ཡིན་ཅེ་ན། བསྟན་པ་སྔ་དར་གྱི་དུས་སུ་རྒྱ་ གར་གྱི་སློབ་དཔོན་ཀུ་ས་ར། བྲམ་ཟེ་ཤངྐ་ར། ཁ་ཆེ་ཏ་ནུ། བྲམ་ཟེ་ཨཱ་ནནྡ། བལ་པོ་ཤྲཱི་ལ་མཉྫ། བུདྡྷ་གུ་ཧུ། བུདྡྷ་ཤཱནྟ། ཤཱནྟ་རཀྵིཏ། པདྨ་སཾ་བྷ་ཝ། ཡོ་གའི་སློབ་དཔོན་དྷརྨ་ཀཱིརྟི། བི་མ་ལ་མི་ཏྲ། ཤཱནྟཾ་གནྡྷ། བི་ཤུདྡྷཱ་སིདྷ། ཀ་མ་ལ་ཤཱི་ ལ། ཀཝ་མི་ཏྲ། ཛི་ན་མི་ཏྲ། སུ་རེནྡྲ་བོདྷི། ཤྲཱི་ལེནྡྲ་བོདྷི། དཱ་ན་ཤཱི་ལ། བོདྷི་མི་ཏྲ། མུ་ནི་ཝརྨ། སརྦ་ཛྙ་དེ་ཝ། དི་ནྱ་པྲ་བྷ་སོགས་དང་། རྒྱའི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ། ཧཱ་ཤང་མ་ཀོ་སེ། ཧཱ་ཤང་མ་ཧཱ་ཡ་ན་སོགས་ སོ།། །།བསྟན་པ་ཕྱི་དར་གྱི་དུས་སུ་རྒྱ་གར་གྱི་པཎྜི་ཏ་ཤྲཱི་ཀ་ར་ཝརྨ། དྷརྨ་པཱ་ལ། །པྲཛྙཱ་པཱ་ལ། བུདྡྷ་པཱ་ལ། ཁ་ཆེ་ཤཱནྟ་བྷ་དྲ། ཐཱནྡྷ་ཀ་ར་ཝརྨ། པདྨ་གུཔྟ། མུ་ཁཱི་མི་ཏྲ། བུདྡྷ་ཤཱནྟ་ཤྲཱི། སུ་བྷཱ་ཥི་ཏི། པྲཛྙཱ་ཝརྨ། དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། དེའི་དབོན་པོ་དཱ་ན་ཤྲཱི། སྨྲ་ཏི་ཛྙཱ་ན་ཀཱིརྟི། པཎྜི་ཏ་ཕྲ་ལ་རིང་བ། སུ་ན་ཡ་ཤྲཱི། ཁ་ཆེ་ཛྙཱ་ན་ཤྲཱི། ཙནྡ་རཱ་ཧུ་ལ། དྷཱི་ར་པཱ་ལ། ཨ་ཏུ་ལུ་ད་ཤ། སུ་མ་ཏི་ཀཱིརྟི། ཨ་མ་ར་ཙནྡྲ། ཐིག་ལེ་བུམ་པ། གཞོན་ནུ་བུམ་པ། ཀ་ན་ཀ་ཝརྨ། དམ་པ་རྒྱ་གར། ཛ་ ཡ་ཨཱ་ནནྡ། ག་ཡ་དྷ་ར། ཁ་ཆེ་ཟླ་བ་མགོན་པོ། སྟོང་ཉིད་ཏིང་འཛིན་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཤེས་རབ་གསང་བ། མ་ཧཱ་ཛ་ན། མནྡཱ་ཀ་ལཀྵ། ཀརྨ་བཛྲ། ཡ་མཱ་རི། དཔའ་བོ་རྡོ་རྗེ། རཱ་ཧུ་ལ་གུལྟ་བཛྲ། བི་རོ་ཙ་ན་བཛྲ། བལ་པོ་ཨ་སུ། རནྡྷ་ཀཱ་ར་ཤཱནྟི། མཥྞ་གྷོཥ། སཱུརྱ་ཀཱིརྟི། ག་གན་དྷ་ར། ནོར་སྦས། ས་མནྟ་ཤྲཱི། ནིཀྐཱ་ལངྐ་དེ་པ། ཛ་གད་མི་ཏྲ་ཨཱ་ནནྡ། བུདྡྷ་ཤྲཱི་ཛྙཱ་ན། ཤཱཀྱ་ཤྲཱི་བྷ་དྲ། བི་བྷུ་ཏི་ཙནྡྲ། སུ་ག་ཏ་ཤྲཱི། ཛ་ཡ་དཏྟ། དཱ་ན་ཤཱི་ལ། སངྒྷ་ཤྲཱི། སུ་མ་ཏི་སཱ་ག་ར། ཀཱ་ལ་ཙནྡྲ། ཛི་ན་གུཔྟ། མ་ཧཱ་བོ་དྷི། པཎྜི་ཏ་ཛ་བྷ་མ་ཤྲཱི། ཏྲི་ལོ་ཀྱ་ཨཱ་ནནྡ། ལོངས་སྤྱོད་རྡོ་རྗེ། རནྣ་ཤྲཱི། བལ་པོ་མ་ཧཱ་པ་ན། བལ་པོ་བཛྲ་ཀཱིརྟི། བལ་བོ་ཀཱ་ཡ་ཤྲཱི། བལ་པོ་གྲགས་པ་དཔལ། ཀུ་མཱ་ར་ཐམས་ཅད་མཁྱེན་པའི་དཔལ། སཱ་དྷ་ཀཱིརྟི། མངྒ་ལ་ཤཱི། དཱརྦན་ ཨཱ་ཙརྱ། ཛ་ཡ་དེ་ཝ། ལཀྵ་ཀ་ར། རཏྣ་ཤྲཱི། ཨཱ་ནནྡ་ཤིྲཱི ཟངས་གླིང་པ། ཀཱིརྟི་པཎྜི་ཏ། ཤཱ་རི་པུ་ཏྲ། པཎྜི་ཏ་ཤྲཱི་བ་ན་རན། བུདྡྷ་གུལྟ་སོགས་སོ། །དེ་བཞིན་དུ་ལོ་ཙཱ་བ་ཡང་བསྟན་པ་སྔ་དར་གྱི་དུས་སུ་ཐོན་མི་སཾབྷོ་ཊ། དྷརྨ་ཀོཥྛ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མཱུ་ལ་ཀོ་ཥ། ཁ་ཆེ་ཨཱ་ནནྡ། ཁྲི་བཞེར་སཾ་ཤི་ཏ། སྦྲང་རྒྱ་ར་ལེགས་གཟིགས། སེང་མ་གོང་ལྷ་ལུང་གཟིགས། རྦ་ཡེ་ཤེས་དབང་པོ། ངན་ལམ་རྒྱལ་བ་མཆོག་དབྱངས། དབས་མཉྩཱ་ཤྲཱི། པ་གོར་བཻ་ རོ་ཙ་ན། རྦ་མང་རྗེ་གསལ་སྣང་། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཛྙཱ་ན་ཀུ་མཱ་ར། ཅེ་ཛྙ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་ཀྱི་སེང་གེ། རྩངས་དེ་བེནྡྲ་རཀྴི་ཏ། བྲན་ཀ་མུཀྟི་ཀ། ཁོན་ནཱ་གེནྡྲ་ རཀྵི་ཏ། རྨ་རིན་ཆེན་མཆོག །རྩངས་ས་པའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨཱ་ལོ་ཀ །དྲན་པ་ནམ་མཁའ། སྒྲོ་རིན་ཆེན་སྡེ། རྨ་རྣམ་པར་མི་རྟོག་པ། རྨ་ཤཱཀྱ་འོད། ཅེ་ཁྱི་འབྲུག །རླངས་ཁམས་པ་གོ་ཆ། གཉགས་དེ་ཝ་ཀོ་ ཥ། ཞང་རྒྱལ་ཉེན་ཉ་བཟང་། འགོས་ཆོས་འགྲུབ། སྟོང་ཨཱ་ཙརྱ། དྷརྨ་ཏཱ་ཤཱི་ལ། ཅོག་རོ་ཀླུའི་རྒྱལ་མཚན། སྐ་བ་དཔལ་བརྩེགས་སྲུང་བ། ཞང་ཡེ་ཤེས་སྡེ། རཏྣ་རཀྵི་ཏ། ཛ་ཡ་རཀྵི་ཏ། མཉྫ་ཤཱི་བརྨ། རཏྣནྡྲ་ཤཱི་ལ། བཟང་སྐྱོང་། ལྷའི་ཟླ་བ། དཔལ་གྱི་ལྷུན་པོ། དཔལ་འབྱོར། ཡེ་ཤེས་སྙིང་པོ། རྒྱལ་བ་ཤེས་རབ། ཤཱཀྱ་བཤེས་གཉེན། དགེ་བ་དཔལ། ལེགས་པའི་སྡེ། གནུབས་ནམ་མཁའི་སྙིང་པོ། ཡི་གེ་པ་དགོན་གླིང་རྨ། གཞོན་ནུ་སྲུང་བ། ནམ་མཁའ་སྐྱོང་རྣམས་སོ།། །།ཕྱི་དར་ལ་ལྷ་བླ་མ་ཡེ་ཤེས་འོད། ལོ་ཆེན་རིན་ཆེན་བཟང་པོ། གྲགས་འབྱོར་ཤེས་རབ། མགར་ཆོས་བཟང་། དགེ་ཚུལ་ཁྱུང་གྲགས། བལ་པོ་པདྨ་རུ་ཙེ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན། སེ་ཙ་བསོད་ནམས་ རྒྱལ་མཚན། རོང་པ་ཆོས་བཟང་། འབྲོ་སེང་དཀར་ཤཱཀྱ་འོད། ཁྱུང་པོ་ཆོས་བརྩོན། རྒྱ་བརྩོན་འགྲུས་སེང་གེ ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ཁྱུང་པོ་རྣལ་འབྱོར། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག །རྨ་དགེ་བའི་བློ་གྲོས། གྱི་ཇོ་ཟླ་བའི་འོད་ཟེར། ལྷ་ཞི་བ་འོད། ཁུ་དངོས་གྲུབ། ཆོས་ཀྱི་ཤེས་རབ། མར་ཐུང་ངད་པ་ཤེས་རབ། ག་རོད་ཚུལ་ཁྲིམས་འབྱུང་གནས། འབྲོག་མི་ཤཱཀྱ་བློ་གྲོས། འབྲོག་མི་ཤཱཀྱ་ཡེ་ ཤེས། སྟག་ལོ་གཞོན་བརྩོན། མར་པ་ཆོས་ཀྱི་བློ་གྲོས། འགོས་ཁུག་པ་ལྷས་བཙས། ཟངས་དཀར་འཕགས་པ་ཤེས་རབ། གཉན་དར་མ་གྲགས། རྭ་རྡོ་རྗེ་གྲགས། ཁེར་གད་འཁོར་ལོ་གྲགས། ལ་ཆིངས་ཡོན་ཏན་འབར། སྦོང་ཞོ་གསལ་བ་གྲགས། ཤེའུ་ བཛྲ་དེ་ཝ། རབ་ཞི་བཤེས་གཉེན། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག །པུ་ཧྲང་ལོ་ཆུང་ལེགས་པའི་ཤེས་རབ། གཟུ་དགའ་བ་རྡོ་རྗེ། ཆོས་ཀྱི་ཡོན་ཏན། ཆོས་ཀྱི་རིན་ཆེན། གློག་སྐྱ་ཤེས་རབ་བརྩེགས། བ་རི་རིན་ཆེན་གྲགས། པ་ཚབ་ཉི་མ་གྲགས། ལྷ་བཙན་པོ་མུ་ནི་རཱ་ཛ། དིང་རི་ཆོས་གྲགས། རྒྱུས་སྨོན་ལམ་གྲགས། མང་འོར་བྱང་ཆུབ་ཤེས་རབ། མལ་གྱོ་བློ་གྲོས་གྲགས། གྱི་ལྗང་དབུ་དཀར། འབྲོ་ཤེས་རབ་གྲགས། བ་རེག་ཐོས་པ་དགའ། རྨ་ཆོས་འབར། མཚུར་དབྱིག་གི་རྒྱལ་མཚན། རྩ་མི་སངས་རྒྱས་གྲགས། སྒ་ལོ་གཞོན་ནུ་ དཔལ། ཀྲེ་བོ་ཤེས་རབ་དཔལ། མཚུར་སྟོན་དབང་གི་རྡོ་རྗེ། རྭ་ཆོས་རབ། དཔྱལ་ཀུན་དགའ་རྡོ་རྗེ། དཔྱལ་ཀུན་དགའ་གྲགས། ཞང་ཤེས་རབ་བླ་མ། བཀྲ་ཤིས་རྒྱལ་མཚན། ཆོས་ཀྱི་སྙིང་པོ། ཀམ་ཆོས་ཀྱི་ཡེ་ཤེས། ཕྱུག་མཚམས་དབང་ཕྱུག་རྒྱ་མཚོ། ཚུལ་ཁྲིམས་ཡོན་ ཏན། ཁེར་གད་ཡོན་ཏན་དཔལ། བསོད་ནམས་བཟང་པོ། སུམ་བྷ་དཔལ་མཆོག་དང་པོའི་རྡོ་རྗེ། ཉི་མ་རྡོ་རྗེ། ཁུ་དགེ་བསྙེན་ནེ་ཙོ། གློག་སྐྱ་གཞོན་ནུ་འབར། ལྷ་ཡེ་ཤེས་རྒྱལ་མཚན། བྱང་ཆུབ་འབྱུང་གནས། གླན་ཆོས་ཀྱི་བློ་གྲོས། ཅོག་གྲུ་ཏིང་འཛིན་བཟང་པོ། ཤེས་རབ་ཡེ་ཤེས། རིག་པ་གཞོན་ནུ། གཞོན་ཚུལ། ཁུ་མདོ་སྡེ་འབར། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། ཤེས་རབ་བརྩོན་འགྲུས། གཡུང་དྲུང་འོད། བསོད་ནམས་རྒྱལ་བ། ཅོག་གྲུ་ཤེས་རབ་བླ་མ། ཅོག་གྲུ་མྱ་ངན་མེད། བསོད་ནམས་མོས་པ། ཚུལ་ཁྲིམས་བརྩེགས། རྔོག་བུདྡྷ་པཱ་ལི་ཏ། རྒྱལ་ལོ་ཙཱ་བ། སྦལ་རྡོ་རྗེ་རྒྱལ་པོ། ལྷ་རིན་པོ་ཆེ། ལྷ་ཆོས་ཀྱི་རིན་ཆེན། ཀྱུ་ར་ཚུལ་ཁྲིམས་འོད་ཟེར། དགེ་སློང་བྱའི་གདོང་ཅན། ར་བྱིད་ལོ་ཙཱ། ཕུར་བུ་འོད། ཤེས་རབ་ལེགས། ནག་ཚོ་དྷརྨ་གྲགས། མར་པ་བློ་གྲོས་བཟང་པོ། སེ་ལོ་ཙཱ། རོང་གླིང་ལོ་ཙཱ། ཤོ་རིམ་ལོ་ཙཱ། ཟླ་བ་གྲགས་པ། གཉལ་ མི་ཡེ་ཤེས་ཆོས། ཆོས་ཀྱི་ཟླ་བ། ཤེས་རབ་སྐྱབས། ནག་ཚོ་ཤེས་རབ་རྒྱལ་མཚན། འ་ཞ་རྒྱ་གར་བརྩེགས། གཉན་བསོད་ནམས། བ་རི་ཆོས་གྲགས། ཨོང་པོ་ལོ་ཙཱ། གཞོན་ནུ་ཤེས་རབ། མགར་ཤེས་འབྱུང་། འཇམ་དཔལ་གཞོན་ནུ། ཤེས་རབ་འོད་ཟེར། ཅེ་དགའ་ བ་དཔལ། ཡེ་ཤེས་འབྱུང་གནས། ཤཱཀྱ་བརྩོན་འགྲུས། ལོ་རྡོ་རྗེ་རྒྱལ་མཚན། ཞ་མ་དགེ་བསྙེན་སེང་རྒྱལ། ཅེ་བཀྲ་ཤིས། ཆག་དགྲ་བཅོམ། དཔྱལ་ཆོས་བཟང་། དཀར་ལོ་ཙཱ་བ། ཞང་དགེ་བ། གནུབས་བྱམས་པའི་དཔལ། ཆག་ཆོས་རྗེ་དཔལ། དཔྱལ་ཤེས་རབ་ འོད། ཞང་གྲུབ་པ་དཔལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། གློ་བོ་ཤེས་རབ་རིན་ཆེན། ལྷོ་བྲག་པ་འུ་རུ་དར་མ་སེང་གེ། མི་མཉམ་བཟང་པོ། ཨཽ་རྒྱུན་པ་རིན་ཆེན་དཔལ། ཤོང་རྡོ་རྗེ་རྒྱལ་མཚན། ཤོང་བློ་གྲོས་བརྟན་པ། ཁམས་པ་བློ་གྲོས་རྒྱལ་པོ། འདན་མ་ ཚུལ་སེང་། ར་པ་གཞོན་བརྩོན། ཤུད་ཀེ་གྲགས་པ་རྒྱལ་མཚན། ཐར་ལོ་ཉི་མ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ། སྒྲ་ཚད་པ་རིན་རྒྱལ། དབུས་པ་བློ་གསལ། སྟག་ལུང་པ་ཤཱཀྱ་བཟང་པོ། ལེགས་པའི་བློ་གྲོས། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ་རིན་ ཆེན་རྣམ་རྒྱལ། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང་པ་བློ་གྲོས་རྒྱལ་མཚན། འབྲི་ཁུང་ལོ་ཙཱ་བ། ཀུན་སྤངས་གྲགས་པ་རྒྱལ་མཚན། ཡར་ལོ་གྲགས་པ་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། བོ་དོང་གྲགས་པ་རྒྱལ་མཚན། སྣར་ཐང་པ་སངྒྷ་ཤྲཱི། ལོ་ཆེན་སྐྱབས་ མཆོག་དཔལ་བཟང་། ཆོས་འཁོར་སྒང་པ་ཤེས་རབ་རིན་ཆེན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁྲིམས་ཁང་པ་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ཇོ་ནང་ལོ་ཙཱ་བ་ཏཱ་ར་ནཱ་ཐ་སོགས་སོ།། །།འདིར་སྨྲས་པ། །གཏམ་ རིགས་ལས་འཁྲུངས་པའི་ཉིན་བྱེད་ཆེ། །ཐུབ་མཆོག་ཐུབ་པའི་ཚོགས་ཀྱིས་ཕྱག་བྱས་གང་། །ལེགས་གསུངས་འོད་ཟེར་བྱེ་བས་ཞིང་ཀུན་ཏུ། །རྒྱས་པར་འགེགས་པའི་ཕྲིན་ལས་འདི་རྨད་བྱུང་། །འོན་ཀྱང་སྐལ་ཆུང་རྣམས་ཀྱི་ བློ་གྲོས་ཀྱི། །བུ་ག་ཕྲ་མོའི་སྣོད་དང་མ་འཚམ་པས། །མ་རྟོགས་ལོག་པར་རྟོག་པའི་མུན་པ་དེས། །ཕྱོགས་རེ་ཙམ་ལ་བསླད་པར་བྱས་པ་ཡོད། །དེས་ན་འཕགས་ཡུལ་མཁས་པའི་རྣ་བ་ལ། །ཉེ་བར་བབས་ཤིང་མགྲིན་པའི་རྒྱན་གྱུར་པ། ། ལུང་བསྟན་བརྙེས་པའི་སྨྲ་མཁས་མཆོག་རྣམས་ཀྱིས། །ཡང་ཡང་བྱི་དོར་བྱས་འདི་འཁྲུལ་མེད་ཡིན། །གང་ལ་བདེར་གཤེགས་རྣམས་ཀྱིས་གཤེགས་གྱུར་ཅིང་། །གྲུབ་པ་རྣམས་ཀྱིས་སྙིང་པོར་བཅང་བའི་ལམ། །དེ་ལ་སེམས་ཡོད་སྐྱེ་བོས་སྨོས་ ཅི་དགོས། །བེམས་དངོས་རྣམས་ཀྱང་འདུད་པ་ལྷུར་ལེན་སྙམ། །ཚད་མེད་ཡོན་ཏན་གཏེར་གྱུར་བསྟན་པ་འདི། །གངས་ཅན་སྐྱེ་དགུའི་བསོད་ནམས་དོ་ར་རུ། །མངོན་པར་དྲངས་པའི་ཤིང་རྟ་ཆེར་གྱུར་པ། །ལོ་པཎ་ནོར་བུའི་ཕྲེང་བ་དངར་རྣམས་ཀྱི། ། བཀའ་དྲིན་ཚད་མེད་ཡིད་ལ་རྣམ་བཀོད་ན། །དད་པའི་སྤུ་ལོང་ཆེས་ཆེར་གཡོ་བཞིན་དུ། །ཞིང་གི་རྡུལ་སྙེད་ལུས་ཀྱིས་བྱང་ཆུབ་བར། །དེ་དག་སྤྱི་བོར་མཆོད་ལ་སུ་མི་སྤྲོ། །སྙིགས་མའི་གཟེབ་ནང་ལས་ཀྱི་ཞགས་པ་ཡིས། །དམ་པོར་བཅིངས་པའི་ དམན་པ་བདག་འདྲ་རྣམས། །དམ་པའི་མཛད་བཟང་འདི་ལྟའི་རྗེས་ཞུགས་ཏེ། །རྒྱལ་བསྟན་མ་ལུས་འཛིན་པའི་མཐུ་ཐོབ་ཤོག །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས་བསྟན་པ་དེ་ཛམྦུའི་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ་རགས་པ་ཙམ་ཞིག་བཤད་པའི་ཡལ་འདབ་སྟེ་གཉིས་པའོ།། །། ༄༅། །ཛཱཛྫཱཏེཥུསཪྻྻཾརཏྣཱརཛཱཿསུཡནཱཏྲ། །སུབྷྲདྷརྨྨསམཱཁཱཏམབྷཡནྣརེནྡྲམེརུཏཱ། ། སྐྱེས་ནས་སྐྱེ་བར་ལེགས་བྱས་ཀྱི། །རིན་ཆེན་རྡུལ་མང་བསགས་པ་ལས། །རབ་དཀར་ཆོས་ཀྱི་རྫིང་བཞིན་དུ། །གྱུར་པ་མི་དབང་ལྷུན་པོ་བྱུང་། ། མི་བདག་ཕལ་ཆེར་འདོད་པ་ཡིས། །ཆང་གིས་རབ་དྲེགས་གླང་པོ་བཞིན། །རང་ཉིད་བཟའ་བའི་འདམ་བུ་ཡང་། །ཉེས་པ་མེད་པར་འཇོམས་པ་ཡོད། །འདི་ནི་བསྐལ་པར་བསོད་ནམས་ལ། །གོམས་པས་ཐོག་མར་གཞན་བསྲུངས་ཤིང་། །དེ་ ཡིས་རང་ཉིད་བདེ་བའི་རྒྱུ། །འབད་པ་མེད་པར་གྲུབ་པ་མཐོང་། །འགྲོ་བའི་བདེ་བ་ལེགས་སྤྱད་ལས། །དེ་ཡང་ཐུབ་མཆོག་གསུང་ལས་སྐྱེས། །དེ་ཡང་ཡི་གེ་ལ་བརྟེན་ཕྱིར། །མི་བདག་བློ་གྲོས་དེ་རྗེས་སོང་། །སྙིང་སྟོབས་དྲི་མེད་སྟོན་ཟླ་བཞིན། །གསལ་བས་བརྩོན་ འགྲུས་ཚེ་རྩོམ་པ། །ཆུ་གཏེར་ལྟ་བུར་འཕེལ་གྱུར་པས། །དཔག་བསམ་སར་པ་འདི་བྱུང་ངོ༌། །དེ་ལྟར་བསིལ་ལྡན་གྱི་ལྗོངས་འདིར་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་ པོའི་གསུང་རབ་འཁྲུལ་པ་མེད་པ་ཅི་ཙམ་ཞིག་སྣང་བར་གྱུར་པ་དེ་དག་ལས་དེང་སང་ཕྱི་མོ་ཇི་ཙམ་སྙེད་པ་དག་མིའི་དབང་པོ་བསྟན་པ་ཚེ་རིང་ཡབ་སྲས་ཀྱི་བདག་རྐྱེན་ལས་པར་དུ་བསྒྲུབས་པའི་ཚུལ་གླེང་བ་ལ་གཉིས་ཏེ་བདག་རྐྱེན་བྱེད་པ་པོའི་ལོ་རྒྱུས་འཆད་པ་དང་། རྣམ་དཀར་གྱི་བྱ་བ་དངོས་ སྨོས་པའོ། །དང་པོ་ལ་ཡུལ་རིགས་ཡོན་ཏན་གསུམ་གྱི་སྒོ་ནས་འཆད་པ་ལ། དང་པོ་ནི་སྤྱིར་ཀི་ལཱ་ཤའི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་བྱང་ཕྱོགས་བོད་ཀྱི་ཡུལ་འདི་ཉིད། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ ལུང་བསྟན་པ་ལྟར་དང་པོར་མཚོ་ཡོད་པར་རིམ་གྱིས་བྲི་ནས་ནགས་ཚལ་སྟུག་པོ་རྒྱས་པར་གྱུར་པའི་སྐབས་ཤིག་ན། ཡུལ་གྲུ་འཛིན་ནས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་འོངས་པ་དེ་དང་བྲག་སྲིན་མོ་འདུས་པ་ལས། བོད་རྣམས་ཉེ་བར་མཆེད་པ་ཡིན་ཞེས་ཀྱང་ཟེར། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས། ཁྱབ་འཇུག་གིས་ནི་འཐབ་དཀའ་ཞེས་བྱ་བ་ལ་སོགས་པའི་རིགས་བརྒྱུད་བརླག་པར་གྱུར་པ་ཡིན་ཏེ། འདི་ལྟར་ཁྱབ་འཇུག་གིས་འཐབ་དཀའ་ལ་དྲིས་པ། དཔུང་ཚོགས་བཅོ་བརྒྱད་ཁྱེར་རམ། འོན་ཏེ་ནོར་ལྷ་གཅིག་པུ་ཁྱེར་ཞེས་དྲིས་ པ་དང་། དེས་དཔུང་གི་ཚོགས་རྣམས་ཁྱེར་རོ་ཞེས་སྨྲས་པ་དང་། དེས་ཞེ་འགྲས་པར་གྱུར་ནས། ཁྱབ་འཇུག་གིས་སྐྱ་བསེང་གི་ཕྱོགས་བྱས་ཏེ་གཡུལ་ངོར་ཆས་པ་ན། སྲིད་སྒྲུབ་ཀྱིས་ཀུན་དུ་བལྟས་ཏེ་སྨྲས་པ། ཁོ་བོས་ནི་ཉེ་དུའི་ཚོགས་གསོད་པར་མི་ནུས་ཏེ། གང་ གི་དོན་དུ་རྒྱལ་སྲིད་ཐོབ་པར་འདོད་པའི་ཉེ་དུའི་ཚོགས་དེ་ཇི་ལྟར་གསད་པར་བྱ་ཞེས་སྨྲས་ཏེ་སྲིད་སྒྲུབ་འཐབ་པ་ལས་ལྡོག་པར་གྱུར་པ་དང་། ཁྱབ་འཇུག་གིས་སྨྲས་པ། ཁྱེད་ནི་བླུན་པ་ཡིན་ཏེ། གང་གིས་མི་ནི་གསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དག །དེ་ དག་གཉི་ག་མི་དམིགས་ཏེ། །གསད་དང་གསོད་པ་པོ་ཡོད་མིན། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་ལང་གླང་པོ་དང་། །ཁྱི་དང་སྨེ་ཤ་ཅན་དག་དང་། །མཁས་པ་རྣམས་ནི་མཉམ་པར་ལྟ། །ཞེས་བྱ་བ་ལ་སོགས་པ་མེད་པར་ལྟ་བའི་ཚིགས་སུ་བཅད་པ་མང་ པོ་བསྟན་ཅིང་། སྣ་ཚོགས་པའི་གཟུགས་བསྟན་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རཱུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་ པ་གཡུལ་འགྱེད་པའི་ཚེ་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ནའང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །ཞེས་འབྱུང་བ་སོགས་འཆད་ཚུལ་སྣ་ཚོགས་ཞིག་སྣང་བ། གང་ལྟར་ཡང་ཡུལ་འདིའི་སྐྱེ་བོ་དག་ལ་འཕགས་ པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཀྱིས་སྐྱོང་བར་མཛད་པ་ཞིག་ནི་གོར་མ་ཆག་ལ། དེ་ལྟ་བུའི་མི་ཡི་སྐྱེ་བོ་རྣམས་ཀྱིས་ཡུལ་ལྗོངས་རིམ་པས་ལོངས་སྤྱོད་དུ་གྱུར་པ་ནས་བཟུང་། ཡུལ་དབུས་དག་ཏུ་ནགས་ཚལ་ཡང་རིམ་གྱིས་མེད་པར་གྱུར་ཏེ། གྲོང་དང་གྲོང་ཚོམ་དང་གྲོང་རྡལ་ དང་རྒྱལ་པོའི་ཕོ་བྲང་དང་གཙུག་ལག་ཁང་ལ་སོགས་པས་ཀུན་ནས་བརྒྱན་པ་འདི་ལྟ་བུ་བྱུང་ངོ་། །དེའང་ཡུལ་སྤྱིའི་དགེ་མཚན་གྱི་དབང་དུ་བྱས་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས། དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང་། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་། ། སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཙཱ་རི་ཙ་གོང་བདེ་མཆོག་རང་བྱུང་དང་། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད། ། གྱེ་རེའི་བྲག་ལ་ཡིག་དྲུག་རང་བྱུང་དང་། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད། །མ་པང་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྦུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཁའུའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སཾ་སྐྲྀ་ཏ་དང་མཚུངས། །མི་ སྐད་ཆོས་ལ་བསྒྱུར་དུ་བཏུབ་པའི་སྒྲ། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །དེ་ལྟར་ཁ་བ་ཅན་གྱི་ཡུལ་དབུས་སུ། །ཞེས་སོགས་ཀྱིས་བསྔགས་པ་མཛད་པ་ལྟར་དང་། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། །ཁང་ས་ཞིང་ས་ས་ཡི་དགེ། །འཐུང་ཆུ་ཡུར་ཆུ་ཆུ་ ཡི་དགེ། །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། ཁང་ཤིང་བུད་ཤིང་ཤིང་གི་དགེ། །ཞེས་སོགས་བཤད་པ་ལྟར་དགེ་བཅུ་ཚང་ཞིང་ཁྱད་པར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དང་། སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ གནས་པ་རྣམས་དང་། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་དུ་མ་བགྲང་བར་མི་སྤྱོད་པ་དག་གིས་བྱིན་གྱིས་བརླབས་ཤིང་ཡོངས་སུ་སྐྱོང་བར་མཛད་ཅིང་སྙིགས་མའི་དུས་སུ་སྟོན་པ་ཉིད་ཀྱིས་ལུང་དུ་བསྟན་པ་ལྟར་རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་གྱུར་པའི་གནས་ཕུན་སུམ་ ཚོགས་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་ཡུལ་ ཉི་ཤུ་རྩ་བཞིའི་ཡ་གྱལ་དུ་གསུངས་ཤིང་། བོད་ཉིད་ཀྱི་ནང་གསེས་སུའང་རྡོ་རྗེའི་གནས་ཆེན་པོ་རྣམས་ཅི་རིགས་པར་ཚང་བ་ཡིན་ཏེ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ནང་གི་རྟེན་འབྲེལ་ཁྱད་པར་བ་རྣམས་བསྒྲིགས་པའི་ཡུལ་གྱི་གནད་གསང་ཐམས་ ཅད་མ་ཚང་བ་མེད་པར་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བསིལ་ལྡན་གྱི་ལྗོངས་སམ། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས་གདོང་དམར་ཅན་གྱི་ཡུལ་དུ་གསུངས་པ་འདི་ཉིད་ལ་བོད་དང་བོད་ཆེན་པོ་ཞེས་གཉིས་སུ་གྲགས་པ་ལས། བོད་ཆེན་ པོའི་ལྗོངས་འདི་ནི་བོད་སྤྱིའི་འདྲ་དཔེ་སྟོད་དུ་མངའ་རིས་སྐོར་གསུམ་རྫིང་ལྟ་བུ་དང་། །བར་དུ་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ་དང་། སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུའི་ཚུལ་དུ་བཤད་པའི་ཕྱི་མ་ཡིན་ཞིང་། དེ་ལས་མདོ་ཁམས་སྨད་དུ་གཏོགས་པའི་སའི་ཆ་གླིང་གི་ཡུལ་ཞེས་བྱ་བ་ འདི་ནི་སྒང་དྲུག་ལས་ཟལ་མོ་སྒང་དུ་གྲགས་པ་སྟེ། ཆུ་བོ་ཆེན་པོ་བཞི་ལས་འབྲི་དང་ཤར་ཟླའི་ཆུ་ཀླུང་ཆེན་པོ་གཉིས་ཀྱི་བར་དུ་ཆུད་པ། བདེ་གཤེགས་ཕག་མོ་གྲུ་པ་དང་། ཀཐོག་པ་དམ་པའི་མཚན་ཅན་དང་། གྲུབ་ཆེན་གསལ་སྟོང་ཤོ་སྒོམ་དང་། གྲུབ་པའི་དབང་ཕྱུག་ཀརྨ་ པཀྵི་དང་། རྒྱལ་བའི་སྲས་པོ་སྤོམ་བྲག་པ་ལ་སོགས་པ་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་མང་པོ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་ཞིང་། དེ་དག་ལ་སོགས་པ་མཁས་ཤིང་གྲུབ་པའི་རྒྱལ་བའི་སྲས་པོ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་སྐྱེ་དགུ་རྣམས་རང་ བཞིན་གྱིས་དགེ་བ་ཅན་དུ་གནས་པའི་ཡུལ། སློབ་དཔོན་པདྨ་སཾ་བྷ་ཝ་ལ་སོགས་པའི་སྤྱན་སྔར་དམ་མནོས་པའི་འབྱུང་པོ་ཆེན་པོ་དཀར་ཕྱོགས་ལ་དགའ་བ་རྣམས་ཀྱིས་ཡོངས་སུ་སྲུང་ཞིང་བདེ་བར་གཤེགས་པའི་བསྟན་པ་གཙོ་བོར་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་ཆེས་ཤིན་ཏུ་གསལ་བའི་ ཕྱོགས། བསྔགས་པ་དུ་མས་བསྔགས་པར་འོས་པ་འདི་ཉིད་དོ། །དེ་ལས་ཀྱང་ལེགས་བྱས་རྒྱ་ཆེན་པོ་འདི་མངོན་པར་འདུ་བྱེད་པའི་ཡུལ་དངོས་ནི་གཡས་རི་གཡུ་འབྲུག་འགྱིང་བ་ལྟ་བུ། གཡོན་རི་སེང་གེ་གནམ་དུ་འཕྱོ་བ་ལྟ་བུ། རྒྱབ་རི་ཤེལ་གྱི་མཆོད་རྟེན་ལྟ་བུ། མདུན་རི་གླང་པོ་ཆེ་འདུད་ པ་ལྟ་བུ། གསེར་ལྡན་གྱི་རྒྱུན་དབང་གི་ཕྱོགས་ནས་དལ་བུའི་འབབ་པ་སོགས་སའི་དཔྱད་ལེགས་རྒུ་མ་ཚང་བ་མེད་པའི་དབུས་སུ་དཔལ་ས་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོ། དགེ་འདུན་གྱི་སྡེ་རྣམས་ཀྱང་། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཡབ་སྲས་ནས་ཉེ་བར་ བརྒྱུད་དེ། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ངེས་གསང་གི་གནད་ཐམས་ཅད་ལེགས་པར་ཕྱེ་བའི་རྒྱུན་དྲི་མ་མེད་པ་འཛིན་པར་མཛད་ཅིང་། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། བྱ་བ་ནན་ཏན་གྱི་འཁོར་ལོ་རྣམ་པ་གཉིས་ཀྱིས་དུས་འདའ་བ་ རྒྱུད་སྡེ་མང་པོའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་དང་། དཀྱིལ་འཁོར་གྱི་ལས་རབ་འབྱམས་དང་། སྨིན་གྲོལ་གྱི་བཀའ་ཟབ་མོ་སོགས་མ་ནུབ་ཅིང་ཆེས་གསལ་བ་སོགས་རྣམ་གྲངས་དུ་མས་བསྔགས་པར་འོས་པ་འདི་ཉིད་དུ། རྒྱལ་ཁབ་ཀྱི་ཕོ་བྲང་ཆེན་པོ། བདེ་བར་གཤེགས་ པའི་སྐུ་གཟུགས་ལུགས་མ་དང་། རི་མོར་བྲིས་པ་སོགས་དང་། སྡེ་སྣོད་གསུམ་གྱི་པུསྟ་ཀ་དུ་མ་སོགས་རིན་ཐང་དང་བྲལ་བའི་རིན་པོ་ཆེའི་ཚོགས་དུ་མས་བྱུར་བུར་བཀང་བས་གཙུག་ལག་ཁང་ཆེན་པོར་གྱུར་པ། འཕགས་ཡུལ་གྱི་རནྡྷ་ཀུ་ཊ་བི་ཧ་ར་ཇི་ལྟ་བ་བཞིན་དུ་གྲགས་པ་ མངོན་པར་གསལ་བ་འདིའོ། །གཉིས་པ་དེ་ལྟ་བུའི་ཡུལ་དུ་བྱུང་བའི་མིའི་དབང་པོ་འདིའི་རིགས་རྒྱུད་ཀྱི་ཁྱད་པར་ནི། མི་དབང་འདི་ཉིད་ཀྱི་དྲུང་ཡིག་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་ཡིག་ཚང་ཁུངས་མ་ལས་བཏུས་པའི་གཏམ་གྱི་སྦྱོར་བ་བྱས་པ་ལྟར་འགོད་ན། །དེའང་ བོད་ཆེན་པོའི་ལྗོངས་འདིར་སྤྱིར་སྒྲ་འབྲུ་སྟོང་སྒ་སྟེ་རུས་ཆེན་བཞི་དང་། སྒོ་ལྷ་སྡེ་དཀར་པོའི་རིགས་ཏེ་མི་རིགས་ལྔ་བྱུང་བར་གྲགས་པ་ལས་ཕྱི་མ། དེ་ལས་ཀྱང་བྱེ་བྲག་ཏུ་རྔུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པ་འགར་ཀེ་འགོལ་གསུམ། གསུང་གསེར་འབྲོམ་གསུམ། ཅི་འབུ་ གཞག་གསུམ། ཤོལ་སྟག་ཕྱིང་གསུམ། གཅེ་སིང་རམ་གསུམ། ཕྱུག་པོ་བུ་གསུམ་རྣམས་ལས་འགར་གྱི་རིགས་འགར་ཆེན་ཡེ་ཤེས་བཟང་པོ་དང་། འགར་དམ་པར་གྲགས་པ་སྐུ་མཆེད་གཉིས་བྱུང་སྟེ། དེ་ལས་ཕྱི་མ་ནི། དྲུང་ཡིག་པས་བཀོད་པའི་ཡི་གེ་དེ་ཉིད་དང་བསྟུན་ན་སྤོ་བོ་ཕུ་ལུང་ དགོན་པ་སོགས་དང་སྦྱར་བས་ལོ་རྒྱུས་མ་དག་པ་མ་གཏོགས་འགར་དམ་པ་ཆོས་སྡིངས་པ་ཡིན་པར་མངོན་ཏེ། དེ་ནི་སིངྷ་ལའི་སློབ་དཔོན་ཨཱརྱ་དེ་ཝའི་རྣམ་འཕྲུལ་དུ་གྲགས། ཡབ་མེས་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཡིན་པས་སྐུ་ཆུང་ངུའི་དུས་ནས་འཇིགས་བྱེད་ ལ་ཐུགས་དམ་མཛད། འབྲི་ཁུང་དུ་བྱོན་ནས་འཇིག་རྟེན་གསུམ་གྱི་མགོན་པོ་བརྟེན་ཏེ་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཙ་རིར་བྱོན་ཏེ་གསང་སྔགས་ཀྱི་སྤྱོད་པ་བསྐྱངས། དྭགས་པོ་འགར་ཕུག་ཏུ་བཞུགས་པའི་ཚེ་བོད་ཀྱི་ལྷ་འདྲེ་ཐམས་ཅད་འདུས་ནས་སྐུ་ལུས་ཟངས་ཐལ་ དུ་འགྲོ་བའི་མཚོན་ཆ་མང་པོ་བརྒྱབ་ཀྱང་ཉམ་ང་མེད་པས་ཐམས་ཅད་ཀྱིས་སྐྱབས་སུ་སོང་སྟེ་སྲོག་སྙིང་ཕུལ། ཕྲིན་ལས་མང་པོ་མཛད་ནས་ཕྱིས་སྤོ་བོར་ཕེབས། དེར་ཆོས་ཡེ་མི་དར་བ་ལ་རྫུ་འཕྲུལ་དང་ཐབས་མཁས་ཀྱིས་སྐྱེ་བོ་དད་པར་བྱས་ནས་ཕུ་ལུང་དགོན་པ་རིན་ཆེན་གླིང་གི་གཞི་ བཏིང་ནས་ཞི་བར་གཤེགས། དེ་ནས་ཉིད་ཀྱི་དབོན་པོ་ཨུ་རྒྱན་ལ་སོགས་པ་ཁམས་ནས་འོངས་ཏེ་དེའི་འཕྲོ་བསྐྱངས། དེ་ལས་དབོན་རྒྱུད་རིམ་བྱུང་བ་ཕུ་ལུང་སྡེ་པ་ཐོག་ཀ་བར་གྲགས་ཏེ་དུས་ཕྱིས་ཀྱི་བར་དུ་ཡོད་དོ། །འགར་ཆེན་ཡེ་ཤེས་བཟང་པོས་སླང་མདོ་དྲུག་གིས་འཆི་བདག་ གིར་མཛད་དེ། དེའི་སྲས་གཉིས་ཀྱི་བསོད་ནམས་རིན་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་པད་ས་བརྟེན་ནས་གསོལ་དཔོན་གྱི་ལས་ཀ་བཟུང་། གོང་མ་སེ་ཆེན་གན་གྱིས་དམག་དང་འཇའ་ས་སོགས་བྱིན་ཏེ་ཆེན་པོའི་གོ་སར་དབང་བསྐུར། དེ་ནས་སྐུ་ཚེའི་སྨད་ལ་ས་དམར་ ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་བསྐྱངས། དེའི་དབོན་པོ་རྔུ་རྒུ་རུ་ལ་སྲས་དགུ་བྱུང་བའི་ནང་ནས་སྟོང་དཔོན་ཟླ་བ་བཟང་པོ་ཞེས་པ་ལ་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱི་ལས་ཀ་གནང་བས་མངོན་པར་མཐོ་བ་བྱུང་། དེའི་སྲས་གཉིས་ལས་རྡུ་རྒྱལ་བ་བཟང་པོའི་སྲས་པདྨ་ བསྟན་སྲུང་། དེའི་སྲས་དཀར་ཆེན་བྱང་ཆུབ་འབུམ། དེའི་སྲས་རྡུ་ཆོས་རྡོར་བ་ནི་གསང་ཆེན་རྙིང་མའི་གྲུབ་ཐོབ་ཆེན་པོར་གྱུར། དེའི་མཆེད་ཡོ་དགེ་འདུན་རྒྱལ་མཚན་གྱི་སྲས་མགོན་པོ་གཟུངས་སོགས་ལས་བརྒྱུད་དེ་དེང་སང་གི་བར་དུ་ས་དམར་ཕྱོགས་འདིར་རྒྱུན་མ་ཆད་པར་ཡོད་དོ། ། དཀར་ཆེན་བྱང་ཆུབ་འབུམ་གྱི་སྲས། བདེ་ཆེན་བསོད་ནམས་བཟང་པོ་ཞེས་པ་ཡུམ་འདས་པའི་དགོངས་རྫོགས་བསྒྲུབ་པར། ཀཐོག་རྡོ་རྗེ་གདན་དུ་བྱོན་ནས་ཕྱིར་མ་ལོག་པས། མཆེད་གཞན་གྱིས་སླར་འགུགས་པར་བཏང་རྩིས་ ལ། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་དང་། རྔུ་ཆོས་རྡོར་བ་དཔོན་སློབ་ཟུང་གིས་ཁོ་བོས་ཀྱང་འོང་བ་མི་ཡོང་མོད། འོན་ཀྱང་གྲུབ་ཐོབ་ཆེན་པོ་ཞིག་གིས་བྱིན་གྱིས་བརླབས་པའི་གནས་ས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་སུ་བྱས་པ་ ཞིག་ཏུ་རིམ་གྱིས་དབང་བསྒྱུར་ནས། བརྒྱུད་པ་ཇེ་བཟང་དུ་འགྲོའོ་ཞེས་ལུང་བསྟན་མཛད། ཕྱིས་དེ་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་བ་བྱུང་སྟེ། བསོད་ནམས་བཟང་པོ་དེ་ཉིད་རིམ་གྱིས་ལྕགས་ར་ན་གླིང་ཆེན་པོ་བདག་དྲུག་གི་སྤྱན་སྔར་འབྱོར། སྡེ་དགེ་ ཞེས་པའི་མཚན་ཡང་འདི་སྐབས་ཙམ་ནས་བྱུང་བར་གྲགས། དེ་ལ་སྲས་བཞི་བྱུང་བའི་གཉིས་པ་བོ་ཐར་དུ་གྲགས་པ་དེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྤྱན་དྲངས་ཏེ་གུས་པས་མཆོད། གྲུབ་ཆེན་གྱིས་དངུལ་མདའི་སྲིབ་རིའི་གཤམ་དུ་ཀླུ་གནས་ པའི་མཚོ་ཆུང་ངུ་ཞིག་ཡོད་པ་རྫུ་འཕྲུལ་གྱིས་བསུབས་ནས། དེར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ། ཆོས་སྡེ་ཆེན་པོ་དཔལ་ལྷུན་གྲུབ་སྟེང་དུ་གྲགས་པ་འདིའི་བསྟན་པའི་རྨང་ཐོག་མར་ཚུགས། གཙུག་ལག་གཉི་གའི་རྟེན་འབྲེལ་གྱི་ སྒོ་ལྷུན་གྲུབ་ཏུ་འགྲིག་པར་གྱུར། དེའི་སྲས་གཉིས་ལས་བླ་མ་དཔལ་ལྡན་སེང་གེས་སྔར་གྱི་གཙུག་ལག་ཁང་ཡོད་པའི་ཉིན་རིའི་ཕྱོགས་སུ་འདུས་སྡེ་བཙུགས་པ་ལ་དེང་སང་ཉིན་དགོན་དུ་གྲགས། །ཅིག་ཤོས་རྒྱལ་མཚན་འབུམ་ལ་སྲས་བཞི་བྱུང་བའི་ཨ་སྔ་ཟེར་བ་ ལ་སྲས་བདུན་ཙམ་བྱུང་བའི་ཇོ་གདན་ནམ་མཁའ་ལྷུན་བཟང་གིས། རྡོ་རྗེ་འཇིགས་བྱེད་ལ་ཐུགས་དམ་ནན་ཏན་དུ་མཛད་པས། ཉེ་འཁོར་བ་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་དུ་མཐོང་བ་དང་། བཟླས་པ་དུང་ཕྱུར་གྲུབ་པའི་ཚེ་ལྔགས་ཐོག་ཏུ་ལྕགས་ཀྱི་རིལ་བུ་རང་ རྡོལ་དུ་བྱུང་བ་སོགས་གྲུབ་པའི་མཚན་མ་བརྙེས། དེའི་མཆེད་ཡ་རྒྱལ་འཕེལ་ལ་སྲས་གསུམ་བྱུང་བའི་སྡེ་དགེ་ཀུན་དགའ་རིན་ཆེན་ནི་ལྷུན་གྲུབ་སྟེང་གི་བླ་བྲང་གི་ལྷ་ཁང་བཞེངས་པ་སོགས་སྐུ་བསོད་རྒྱས་པའི་འགོ་ཚུགས། བསྙེན་བསྒྲུབ་གནང་བའི་ཚེ་གཟིམས་ ཁང་ཐམས་ཅད་མེའི་ཕུང་པོར་གྱུར་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་བྱུང་། དེའི་གཅུང་དབོན་ནམ་མཁའ་དང་རྡོ་རྗེ་ལྷུན་གྲུབ་གཉིས་བྱུང་བའི་ཕྱི་མ་ལས་ཉེ་བར་བརྒྱུད་དེ་ད་ལྟ་བླ་མ་བཀྲ་ཤིས་རྒྱ་མཚོ་སོགས་བཞུགས་པ་འདིའི་བར་རོ། །སྔ་མའི་སྲས་ལྷུན་ ཐུབ། དེ་ལ་སྲས་དྲུག་བྱུང་བའི་དང་པོ་ནི་རིག་འཛིན་རྒོད་ལྡེམ་ཅན་གྱི་སྤྲུལ་པའི་ཟློས་གར་དུ་གྲགས་པ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་སྟེ། འདིས་གསང་སྔགས་གསར་རྙིང་སྤྱི་དང་། ཁྱད་པར་དུ་སྔགས་རྙིང་མའི་ཆོས་ཀྱིས་གྲུབ་པའི་མཚན་མ་བརྙེས། ལྐོག་ གྱུར་གྱི་གནས་ལུགས་སྟོན་པ་དང་། སྣང་བ་བདེན་མེད་དུ་གཟིགས་པས་སྲ་མཁྲེགས་ཀྱི་རྡོ་བ་འདམ་ལྟར་རྫི་བ་དང་། འབྱུང་པོ་གདུག་པ་ཅན་མང་པོ་འདུལ་བ་སོགས་ངོ་མཚར་གྱི་མཛད་པ་སྣ་ཚོགས་ཞིག་བསྟན་པར་གྲགས། གསུམ་པ་བླ་མ་དམ་ཆོས་ལྷུན་ གྲུབ་བམ། བྱམས་པ་ཕུན་ཚོགས་ཅེས་པ་དེས་སྔོན་གྱི་བསོད་ནམས་ཀྱི་ལས་ཤུགས་ཆེས་ཆེར་བདོ་བས་ཆབ་སྲིད་སྐྱོང་བའི་བྱ་བ་གཙོ་བོར་མཛད་ཅིང་། རིས་མེད་ཀྱི་ཆོས་སྡེ་མང་པོའི་བདག་པོར་གྱུར། ལྔ་བ་བླ་མ་ལྷ་སྲུང་ཐུགས་དམ་འབའ་ཞིག་ལ་བརྩོན་པར་ མཛད། དྲུག་པ་བླ་མ་ཀརྨ་བསམ་འགྲུབ་ཀརྨ་ཀཾ་ཚང་གི་གྲུབ་མཐའ་འཛིན་པ་ཞིག་སྟེ་དབོན་པོ་སྟོད་དུ་བཞུགས། སྲས་གཉིས་པ་དང་བཞི་བ་གཞིས་ཀར་བཞུགས་པའི་སྔ་མ་དབོན་ཀླུ་འཕེལ་གྱི་སྲས་རྣམས་ལས། དཔོན་ཆེན་ཀུན་དགའ་ཕུན་ཚོགས་ཀྱིས་ས་ སྐྱོང་དམ་པ་བྱམས་པ་ཕུན་ཚོགས་སྐུ་གཤེགས་ནས་གདན་སའི་ཁྲིར་ཕེབས་ཏེ། ལུགས་གཉིས་ཀྱི་སྲོལ་བཟང་པོ་བསྐྱངས་བར་མཛད་དོ། །ཁྱད་པར་གཏེར་གཞུང་འགའ་ཞིག་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པའི་ཟློས་གར་དུ་བཤད་པ་ཁྲི་ཆེན་སངས་རྒྱས་ བསྟན་པ་ནི། ལེགས་བྱས་ཀྱི་མཐུ་རྒྱ་ཆེན་པོས་འགྲན་དུ་མེད་པའི་དབང་བརྙེས་པར་གྱུར་ཏེ་གདན་སར་བཞུགས་ཁྲིར་ཕེབས་ནས་བདེ་བར་གཤེགས་པའི་བསྟན་པ་རིས་སུ་མ་ཆད་པ་ལ་མཆོད་པ་དང་བསྙེན་བཀུར་བ་དང་། གཙུག་ལག་ཁང་དང་འདུས་ པའི་སྡེ་མང་པོའི་ཉམས་གསོ་གསར་སྤེལ་སོགས་དང་། རྒྱལ་ཁམས་ལ་བྱམས་པས་གཟིགས་པའི་བཀའ་ཁྲིམས་དྲང་པོས་ཕན་བདེར་མཛད་པ་སོགས་ལུགས་གཉིས་ཀྱི་སྲོལ་བཟང་པོས་མངའ་རིས་ཐམས་ཅད་དཀར་པོར་བསྒྱུར་བར་མཛད། འདིའི་ཡུམ་མི་གཅིག་ པའི་གཅེན་པོ་དཔོན་ཨུ་རྒྱན་བཀྲ་ཤིས་སྲས་ས་སྐྱོང་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་དེའི་རྗེས་སུ་ཁྲི་བསྐྱངས་ཏེ། དེ་ནི་ཐུགས་སྒམ་ཞིང་ངང་རིང་བ། དཀྱེལ་ཆེ་བ་སོགས་ཡ་རབས་ཀྱི་སྐྱེས་བུའི་ཡོན་ཏན་དང་ལྡན་པ་ཞིག་གོ། །དེའི་མཆེད་ཡར་གྱུར་པ་དཔོན་དབང་ ཆེན་མགོན་པོའི་སྲས་མིའི་དབང་པོ་བསྟན་པ་ཚེ་རིང་ནི་ད་ལྟ་བཞུགས་ཁྲིར་ཕེབས་ནས་སྲིད་སྐྱོང་བཞིན་པ་ཡིན་ཏེ། འདི་ནི་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་འདི་འགྲུབ་པའི་བདག་རྐྱེན་དངོས་སོ། །གསུམ་པ་བདག་རྐྱེན་བྱེད་པ་པོ་དེའི་ཡོན་ཏན་རང་ཉིད་ཀྱིས་ཇི་ལྟར་མཐོང་བ་ བཞིན་ངོ་བསྟོད་མེད་པར་བརྗོད་ན། ཚེ་རབས་མང་པོར་ལེགས་བྱས་རྒྱ་མཚོ་མངོན་པར་འདུ་བྱས་པའི་མཐུས་ཆུང་ངུ་ནས་དགེ་བའི་ངང་ཚུལ་ཅན། བླ་མ་དང་རྒན་རབས་སོགས་ཞེ་སར་འོས་པ་རྣམས་ལ་སྲི་ཞུ་ཆེ་བ། གསང་སྔགས་གསར་རྙིང་གི་ཡི་དམ་མང་པོའི་བསྐྱེད་ རྫོགས་ཀྱི་ཉམས་ལེན་ཐུན་གྲངས་སུ་བཅད་པའི་བཟླས་བརྗོད་དང་ཞལ་འདོན་སོགས་ཀྱི་བརྩོན་པ་མི་བཤོལ་བ། སྟོབས་ཆེན་པོས་ངང་གིས་འཇུག་པ་ཞིག་སྟེ་བསྐལ་བཟང་སངས་རྒྱས་སྟོང་གི་སྐུ་བརྙན་སོ་སོའི་ཡབ་ཡུམ་སྲས་རིམ་གྲོ་པ་སོགས་འཁོར་དང་བཅས་པ་རི་མོར་བྲིས་པའི་ཞལ་ཐང་གྲངས་མང་ཞིང་སྤུས་ལེགས་པ་དང་། །རྒྱལ་བའི་བཀའ་འགྱུར་རོ་ཅོག་རིན་པོ་ཆེ་ལས་བཞེངས་པ་སོགས་ མཐའ་ཡས་ཤིང་སྲིད་སྐྱོང་གི་གོས་ཆེན་པོར་བཞུགས་པ་ནའང་། ཇི་སྐད་དུ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། །དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་ དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དམ་བཅས་པ་བརྟན་ཅིང་མི་འགྱུར་བ། ཤིན་ཏུ་ཐུགས་སྒམ་པས་སྒྲིན་པོ་རྣམས་ཀྱིས་ཀྱང་ཐུགས་བསམས་ཀྱི་གཏིང་མི་སླེབ་པ། སློབ་དཔོན་ཀླུས། དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། ། འགྲོ་བ་ཐམས་ཅད་བརྙས་པའི་ང་རྒྱལ་ལྡན། །དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། །རིགས་དམའ་བ་ཡི་སེམས་ཅན་དག །ནོར་རམ་རིག་པ་རྙེད་གྱུར་ན། །འགྲོ་བ་ཀུན་ལ་རྩྭ་སྙམ་སེམས། །པགས་པ་ སྔོན་པོའི་ཝ་བཞིན་ནོ། །ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་ཏུ་དུལ་བར་འགྱུར། །ཞེས་གསུངས་པ་ལྟར་འབྱོར་པའི་ཚོགས་ཤས་ཆེར་བདོ་བར་གྱུར་ཀྱང་ཐུགས་ཀུན་ ནས་དུལ་བས་ནམ་ཡང་དྲེགས་པ་མི་མངའ་བ། འབྱོར་པ་རྣམས་ཀྱང་འཕྲལ་འཕྲལ་དུ་དགེ་འདུན་གྱི་འདུ་སྒོ་དང་། དཀོན་མཆོག་གི་མཆོད་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་ཆོས་ཀྱི་ཕྱོགས་སུ་ཟད་དུ་འཇུག་པ་ལས། དགྲ་འདུལ་ གཉེན་སྐྱོང་ལ་སོགས་པ་རྣམ་སྨིན་ཡིད་དུ་མི་འོང་བ་སྐྱེད་པའི་ཕྱོགས་ལ་ཟད་དུ་མི་འཇུག་པ་དང་། ཧ་ཅང་སོགས་འཇོག་ལ་སྲེད་པར་མི་མཛད་པ་སོགས་དམ་པའི་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ་སྟེ་དེའང་། གཙང་དུ་གདན་ས་ཆེན་པོ་ཨེ་ཝཾ་ཆོས་ལྡན་གྱི་གླིང་པ་སྤྱི་ ཁང་དང་འདི་གར་ཞབས་དྲུང་དཔལ་མཆོག་པས་བཞེངས་པའི་མཆོད་རྟེན་ཆེན་མོ་སོགས་གསར་བཞེངས་ལྟ་བུའི་རྟེན་དང་བརྟེན་པའི་ཉམས་པ་གསོ་བ་བགྲང་གིས་མི་ལང་བ་མཛད་པ་དང་། འགྲོ་བའི་མགོན་པོ་ས་སྐྱ་པ་གོང་མ་རྣམ་ལྔའི་བཀའ་འབུམ་སྐུ་པོད་དངོས་གཙང་བཅུ་ དྲུག །རིན་ཆེན་གཉིས་པ་ལས་གྲུབ་པའི་བསྟན་བཅོས་འགྱུར་རོ་འཚལ་གླེགས་བམ་ཉིས་བརྒྱ་དང་བདུན་ཡོད་པ་ཤིན་ཏུ་དངོས་གཙང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་མཚལ་པར་མ་དང་། ཡང་རིན་ཆེན་དང་པོ་ཁོ་ན་ལས་བཞེངས་པའི་ བཀའ་འགྱུར་གླེགས་ཤིང་གླེགས་ཐག་ན་བཟའ་ཚུན་ཆོད་ཤིན་ཏུ་སྤུས་ལེགས་ལ་དངོས་གཙང་བ། ཙནྡན་དམར་པོ་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་ཐམས་ཅད་མཁྱིད་གང་ཙམ་པ། ཡང་ཙནྡན་དམར་པོའི་ཕྱེ་མའི་ལྡེ་གུ་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་ཐམས་ཅད་མཐོ་ཚད་ མ། ཙནྡན་དཀར་དམར་ལས་གྲུབ་པའི་སྐུ་གདུང་ཆ་བརྒྱད་བཟོ་བཀོད་ཕུན་སུམ་ཚོགས་པ། ཙན་འདམ་ལས་གྲུབ་པའི་ཆོས་རྒྱལ་ལོ་པཎ་བཞི་བཅུ་རྩ་ལྔའི་སྐུ་ཐམས་ཅད་བརྐྱང་ཁྲུ་གང་ལྷག་ཡོད་པ། ཙནྡན་དཀར་པོའི་ལྡེ་གུ་ཁོ་ན་ལས་གྲུབ་པའི་ལམ་འབྲས་ཀྱི་བླ་ རྒྱུད་ཐམས་ཅད་མཁྱིད་ཚད་མ། ཡང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐམས་ཅད་བརྐྱང་ཁྲུ་གང་དང་སོར་ལྔ་ལྷག་ཙམ་ཡོད་པ་ལྔ་བཅུ། ཁྱད་པར་གསེར་ཟངས་ལས་གྲུབ་པའི་བླ་མ་ཡི་དམ་སངས་ རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་སོགས་ཀྱི་སྐུ་ལུགས་མ་ཤིན་ཏུ་དངོས་གཙང་བ་སུམ་བརྒྱ་ལྷག་ཙམ། ལྷུན་གྲུབ་སྟེང་གི་འདུ་ཁང་ཆུང་བ་གཉྫིར་བཅས། ལྕགས་རའི་འདུ་ཁང་རྒྱལ་མཚན་བཅས། སྤོམ་མཛངས་ཆོས་སྡེའི་འདུ་ཁང་། དཔལ་སྤུངས་སུ་ཁོ་བོ་ཅག་ གི་ལྷ་ཁང་འདུས་སྡེ་དང་བཅས་པ། །བླ་མ་ཀུན་ཆོས་པའི་སྐུ་གདུང་གཉྫིར་བཅས་སོགས་གསར་བཞེངས་ཁོ་ནའང་བགྲང་གིས་མི་ལང་ཞིང་ད་དུང་ཡང་སྒྲུབ་བཞིན་པ་དང་། ལོ་བསྟར་དུ་ཟབ་མོའི་རྣལ་འབྱོར་དང་ལྡན་པའི་དགེ་སྦྱོང་རྣམས་ལ་ཆོས་དང་མཐུན་པའི་ཡོན་ཕུན་ སུམ་ཚོགས་པ་སྩལ་ཏེ། ཡི་དམ་གྱི་ལྷ་རྣམས་ཀྱི་རྩ་སྔགས་དང་སྙིང་པོ་སོགས་དུང་ཕྱུར་ཕྲག་མང་པོར་ལང་བ་བཅད་རྒྱ་ཁོ་ནས་སོག་ཏུ་འཇུག་པ་སོགས་མཆོད་སྦྱིན་གྱི་ཁྱད་པར་རྒྱ་ཆེན་པོ་བསྒྲུབས་པ་རྣམས་ཀྱང་དེ་དང་མཚུངས་པ་སྟེ། སྐྱེས་རབས་དཔག་བསམ་འཁྲི་ ཤིང་ལས། མི་རྣམས་ནོར་ནི་དངུལ་ཆུའི་ཐིག་པ་ཁུ་ཚུར་དག་གིས་བསྡོམས་པའི་རྣམ་པར་མཐོང་། །དབུལ་དང་མགོན་མེད་རྣམས་ལ་སྟེར་ཞིང་ཉེ་བར་མཁོ་བར་གྱུར་པ་རབ་ཏུ་རྒྱས་པའི་དཔལ། །བསོད་ནམས་དགའ་ཚལ་གཙུག་ལག་ཁང་དང་མཆོད་རྟེན་ བཅོམ་ལྡན་སྐུ་གཟུགས་རབ་གནས་ལ་སོགས་ཀྱིས། །ནོར་ལྡན་འདི་ནི་གྲགས་པས་ལྷན་ཅིག་མི་བཟད་གནས་སུ་གང་ཞིག་གང་གིས་རྣམ་པར་མཛེས། །ཞེས་གསུངས་པ་ལྟ་བུ་དང་། སློབ་དཔོན་ཀླུས། ཕན་སེམས་ཆེ་བ་སྒྲིན་པའི་ཚུལ། །དྲང་པོའི་ཚུལ་ ནི་མི་སླུ་བ། །བག་ཡོད་ཉམ་ང་མེད་པ་ནི། །དེ་ནི་རྒྱལ་པོའི་ཚུལ་དུ་བཤད། །ཞེས་གསུངས་པ་ལྟར་ཐུགས་ཤིན་ཏུ་སྒྲིན་པས་ཕན་པའི་སེམས་ཀྱིས་མངའ་འབངས་ལ་སོགས་པ་བདེ་བར་སྐྱོང་བ། དྲང་པོའི་ཐུགས་དང་ལྡན་པས་གཡོ་སྒྱུས་སྐྱེ་བོ་སླུ་བར་མི་མཛད་པ། བྱ་བ་ཐམས་ཅད་ལ་བག་ཡོད་ཅིང་ཉམ་ང་མེད་པའི་ཚུལ་གྱིས་སྤྱོད་པ་སྟེ། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས། ཀུན་དགའ་ར་བའི་ཕྲེང་བརྒྱུད་ལྟར། །མེ་ཏོག་མེ་ཏོག་ཙམ་བཏུ་ཡི། །སོལ་བ་མཁན་ནི་ཇི་བཞིན་དུ། །རྩ་ནས་གཅད་པར་མི་བྱའོ། །འོ་ མ་བཞོས་ནས་འཐུང་བཞིན་དུ། །བ་ནི་གསད་པར་མི་བྱའོ། །དེ་བཞིན་རྒྱལ་པོས་ཡུལ་འཁོར་ནི། །དུས་ཤེས་ནས་ནི་ལོངས་སྤྱོད་བྱ། །བ་ཡི་བརླ་ནི་བཅག་གྱུར་ན། །བཞོ་བས་འོ་མ་ཐོབ་མི་འགྱུར། །དེ་བཞིན་ཡུལ་འཁོར་ཚུལ་མིན་པས། །གནོད་པ་བྱས་ ན་འཕེལ་མི་འགྱུར། །ཡུལ་འཁོར་སྦྲང་རྩི་ལྟར་སྤྱད་ཀྱི། སྦྲང་བུ་གསད་པར་མི་བྱའོ། །བ་ལས་བདག་པོས་བཞོ་བ་ལྟར། །རྒྱལ་པོས་ས་ནི་དེ་ལྟར་བསྐྱང་། །ཞེས་བཤད་པ་ལྟ་བུའི་ས་ལེགས་པར་སྐྱོང་བའི་ཚུལ་ཐམས་ཅད་ཕུན་སུམ་ཚོགས་པ། གཞན་ ཡང་། ས་བདག་རྟག་ཏུ་རྒྱུ་མེད་པར། ཁྲོ་གཉེར་དག་ནི་མི་བྱ་ཞིང་། །བྲན་གཡོག་ནོར་མེད་པར་མ་ཡིན། །རྒྱལ་པོས་ཆོས་ནི་བསྲུང་བར་བྱ། །ཞེས་སོགས་བཤད་པ་ལྟར་ཆོས་ཁོ་ནའི་རྗེས་སུ་སོང་བས་མཉེན་གཤིན་དེས་པའི་ངང་ཚུལ་ཅན། མ་བཏུལ་ བར་ཡང་ཕས་ཀྱི་རྒོལ་བ་རྣམས་རང་གི་ངང་གིས་འདུད་པ་ལྷུར་ལེན་པ་དང་། མངའ་ཞབས་ཀྱི་འབངས་རྣམས་ཀྱང་རྨ་མེད་པར་སྐྱོང་བཞིན་པ་ནས། དུས་ཕྱིས་གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོས་བོད་ཡུལ་གྱི་ལྗོངས་འདི་ཉིད་བདག་ གིར་མངའ་བསྒྱུར་བ་ནའང་། མིའི་དབང་པོ་འདི་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་རྣམས་སྙན་ལ་དེངས་པས་བསྔགས་བརྗོད་དང་བཅས་ཏེ་འབངས་ཀྱི་སྐྱེ་བོ་མི་ཁྱིམ་མང་པོ་ས་རིས་དང་བཅས་པ་གསར་དུ་སྦྱོར་འཇག་གི་བཀའ་དྲིན་མཛད་པ་སོགས་མཆོག་དམན་ཐམས་ཅད་ཀྱི་ཡིད་དམ་ པའི་ངང་ཚུལ་གྱིས་ཕྲོགས་པར་མཛད་པ་སྟེ་མདོར་ན་སྙིགས་མའི་མུན་ཀློང་སྟུག་པོར་གཡོ་བའི་དུས་འདི་ལྟ་བུར་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་སླར་ཡང་འོངས་པ་ལྟ་བུའི་ཕྲིན་ལས་ཅན་ཞིག་གོ། །མིའི་དབང་ཕྱུག་འདིའི་སྲས་གཉིས་པ་དང་གསུམ་པ་རབ་ཏུ་བྱུང་བའི་བརྟུལ་ཞུགས་ ཡང་དག་པར་ལེན་པར་མཛད་ལ། དང་པོས་སྲིད་འཛིན་པར་མཛད་པ་སྟེ་གསུམ་གའང་རང་བཞིན་གྱིས་དགེ་བ་ལ་འདུན་ཞིང་མི་འཕྲོག་བའི་བརྟན་པ་ཅན། །དཀྱེལ་ཆེ་ཞིང་གཟུ་བོར་གནས་པ། གཙུག་ལག་ལུགས་གཉིས་ཀྱི་མཁྱེན་པ་རྣམ་པར་རྒྱས་པ་སོགས། མ་སུ་ རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས། བརྟན་ཞིང་ཟབ་མོའི་བློ་དང་ལྡན། །མདངས་ལྡན་ཆོས་དང་བསྟན་བཅོས་རིག །དུལ་ཞིང་བདེན་པར་སྨྲ་བ་དང་། །རྒྱལ་པོའི་འཁོར་ལ་ཕན་པར་སེམས། །རིགས་བཙུན་རྒྱུད་ནི་མཉེན་པ་དང་། །བླ་མ་ལ་ནི་གུས་ཉན་ དང་། །སྐྱེ་དགུ་རྗེས་བརྩེར་ལྡན་པ་ཡི། །རྒྱུད་བྱུང་དེ་ནི་རྒྱལ་སྲས་ཡིན། །ཞེས་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་། བཙུན་མོ་དམ་པ་དག་ཀྱང་། རྒྱ་ཆེ་རོལ་པ་ལས། རྒྱགས་པ་མ་མཆིས་མི་གཡེང་ཟུངས་ཐུབ་ཚུལ་འཆང་ཞིང་། །ང་རྒྱལ་མ་མཆིས་འགྱིང་ དང་བྲལ་བས་བྲན་མོ་བཞིན། །སྒྲ་དྲི་རོ་ལ་མ་ཆགས་ཆང་ལ་མ་ཆགས་ཏེ། །འདོད་བྲལ་བརྣབ་སེམས་མ་མཆིས་རང་གི་ནོར་གྱིས་འཚལ། །བདེན་ལ་གནས་ཤིང་མི་འཕྱར་གཡེང་བ་མ་ལགས་པ། །ངོ་ཚའི་གོས་འཚལ་རྒོད་དང་ཁེངས་པ་མ་མཆིས་གནས། ། ལྟ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། །ཞེས་གསུངས་པའི་ཚུལ་དང་མཐུན་པ། དེ་བཞིན་དུ་མ་སུ་རཀྵས། ཚིག་གསལ་བློ་ནི་ཕུན་སུམ་ཚོགས། །ལུགས་ཀྱི་བསྟན་བཅོས་དག་ལ་མཁས། །ངང་འཇམ་དཔྱོད་པར་བྱེད་པ་སྟེ། །རྒྱལ་པོའི་ བློན་པོ་དེ་འདྲས་བྱ། །ཞེས་བཤད་པ་ལྟ་བུའི་བློན་པོ་དང་། ཚེ་ཡི་རིག་བྱེད་གོམས་པ་དང་། །ཆོས་རིག་ཡིད་འོང་སྙན་སྨྲ་ཞིང་། །ཆོ་ག་ངང་ཚུལ་ཕུན་སུམ་ཚོགས། །ཐང་ལ་འབར་བཞིན་གསོ་མཁས་ཤིང་། ནད་ཀྱི་མཚན་ཉིད་ཀུན་ལ་མཁས། །རྒྱལ་ པོ་དེ་འདྲའི་སྨན་པ་བསྟེན། །ཞེས་པ་ལྟ་བུའི་སྨན་པ་དང་། སྒྲ་རིག་རྩིས་ཀྱང་ཤེས་པ་སྟེ། །ཡི་གེ་བྱང་ཞིང་ལག་པ་མྱུར། །ཡིད་གཞུང་ཚིག་ནི་གསལ་བ་དང་། །གྲགས་དང་སྦྱིན་ལྡན་ཡི་གེ་པ། །ཞེས་པ་ལྟ་བུའི་དྲུང་ཡིག་པ་དང་། རིགས་དང་ངང་ ཚུལ་ཡོན་ཏན་ལྡན། །བདེན་དང་ཆོས་ལ་མཆོག་ཏུ་གཞོལ། །གཟུགས་བྱད་ཤིན་ཏུ་བཟང་བ་ནི། །རྒྱལ་པོའི་སྤྱན་མི་ཡིན་པར་བཤད། །ཅེས་པ་ལྟ་བུའི་ནང་བློན་རྣམས་དང་། མཚོན་ལ་གོམས་ཤིང་ནུས་དང་ལྡན། །བཞོན་པ་དག་ལ་བྱ་བཞིན་ གོམས། །དཔའ་ཞིང་བརྟན་པ་ཕུན་སུམ་ཚོགས། །དེ་འདྲ་དམག་དཔོན་ཡིན་པར་ཤེས། །ཞེས་པ་ལྟ་བུའི་དམག་དཔོན་དང་། ཕ་མེས་རྒྱུད་བྱུང་གྲིམས་པར་ཤེས། །བསྟན་བཅོས་རིག་ཅིང་ཞིམ་པར་འཚེད། །གཙང་སྦྲ་ཆེ་ཞིང་སྙིང་ཉེ་བ། །དེ་ལྟ་བུ་ ཡིས་ཕྱག་ཚང་བྱ། །ཞེས་པ་ལྟ་བུའི་ཕྱག་ཚང་པ་དང་། ཡིད་གཞུངས་ཚིག་གསལ་ཤེས་རབ་ལྡན། །གཞན་སེམས་ཉེ་བར་མཚོན་ནུས་དང་། །བརྟན་ཞིང་ཇི་སྐད་བསྒོ་བཞིན་སྨྲ། །རྒྱལ་པོའི་ཕོ་ཉ་དེ་འདྲས་བྱ། །ཞེས་པ་ལྟ་བུའི་མངག་གཞུག་པ་སོགས་མདོར་ ན་བསྟན་བཅོས་དང་མཐུན་པའི་རྒྱལ་པོའི་ཡན་ལག་རྣམས་ཀྱང་ལེགས་པར་ཚང་བ་ཡིན་ནོ། །རྩ་བའི་ས་བཅང་གཉིས་པ་རྒྱལ་བའི་གསུང་རབ་པར་དུ་འཁོད་པའི་རྣམ་དཀར་གྱི་བྱ་བ་དངོས་སྨོས་པ་ལ། བཞེངས་པའི་དུས་དང་། ཕྱི་མོ་ཇི་ལྟར་བསགས་ཤིང་དག་ པར་བགྱིས་པའི་ཚུལ་དང་། བཞེངས་ཚུལ་དངོས་སོ། །དང་པོ་ནི། སྤྱིར་བསྐལ་པ་ཆེན་པོ་བཟང་པོ་འདི་ལ་ཆགས་པའི་དུས་དང་། གནས་པའི་དུས་དང་། འཇིག་པའི་དུས་དང་གསུམ་གནས་པའི་བསྐལ་པ་དེ་ལའང་ཡ་ཐོག་རིང་མོ་དང་། མ་ཐོག་རིང་མོ་དང་། བར་གྱི་ཁུག་པ་བཅོ་བརྒྱད་དུ་གྲགས་པ་སྟེ་བར་བསྐལ་ཉི་ཤུ་ཡོད་པ་ལས། ཡ་ཐོག་རིང་མོའི་གཤམ་གྱི་དུས་ཏེ། དེའང་ཐུབ་པའི་བསྟན་པ་ལུང་གི་དུས་ཀྱི་ལྔ་བརྒྱ་བ་ཕྲག་གསུམ་ལས་དཀྱིལ་སྨད་ཙམ་དུ་ཕྱིན་པ་བདག་ཅག་གི་སྟོན་པ་རྣམ་འདྲེན་ བཞི་བ་ཤཱཀྱའི་དབང་པོ་ས་དེ་ཉིད་ཞིང་འདིའི་ངོ་སྐལ་གྱི་སྤྲུལ་པའི་སྣང་བརྙན་ཉེ་བར་བསྟན་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་མཁས་པ་དག་གིས་དཔྱད་པས་བཞེད་པ་མི་མཐུན་པ་མང་དུ་བྱུང་བ་ལས། དེང་སང་ཡོངས་སུ་གྲགས་པ་པད་དཀར་ཞལ་ལུང་པའི་ལུགས་ཀྱིས་སྟོན་ པ་དྲག་པོ་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཟླ་སྐར་རྒྱལ་གྱི་དུས་སུ་སྐུ་བལྟམ་པ་ནས། བགྲང་བྱ་ཉིས་སྟོང་དང་དྲུག་བརྒྱ་བརྒྱད་ཅུ་རྩ་དགུ་འདས་ཤིང་། རྒྱལ་བ་ཤིང་རྟ་ས་ག་ཟླ་བའི་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། ལོ་དེའི་ཆུ་སྟོད་ཅན་གྱི་ ཚེས་བཞིར་ལྔ་སྡེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་རྩ་ལྔ་འདས་པ། དེ་བཞིན་དུ་ལྕགས་འབྲུག་ནག་ཉ་ས་ག་ཟླ་བའི་ཚེས་བཅོ་ལྔའི་གུང་ཐུན་ལ་དགོངས་པ་ཞི་དབྱིངས་སུ་མནལ་བའི་ཚུལ་བསྟན་ནས་ཉིས་སྟོང་དྲུག་བརྒྱ་དགུ་འདས་ཤིང་། ཆོས་རྗེ་ ས་སྐྱ་པའི་ལུགས་ཀྱིས་སྟོན་པ་རྣམ་འབྱུང་ས་འབྲུག་ལ་སྐུ་བལྟམ་ཞིང་། ཐམས་ཅད་འདུལ་ས་ཕག་ལོར་གཤེགས་ནས་སུམ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་གཅིག་འདས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱིས་མེ་མོ་སྦྲུལ་ལ་སྐུ་བལྟམ་ཞིང་མེ་བྱི་ལོར་གཤེགས་ནས་ ཉིས་སྟོང་ཉིས་བརྒྱ་བདུན་ཅུ་དོན་གཅིག་འདས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཞེད་པས་ཤིང་མོ་གླང་ལ་སྐུ་བལྟམ་ཞིང་ཤིང་སྤྲེལ་ལ་གཤེགས་པའི་ཚུལ་བསྟན་ནས་སུམ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་བཞི་འདས་པ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་ སྐོས་གོང་མ་ཆེན་པོ་གཡུང་ཅིན་གསེར་ཁྲིར་ཕེབས་ནས་ཉག་མ་བདུན་ཐལ་བ། མིའི་དབང་པོ་འདི་ཉིད་དགུང་ལོ་ལྔ་བཅུ་རྩ་གཉིས་སུ་ཕེབས་པ། བདེ་མཆོག་སྟོད་འགྲེལ་ལྟར་ན་སཽ་མྱ་ཞེས་པ་ཞི་བར་གྲགས་ཤིང་། ཤར་ཕྱོགས་ཏོང་ཀུའི་རྒྱལ་ཁམས་སུ་གྱི་ ཡེའུར་བོད་པ་ས་མོ་བྱའི་ལོ་སྨེ་ཕྲེང་དང་པོ་འབྱུང་བ་སུམ་ལྡན་ཕུར་བུ་ཀླུང་དུ་ཞུགས་པའི་དུས། དེ་ལའང་ཉི་མ་ལྷོར་བསྒྲོད་པ་དང་བྱང་དུ་བསྒྲོད་པའི་དུས་གཉིས་ཡོད་པ་ལས་སྔ་མ། པའི་ཡོན་ཏན་དང་ལྡན་པ་སྟོན་ཀའི་དུས། དགུན་དང་དཔྱིད་དང་དབྱར་དང་དབྱར་ཐུང་དང་དབྱར་རིང་པོ་སྟེ་དུས་ལྔ་ལས་ཕྱི་མ། ཟླ་བ་བཅུ་གཉིས་ལས་ཧོར་ལུགས་ཀྱི་ཟླ་བ་བདུན་པར་གྲགས་པ། ཏོང་ཀུའི་རྒྱལ་ཁམས་པའི་ལུགས་ཀྱིས་སྟོན་ར་བ་སྤྲེའུའི་ ཟླ་བ། འཕགས་པའི་ཡུལ་དུ་ཤྲབཎར་གྲགས་པ་རྒྱུ་སྐར་གྲོ་བཞིན་གྱིས་ཉ་བའི་དཀར་ཕྱོགས། གང་བ་གཉིས་པའི་ཚེས། རེས་གཟའ་མཛའ་ལྷའི་གྲོགས་པོའི་འཛུམ་མདངས་རྒྱུ་སྐར་གྱི་ལྷ་མོ་ཨ་ནུ་རཱ་དྷཱའི་བཞིན་གྱི་པདྨོར་འཕོས་པ། འཆི་མེད་གྲུབ་པའི་སྦྱོར་བ། དུས་འཁོར་བའི་ལུགས་ཀྱི་དབྱངས་ཨོ། གསལ་བྱེད་ཕོ། འབྱུང་བ་ཆུ། འདོད་ཡོན་གཟུགས། དབྱངས་འཆར་བའི་ལུགས་ཀྱི་དབྱངས་ཨེ། གསལ་བྱེད་ར། འབྱུང་བ་རླུང་། འདོད་ཡོན་རེག་བྱ་སོགས་འཆར་བའི་དུས་ཕུན་སུམ་ཚོགས་པ་ལ། ས་སྐྱོང་ ཆེན་པོས་ཐོག་མ་མེད་པའི་དུས་ནས་བསགས་པའི་ལེགས་བྱས་ཀྱི་མཐུ་རྒྱ་ཆེན་པོ་བརྟས་པ་ལས་སླར་ཡང་ལེགས་བྱས་ཀྱི་ལམ་རྒྱ་ཆེན་པོ་འདི་ལྟ་བུ་བསྒྲུབ་པ་ལ་སྤྲོ་བ་ཆེན་པོ་ཟླ་བ་མཐོང་བའི་རྒྱ་མཚོ་བཞིན་དུ་འཕེལ་བར་གྱུར་ཏེ། རྒྱ་ཆེན་པོའི་གནས་འདི་ལྟ་བུ་ལ་སྤྱོད་མི་ ནུས་སོ་སྙམ་པའི་ཞུམ་པ་དང་། གནས་འདི་ཚེགས་ཀྱིས་སྤྱད་པ་གཞན་གྱིས་བས