Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 103_དཀར་ཆག
Văn bản gốc(Tây Tạng)
Trang 4 / 10 (50.000 ký tự/trang)
ྟོང་ཕྲག་མང་པོ་དང་བཅས་པས་ཉི་མ་ལ་མཆོད་པའི་ཚེ་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་བྱོན་ཏེ་དེ་དག་གི་མདུན་ དུ་བཞུགས་པས་ཉི་མར་ཤེས་ཏེ་མཆོད་ཅིང་བཏུད་དོ། །དེ་ནས་དེ་དག་ལ་ཆོས་བསྟན་པས་དད་པར་གྱུར་ཏེ་སླར་འཕགས་པ་ཉིད་དུ་སྣང་བར་མཛད་ནས་ཆོས་བསྟན་པས་བདེན་པ་མཐོང་ངོ༌། །བྲམ་ཟེ་དེས་མཆོད་རྟེན་ཆེན་པོའི་གཙུག་ལག་ཁང་ བཞེངས་ནས་དགེ་འདུན་གྱི་དུས་སྟོན་བཙུགས་པ་སོགས་ཡུལ་དེར་བསྟན་པ་ཤིན་ཏུ་རྒྱས་སོ། །ཡང་མལླ་བར་བྲམ་ཟེ་དྲེགས་མེད་ཅེས་བྱ་བས་ཅོད་པན་མ་བཅིངས་པར་རྒྱལ་སྲིད་བྱེད་པའི་ཚེ། དེས་ཉིན་རེ་བཞིན་ར་སྐྱེས་སྟོང་སྟོང་བསད་ནས། ཨ་ཛ་མེ་ དྷའི་མཆོད་སྦྱིན་བྱེད་པ་ལས་སྐབས་ཤིག་ན་གོ་མེ་དྷའི་མཆོད་སྦྱིན་བྱེད་པར་འདོད་ནས་དེ་ལྟར་རྩོམ་པ་ན། དེར་འཕགས་པ་བྱོན་ཏེ་རྫུ་འཕྲུལ་གྱིས་ཧོམ་གྱི་ཐབ་ཏུ་མེ་སྦར་བ་དང་བ་ལང་གསོད་པ་སོགས་མི་ནུས་པར་བྱིན་གྱིས་བརླབས་སོ། །དེར་མཆོད་སྦྱིན་ བྱེད་པའི་སློབ་དཔོན་བྷྲྀ་གུ་རཀྵ་པ་སོགས་ཀྱིས་དགེ་སྦྱོང་དེའི་མཐུར་ཤེས་ཏེ་རྡོ་དབྱུག་དང་ཐལ་བ་སོགས་ཀྱིས་བསྣུན་ཀྱང་མེ་ཏོག་གི་ཆར་སོགས་སུ་གྱུར་ཏོ། །དེ་ནས་བྲམ་ཟེ་དྲེགས་མེད་ལ་སོགས་པ་དེ་དག་དད་དེ་ཞབས་ལ་བཏུད་པ་དང་། ཆོས་བསྟན་པས་སྐྱབས་སུ་ འགྲོ་བ་དང་བསླབ་པའི་གནས་ཁས་བླངས་ཏེ་གདངས་ཅན་གྱི་ཀུན་དགའ་ར་བའི་ཤུལ་དུ་གཙུག་ལག་ཁང་བརྩིགས་པ་དེར་འཕགས་པ་བཞུགས་ནས་ཡུན་རིང་པོར་སྟོན་པའི་བསྟན་པ་གསལ་བར་མཛད་དོ། །ཁྱད་པར་ཤར་ཕྱོགས་ཨངྒའི་ཡུལ་གྱི་ཁྱིམ་བདག་རང་གི་ཁྱིམ་ དུ་ལྗོན་ཤིང་ཡོད་པ་ལས་འབྲས་བུ་རིན་པོ་ཆེར་ལྷུང་བ་དེ་ལྟ་བུའི་བསོད་ནམས་ཀྱི་མཐུ་ཅན་ཞིག་བྱུང་བའི་བུ་ལྷ་ཀྲྀཥྞ་བྱིན་པས་མིང་ཡང་ཀྲྀཥཱ་སྟེ་ནག་པོར་གྲགས་པ་ཞིག་ཡོད་པ་རྒྱ་མཚོ་ཆེན་པོར་ལན་བདུན་ཞུགས་པའི་རྗེས་མའི་རེས་ལ་སྲིན་མོའི་རིགས་ཁྲུང་ཁྲུང་གཞོན་ནུ་ཞེས་ བྱ་བས་ཟིན་ཏེ་འཇིགས་པ་དེ་ལས་དྷཱི་ཏི་ཀའི་ཆོ་འཕྲུལ་གྱིས་བསྐྱབས་པས་ཚོང་པ་རྣམས་ཛམྦུའི་གླིང་དུ་ཕྱིན་པའི་ཚེ་ཚོང་དཔོན་ནག་པོས་ཕྱོགས་བཞིའི་དགེ་འདུན་ལ་ལོ་གསུམ་དུ་དུས་སྟོན་ཆེན་པོ་བྱས་ནས་མཐར་རབ་ཏུ་བྱུང་ཞིང་དྷཱི་ཏི་ཀ་ལས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་ པ་ཐོབ་བོ། །དེ་ནས་འཕགས་པ་དྷཱི་ཏི་ཀ་ལོ་མང་ཙམ་ཞིག་ཏུ་བསྐྲུན་གྱིས་ཐེབས་ཏེ་མལླ་བའི་ཡུལ་གྱི་བྱེ་བྲག་ཀཽ་ཤཱམཱི་ཁོ་ནར་བཞུགས་ནས་སློབ་མ་རྣམས་ལ་གདམས་ངག་འབོག་པ་ན། ཡངས་པ་ཅན་པའི་དགེ་སློང་རྣམས་གནས་བརྟན་ནད་ཀྱིས་ཐེབས་པ་ལས་ ཡང་དག་པའི་གདམས་ངག་ཇི་ཞིག་འཐོབ་ཅེས་དེའི་དྲུང་དུ་མི་འགྲོ་བའི་རྒྱུས་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་བའི་མི་རུང་བའི་གཞི་བཅུ་སྤྱོད་པར་གྱུར་ཏེ། དེའང་ཨ་ལ་ལའི་རུང་བ། རྗེས་སུ་ཡི་རང་བའི་རུང་བ། རང་གི་ལག་གིས་ ས་རྐོ་བ་དང་རྐོར་འཇུག་པ་ཀུན་ཏུ་སྤྱོད་པས་རུང་བར་བྱེད་པ། འཚོ་བའི་བར་དུ་བཅང་བའི་ཚྭ་དུས་རུང་དང་བསྲེས་ནས་སྤྱོད་པས་རུང་བ། འདུས་ཤིང་ཟ་བ་ལམ་གྱིས་རུང་བར་བྱེད་པ། ལྷག་པོར་མ་བྱས་པའི་བཟའ་བཅའ་སོར་མོ་གཉིས་ཀྱིས་རུང་བར་བྱེད་པ་སྲིན་བུ་པདྨ་ བཞིན་ཆང་གཞིབས་ཏེ་བཏུང་བ་ནད་པས་རུང་བར་བྱེད་པ། ཞོ་བྲེ་གང་ལ་འོ་མ་བྲེ་གང་བསྲེས་པས་དུས་མིན་དུ་རུང་བར་བྱེད་པ། གདིང་བ་གསར་པ་ལ་རྙིང་པས་མ་གླན་པར་ལོངས་སྤྱོད་པའི་རུང་བ། དྲི་དང་ཕྲེང་བས་བརྒྱན་པའི་ལྷུང་བཟེད་དུ་གསེར་དངུལ་སོགས་ རིན་པོ་ཆེ་བླངས་ནས་རུང་བར་སྤྱོད་པ་རྣམས་སོ། །དེའི་ཚེ་གྲོང་ཁྱེར་ནོར་ཅན་ན་དགྲ་བཅོམ་པ་གྲགས་པ་ཞེས་བྱ་བ་རྣམ་ཐར་བརྒྱད་ལྡན་ཞིག་ཡོད་པ་འཁོར་ལྔ་བརྒྱ་དང་བཅས་ནས་ཡངས་པ་ཅན་དུ་འོངས་པ་དང་། ཡངས་པ་ཅན་པའི་དགེ་འདུན་རྣམས་ཀྱིས་རྙེད་པ་འགོད་ པར་བྱེད་པ་ལ་བརྟགས་པ་ན་མི་རུང་བའི་གཞི་བཅུ་སྤྱོད་པར་མཐོང་ནས། སྟོན་པའི་བསྟན་པ་གནས་པར་བྱ་བའི་ཕྱིར། དེ་ཉིད་དུ་འཕགས་པ་ཀུན་དགའ་བོ་དང་ལྷན་ཅིག་གནས་པའི་དགྲ་བཅོམ་པ་རྣམ་ཐར་བརྒྱད་ལྡན་གནས་བརྟན་ཐམས་ཅད་འདོད་ཅེས་བྱ་བའི་ དྲུང་དུ་སོང་ནས་རྒྱུ་མཚན་བསྙད་པས། དེས་ཀྱང་གནས་འདི་ལྟ་བུ་ཁྱོད་ཀྱིས་བཏང་སྙོམས་སུ་བོར་དུ་མི་རུང་གིས་ཕྱོགས་ཚོལ་ཅིག་དང་ངས་ཀྱང་གྲོགས་བྱའོ་ཞེས་སྨྲས་སོ། །གྲགས་པས་ཀྱང་ཡུལ་ནོར་ཅན་དུ་གནས་བརྟན་གཡོ་ལྡན། གྲོང་ཁྱེར་སཾ་ཀཱ་ཤ་ན་ གནས་བརྟན་ནོར་ཅན། དམར་བུ་ཅན་ན་ཡིད་དགའ། སྲུག་ན་ན་མང་པོ་པ། མ་ཧེ་གདན་ན་ཡང་དག་སྐྱེས། ལྷན་ཅིག་སྐྱེས་ན་ནམ་གྲུ་རྣམས་ལ་གཞི་བཅུ་བརྗོད་ཅིང་དེ་དག་གིས་ཀྱང་ཕྱོགས་བྱ་བར་ཁས་བླངས་སོ། །ནམ་གྲུས་གྲགས་པ་ ལམ་གྱིས་དུབ་པར་ཤེས་ཏེ་ཕྱོགས་ལྷག་མ་རྣམས་བཙལ་ཏོ། །དེའི་ཚེ་ཡངས་པ་ཅན་པའི་དགེ་སློང་རྣམས་གྲགས་པའི་འཁོར་རྣམས་ཀྱི་ཐད་དུ་ཕྱིན་ཏེ། ཁྱེད་དག་གི་མཁན་པོ་གར་སོང་། ཕྱོགས་ཚོལ་དུ་སོང་ངོ༌། །ཅིའི་ཕྱིར། ཁྱེད་རྣམས་གནས་ནས་ དབྱུང་བའི་ཕྱིར་རོ། །ངེད་ཀྱིས་ཅི་ཞིག་བྱས། མི་རུང་པའི་གཞི་བཅུ་སྤྱད་དོ། །དེ་མི་ལེགས་ཞིག་བྱེད་དེ་སྟོན་པའི་བསྟན་པ་ལ་དེ་དག་གིས་འཚོ་བར་རུང་ན་ངེད་རྣམས་ཅིའི་ཕྱིར་ཐོབ་ཙམ། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་སྟོང་དུ་གནས་པར་འགྱུར་རོ་ ཞེས་ཐོས་ན། ཁྱེད་དག་གིས་ནི་མ་འོངས་པའི་བསྟན་པ་ཉིད་ཀྱང་མི་སྣང་བར་བྱེད་པ་ལ་ཞུགས་ཀྱིས། བསྟན་པ་གནས་པར་བྱ་བའི་ཕྱིར་ཁྱེད་རྣམས་ངེས་པར་གནས་ནས་དབྱུང་ངོ་། །དེ་ཐོས་ནས་སྐྲག་སྟེ་གཅིག་གིས་གཅིག་ལ་བགྲོ་ཞིང་། ལ་ལས་ ཕྱོགས་གཞན་དུ་བྲོས་སོ། །ཞེས་དང་། །ལ་ལས་བཟོད་པར་གསོལ་ལོ་ཞེས་སོགས་སྣ་ཚོགས་སྨྲ་ཞིང་། གཅིག་གིས་གྲགས་པའི་འཁོར་རྣམས་ཟང་ཟིང་གིས་བསླུའོ་ཞེས་སྨྲས་པ་ཐམས་ཅད་ལ་འཐད་ནས་དེ་བཞིན་དུ་བགྱིའོ་ཞེས་གྲགས་པའི་འཁོར་རྣམས་ ལ་སྣམ་སྦྱར། བླ་གོས། མཐང་གོས་སོགས་ཅི་མཁོ་བ་རྣམས་བྱིན་ནས་འདྲིས་པར་བྱས་སོ། །རྒྱུ་དེས་གྲགས་པས་ཕྱོགས་བཙལ་ཟིན་ནས་ཡངས་པ་ཅན་དུ་འོངས་པ་ལ་སློབ་མ་རྣམས་ཀྱིས་ཟློག་པར་བྱེད་དོ། །གྲགས་པས་ཀྱང་དེ་ཅི་ལས་གྱུར་པ་ཤེས་ཏེ་ སྨྲས་པ། གང་གིས་བཤོལ་བར་བྱ་བ་རེངས་བྱེད་རིགས་པ་ཤོལ་བྱེད་པ། །ཚུལ་བཞིན་བྱ་བ་རབ་སྤངས་བྱིས་པ་དེ་ནི་སྡུག་བསྔལ་འགྲོ། །དེ་ནི་གྲགས་པ་མེད་པའི་སྐལ་ལྡན་གྲོགས་ཀྱིས་རྣམ་པར་སྤངས། །དེ་ཡི་དོན་ནི་མི་འཕེལ་མར་གྱི་ངོ་ཡི་ཟླ་བ་བཞིན། །གང་ གིས་དགོངས་པ་དེ་བཞིན་རིགས་བྱེད་བློ་ལྡན་མི་ཤོལ་བ། །ཚུལ་བཞིན་མ་ཡིན་པ་སྤངས་མཁས་པ་དེ་ནི་བདེ་བ་འཐོབ། །དེ་ནི་གྲགས་པ་སྐལ་ལྡན་གྲོགས་པོ་རྣམས་ཀྱིས་སྤངས་མི་འགྱུར། །དེ་ཡི་དོན་ནི་འཕེལ་བ་ཡར་གྱི་ངོ་ཡི་ཟླ་བ་བཞིན། །དེ་ནས་གྲགས་པས་རབ་མཐའི་ བསམ་གཏན་ལ་སྙོམས་པར་ཞུགས་ནས་སྨོན་ཤེས་ཀྱིས་བརྟགས་ཏེ་གཎྜི་བརྡུངས་པས་ཡངས་པ་ཅན་གྱི་གཙུག་ལག་ཁང་གི་ཁྱམས་སུ་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་འདུས་ཤིང་། དམར་བུ་ཅན་ན་ཟླ་སྒུར་འགོག་སྙོམས་ལ་ཞུགས་པས་མ་ཐོས་ ཀྱང་ལྷས་སྦྲན་ཏེ་འོངས་པའང་འདུས་པས་བདུན་བརྒྱར་ལོངས་པ་ཐམས་ཅད་ཀྱང་ཀུན་དགའ་བོ་དང་ལྷན་ཅིག་པར་གནས་པའི་དགྲ་བཅོམ་པ་རྣམ་ཐར་བརྒྱད་ལྡན་ཁོ་ནའོ། །དེ་ནས་གྲགས་པས་དེ་དག་རྒན་རིམ་བཞིན་དུ་གནས་པ་ལ་དངོས་པོ་བཅུ་བཟླས་པར་ཞུགས་ ཏེ། ཚེ་དང་ལྡན་པ་དག། ཨ་ལ་ལའི་རུང་བ་རུང་ངམ། ཨ་ལ་ལའི་རུང་བ་ཞེས་བྱ་བ་ཅི་ཡིན། ཚེ་དང་ལྡན་པ་དག་འདི་ལྟར་དགེ་སློང་ཁ་ཅིག་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ་ ཨ་ལ་ལ་ཞེས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །ཚེ་དང་ལྡན་པ་དག་འདི་ནི་གཞི་དང་པོ་མདོ་སྡེ་ ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་འདི་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ༌། །ཞེས་ཡོངས་སུ་བསྒྲགས་ ནས་ཀུན་ཏུ་སྤྱོད་རབ་ཏུ་སྤྱོད་དེ། དེ་དག་བདག་ཅག་གིས་དོར་བར་བགྱིའོ། །ཞེས་སོགས་རྒྱས་པར་བརྗོད་ཅིང་གཏན་ལ་ཕབ་ནས་སླར་ཡང་གཎྜི་བརྡུངས་ཏེ་ཡངས་པ་ཅན་པའི་དགེ་སློང་རྣམས་དྲིས་པའི་ཚིག་གིས་བསྡུས་ནས་སྔར་བཞིན་དགྲ་བཅོམ་པ་རྣམས་ལ་ གཞི་བཅུ་པོ་བཟླས་ཏེ། ཡངས་པ་ཅན་གྱི་དགེ་སློང་དག་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྤྱོད་པས་དེ་དག་བདག་ཅག་གིས་དོར་བར་བགྱིའོ། །ཞེས་མི་རུང་བར་སྤྱོད་པ་རྣམས་བསྙིལ་བར་བྱས་སོ། །དེས་ན་འདི་ལ་བདུན་བརྒྱས་ཡང་ དག་པར་བརྗོད་པ་ཞེས་གྲགས་ཏེ། ཕྱི་ནས་འདི་ལ་བཀའ་བསྡུ་བར་པར་བཏགས་སོ། །དེ་ཙམ་ཞིག་ན་འཕགས་པ་དྷཱི་ཏི་ཀས་ཀྱང་ནག་པོ་ལ་བསྟན་པ་གཏད་ནས་མལླ་ཝའི་ཡུལ་གྱི་བྱེ་བྲག་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །དེ་ནས་འཕགས་པ་ནག་ པོས་བསྟན་པ་སྐྱོང་བའི་ཚེ་ཁ་ཆེའི་ཡུལ་དུ་བྲམ་ཟེའི་རིགས་ཀྱི་དགེ་སློང་གནས་པ་ཞེས་བྱ་བས་སོ་སོ་སྐྱེ་བོ་མང་པོ་བདག་ལྟ་ལ་བཀོད་པའི་རྐྱེན་གྱིས་དགེ་འདུན་ཅུང་ཟད་འཁྲུགས་པ། མ་རུའི་ཡུལ་པུཀྵ་ར་ཎིའི་གཙུག་ལག་ཁང་དུ་གནོད་སྦྱིན་སེར་སྐྱས་སྦྱིན་བདག་བྱས་ ཏེ་དགེ་འདུན་རྣམས་བསྡུས་ནས་རྩོད་པ་ཕྱིར་བཅོས་ཤིང་། ནག་པོས་བདག་མེད་པའི་ཆོས་བསྟན་པས་གནས་པ་ལ་སོགས་པ་ཐམས་ཅད་ཀྱི་ལྟ་བ་དྲང་པོར་གྱུར་ཏེ་བདེན་པ་མཐོང་ངོ༌། །སིངྒྷ་ལའི་གླིང་གི་རྒྱལ་པོ་སིདྷ་ཀོ་ཥ་ཞེས་པའང་ཛམྦུའི་གླིང་གི་ཚོང་པས་ སྟོན་པའི་སྐུ་གཟུགས་ཕུལ་ཏེ། སྟོན་པ་ནས་ནག་པོའི་བར་གྱི་ཆེ་བའི་ཡོན་ཏན་བརྗོད་པས་དད་དེ་འཕགས་པ་ནག་པོ་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པས། འཕགས་པ་འཁོར་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་གླིང་དེར་གཤེགས་སོ། །དེར་འཕགས་པས་ འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ནས་རྒྱལ་པོ་ལ་སོགས་པར་ཟླ་བ་གསུམ་དུ་ཆོས་བསྟན་པས་གདུལ་བྱ་རྣམས་འབྲས་བུ་བཞི་ལ་ཅི་རིགས་པར་བཀོད་པ་དང་། ཕྱོགས་དེ་གཙུག་ལག་ཁང་དང་དགེ་འདུན་གྱིས་ཁྱབ་པར་མཛད་དོ། །དེས་ན་སྔོན་བཅོམ་ལྡན་ འདས་གླིང་དེར་གཤེགས་པ་ཡིན་མོད་ཀྱི་འདི་སྐབས་ནས་བསྟན་པ་མ་གནས་པ། སླར་འཕགས་པ་འདིས་གསལ་བར་མཛད་དོ། །ཁྱད་པར་ནུབ་ཕྱོགས་བྷ་རུ་ཀཙྪར་སྐྱ་བསེང་གི་རིགས་མཐོང་བ་ཞེས་བྱ་བ་ཞིག་གི་བུ་ལེགས་མཐོང་ཞེས་བྱ་བ། ཉིན་རེར་ མེ་ཏོག་ཁོ་ན་གསེར་པ། ལྔ་སྟོང་གི་རིན་ལ་ལོངས་སྤྱོད་ན་གཞན་གྱི་ལོངས་སྤྱོད་ལྟ་ཅི་སྨོས་པའི་ལྷའི་འབྱོར་པ་ལ་འགྲན་པ་ཞིག་ཡོད་པ་ལ། དགྲ་བཅོམ་པ་སུ་ཀཱ་ཡ་ནས་ཆོས་བསྟན་པས་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་བོ། །རབ་ཏུ་བྱུང་བར་ཞུས་ཀྱང་ཕ་ལ་སོམས་ ཤིག་ཅེས་གསུངས་པས། དེས་ཕའི་ཐད་དུ་ཕྱིན་ནས་གནང་བ་ཞུས་པ་དང་ཕ་ཁྲོས་ཏེ་ལྕགས་སྒྲོག་གིས་འཆིང་བར་བརྩམས་པ་ན། ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་བསྟན་པས་དད་དེ། ཁྱོད་ཀྱིས་ཡོན་ཏན་འདི་ལྟ་བུ་ཐོབ་པས་རབ་ཏུ་བྱུང་ལ་བདག་ལའང་ བརྩེ་བར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་འཕགས་པ་ལེགས་མཐོང་རབ་ཏུ་བྱུང་ནས་ཕ་ལ་ཆོས་བསྟན་པས། དེས་ཀྱང་བདེན་པ་མཐོང་ཞིང་འཕགས་པ་ནག་པོ་སློབ་དཔོན་དུ་བརྟེན་ནས་གནས་པའི་སྐབས་ཤིག་ན། ནག་པོས་བསྟན་པ་གཏད་དེ་དེ་ཉིད་བྱང་ཕྱོགས་ ཀུ་ཤའི་ཚལ་དུ་མྱ་ངན་ལས་འདས་སོ། དེ་ནས་ལེགས་མཐོང་ཆེན་པོས་བསྟན་པ་སྐྱོང་བའི་ཚེ་ནུབ་ཕྱོགས་སིནྡྷའི་ཡུལ་ན་སྐྱེ་བོ་རྣམས་གནོད་སྦྱིན་མོ་སིདྡྷལཱི་ཙི་ཞེས་བྱ་བ་ཞིག་གིས་གཙེས་པས། དེ་ལ་ཉིན་རེ་བཞིན་བ་ལང་དྲུག་གི་ཤིང་རྟ་བཟའ་བཅས་གང་བ་དང་། རྟ་རེ། སྐྱེས་པ་རེ། བུད་མེད་རེ་རྣམས་གཏོར་མར་འབུལ་དགོས་པ་དེ་གདུལ་བྱར་མཁྱེན་ནས་འཕགས་པས་ལྷུང་བཟེད་བཀྲུས་པའི་ཆུ་དེའི་གནས་སུ་ཕོ་བ་དང་། དེ་ཁྲོས་ཏེ་མཚོན་ཆར་སོགས་ཕབས་ཀྱང་མེ་ཏོག་གི་ཆར་དུ་གྱུར།འཕགས་པས་ཕྱོགས་ཐམས་ ཅད་མེར་བྱིན་གྱིས་བརླབས་པས་ཉིད་ལ་སྐྱབས་སུ་སོང་ནས་ཆོས་བསྟན་ཅིང་བསླབ་པའི་གནས་ལ་བཀོད་དེ་ཡུལ་དེར་ད་ལྟའི་བར་དུ་ཤ་ཁྲག་གི་མཆོད་པ་མེད་ཅེས་གྲག་གོ། །གཞན་ཡང་ཡུལ་རྣམས་སུ་བྱོན་ཏེ་བསྟན་པ་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་བཏུལ་བ་ དང་། ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་གཙུག་ལག་ཁང་དང་དགེ་འདུན་གྱིས་ཁྱབ་པར་མཛད། གླིང་ཕྲན་མང་པོར་ཡང་བསྟན་པ་བཙུགས། རྒྱ་ཡུལ་དུའང་ཆོས་ཅུང་ཟད་དར་བར་མཛད་ནས་མྱ་ངན་ལས་འདས་སོ། །དེ་ལྟར་འདུལ་བ་ཕྲན་ཚེགས་ལས་འབྱུང་བའི་ བསྟན་པའི་གཏད་རབས་བདུན་ནི་དེས་རྫོགས་ལ། འདི་ཕྱིན་ཆད་ཉན་ཐོས་རྣམས་ལ་གྲགས་པའི་གཏད་རབས་མི་གསལ་ཡང་། ཐེག་ཆེན་པར་གྲགས་པ་ལངྐར་གཤེགས་པའི་འགྲེལ་པ་ལས་འབྱུང་བ་ལྟར་ན། སྟོན་པ་ནས་དྷཱི་ཏི་ཀའི་ བར་གོང་དང་མཚུངས་པ་ལས། དེས་བི་བྷ་ག། དེས་བཙུན་པ་བུདྡྷཱ་ནནྡི། དེས་བུདྡྷ་མི་ཏྲ། དེས་དགེ་སློང་རྩིབས། དེས་པུ་ཤ་ན་ཏ། དེས་རྟ་སྐད། དེས་མ་ཤི་བ། དེས་ཀླུ་སྒྲུབ། དེས་ཨཱརྱ་དེ་བ། དེས་རཱ་ཧུ་ལ། དེས་སངྒཱ་ནནྡྲི། དེས་དགེ་སློང་ དགྲ་བཅོམ་པ། དེས་ཀ་ལཱ་ཤ། དེས་ཀཱ་མཱ་ར་ཏ། དེས་ཤ་ཡ་ར། དེས་བ་སུ་བནྡྷ། དེས་མ་ནོ་ཏ། དེས་ཧ་ག་ལི་ཀ་ན་ཡ་ན་ཤ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་པར་བཤད་དོ། །དེ་ལྟར་གཏད་རབས་ལྔ་བ་དྷཱི་ཏི་ཀའི་ཚེ་བྱང་ཕྱོགས་ཀྱི་རྒྱལ་པོ་ ནེ་མི་ཏའི་བུ་བདུན་གྱི་ས་ཐ་ཆུང་བདེ་བར་གཤེགས་པའི་བསྟན་པ་ལ་མཆོད་པའི་མིའི་རྒྱལ་པོ་རྣམས་ཀྱི་མཆོག །མྱ་ངན་མེད་སྐྱེས་ཏེ་དཀའ་ཟློག་མ་ལྷར་བཟུང་སྟེ་འདོད་ཡོན་ལ་ལྷག་པར་རྩེ་བས་ཀཱ་མ་ཨ་ཤོ་ཀར་གྲགས་སོ། །གཏད་རབས་དྲུག་པ་ནག་པོའི་ སྐབས་རང་གི་ཕུ་བོ་དྲུག་བློན་པོ་ལྔ་བརྒྱ་དང་བཅས་པ་བསད་ནས་རྒྱལ་སྲིད་བཟུང་སྟེ། ཁ་བ་ཅན་དང་འབིགས་བྱེད་ཀྱི་བར་ཐམས་ཅད་ལ་དབང་སྒྱུར་ཞིང་འཁྲུགས་རྩོད་ཀྱིས་དུས་འདའ་བ་ན། སྐབས་ཤིག་ན་ལོག་པའི་བཤེས་ཀྱིས་ཟིན་པས་མི་ཁྲི་ཕྲག་གཅིག་གསོད་ པའི་མཆོད་སྦྱིན་ལ་བརྩོན་པར་བྱེད་པས་ཙཎྜ་ལཱ་ཤོ་ཀར་གྲགས་སོ། །བདུན་པ་ལེགས་མཐོང་ཆེན་པོའི་སྐབས་དགྲ་བཅོམ་གྲགས་པའི་སློབ་མ་དགེ་ཚུལ་ཞིག་གིས་དད་པར་བྱས་པ་ནས་བཟུང་སྟེ་དགྲ་བཅོམ་གྲགས་པས་བསྟན་པ་བཞིན་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ལ་ ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་སོགས་བསོད་ནམས་རྒྱ་ཆེན་པོ་བསགས་པས་ཀླུའི་དབང་པོས་བཀའ་བསྒོ་བ་ཉན་པ་བྱུང་ཞིང་། མ་སྐྱེས་དགྲའི་གདུང་སྐལ་གྱི་རིང་བསྲེལ་སྦས་པ་བླངས་ནས་ལི་ཡུལ་ཚུན་ཆད་ཀྱི་ཛམྦུའི་གླིང་ཐམས་ཅད་དུ་དེ་བཞིན་ གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱིས་བཀང་སྟེ། གནོད་སྦྱིན་གྱིས་གྲོགས་བྱས་པས་ཉིན་ཞག་ཕྲུགས་རེ་ལའང་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་སྟེ། དེ་དག་ལ་ཉིན་རེ་བཞིན་མར་མེ། བདུག་སྤོས། མེ་ཏོག་གི་ཕྲེང་བ་རྣམས་སྟོང་སྟོང་གིས་ མཆོད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཤིང་ལ་བེ་ཌཱུརྱ་སོགས་རིན་པོ་ཆེའི་བུམ་པ་སྟོང་ཕྲག་བཅུ་དྲི་བཟང་གི་ཆུས་བཀང་སྟེ་མཆོད་ཅིང་། མཆོད་པ་གཞན་དག་ཀྱང་སྟོང་ཕྲག་བཅུ་བཅུས་མཆོད་དོ། །དེར་ཡང་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ནམ་མཁའ་ལ་ བཞུགས་སུ་གསོལ་ནས་མཆོད་ཅིང་། སློབ་པ་རྣམས་ས་སྟེང་དུ་མཆོད་དེ་མཐར་འབུམ་རི་བའི་གོས་རེ་ཕུལ་བ་སོགས་དང་། ཡང་མཆོད་རྟེན་ཐམས་ཅད་གསེར་གྱིས་བརྒྱན་ཅིང་མཆོད་པ་རྣམས་སྔར་ལས་བཅུ་འགྱུར་དུ་ལྷག་པར་ཕུལ་ནས་བྱང་ཆུབ་ཏུ་སྨོན་ལམ་ བཏབ་པ་སོགས་དང་། ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་བྱས་པ་སོགས་དང་། ཛམྦུའི་གླིང་གི་དགེ་འདུན་རྣམས་ལ་གསེར་སྲང་བྱེ་བ་ཕྲག་བརྒྱ་རེ་འབུལ་བར་དམ་བཅས་པ་སོགས་དམ་པའི་ཆོས་ལ་ལྷག་པར་གུས་པས་དྷརྨ་ཤོ་ཀ་ཞེས་གྲགས་སོ། ། དེ་ལྟར་མྱ་ངན་མེད་བྱུང་བ་དང་བཀའ་བསྡུ་བར་པ་སོགས་ཀྱི་དུས་འདི་འདྲ་མིན་མང་དུ་འཕགས་ཡུལ་དུའང་གྲགས་ཤིང་། བོད་དུ་ནི་འཕགས་ཡུལ་བའི་ལོ་རྒྱུས་ཕལ་ཆེར་ཞིག་ལ་མཁས་པ་རྣམས་ཀྱིས་ཀྱང་འོལ་ཚོད་དང་ངག་སྒྲོས་འཁྱལ་པ་ཙམ་ལ་བརྟེན་པ་མང་བ་དང་། ལྷག་ཏུ་འདི་སྐབས་ལུང་ལས་གཏད་རབས་ཕྱི་མ་རྣམས་མིང་ཙམ་ལས་ལོ་རྒྱུས་ཞིབ་པ་མི་གསལ་བ་དང་། དཔག་བསམ་འཁྲི་ཤིང་དུ་འགའ་ཞིག་གསལ་ཡང་དུས་ཀྱི་ངེས་པ་སོགས་མེད་པས། ངག་སྒྲོས་རིམ་བརྒྱུད་ཙམ་ལ་བརྟེན་ནས་མི་འདྲ་བ་མང་དུ་སྨྲས་པ་ཡོད་ ཀྱང་དེ་དག་ལ་ཡིད་བརྟན་མ་བྱས་པར་མ་ག་དྷཱའི་པཎྜི་ཏ་ས་དབང་བཟང་པོས་བྱས་པའི་གཏམ་གྱི་སྦྱོར་བ་ཉིད་ཁུངས་ཆེ་བར་མཐོང་ནས་དེ་ལྟར་བྲིས་པ་ཡིན་ཞིང་། འདི་ལྟར་འཐད་པའི་རྒྱུ་མཚན་དུ་མ་སྨྲ་བར་བྱར་ཡོད་ཀྱང་སྤྲོས་པས་ཆོག་གོ། །དེ་ལྟར་མྱ་ངན་མེད་ཀྱི་བུ་ཀུན་ལའི་ མིག། དེའི་བུ་མྱ་ངན་བྲལ་ཏེ་དེས་དགྲ་བཅོམ་པ་གསོས་བྱིན་ལ་སོགས་པ་འཕགས་པ་བརྒྱད་ཁྲི་ལོ་གསུམ་དུ་མཆོད་དོ། །དེ་ནས་བྱང་ཕྱོགས་གནྡྷཱ་རར་འཁྲུངས་པའི་དགྲ་བཅོམ་པ་འོད་སྲུང་གིས་བསྟན་པ་གསལ་བར་མཛད་ཅིང་ཕྱོགས་བཞིའི་དགེ་ འདུན་དང་མཆོད་རྟེན་ཐམས་ཅད་མྱ་ངན་བྲལ་གྱི་བུ་ལྷ་མོ་དཔལ་གྱི་རིག་སྔགས་གྲུབ་པ་རྒྱལ་པོ་དཔའ་བོའི་སྡེས་མཆོད་དོ། །དེའི་ཚེ་མ་ཐུ་རར་བྲམ་ཟེ་གྲགས་ལྡན་གྱིས་བི་ཧ་ར་འདམ་བུ་ཅན་བཞེངས་ཏེ། དེར་དགྲ་བཅོམ་པ་ཡུལ་བསླན་པ་ཞེས་བྱ་བས་ཆོས་རྒྱ་ཆེར་ བསྟན་པས་དགེ་སློང་འབུམ་དུ་ལོངས་པ་འདུས་པ་ལ་དུས་སྟོན་ཆེན་པོ་བཙུགས་སོ། །དེའི་ཚེ་ཡུལ་མ་རུ་ཌའི་ཚོང་དཔོན་གྱི་བུ་ལྷ་ཆེན་པོ་ཞེས་པ་མཚམས་མེད་གསུམ་བྱས་པ་ཞིག་རང་གི་སྡིག་པ་གསང་སྟེ་ཁ་ཆེར་ཕྱིན་ནས་རབ་ཏུ་བྱུང་སྡེ་སྡེ་སྣོད་གསུམ་ག་བྱང་བར་ཤེས་ནས་དབེན་ པར་ཏིང་ངེ་འཛིན་ལ་བརྩོན་པ་ན་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་དགྲ་བཅོམ་པར་གྲགས་ཤིང་རྙེད་བཀུར་དང་གྲགས་པ་འཕེལ་ནས། འཁོར་མང་པོ་དང་བཅས་ནས་གཙུག་ལག་ཁང་འདམ་བུ་ཅན་དུ་འོངས་པ་ན་དགེ་སློང་རྣམས་ཀྱིས་སོ་ཐར་གྱི་མདོ་རེས་མོས་སུ་འདོན་ པའི་ཚེ། ལྷ་ཆེན་པོས་མདོ་བཏོན་པའི་མཇུག་ཏུ། ལྷ་རྣམས་མ་རིག་པ་ཡིས་བླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང་། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སྟོན་པས་འཕགས་པ་དང་དགེ་སློང་ རྒན་པོ་མང་དུ་ཐོས་པ་དག་གིས་མདོའི་ཚིག་མ་ཡིན་ནོ་ཞེས་བརྗོད་པས། གཞོན་པ་ཕལ་ཆེར་ལྷ་ཆེན་པོའི་གྲོགས་བྱས་ཏེ་རྩོད་པར་གྱུར་ཅིང་། གཞན་ཡང་དེས་བཀའི་དོན་ལ་ལོག་པར་བརྟགས་པ་མང་དུ་བྱས་སོ། །དེ་ཤི་ནས་དགེ་སློང་བཟང་པོ་ཞེས་པས་ཀྱང་ བཀའི་དོན་ལ་བརྒལ་བརྟག་དང་ཐེ་ཚོམ་གྱི་གནས་མང་པོ་བསྐྱེད་ནས་གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བ་སྟེ་གཞི་ལྔ་ཡོངས་སུ་བསྒྲགས་པས་དགེ་འདུན་སོ་སོ་སྐྱེ་བོ་རྣམས་ཐེ་ ཚོམ་དང་ཡིད་གཉིས་ཀྱིས་བསྟན་པ་ལ་མི་མཐུན་པར་ཟིང་ཟིང་པོར་གྱུར་ཏེ། མདོ་འདོན་པའང་སྣ་ཚོགས་སུ་གྱུར་ཅིང་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་རྩོད་པ་ཞིར་མ་བཏུབ་བོ། །དེ་ནས་ལྷ་ཆེན་པོ་དང་བཟང་པོ་དག་ཤི་བའི་ཚེ། དེ་དག་གི་རང་བཞིན་དགེ་སློང་རྣམས་ ཀྱིས་ཤེས་སོ། །མ་ཐུ་རར་འོད་སྲུང་འདས་ནས་འཕགས་པ་སྦུ་ཆེན་པོ་དང་དགའ་བ་ཅན་གཉིས་ཀྱིས་བསྟན་པ་བསྐྱངས་སོ། །དེ་ནས་རྒྱལ་པོ་དཔའ་བོའི་སྡེའི་བུ་དགའ་བོ་དང་། བྲམ་ཟེ་མཁས་པ་གཉིས་ཀྱིས་བསྟན་པ་མཆོད་པའི་ཚེ་དགེ་སློང་ཀླུ་ཞེས་བྱ་བས་གཞི་ ལྔ་བསྔགས་པས་སླར་ཡང་དགེ་འདུན་གྱི་རྩོད་པ་ཆེར་བསྐྱེད་ནས་ཕལ་ཆེན་པ། ཐམས་ཅད་ཡོད་སྨྲ་བ། གནས་བརྟན་པ། མང་བཀུར་བ་སྟེ་རྩ་བའི་སྡེ་པ་བཞིར་གྱེས། དེར་འཕགས་པ་ཆོས་ཀྱི་ཚོང་དཔོན་གྱིས་དགྲ་བཅོམ་ཐོབ་ནས་རྩོད་པ་ཅན་གྱི་དགེ་ སློང་གི་ཚོགས་བོར་ནས་འཁོར་ཞི་བ་དང་ལྷན་ཅིག་བྱང་ཕྱོགས་སུ་སོང་ངོ༌། །དེར་བྱང་ཕྱོགས་མཐའ་འཁོབ་ཀྱི་རྒྱལ་ཕྲན་མེས་བྱིན་ཞེས་བྱ་བས་ཆོས་ཀྱི་ཚོང་དཔོན་སོགས་འཕགས་པ་སུམ་སྟོང་ལོ་སུམ་ཅུ་ལྷག་ཅིག་ཏུ་མཆོད་ཅིང་། ཡུལ་དབུས་སུ་དགྲ་བཅོམ་ པ་གཏོང་བ་ཆེན་པོ་ཞེས་པས་བསྟན་པ་འཛིན་པར་མཛད་དོ། །དེའི་ཚེ་གནས་བརྟན་ཀླུའི་སློབ་མ་ཡིད་བརྟན་ཞེས་བྱ་བས་གཞི་ལྔ་ཡོངས་སུ་བསྒྲགས་ཏེ་རྩོད་པ་རྒྱ་ཆེར་བསྐྱེད་ནས་སྔར་རྩ་བའི་སྡེ་པ་བཞི་པོ་དེ་ཉིད་བཅོ་བརྒྱད་དུ་གྱེས་པར་བརྩམས་སོ། །འདི་སྐབས་ རྒྱལ་པོ་པདྨ་ཆེན་པོས་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་བསད་པའི་སྡིག་སྦྱོང་དུ་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས་ཤིང་ཆོས་སྨྲ་བ་རྣམས་ལ་སྔོན་འཕགས་པ་ཉེ་སྦས་སོགས་ཀྱི་དུས་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་བརྩམས་པའི་བྱེ་བྲག་ཏུ་བཤད་པའི་བསྟན་བཅོས་ གླེགས་བམ་དུ་བྲིས་ནས་ཕུལ། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཐེག་ཆེན་གྱི་ཆོས་པ་བསྟན་ཅིང་གླེགས་བམ་ཞིག་བཞག་པ་ཤེས་ཕྱིན་བརྒྱད་སྟོང་པ་ཡིན་པར་གྲགས་ཏེ་སྟོན་པ་མྱ་ངན་ལས་འདས་ ནས་གདུལ་བྱ་ཕྱི་མ་རྣམས་ལ་ཐེག་ཆེན་བསྟན་པ་དངོས་སུ་སྣང་བའི་མགོ་ས་མ་ནི་འདི་ཡིན་ནོ། །དེ་ནས་ཁ་ཆེའི་རྒྱལ་པོ་སེང་གེ་རབ་ཏུ་བྱུང་ནས་མིང་ལེགས་མཐོང་དུ་གྲགས་པ་དགྲ་བཅོམ་ཐོབ་སྟེ་ཡུལ་དེར་ཆོས་བསྟན་ཅིང་ཛ་ལནྡྷ་རའི་རྒྱལ་པོ་ཀ་ནི་ཥྐས་ཀྱང་བྱང་ ཕྱོགས་ཀྱི་བསྟན་པ་རྒྱ་ཆེར་མཆོད་དོ། །དགེ་སློང་ཡང་དག་རྒྱལ་བ་ཅན་ཞེས་བྱ་བས་ཆོས་བསྟན་ནས་དགེ་སློང་འབུམ་དུ་ལོངས་པས་ཆོས་བགྲོ་བའང་བྱས། ཁ་ཆེའི་ཡུལ་དུ་བྲམ་ཟེ་པུ་ཏྲས་བྱེ་སྨྲའི་བཙུན་པ་ཆོས་སྐྱོབས་དང་། མདོ་སྡེ་པའི་བཙུན་པ་གནས་བསྟན་སོགས་ དགེ་སློང་མང་པོ་མཆོད་ཅིང་སྡེ་སྣོད་གསུམ་རྒྱས་པར་བྱས། དེའི་ཚེ་དགྲ་བཅོམ་པ་རྩིབས་ལོགས་ཞེས་བྱ་བ་མང་དུ་ཐོས་པ་མཐར་ཕྱིན་པ་ཞིག་བྱུང་བ་དེ་རྒྱལ་པོ་ཀ་ནིཥྐས་ཐོས་ཏེ་ཁ་ཆེའི་ཡུལ་དུ་རྣ་རྒྱན་གྱི་གཙུག་ལག་ཁང་བཞེངས་ཏེ། དེར་རྩིབས་ལོགས་ལ་སོགས་པའི་དགྲ་བཅོམ་ པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་ལ་སོགས་པའི་བཙུན་པ་བཞི་བརྒྱ་རྣམས་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱང་སྤྱན་དྲངས་ནས་འདུས་ཏེ་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་ཀྲྀ་ཀཱྀའི་རྨི་ལམ་ལུང་བསྟན་གྱི་མོད་ལས། རྒྱལ་བའི་བསྟན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རས་གཅིག་མི་ བཅོ་བརྒྱད་ཀྱིས་དྲིས་ཀྱང་མ་རལ་བར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་སྡེ་བཅོ་བརྒྱད་དུ་གྱེས་པར་གྱུར་ཀྱང་རྣམ་པར་གྲོལ་བའི་རས་ནི་རལ་བར་བྱ་བར་མི་ནུས་ཏེ་དེའི་སྔ་ལྟས་ཡིན་ནོ། །ཞེས་པའི་ལུང་གིས་བཀར་བསྒྲུབས་ཤིང་ཆོས་མངོན་པ་ རྣམ་པར་བཤད་དེ་འདི་ལ་བཀའ་བསྡུ་གསུམ་པར་གྲགས་སོ། །འདི་སྐབས་ཁ་ཆེ་བ་རྣམས་ཀྱིས་འདི་ལྟར་འདོད་པ་ལས་ཡུལ་དབུས་ཀྱི་མཁས་པ་དག་གིས་ནི་ཛ་ལནྡྷ་རའི་དགོན་པར་ཀུ་ས་ན་ཞེས་བྱ་བའི་གཙུག་ལག་ཁང་དུ་དེ་ལྟར་བཀའ་བསྡུ་གསུམ་པ་བྱས་པར་ བཞེད་ཅིང་། དེའི་ཚེ་འདུལ་བ་ཐམས་ཅད་ཡི་གེར་བཀོད། །མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཡི་གེར་བཀོད། བཀོད་པ་རྣམས་ལ་དག་ཐེར་བྱས་སོ། །གྱེས་པ་བཅོ་བརྒྱད་པོའང་སྡེ་པ་ཐ་དད་བཀླག་པའི་འཁོར་ལོ་ལས། ཤར་དང་ནུབ་ དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང་། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་ སྨ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་ སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །ཞེས་པ་ལྟར་ཡིན་ཞིང་། འདི་སྐབས་རྩ་བའི་སྡེ་པའི་གྲངས་དང་། དེ་ལས་གྱེས་ཚུལ་སོགས་སྡེ་པ་རྣམས་ཀྱི་འདོད་ཚུལ་མི་འདྲ་བ་ཡོད་མོད་ཀྱི་འདིར་བཀོད་པ་ནི་ཐམས་ཅད་ཡོད་སྨྲ་ཉིད་ཀྱིས་ ལུགས་ལྟར་རོ། །དེས་ན་ལྷ་ཆེན་པོས་བསྟན་པ་ལ་ཆུ་བུར་ཕྱུང་ནས་བསྡུ་བ་ཕྱི་མའི་དའི་བར་གོང་དུ་སྨོས་པའི་དཔའ་བོའི་སྡེ་སོགས་རྒྱལ་པོ་བཞིའི་ངོ་མཐོང་བས་ལོ་བརྒྱར་ཉེ་བ་ཙམ་ད་བསྟན་པའི་ཆོས་ལ་རྩོད་པ་དང་བཅས་པར་གྱུར་ཅིང་། ལྷག་ཏུ་རྩོད་པ་དྲག་པོ་ལོ་དྲུག་ཅུ་རྩ་ གསུམ་བྱུང་ཞེས་བཤད་དོ། །དེའི་དེའི་འོག་ཏུ་རྒྱལ་པོ་ཀ་ནཻ་ཥྐ་འདས་ནས་བྱང་ཕྱོགས་ཨསྨ་པ་རནྟའི་ཡུལ་དུ་ཁྱིམ་བདག་ཛཱ་ཊི་ཞེས་བྱ་བས་ཕྱོགས་དེའི་མཆོད་རྟེན་ཐམས་ཅད་མཆོད་པ་དང་། བཙུན་པ་དབྱིག་བཤེས་དང་དབྱངས་སྒྲོགས་གཉིས་གཙོ་བོར་གྱུར་པའི་དགེ་སློང་ འབུམ་ཕྲག་གསུམ་ལོ་བཅུ་གཉིས་སུ་མཆོད་ནས་མཐར་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་འགྲུབ་པའི་ལྟས་སུ་མཆོད་པའི་མེ་ཏོག་དང་མར་མེ་རྣམས་ལོའི་བར་དུ་སྔ་མཁོ་ལྟར་གནས་པ་དང་། ཙནྡན་གྱི་ཕྱེ་མ་དང་མེ་ཏོག་གཏོར་བ་རྣམས་ནམ་མཁར་ཆགས་པ་དང་། ས་གཡོ་བ་དང་། རོལ་མོའི་སྒྲ་སོགས་བྱུང་ངོ༌། །དེ་བཞིན་དུ་ཕོ་བྲང་རྒྱས་ལྡན་དུ་ཀ་ནི་ཥྐའི་བུས་དགྲ་བཅོམ་པ་བརྒྱ་སོགས་དགེ་སློང་ཁྲི་ཕྲག་ལ་ལོ་ལྔར་མཆོད་ཅིང་། ཤར་ཕྱོགས་ན་བྲམ་ཟེ་བི་དུས་སྡེ་སྣོད་གསུམ་སོ་སོར་ཤློ་ཀ་འབུམ་འབུམ་ཡོད་པ་དེ་ལྟ་བུ་ཚར་སྟོང་ སོགས་སྡེ་སྣོད་གསུམ་གྱི་གླེགས་བམ་དཔག་ཏུ་མེད་པ་བཞེངས་ནས་དགེ་སློང་རྣམས་ལ་འབུལ་བ་དང་རང་ཉིད་ཀྱིས་མཆོད་དང་སོགས་བྱས་སོ། །གྲོང་ཁྱེར་སྐྱ་སྣར་གྱི་བུའི་དགྲ་བཅོམ་པ་རྟ་སྦས་ཞེས་བྱ་བས་ཆོས་བསྟན་པས་འཕགས་པ་དགའ་བའི་ བཤེས་གཉེན་ལ་སོགས་པའི་དགྲ་བཅོམ་ཡང་མང་དུ་བྱུང་ངོ༌། །གཉིས་པ་ཐེག་པ་ཆེན་པོ་ཕལ་ཆེ་བར་སྤྱོད་པའི་སྐབས་ནི། བཤད་མ་ཐག་པ་དེའི་འོག་ཏུ་ཡུལ་ཨངྒར་འཁྲུངས་པའི་གནས་བརྟན་ཆེན་པོ་ནནྟ་ཞེས་བྱ་བ་ཐེག་པ་ཆེན་པོ་འཛིན་པ་ཞིག་བྱུང་ བ། སཽ་རཥྚའི་བྲམ་ཟེ་རིགས་ལྡན་གྱིས་ཆོས་ཉན་པའི་ཕྱིར་སྤྱན་དྲངས། དེ་ཙམ་ན། བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་། བི་ག་ཏ་རཱ་ག་ངྷ་ཛ་དང་། དི་བྱ་ཀ་ར་གུ་པྟ་དང་། རཱ་ཧུ་ལ་མི་ཏྲ་དང་ཛྷཱ་ན་ཏཱ་ལ་ལ་སོགས་པ། བྱམས་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། གསང་བའི་བདག་པོ་སོགས་ལས་དངོས་སུ་ཆོས་གསན་པ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་ལྔ་བརྒྱ་ཙམ་བྱོན་ཅིང་། ཕལ་ཆེ་བ་བྲམ་ཟེ་དེས་ཀྱང་སྤྱན་དྲངས། དེ་དག་དང་དུས་མཚུངས་སུ་འཕགས་པ་དཀོན་མཆོག་བརྩེགས་ པ་འབུམ་པ། འཕགས་པ་ཕལ་པོ་ཆེ་འབུམ་པ། ལངྐར་གཤེགས་པ་ཉི་ཁྲི་ལྔ་སྟོང་པ། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་པ། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐེག་ཆེན་གྱི་མདོ་སྡེ་མང་དག་ཅིག་ཀྱང་ལྷ་དང་། ཀླུ་དང་། དྲི་ཟ་ དང་། སྲིན་པོ་ལ་སོགས་པའི་ཡུལ་ཐ་དད་པ་རྣམས་ནས་བྱུང་ཞིང་། ཁྱད་པར་ཀླུའི་ཡུལ་ནས་བྱུང་བ་མང་ངོ་། །དེའི་ཚེ་རྒྱལ་པོ་ལ་གླ་ཨ་ཤོས་ཆོས་སྨྲ་བ་ལྔ་བརྒྱ་པོའི་གཏམ་ཐོས་ནས་ཤིན་ཏུ་དད་དེ་ཨ་ཧྥུ་ཞེས་པའི་རི་ལ་གཙུག་ལག་ཁང་ལྔ་བརྒྱ་བྱེད་དུ་བཅུག་ ནས་ཆོས་སྨྲ་བ་རྣམས་སྤྱན་དྲངས་ནས་སོ་སོར་བཞུགས་སུ་བཅུག། རྒྱལ་པོ་ཉིད་ཀྱི་འཁོར་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉན་དུ་བཅུག་གོ། །དེ་ནས་རྒྱལ་པོས་གླེགས་བམ་བྲི་བར་འདོད་དེ། སློབདཔོནདེ་རྣམས་ལ་ཐེག་པ་ཆེན་པོའི་སྡེ་སྣོད་ཇི་ ཙམ་ཞེས་དྲིས་པས། དེ་དག་གིས་སྨྲས་པ། སྤྱིར་ཚད་གཟུང་མི་བཏུབ་ཀྱང་། ད་ལྟ་འདིར་ཡོད་པ་ནི་འབུམ་ཕྲག་བརྒྱའོ། །མང་མོད་ཀྱི་འོན་ཀྱང་བྲི་བར་བྱའོ་ཞེས་ཐམས་ཅད་བྲིས་ནས་ཆོས་སྨྲ་བ་རྣམས་ཉིད་ལ་ཕུལ་ལོ། །དེའི་ཚེ་ཐེག་པ་ཆེན་པོའི་སྟན་པས་ ཕྱོགས་ཐམས་ཅད་དུ་ཁྱབ་པས་ཉན་ཐོས་པ་དག་གི་བློར་མ་ཤོང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་པ་བཏབ་བོ། །འདི་སྐབས་མ་ག་དྷཱར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྤུན་གཉིས་ཀྱང་བྱུང་ཞིང་། འདི་དག་གི་ལོ་རྒྱུས་ཁྱད་ པར་འཕགས་བསྟོད་ཀྱི་འགྲེལ་པར་བྱུང་བ་ལྟར་ལས་ཀི་ལཱ་ཤར་དབང་ཕྱུག་ཆེན་པོའི་ཐད་དུ་སོང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ངེས་པ་རྙེད་པར་བྱས། ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གཉིས་སོ་སོས་བརྩམས་ནས་གྲོང་ཁྱེར་དང་སྲང་མདོ་སོགས་སུ་བསྒྲགས་ པས་ཡུལ་མི་ཕལ་ཆེར་གྱིས་ཀྱང་བསྟོད་པ་དེ་གཉིས་གླུར་ལེན་པ་བྱུང་། རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་དང་། ན་ལནྡྲར་ཐེག་ཆེན་པ་ལྔ་བརྒྱ་རྣམས་ལ་འཚོ་བ་སྦྱར་རོ། །དེ་ནས་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་པོ་བཀའ་གྲོས་ནས་མོད་གལ་གྱི་བུ་འཁྲུངས་ པའི་གནས་སུ་ཆོས་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་ལ། ཤཱ་རིའི་བུ་འཁྲུངས་པའི་གནས་སུ་ཆོས་བསྟན་ན་ནི་བསྟན་པ་ཆེར་རྒྱལ་པའི་རྟེན་འབྲེལ་གཟིགས་ནས་སྔོན་འཕགས་པ་ཤཱ་རིའི་བུ་གང་དུ་འཁྲུངས་གྲོང་ཁྱེར་ན་ལ་དའམ། ན་ལེནྡྲ་སྟེ་བོད་ སྐད་དུ་རྒྱུན་སྟེར་རམ་འདམ་བུས་བྱིན་དུ་གྲགས་པ། ཕྱིས་གྲོང་ཁྱེར་སྟོངས་པའི་ཤུལ་རྒྱལ་པོ་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་མཆོད་རྟེན་གསོས་ཤིང་ས་མཆོད་ནས་ལྷ་ཁང་ཞིག་ཀྱང་བཞེངས་ནས་ཡོད་པ་དེར་བཞུགས་ནས་ཆོས་བསྟན་པར་མཛད། དེ་སྐབས་མཐོ་བཙུན་སྐུ་མཆེད་ ཀྱིས་ཀྱང་དེར་གཙུག་ལག་ཁང་བརྒྱད་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་ཐམས་ཅད་ཀྱང་དེར་བཞུགས་སུ་གསོལ་པ་ཡིན་ནོ། །འདི་ཡན་གྱི་ཐེག་ཆེན་པ་ཕལ་ཆེར་རྣམ་རིག་སྨྲ་བ་ཉིད་ཡིན་པར་གྲགས་སོ། དེའི་འོག་ཏུ་ཉི་འོག་གི་རྒྱལ་ཁམས་སྐྱོང་བའི་རྒྱལ་པོ་ཙནྡན་སྐྱོང་ ཞེས་པ་ལོ་ཕྱེད་དང་ཉིས་བརྒྱར་འཚོ་བ་ཞིག་བྱུང་བ་དེ་ཐོག་མར་རྒྱལ་སྲིད་ལ་འཁོད་ཙམ་གྱི་དུས་སུ་སློབ་དཔོན་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས།། རྣམ་པར་མི་རྟོག་པ་སོགས་སློབ་དཔོན་མང་པོ་ དང་། གསང་བའི་བདག་པོ་སོགས་ལྷག་པའི་ལྷ་མང་པོ་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་ནས་ན་ལནྡྲར་ཆོས་བསྟན་པ་པས་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་ཐོག་མར་ཡོངས་སུ་གསལ་བར་མཛད། འདི་སྐབས་བཙུན་པ་ཀ་མ་ལགགྷ་སོགས་དབུ་ མའི་སྲོལ་འཛིན་པའི་སློབ་དཔོན་བརྒྱད་ཙམ་བྱུང་བ་ལས། བཙུན་པ་ཆེན་པོ་པྲ་ཀཱ་ཤ་དྷརྨ་མ་ཎི་ཞེས་བྱ་བ། འཕགས་པ་སྒྲིབ་སེལ་ལས་དངོས་སུ་ཆོས་ནོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེས་ས་འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་བ་ལེའུ་ སྟོང་ཡོད་པ་སྤྱན་དྲངས། དེ་དང་དུས་མཚུངས་སུ་ཉན་ཐོས་ཀྱི་བསྟན་པ་གསལ་བར་བྱེད་པའང་། གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེན་པོ་དང་། ཝཱ་རཱ་ཎ་སཱིར་བྱེ་སྨྲའི་བཙུན་པ་སངས་རྒྱས་ལྷ། ཀསྨིརར་མདོ་སྡེ་པའི་བཙུན་པ་དཔལ་ལེན་སོགས་བྱུང་ངོ༌། ། དེ་ལྟར་ཆོས་སྐྱོབས། དབྱངས་སྒྲོགས། དབྱིག་བཤེས། སངས་རྒྱས་ལྷ་སྟེ་བཞི་པོ་སོ་སོར་སློབ་མ་འབུམ་ཕྲག་བགྲངས་པ་ཡོད་པས་ཆེན་པོ་བཞི་ཞེས་བྱའོ། །དེ་ནས་ལྷོ་ཕྱོགས་བེ་དནྟའི་ཡུལ་དུ་སངས་རྒྱས་གཉིས་པའི་ཕྲིན་ལས་ཅན་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་བྱུང་སྟེ་ལོ་ བདུན་པ་ལ་ན་ལེནྡྲར་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། མཁན་པོ་དེ་ཉིད་ལས་ཐེག་པ་ཆེན་པོ་མདོ་སྔགས་མཐའ་དག་ཉན་པས་མཁས་པ་ཆེན་པོར་གྱུར། ཕྱིས་བསྙེན་པར་རྫོགས་ནས་དགེ་སློང་དཔལ་ལྡན་དུ་གྲགས། དགེ་འདུན་གྱི་ཞལ་ཏོ་བ་མཛད་ནས་ ཐེག་པ་ཆེ་ཆུང་གི་བསྟན་པ་གཉི་ག་བསྐྱངས་ཏེ་དགེ་སློང་ཚུལ་འཆལ་དབང་ཆེ་བར་ཡོད་པ། སྔ་ཕྱིར་སྟོང་ཕྲག་བརྒྱད་ཙམ་གནས་ནས་ཕྱུང་བར་གྲགས། མུ་གེ་ཉམ་ང་བ་བྱུང་བའི་ཚེ་ན་ལནྡྲའི་དགེ་སློང་ཐེག་ཆེན་འཆད་པ་ལྔ་བརྒྱ་ལ་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ ནས་འཚོ་བ་སྦྱར། སྐབས་འདི་ཤེད་དུ་སྒྲ་གཅན་འཛིན་བཟང་པོའང་སྤྱོད་པ་ལ་གཤེགས་ཤིང་། མདའ་མཁན་གྱི་བུ་མོ་ཕྱག་རྒྱར་རོལ་བས་མཚན་མདའ་བསྣུན་ཞབས་སུ་གྲགས་ཏེ། ཐེག་པ་ཆེན་པོ་པའི་རྩ་ལག་གཅིག་པུ་པར་གྱུར་པ་འདིའི་ཐུན་མོང་གི་གདུལ་བྱ་དག་ གིས་མཇལ་དུ་ཡོད་པའི་སྐུ་ཚེའི་རིང་ལ་ཤེས་ཕྱིན་སྟོང་ཕྲག་བརྒྱ་པ་མ་གཏོགས་པ་འཕགས་ཡུལ་དུ་སྣང་བའི་ཐེག་ཆེན་གྱི་ཆོས་མཐའ་དག་བྱུང་བ་ཡིན་ནོ །དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལྷ་མོ་ཙཱཎྜི་ཀཱབསྒྲུབས་ཏེ་གྲུབ་པས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཐེག་ཆེན་གྱི་དགེ་ འདུན་ལ་འཚོ་བ་སྦྱོར་བར་བསྒོས་ཀྱང་རྟེན་འབྲེལ་འགའ་ཞིག་གིས་དེ་བཞིན་དུ་མ་གྱུར་ནས་ལོ་བཅུ་གཉིས་སུ་དེས་འཚོ་བ་སྦྱར། དེའི་རྗེས་སུ་སློབ་དཔོན་གྱིས་ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་ཆེན་གྱི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། དེ་དག་ཏུ་ནག་པོ་ཆེན་པོའི་སྐུ་རེ་རེ་ བཞེངས་ནས་བསྟན་པའི་གཉེར་གཏད་དོ། །རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་པོའི་གནོད་པ་བྱུང་བ་བཟློག་པའི་ཕྱིར་རྡོ་རིང་དང་། རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོའི་སྐུ་དང་། རྡོའི་དྲ་མིག་གིས་བསྐོར་ཅིང་ཕྱི་རོལ་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་ འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཀླུའི་རྒྱལ་པོས་སྤྱན་དྲངས་ཏེ་བཞུགས་པར་ཞུས་ཀྱང་ཛམྦུའི་གླིང་ན་མཆོད་རྟེན་བྱེ་བ་བཞེངས་གྲུབ་ནས་འབྱོན་པར་ཞལ་གྱིས་བཞེས་ཏེ། དེ་ནས་ཀླུ་འདམ་ དང་ཤེས་ཕྱིན་འབུམ་པ་གདན་དྲངས་ནས་བྱོན་པ་ལ་དེའི་གཤམ་ཅུང་ཟད་ཀླུས་མ་བཀུར་བར་གཏའ་མར་བཟུང་ངོ་ཞེས་གྲགས་སོ། །འདི་སྐབས་རྣམ་རིག་སྨྲ་བའི་བཙུན་པ་དགའ་བོ། དམ་པའི་སྡེ། ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་ བསྟན་བཅོས་ཀྱང་མང་དུ་བརྩམས་སོ། །རིགས་ཚོགས་ལྔ་ལ་སོགས་པའི་བསྟན་བཅོས་དང་། གཞན་ཡང་རིག་གནས་ལྔའི་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ཅིང་། ཛམྦུའི་ གླིང་དུ་མཆོད་རྟེན་བྱེ་བ་བཞེངས་པ་དང་། པུཀྐཾ་ཨོ་ཌི་བི་ཤ། བྷངྒ་ལ་སོགས་ཡུལ་ཐ་དད་པ་རྣམས་སུ་གཙུག་ལག་ཁང་བཞེངས་ཤིང་བསྟན་པ་སྤེལ་བ་དང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་སུ་བྱོན་ནས་རྒྱལ་པོ་བདེ་བྱེད་བཏུལ། བྲམ་ཟེ་མཁས་པ་མ་རུ་ དང་། སུ་པྲ་མ་རུ་གཉིས་དང་རིག་པ་འགྲན་པས་སློབ་དཔོན་གྱི་བརྒྱའི་ཆར་ཡང་བྲམ་ཟེས་མ་སླེབས་ནས་བྲམ་ཟེའི་བུ་རིག་བྱེད་དང་བསྟན་བཅོས་ཀུན་གྱི་ཕ་རོལ་དུ་སོན་ནས་ཤཱཀྱའི་རྗེས་སུ་འཇུག་པ་ཅི་ཡིན་ཞེས་དྲིས་པ་ན་རིག་བྱེད་དང་ཆོས་ཀྱི་ཁྱད་པར་སོགས་རྒྱ་ཆེར་ བསྟན་པས་དད་དེ་ཐེག་ཆེན་མཆོད་པར་བྱེད་ཅིང་ཆོས་སྨྲ་བ་རྣམས་ལ་ཤེས་ཕྱིན་གྱི་གླེགས་བམ་མང་དུ་ཕུལ་བ་དང་དབྱངས་ཅན་མའི་སྔགས་ཀྱང་གྲུབ་པ་སོགས་ཚུར་མཐོང་གི་ངོར་བསྟན་པ་གསལ་བར་མཛད་པའི་ཕྲིན་ལས་ཀྱང་གཞལ་བར་མི་ནུས་སོ། །དེ་ལྟར་སློབ་དཔོན་ འདིས་ལོ་དྲུག་བརྒྱར་བདུན་ཅུ་རྩ་གཅིག་དམན་པར་སྐུ་དངོས་ཀྱིས་འགྲོ་དོན་མཛད་ཅིང་དཔལ་གྱི་རིར་བསྒོམས་པས་ས་དང་པོའི་རྟོགས་པ་བརྙེས་ཏེ་སྐུ་ལ་མཚན་སོ་གཉིས་དང་ལྡན་པར་གྱུར། དེའང་ཉིས་བརྒྱ་ཡུལ་དབུས། ཉིས་བརྒྱ་ལྷོ་ཕྱོགས། བརྒྱ་ཉི་ཤུ་རྩ་དགུ་དཔལ་ གྱི་རི་ལ་བཞུགས་པར་འདོད་དོ། །དེ་སྐབས་སློབ་དཔོན་འདིའི་གྲོགས་པོ་བྲམ་ཟེ་མཆོག་སྲེད་ཀྱིས་ཀྱང་བསྟན་པ་ལ་བྱ་བ་བྱས་སོ། །དེ་ཙམ་ན་ལི་ཡུལ་དུ་དགྲ་བཅོམ་པ་དགེ་བདུན་འཕེལ་དང་། ཐོ་གར་དུ་བྱེ་སྨྲའི་སློབ་དཔོན་མིའུ་ཐུང་དང་། ཁ་ཆེར་ཀུ་ན་ལ། ཉི་ འོག་དབུས་སུ་དགེ་བྱེད། ཤར་ཕྱོགས་སུ་སློབ་དཔོན་དགེ་འདུན་འཕེལ། ནུབ་ཕྱོགས་སུ་མདོ་སྡེ་པའི་སློབ་དཔོན་གཞོན་ནུ་ལེན་རྣམས་སོ་སོར་སློབ་མ་ཤིན་ཏུ་མང་པོ་དང་བཅས་པའང་བྱུང་ངོ༌། །འདི་སྐབས་བཙུན་པ་ཀུ་ན་ལའི་སློབ་མ་མང་དུ་ཐོས་པ་མདོ་སྡེ་འཛིན་པ་ གཞོན་ནུའི་སྡེ་ཞེས་བྱ་བ་ཞིག་དད་པ་མེད་པའི་ངང་ཚུལ་ཅན་ཡིན་པས་མཐར་བསླབ་པ་འཆལ་བས་དགེ་འདུན་གྱིས་གནས་དབྱུང་བྱས་པ་དང་། དེ་ཤིན་ཏུ་འཁྲུགས་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱ་བའི་ཕྱིར་མི་མཐུན་པའི་ཆོས་བརྩམས་པར་བསམས་ནས་ཐོ་ གར་གྱི་རྒྱབ་ཤུ་ལིག་ཅེས་བྱ་བའི་ཡུལ་དུ་སོང་ནས་རང་ཉིད་ཀྱི་མིང་མཱ་ཐ་ར་ཞེས་པར་བསྒྱུར། འཚེ་བ་ཆོས་སུ་སྨྲ་བའི་གཞུང་བརྩམས་ནས་ལྷ་མ་ཡིན་གྱི་གདོན་ཆེན་པོ་བི་ཥ་མིལླའི་གནས་སུ་སྦས་སོ། །དེར་བདུད་ཀྱིས་བྱིན་གྱིས་བརླབས་པས་གཡུལ་ལས་རྒྱལ་ བ་སོགས་རིག་སྔགས་མང་པོའང་གྲུབ་བོ། །དེའི་ཚེ་ཁོ་རཱ་ས་ནའི་ཡུལ་གྱི་བྲམ་ཟེའི་བུ་མོ་ཞིག་ཉིན་རེ་བཞིན་མེ་ཏོག་འཐུ་ཞིང་ལྷ་ལ་མཆོད་པ་སོགས་བྱེད་པས། །ཉིན་གཅིག་མེ་ཏོག་སྤུངས་པའི་གསེབ་ནས་བྱི་བ་ཞིག་འོངས་པ་ལུས་ལ་ཐིམ་པ་དང་སྦྲུམ་སྟེ། ལོ་དུས་ ན་ཁྱེའུ་ཞིག་བཙས་པ་ཆེར་སྐྱེས་ནས། ན་ཟླའི་བྱིས་པ་རྣམས་ལ་རྡེག་ཅིང་སྲོག་ཆགས་གསོད་པ་ཞིག་བྱུང་བ་ཡུལ་དཔོན་གྱིས་ནགས་ཚལ་དུ་བསྐྲད་ཀྱང་དེར་ཡང་སྐྱེ་བོ་འོངས་ཚད་ཁ་བཏགས་ཤིང་སྲོག་ཆགས་སྣ་ཚོགས་གསོད་པ་རྒྱལ་པོས་ཐོས་ཏེ་རྒྱུ་མཚན་དྲིས་ པ་དང་། དེ་ན་རེ། བདག་རིགས་བཞི་གང་ཡང་མིན་པས་རིགས་ཆོས་སྦྱིན་པ་པོ་མ་བྱུང་བའི་ཕྱིར་ཁྲོའོ། །རིགས་ཆོས་སྦྱིན་པ་ཞིག་ཡོད་ན་དེའི་བྱ་བ་སྤྱད་དོ། །ཞེས་ཟེར་ནས་ཁོ་རང་གི་རིགས་ཆོས་བཙལ་བར་རྩོམ་པ་ན་བདུད་ཀྱི་མཐུས་སྔར་གླེགས་བམ་སྦས་པ་དེ་སྙེད་ནས་ བཀླགས་པས་མོས་ཏེ། མཱ་ཐ་ར་ཉིད་དང་ཡང་འཕྲད་ཅིང་རིག་སྔགས་རྣམས་ཀྱང་གྲུབ་ནས། བཻ་ཁམ་པ་ཞེས་བྱ་བ་ཀླ་ཀློའི་དྲང་སྲོང་དུ་གྱུར་ཏོ། །དེ་འཁོར་སྟོང་དང་བཅས་པས་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་བསྟན་པས་སྟོན་པ་ཨངྷོ་ཞེས་པར་གྲགས་ཤིང་། དེར་ ཏུ་རུ་ཥའི་རྒྱལ་རིགས་རྣམས་ཀྱང་བྱུང་ངོ༌། །དེས་ན་ཀླ་ཀློའི་ལུགས་དང་པོར་དར་བའི་ཚུལ་ནི་དེ་ལྟར་ཤེས་པར་བྱའོ། དེ་འོག་ཉི་འོག་གི་རྒྱལ་པོ་ཨཀ་ཙནྡྲ་དང་། ཛ་ཡ་ཙནྡྲ་གཉིས་ལས་ཕྱི་མའི་བུ་ནེ་མ་ཙནྡྲའི་ཚེ་མདུན་ན་འདོན་བྲམ་ཟེ་པུཥྱ་མི་ཏྲ་ཞེས་པས་རྒྱལ་ སྲིད་ཕྲོགས་ནས་དབང་བསྒྱུར་ཏེ་ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེར་བསྲེགས། མང་དུ་ཐོས་པའི་དགེ་སློང་འགའ་ཞིག་ཀྱང་བསད་པ་སོགས་ཕྱོགས་དེའི་བསྟན་པ་ཅུང་ཟད་ཉམས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་གོ་ཌའི་ཡུལ་ དུ་རྒྱལ་པོ་གོ་ཌ་འཕེལ་བྱེད་ཅེས་བྱ་བ་བྱུང་སྟེ། གཙུག་ལག་ཁང་ཉམས་པ་དེ་དག་གསོས་ནས་ཆོས་གཞི་རྒྱས་པར་བྱས། གནས་བརྟན་བསམ་རྫོགས་ཞེས་བྱ་བས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་གསལ་བར་མཛད་ཅིང་མ་ག་དྷཱར་ཆོས་གཞི་དྲུག་ཅུ་ ཙམ་བཙུགས་ཏེ་འདི་སྐབས་ཤེད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱང་འདས་པར་སྣང་ངོ༌། །དེ་ནས་གྲོང་ཁྱེར་བཱ་ག་དར་ཏ་ཟིག་གི་རྒྱལ་པོ་ཧ་ལ་མུ་ཞེས་པ་འཕགས་ཡུལ་དུ་ཀླ་ཀློའི་ཐོག་མ་ཡིན་པ་དེ་བྱུང་ངོ༌། །ཤར་ཕྱོགས་ཀྱི་བྲམ་ཟེ་ཀཱ་ཤི་ཛཱ་ཏས་ཆོས་སྨྲ་བ་རྣམས་ལྷག་པར་ མཆོད་ནས་བསྟན་པ་ཉམས་པ་རྣམས་སྔར་བཞིན་གསོས་པའང་འདིའི་དུས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་ནས་བསྟན་པ་སྐྱོང་བའི་མཆོག་ནི་སློབ་དཔོན་ཨཱརྱ་དེ་བ་ཡིན་ཏེ། དེ་ནི་སིངྒྷ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གའི་སྲས། མཁན་པོ་ཧེ་མ་དེ་ཝ་ལས་ རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ། སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཕྱིས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་བརྟེན་ནས་དངོས་གྲུབ་མང་པོ་ཐོབ་པར་མཛད་ཅིང་སྙིང་པོ་དོན་གྱི་བསྟན་པའང་གཏད་དོ། །སློབ་དཔོན་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་ བསྒོམས་པ་དང་བཤད་ཉན་གྱིས་ཀྱང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད། ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བཞེས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་སོ་སོར་ཐེག་ཆེན་གྱི་ཆོས་བཞི་རེའང་བཙུགས་སོ། །ཤར་ཕྱོགས་ན་ལི་ནཱིའི་ཡུལ་ གྱི་བྲམ་ཟེ་མ་ཁོལ་པས་ཕྱོགས་ཕྱོགས་ཀྱི་སངས་རྒྱས་པ་མང་པོ་རྩོད་པས་ཕམ་པར་བྱས་ཏེ་ན་ལནྡར་རྩོད་པའི་ཕྱིར་འོངས་པ་དང་།་ཆོས་སྐྱོང་གིས་བསྐུལ་ཏེ་དཔལ་གྱི་རི་ནས་ན་ལནྡར་ཐུན་ཚོད་གཅིག་གི་ཡུན་ཙམ་གྱིས་གཤེགས་ནས་རྩོད་པས། མུ་སྟེགས་ཅན་ ལན་གསུམ་དུ་ཚར་གཅད་ཅིང་ཕམ་པར་བྱས། སྔགས་ཀྱི་མཐུས་ནམ་མཁའ་ལ་འགྲོ་བར་བརྩམས་ཀྱང་སླར་རིག་སྔགས་ཀྱིས་བཅིངས་ཏེ་བཞག །ཕྱིས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་བས་དད་ཅིང་ནོངས་པ་བཤགས་ནས་བསྟན་པ་ལ་ཞུགས་ཏེ་སྡེ་སྣོད་ གསུམ་འཛིན་པར་གྱུར་ཏོ། །དེ་ལ་སོགས་པ་ཕྲིན་ལས་རྒྱ་ཆེན་པོ་མཛད་ནས། དམངས་རིགས་ལས་རབ་ཏུ་བྱུང་ཞིང་དངོས་གྲུབ་ཆེན་པོ་བརྙེས་པ་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་བསྟན་པ་གཏད་ནས་གཤེགས་སོ། །བོད་སློབ་དཔོན་དེ་དང་དུས་མཚུངས་སུ་ཀླུ་སྒྲུབ་ ཀྱི་སློབ་མ་ནཱ་གཱ་ཧཱ་སྟེ་ཀླུས་བོས་ཞེས་པ་ཀླུའི་འཇིག་རྟེན་དུ་ལན་བདུན་བྱོན་པར་གྲགས་པ་དེས་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་རྣམ་པར་འགྲེལ་བར་མཛད་ཅིང་། ཁྱད་པར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་སྡེ་རྣམས་ཡོངས་སུ་རྒྱས་པར་མཛད་པས་ཕྱི་ནས་ མདོའི་ཚིགས་བཅད་རྣམས། གྲོང་ཁྱེར་པའི་ཁྱེའུ་བུ་མོ་ཚུན་གྱིས་གླུར་ལེན་པ་བྱུང་། ན་ལནྡའི་མཁན་པོའང་ཡུན་རིང་དུ་མཛད་དོ། །གཞན་ཡང་ཀླུ་སྒྲུབ་ཀྱི་སློབ་མ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཀླུའི་བྱང་ཆུབ་དང་། ཤྲྀངྒ་པ་སོགས་ཤིན་ཏུ་མང་པོས་ བསྟན་པ་ལ་བྱ་བ་ལྷག་པར་བྱས་སོ། །དེ་ནས་ཡུལ་མ་གོ་རར་རྒྱལ་པོ་ཟླ་སྦས་ཀྱི་བུ་སྙིང་པོ་ཐིག་ལེ་ཞེས་པ་རྒྱལ་སྲིད་བྱེད་པའི་ཚེ་སློབ་དཔོན་མ་ཁོལ་བ་བསྟན་པའི་རྩ་ལག་ཆེན་པོར་གྱུར་ཏེ་གྲོང་ཁྱེར་མེ་ཏོག་ཅན་དུ། མེ་ཏོག་གིས་བརྒྱན་པའི་གཙུག་ལག་ཁང་དུ་ བཞུགས་ནས་ཐེག་པ་ཆེ་ཆུང་གཉི་གའི་བསྟན་པ་ཡ་ཆེས་དར་བར་མཛད་དོ། །སློབ་དཔོན་འདི་ནི་རྒྱལ་བས་བསྟོད་པ་བྱེད་པར་ལུང་བསྟན་ཅིང་། དང་པོར་ནང་པའི་བསྟན་པ་ལ་ཞུགས་ཙམ་གྱི་ཚེའང་བྲམ་ཟེ་རྣམས་ཀྱི་ཕུལ་དུ་གྱུར་པ་འདི་ལྟ་བུའང་རང་གི་ལུགས་བོར་ ནས་ནང་པ་ལ་ཞུགས་ན། བདག་ཅག་རྣམས་ལྟ་ཅི་སྨོས་ཞེས་བྲམ་ཟེ་མཁས་པ་སྟོང་ཕྲག་མང་པོའང་བསྟན་པ་ལ་ཞུགས་པ་དང་། ཕྱིས་ནས་ཤེས་ཕྱིན་བསྡུས་པ་སོགས་བསྟན་བཅོས་མང་པོ་མཛད་ཅིང་། ཆོས་དང་ཟང་ཟིང་གཉི་གས་གདུལ་བྱ་རྣམས་ལ་ཕན་ བཏགས་པས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དེ། མདོར་ན་འདིས་མཛད་པའི་བསྟོད་པ་རྣམས་གླུ་གར་མཁན་རྣམས་ཀྱིས་ཀྱང་འདོན་པ་དེ་ཙམ་དུ་དར་བར་གྱུར་ནས། དེ་དག་ཐོས་པ་ཁོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའང་བགྲང་ དུ་མི་སྤྱོད་པར་ཡོད་དོ། །བོད་འདིར་ཁ་ཅིག་གིས། སློབ་དཔོན་འདིས་སྟག་མོ་ལ་ལུས་བྱིན་ཅིང་སྐྱེས་རབས་བརྒྱ་རྩ་རྩོམ་འཕྲོར་ལུས་པ་སོགས་བཤད་མོད་ཀྱི། དེ་ནི་སློབ་དཔོན་འདིའི་མཚན་གྱི་རྣམ་གྲངས་སུ་ཆོས་ ལྡན་རབ་འབྱོར་དབྱངས་ཞེས་གྲགས་པས། དེ་དང་གཞན་ལ་ཕན་པའི་དབྱངས་དགོན་པ་བ་ཞེས་པ་སྨོན་ལམ་བདུན་ཅུ་པ་རང་གི་ཁྲག་གིས་བྲིས་ཏེ་སྟག་མོ་ལ་ལུས་སྦྱིན་པ་པོ་དེ་གཉིས་འཁྲུལ་པ་ཡིན་ནམ་སེམས་སོ། །གཞན་ལ་ཕན་པའི་དབྱངས་ ཉིད་སློབ་དཔོན་དཔའ་བོའོ་ཟེར་ན་ཅུང་མི་འཐད་དེ། འཕགས་ཡུལ་གྱི་གཏམ་ཁུངས་མ་རྣམས་སུ་དེ་དཔའ་བོ་ལས་ཕྱིས་བྱོན་པར་བཤད་པའི་ཕྱིར་རོ། །རྒྱལ་པོ་སྙིང་པོ་ཐིག་ལེའི་བུ་ཤྲཱི་ཙནྡྲིས་རྒྱལ་སྲིད་བྱེད་པའི་ཚེ་སྤྱན་རས་གཟིགས་ཀྱི་ལྷ་ ཁང་ཞིག་བཞེངས་ནས་དེར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ཉིས་སྟོང་ལ་འཚོ་བ་སྦྱར། འདི་སྐབས་ན་ལནྡའི་མཁན་པོ་འཕགས་པ་ལྷའི་སློབ་མ་སྒྲ་གཅན་འཛིན་བཟང་པོས་མཛད་དེ་དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་བཅུ་ བཞི་བཙུགས། ནུབ་ཕྱོགས་ཊི་ལི་དང་མལླ་བ་ཡི་ཡུལ་དུ་རྒྱལ་པོ་ཀ་ནིཥྐ་ཞེས་པ་རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་རྡོལ་བ་སོགས་ཀྱི་འབྱོར་པ་ཆེན་པོས་རྒྱལ་སྲིད་བྱེད་པའི་ཚེ་སློབ་དཔོན་དཔའ་བོ་སྤྱན་དྲངས་ཀྱང་བགྲེས་པས་འབྱོན་མ་ཐུབ་ སྟེ་སྤྲིན་ཡིག་མཛད་ནས་ཆོས་ལ་བཀོད་པས། གཙུག་ལག་ཁང་མང་པོ་བཞེངས་པ་དང་། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་པ་སོགས་བསྟན་པ་ལ་བྱ་བ་བྱས་སོ། དེ་ནས་རྒྱལ་པོ་ཤྲཱི་ཙནྡྲའི་བུ་དྷརྨ་ཙནྡྲའི་རིང་ལ་ཏུ་ རུཥྐའི་དམག་བྱུང་ནས་མ་ག་དྷཱ་བཅོམ། གཙུག་ལག་ཁང་མང་པོ་བཤིག །ན་ལནྡར་ཡང་གནོད་པ་ཆེར་བྱུང་། རབ་ཏུ་བྱུང་བ་རྣམས་རིང་དུ་བྲོས་སོ། །རྒྱལ་པོ་དྷརྨ་ཙནྡྲ་ཤི་ནས་ཚ་བོ་ཞིག་ཡོད་ཀྱང་གར་ལོག་གི་འོག་ཏུ་སོང་བས་དབང་ མེད་ཅིང་། དེའི་ཚེ་ཝཱ་རཱ་ཎ་སཱི་ན་དྷརྨ་ཙནྡྲའི་ཞང་པོའི་བུ་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་བྱ་བས་རྒྱ་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པའི་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུས་ཁུར་བའི་ཡོ་བྱད་ བསྐུར་བ་དེས། དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་གཙོ་བོ་གཙོ་བོ་དག་མགུ་བར་བྱས་པ་དང་དེ་དག་གིས་གྲོགས་བྱས་ནས། ཏ་ཟིག་གི་རྒྱལ་པོ་ཁུ་ནི་མ་སྟ་དང་གཡུལ་བཀྱེ་བས། རྒྱལ་པོ་དེ་ལ་སོགས་པ་ཏུ་རུཥའི་དཔའ་བོ་རྣམས་ བསད་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར་ཏེ་ལྷ་ཁང་དང་ཆོས་གཞི་ཉམས་པ་ཐམས་ཅད་གསོས། དགེ་འདུན་རྣམས་སྤྱན་དྲངས་ནས་ན་ལེནྡར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས། སློབ་དཔོན་དཔའ་བོ་ལའང་མཚན་ དེ་ལྟ་བུ་ཡོད་ཀྱང་དེ་མ་ཡིན་པའི་མ་ཏི་ཙ་ཏྲ་ཕྱི་མ་ཞིག་བྱུང་བ་བླ་མར་བཀུར་ནས་བསྟན་པ་ཤིན་ཏུ་དར་བར་བྱས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཀྲྀཥཱ་རཱ་ཛའི་ཡུལ་དུ་སློབ་དཔོན་མཱ་ལི་ཀ་བུདྡྷ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་རྒྱས་པར་བྱས་ ཤིང་མཆོད་རྟེན་དང་ལྷ་ཁང་སྟོང་ཕྲག་ཙམ་བཞེངས་པ་དང་། ཆོས་གཞི་ཉི་ཤུ་རྩ་གཅིག་ཀྱང་བཙུགས། མཐར་ཏུ་རུཥའི་ཆོམ་པོས་བཀྲོངས་པའི་ཚེ་ཁྲག་འོ་མར་ཟག་པ་དང་། ཁོག་པ་ནས་མེ་ཏོག་དམར་པོ་དཔག་ཏུ་མེད་པ་ཐོན་ཏེ་བར་སྣང་ ཁེངས་པ་སོགས་བྱུང་ངོ༌། །ཡང་ཡུལ་དེ་ཉིད་དུ་སློབ་དཔོན་མུ་དི་ཏཱ་བ་བྷ་དྲ་ཞེས་པ་མང་དུ་ཐོས་ཤིང་སྦྱངས་ཡོན་ལ་གནས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞིག་བྱུང་སྟེ། དེས་སྔར་གྱི་མཆོད་རྟེན་ཞིག་པ་ཐམས་ཅད་གསོས་ནས་སླར་ ཡང་མཆོད་རྟེན་རེ་རེ་ལ་བཅུ་བཅུས་བསྐོར། ཡུལ་དེ་དང་ཡུལ་དབུས་སུའང་བསྟན་པ་ཆེས་གསལ་བར་མཛད། ཆད་པ་ཁས་མི་ལེན་པའི་བསླབ་པ་འཆལ་བ་མང་པོ་གནས་ནས་ཕྱུངས་པའི་རྐྱེན་གྱིས་དེ་དག་སློབ་དཔོན་དེ་ལ་ཤིན་ཏུ་སྡང་བས་ཐུགས་ སྐྱོ་སྟེ་འཕགས་པ་ཀུན་ཏུ་བཟང་པོ་ལ་བདག་སེམས་ཅན་གྱི་དོན་གང་དུ་འབྱུང་བ་དེར་འཁྲིད་པར་ཞུ་ཞེས་ཞུས་པས་ནམ་མཁའ་ལ་བྱོན་ནས་ན་བཟའ་ལ་འཇུས་ཤིག་གསུངས། འཇུས་མ་ཐག་ལི་ཡུལ་དུ་སླེབས་ཏེ་དེར་བསྟན་པ་ལ་བྱ་བ་ ལྷག་པར་མཛད་དོ། །དེ་ལྟར་ཡུལ་དབུས་སོགས་སུ་ཆོས་ཤིན་ཏུ་དར་བའི་སྐབས་ཤིག་ན། ན་ལེནྡར་བློན་པོ་ཀ་ཀུ་ཏ་སིདྷའི་ལྷ་ཁང་ཞལ་བསྲོའི་ཚེ་མུ་སྟེགས་ཀྱི་སྤྲང་པོ་གཉིས་ཤིག་སློང་བ། དགེ་ཚུལ་གཏུམ་པོ་དག་གིས་གཙེས་པས་འཁྲུགས་པར་གྱུར་ནས་གཅིག་གིས་ འཚོ་བ་སྦྱངས་ཤིང་། ཅིག་ཤོས་ཀྱིས་སའི་དོང་གཏིང་རིང་བར་ལོ་བཅུ་གཉིས་སུ་ཉི་མ་བསྒྲུབས་པས་གྲུབ་སྟེ་ཐལ་བ་ལ་སྔགས་བཟླས་ནས་གཏོར་བས་མེ་འབར་བར་གྱུར་ཏེ་ན་ལེནྡྲའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་པོ་པ་ཐམས་ཅད་བསྲེགས་སོ། ཁྱད་པར་དུ་གཙུག་ལག་ཁང་དེ་དག་གི་གཙོ་བོ་ རཏྣ་སཱ་ག་ར། རཏྟཱོ་ད་དྷི། རཏྣ་རཎྜ་ཀ་སྟེ་གསུམ་དུ་ཐེག་པ་ཆེན་པོའི་མདོ་རྒྱུད་ཀྱི་གླེགས་བམ་ཐམས་ཅད་བཞུགས་པས་དྷརྨ་གཉྫར་གྲགས་པ་དེ་དག་བསྲེགས་པས། རཏྟཱ་ད་དྷིའི་གཙུག་ལག་ཁང་དགུ་ཐོག་ཡོད་པའི་སྟེང་མ་ན་གླེགས་བམ་འགའ་ཞིག་ལས་ཆུའི་ རྒྱུན་ཆེན་པོ་བབས་པས་ཆུ་རྒྱུན་དེས་ཁྱབ་ཚད་ཀྱི་པུསྟ་ཀ་རྣམས་མ་ཚིག་པར་ལུས་སོ། །མུ་ཏོ་བ་དེ་གཉིས་ཀྱང་རྒྱལ་པོའི་ཆད་པར་སྐྲག་ནས་བྱང་ཕྱོགས་ཧ་སཱ་མའི་ཡུལ་དུ་བྲོས་པས། དེར་སྡིག་པའི་ལས་ཀྱིས་ལུས་ལ་མེ་རང་འབར་བས་ཚིག་སྟེ་ཤིའོ། །དེ་ནས་ཕྱོགས་ ཕྱོགས་ཀྱི་མང་དུ་ཐོས་པ་དང་ཐོས་པ་འཛིན་པ་རྣམས་འདུས་ནས། རང་རང་གིས་བཟུང་བ་རྣམས་དང་ཕྱོགས་གཞན་དུ་གླེགས་བམ་ན་ཡོད་པ་རྣམས་ཡི་གེར་སྤེལ་ཞིང་ཉམས་པ་གསོས་ཀྱང་སྔར་དགྲ་ལན་གཉིས་བྱུང་བའི་རྐྱེན་གྱིས་ཀྱང་འགའ་ཞིག་ནུབ་ལ། འགའ་ཞིག་ རང་བཞིན་གྱིས་ནུབ་པ་དང་། མེ་ཡི་དགྲ་འདིས་འདུས་པ་ཆེན་པོ་ལེའུ་སྟོང་ལས་ལེའུ་དགུ་ལུས་པ་ལྟ་བུ་ཐེག་ཆེན་གྱི་སྡེ་སྣོད་ཆ་བཅོ་ལྔར་བཏང་བའི་ཆ་གཅིག་ཙམ་ལས་མ་ལུས་པར་གྲགས་སོ། །ལྷ་ཁང་དང་ཆོས་གཞི་རྣམས་ཀྱང་རྒྱལ་པོ་སངས་རྒྱས་ཕྱོགས་དང་། བྲམ་ ཟེ་ཤངྐུ་རྒྱུ་སོགས་འབྱོར་ལྡན་དད་པ་ཅན་མང་པོས་གསོས་ཏེ་སྔ་མ་བཞིན་དུ་གྱུར་ཏོ། དེ་ནས་སངས་རྒྱས་ཕྱོགས་ཀྱིས་ཉིད་ཀྱི་སྐུ་ཚེའི་སྨད་ལ་ཤར་ཕྱོགས་ཨོ་ཌི་བི་ཤིའི་ཡུལ་དུ་རིན་ཆེན་རི་བོའི་གཙུག་ལག་ཁང་བཞེངས་པར་བཀའ་དང་བསྟན་བཅོས་མཐའ་དག་ཚར་གསུམ་ བཞེངས་ནས་བཞུགས་སུ་གསོལ། དེར་ཆོས་གཞི་ཆེན་པོ་བརྒྱ་དང་དགེ་སློང་ལྔ་བརྒྱ་ཚོགས་པར་བྱས། དེ་བཞིན་དུ་བྷངྒ་ལ་དང་ཉེ་བའི་རྒྱ་མཚོའི་འགྲམ་ཞིག་ཏུ་ལྷའི་རི་བོ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་ནས། བཙུན་མོ་དང་བྲམ་ཟེ་ཤངྐུ་གཉིས་སོགས་ཀྱིས་ཀྱང་ ཆོས་གཞི་དང་དགེ་འདུན་སོགས་སྔ་མ་དང་མཚུངས་པར་བསྒྲུབས་སོ། །བྲམ་ཟེ་ཤངྐུ་གཅིག་ནི་ཀླུ་འདུལ་བའི་རིག་སྔགས་གྲུབ་པས་ལྷོ་ཕྱོགས་ཁ་གེནྡྲའི་ཡུལ་དུ་ནམ་མཁའ་ལྡིང་གི་མཆོད་སྡོང་འཛུགས་པ་པོ་དེའོ། །ཅིག་ཤོས་ནི་ཀུ་རུ་ཀུལླའི་རིག་སྔགས་གྲུབ་སྟེ་རྒྱལ་པོ་ སངས་རྒྱས་ཕྱོགས་ལ་ཀླུའི་རྒྱལ་པོ་རཀྵ་ཀ་སྟོན་པར་རྩོམ་པ་པོ་དེའོ། །རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་རྗེས་ནས་རྒྱལ་པོ་ཀརྨ་ཙནྡྲ་ཞེས་བྱ་བའི་ཚེ་སློབ་དཔོན་དགའ་བྱེད་སྙན་པ་དང་། །སྒྲ་གཅན་འཛིན་བཤེས་གཉེན་དང་། དེའི་སློབ་མ་ཀླུའི་བཤེས་གཉེན་སོགས་ཀྱིས་བསྟན་ པ་བསྐྱངས་ཤིང་ཐེག་པ་ཆེན་པོ་རྒྱས་པར་མཛད། དེ་ཙམ་ན་སྔོན་ཆོས་ཀྱི་རྒྱལ་པོ་ཏུ་རུཥ་ཞེས་པ་ལོ་མང་དུ་འཚོ་བ་ཞིག་བྱུང་བ། དེའི་བུ་ཏུ་རུཥྐ་མང་པོས་བཀུར་བ་ཞེས་པ་ཁ་ཆེར་རྒྱལ་སྲིད་བྱེད་དེ། དེས་ཡུལ་ཕྱོགས་དེ་དང་། ག་ཛ་ནི། ཐོ་གར་རྣམས་སུའང་དབང་བསྒྱུར་ ནས་ག་ཛ་ནིར་སྟོན་པའི་ཚེམས་བཞུགས་པའི་མཆོད་རྟེན་བཞེངས་ནས་དེ་མཆོད་པའི་སླད་དུ་དགེ་སློང་ཕ་མ་སྟོང་ཕྲག་རེ་དང་དགེ་བསྙེན་ཕ་མ་སྟོང་ཕྲག་རེ་རྣམས་ཀྱང་བསྐོས། སྐུ་གཟུགས་ཀྱི་ཁྱད་པར་ཡང་དཔག་ཏུ་མེད་པ་བཞེངས། ཁྱད་པར་ཡུལ་དེར་དགེ་སློང་འཚོ་བྱེད་ དང་། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་སོ་སོར་འཁོར་ལྔ་སྟོང་ལྔ་སྟོང་དང་བཅས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་གཙོ་བོར་བྱེད་པས་རྒྱལ་བ་མཉེས་པར་བྱེད་པ་བྱུང་ཞིང་དེས་ཆོས་བསྟན་པས་ཀྱང་དགེ་སློང་དང་དགེ་བསྙེན་པ་སོགས་རྫུ་འཕྲུལ་ཅན་མང་དུ་བྱུང་ངོ༌། ། དེ་ནས་སློབ་དཔོན་ཨདྷ་ཏ་ཞེས་པས་གཏེར་གྱི་བུམ་པ་བསྒྲུབས་ནས་དགེ་འདུན་ཁྲི་ཕྲག་མང་པོའི་འཚོ་བ་སྦྱོར་བ་བྱུང་ཞིང་སློབ་དཔོན་ཆེན་པོ་ཐོགས་མེད་ཡབ་སྲས་ཀྱང་འདི་སྐབས་བྱུང་སྟེ། དེ་ལ་ཐོགས་མེད་ནི་བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལཱ་ཞེས་པའི་སྲས་ཏེ་ ཆུང་ངུ་ནས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅིང་། རབ་ཏུ་བྱུང་ནས་ཀྱང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་ལ་ཤིན་ཏུ་མཁས་ཀྱང་ཤེས་ཕྱིན་ཅུང་ཟད་རྟོགས་དཀའ་བར་བྱུང་ནས་ལོ་བཅུ་གཉིས་སུ་རི་བོ་བྱ་རྐང་ཅན་དུ་བྱམས་པ་བསྒྲུབས་ནས་ཕྱིས་དངོས་སུ་ཞལ་མཐོང་ བ་ཙམ་ཡ་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ན་བཟའ་ལ་འཇུས་ནས་དགའ་ལྡན་དུ་བྱོན་མི་ལོ་ཉེར་ལྔར་ཆོས་གསན་ནས་སླར་མི་ཡུལ་དུ་འགྲོ་དོན་མཛད། མངོན་པར་ཤེས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོར་གྱུར་ཏེ་ས་གསུམ་པའི་རྟོགས་ པ་བརྙེས་པར་གྲགས། སློབ་དཔོན་འདིས་དང་པོར་མ་ག་དྷ་བཏང་བྲང་གི་ཚལ་དུ་གཙུག་ལག་ཁང་མཛད་དེ། དེར་མང་དུ་ཐོས་པ་བརྒྱད་ལ་ཟབ་མོའི་དོན་བཀྲོལ་ཞིང་བསྟན་པས་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར། བྱམས་པའི་ཆོས་ལྔའང་ཡི་ གེར་བཀོད། སྡོམ་རྣམ་གཉིས་དང་ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་མཛད། ཁྱད་པར་ནུབ་ཕྱོགས་གྲོང་ཁྱེར་སཱ་ག་རི་ཞེས་བྱ་བར་ཨུ་པུ་རིའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སྦྱིན་བདག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་ཐམས་ཅད་འདུས་པ་ ལ་ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་པས་ཐམས་ཅད་ཐེག་པ་ཆེན་པོར་རིགས་སད་ཅིང་ཡང་དག་པའི་དོན་ལ་བཀོད། ཐེག་ཆེན་གྱི་མདོ་སྡེ་ལ་མི་འཇིགས་པར་སྨྲ་བའང་སྟོང་ལྷག་པ་བྱུང་ངོ༌། ཁྱད་པར་ཐེག་པ་ ཆེན་པོའི་མངོན་པའི་སྡེ་སྣོད་ཤེས་པ་སུའང་མེད་པ་ལ་འདིས་ཤིན་ཏུ་གསལ་བར་མཛད། རྒྱལ་པོ་ཟབ་མོའི་ཕྱོགས་ཀྱང་ལྷག་པར་དད་པར་མཛད་ནས་ཐེག་ཆེན་གྱི་ཆོས་གཞི་ཉི་ཤུ་རྩ་ལྔ་བྱེད་དུ་བཅུག །ཡུལ་ཀྲྀཥྛ་རཱ་ཛ་དང་ཨོ་ཌྱན་གཉི་གར་ཐེག་ཆེན་ཆེས་དར་བར་ མཛད་ཅིང་མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས། ཉིད་ཀྱིས་ཐེག་ཆེན་གྱི་ཆོས་གཞི་བརྒྱར་ལོངས་པ་བཙུགས། སྤྱིར་སློབ་མའི་ཚོགས་བགྲང་བར་མི་སྤྱོད་ཅིང་། ཁྱད་པར་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་གཉིས་གསུམ་ཙམ་བྱུང་བར་གྲགས་པས་ཐེག་པ་ཆེན་པོའི་ བསྟན་པའི་བདག་པོ་ཟླ་མེད་པར་གྱུར་ཏེ། སྔོན་ཀླུ་སྒྲུབ་སོགས་ཀྱི་དུས་ཀྱང་ཐེག་ཆེན་ཤིན་ཏུ་དར་བ་ཡིན་མོད་ཀྱི། ཐེག་ཆེན་པའི་དགེ་སློང་ཁྲིར་ལོངས་པ་མ་བྱུང་བར་བཤད་པའི་ཕྱིར་རོ། །སྐུ་ཚེའི་མཐར་ཉེ་བ་ན་ན་ལེནྡྲར་བསྟན་པ་ལོ་བཅུ་གཉིས་སུ་བསྐྱངས་ཤིང་། མུ་ སྟེགས་པ་རྩོད་པའི་ཕྱིར་འོངས་པ་ཁོ་ནའང་སྟོང་ཙམ་ཞིག་བསྟན་པ་ལ་བཅུག་ནས། གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་ཐིམ་མོ། །དེའི་སློབ་མའི་མཆོག་ནི་ཉིད་ཀྱི་གཅུང་དབྱིག་གཉེན་ཡིན་ཞིང་། འདིའང་ན་ལེནྡྲར་རབ་ཏུ་བྱུང་ཞིང་། རྟོག་གེ་དང་མུ་སྟེགས་ ཀྱི་གཞུང་ལུགས་མཐའ་དག་དང་། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་བྱང་བ་ཞིག་ཡིན་པ་གཅེན་གྱིས་བཏུལ་ནས་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་བསྟན་པས་གསན་པ་ཙམ་གྱིས་ཐུགས་སུ་ཆུད། གསང་བའི་བདག་པོའི་རིག་སྔགས་གྲུབ། ཏིང་ངེ་འཛིན་ཁྱད་ པར་ཅན་མང་པོ་མངའ་བས་སྟོན་པའི་བཀའ་མི་ཡུལ་དུ་སྣང་བ་ཐམས་ཅད་ཐུགས་སུ་བལྟམས་པར་གྱུར་ཏེ། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལྟ་བུའི་མང་དུ་ཐོས་པ་མ་བྱུང་བར་གྲགས། གཅེན་སྐུ་འདས་ནས་ན་ལེནྡའི་མཁན་པོ་མཛད་དེ་བཀའི་དགོངས་ འགྲེལ་སོགས་གཞན་འགྲེལ་གྱི་བསྟན་བཅོས་ལྔ་བཅུ་ཙམ་དང་། རང་རྐང་དུ་པྲ་ཀ་ར་ན་སྡེ་བརྒྱད་ཀྱི་བསྟན་བཅོས་བརྩམས། མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་སུན་ཕྱུང་། ན་ལནྡ་སོགས་མ་ག་དྷཱའི་ཕྱོགས་ཐམས་ཅད་དུ་ཆོས་གཞིས་ཁྱབ་པར་མཛད། །ཨོ་ཌི་ཤ་ དང་གོ་ཌའི་ཡུལ་དུའང་ཆོས་གཞི་བརྒྱ་རྩ་བརྒྱད་རེ་བཙུགས། སྤྱིར་ཆོས་གཞི་དྲུག་བརྒྱ་ལྔ་བཅུ་རྩ་བཞི་བཙུགས་ཤིང་། འདི་སྐབས་ཡུལ་ཐ་དད་ཀྱི་ཐེག་ཆེན་གྱི་དགེ་སློང་ཡང་གཅེན་པོའི་དུས་ལས་མང་སྟེ་དྲུག་ཁྲིར་ལོངས་པར་གྲགས་ཤིང་། ཕྱིས་བལ་ཡུལ་དུ་ ཕེབས་ནས་སྐུ་འདས་པའི་ཚེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་པ་ལྟར་གྱུར་ཏོ། སློབ་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ལ་མ་རུའི་ཡུལ་དུ་སྟོབས་དང་ལྡན་པའི་རྒྱལ་པ་པོའི་ཤཱི་ཧཪྵ་ཞེས་བྱ་བ་ཞིག་གིས་བསྟན་པ་ལ་མཆོད་ཅིང་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་རོ། ། དེའི་ཚེ་ཤར་ཕྱོགས་ན་སློབ་དཔོན་བློ་གྲོས་བརྟན་པ་དང་ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་དང་ཡོན་ཏན་འོད་ཀྱིས་འགྲོ་དོན་མཛད། སློབ་དཔོན་ཆོས་འབངས་ནི་ཡུལ་ཐམས་ཅད་དུ་གཤེགས་ནས་ཆོས་སྟོན། ལྷོ་ ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་བསྐྱངས་བྱོན་ཞིང་། ལེགས་ལྡན་དང་རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཙམ་ཡིན་ནོ། །འདི་སྐབས་ཤྲཱི་ཧཪྵས་གཡོ་ཐབས་ཀྱིས་ཀླ་ཀློ་སྟོང་ཕྲག་བཅུ་གཉིས་བསྲེགས་པས། ལོ་བརྒྱ་ཙམ་དུ་དེའི་ཆོས་ལུགས་ཤིན་ཏུ་ཉུང་བར་གྱུར། འོན་ ཀྱང་ཡུལ་ཁོ་ར་ས་ཎར་ཀླ་ཀློ་ཐ་ག་པ་གཅིག་ལུས་པ་ལས་ལུགས་དེ་ཕྱིས་མཆེད་པར་གྲགས། རྒྱལ་པོས་དེའི་སྡིག་སྦྱོང་དུ་གཙུག་ལག་ཁང་ཆེན་པོ་ལྔ་བཞེངས་ནས་དགེ་སློང་ཁྲི་ཕྲག་རེའི་འཚོ་བ་སྦྱར་ནས་ཆེས་དར་བར་བྱས་སོ། །སློབ་དཔོན་ཡོན་ཏན་འོད་ནི་དབྱིག་གཉེན་ གྱི་སློབ་མར་གྱུར་ཅིང་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་ནས། བསྟན་པ་ཐམས་ཅད་གསལ་བར་མཛད། ཁྱད་པར་འདུལ་བའི་བསྟན་པ་དར་བར་མཛད་དེ་འདུལ་བ་འབུམ་སྡེ་ཐོན་པའི་སློབ་མ་ཁོ་ན་ལྔ་བརྒྱ་ཙམ་བྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱི་སློབ་མ་བློ་ བརྟན་གྱིས། དཀོན་བརྩེགས་འདུས་པ་ཞེ་དགུ་བ་དང་དབུ་མ་རྩ་བའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད། སློབ་དཔོན་གཤེགས་ནས་མུ་སྟེགས་བིཊྚི་པཱ་ལ་སོགས་ཀྱི་རྒོལ་བ་མང་པོ་བཟློག །འདི་སྐབས་སྔར་གྱི་ཆོས་གཞི་རྣམས་ཆེར་མེད་པས་ཆོས་གཞི་ བརྒྱ་རྩའང་བཙུགས་སོ། ཕྱོགས་ཀྱི་གླང་པོའང་སིངྒ་པཀྟྲའི་བྲམ་ཟེ་མུ་སྟེགས་ཀྱི་གྲུབ་མཐར་ཤིན་ཏུ་མཁས་པ་ཞིག་གནས་མ་བུའི་སྡེ་པའི་མཁན་པོ་ནཱ་ག་དཏྟ་ལས་རབ་ཏུ་བྱུང་བ་ཡིན་ཞིང་། ཕྱིས་དབྱིག་གཉེན་ལ་བརྟེན་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་ལ་ མཁས་པར་གྱུར། རིག་སྔགས་གྲུབ་པས་འཇམ་དཔལ་ལ་དངོས་སུ་ཆོས་གསན། ན་ལནྡར་མུ་སྟེགས་ཀྱི་རྒོལ་བ་མང་པོ་སུན་ཕྱུངས་ནས་བསྟན་པ་ལ་བཀོད། དེར་མདོ་སྡེ་དུ་མ་རྣམ་པར་བཤད་ཅིང་ཆོས་མངོན་པའང་རྒྱས་པར་མཛད། ཐུན་མོང་མིན་པའི་རང་ སྟོབས་ཁོ་ནས་རྟོག་གེའི་བསྟན་བཅོས་ཐོར་བུ་མང་དུ་བརྩམས་པ་ཕྱིས་ཕྱོགས་གཅིག་ཏུ་བསྡུ་བར་བཞེངས་ནས་མཆོད་བརྗོད་བྲིས་པའི་ལྟས་ཀྱིས་བྲམ་ཟེ་ནག་པོ་ཞེས་བྱ་བ་བསྐུལ་བ་དང་རྩོད་པས་ཕམ་པར་བྱས་ཏེ་སླར་ཚང་བར་བརྩམས་པ་ཚད་མ་མདོ་སོགས་སྔ་ཕྱིར་བསྟན་ བཅོས་ཀྱང་བརྒྱུར་ལོངས་པ་མཛད། ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་མུ་སྟེགས་ཀྱི་རྒོལ་བ་རྣམས་ཚར་བཅད། ཆོས་གཞི་ཉམས་པ་རྣམས་གསོས། །ཨོ་ཌི་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལི་ཏ་བསྟན་པ་ལ་བཅུག་ནས་དེས་གཙུག་ལག་ཁང་བཅུ་དྲུག །དེ་རེ་རེ་དགེ་ འདུན་གྱི་སྡེ་ཆེན་པོ་རེ་རེ། དེ་རེ་རེ་ལ་ཆོས་གཞི་མང་པོ་བཅས་བསྒྲུབས། མདོར་ན་རྩོད་པའི་ཁྱུ་མཆོག་ཆེན་པོར་གྲགས་ཤིང་ལོག་སྨྲ་ཕལ་ཆེར་ཚར་བཅད། སློབ་མའི་ཚོགས་ཀྱིས་ཕྱོགས་བཀང་སྟེ་བསྟན་པ་གསལ་བར་མཛད་ནས་ཨོ་ཌི་བི་ཤའི་ཡུལ་གྱི་ཚལ་ དབེན་པ་ཞིག་ཏུ་སྐུ་འདས། ཡང་དབྱིག་གཉེན་གྱི་སློབ་མ་དགེ་འདུན་འབངས་ཀྱིས་ཀྱང་རྡོ་རྗེ་གདན་དུ་འདུལ་མངོན་གྱི་ཆོས་གཞི་ཉི་ཤུ་རྩ་བཞི་བཙུགས། ཁ་ཆེར་ཏུ་རུཥྐ་མང་པོ་བཀུར་བས་སྦྱིན་བདག་བྱས་ཏེ་རིན་ཆེན་སྦས་པའི་གཙུག་ལག་ཁང་དང་ཀུལླ་ཀུཎྜ་ལིའི་གཙུག་ལག་ཁང་གཉིས་བཞེངས་ ནས་ཐེག་ཆེན་གྱི་བསྟན་པ་ཤིན་ཏུ་དར་བར་མཛད་ཐོགས་མེད་སྐུ་མཆེད་གཉི་གའི་སློབ་མ་ཆོས་འབངས་ཀྱིས་ཕྱོགས་ཕྱོགས་སུ་འཇམ་དཔལ་གྱི་ལྷ་ཁང་མང་པོ་བཞེངས་ཤིང་ས་འགྲེལ་སོགས་བསྟན་བཅོས་ཀྱང་མང་པོ་མཛད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་ ཀླུའི་བཤེས་གཉེན་གྱི་སློབ་མ་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཐམས་ཅད་གསན་ནས་མཁས་པར་གྱུར། ཡེ་ཤེས་ཀྱི་མཆོག་བརྙེས་ལྷོ་ཕྱོགས་དཎྜ་པུ་རིའི་གཙུག་ལག་ཁང་དུ་བཞུགས་ནས་འཕགས་པ་ཡབ་སྲས་ཀྱིས་མཛད་པ་སོགས་བསྟན་བཅོས་མང་ པོ་ལ་རྣམ་བཤད་མཛད། །སློབ་དཔོན་ལེགས་ལྡན་བྱེད་ཀྱང་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་ལུགས་ནོས་ཤིང་དགེ་སློང་སྟོང་ཕྲག་མང་པོ་སྐྱོང་བར་མཛད། མདོ་འགྲེལ་གྱི་བསྟན་བཅོས་འགའ་ཞིག་མཛད། སློབ་དཔོན་འདི་གཉི་ག་མཐར་རིལ་བུའི་དངོས་ གྲུབ་གྲུབ་ནས་རིག་འཛིན་གྱི་གནས་སུ་གཤེགས་སོ། འདི་སྐབས་ཙམ་ནས་ཐེག་ཆེན་དབུ་མ་པ་རྣམས་ཀྱང་ཚན་གཉིས་སུ་གྱེས་པ་ཡིན་ཏེ། སློབ་དཔོན་འདི་གཉིས་ཀྱི་དགོངས་གཞི་ཞིག་གིས་ཐོགས་མེད་སེམས་ཙམ་པ་ཁོ་ན་ཡིན་ཞིང་དབུ་མ་པ་གཏན་མ་ཡིན་ པར་བསྒྲུབས་པའི་ཕྱིར་རོ། །འོན་ཀྱང་ཐོགས་མེད་ཞབས་ཀྱི་རྗེས་འབྲངས་ཕྱོགས་གླང་སོགས་ཀྱིས་རྣམ་རིག་སྨྲ་བའི་གྲུབ་མཐའ་ཇི་བཞིན་དུ་བཀྲལ་བ་ཡིན་ཞིང་། འཕགས་པ་ཉིད་ཀྱིས་རྣམ་རིག་སྨྲ་བ་རྣམས་དྲང་བའི་ཕྱིར་དེ་དང་ཕྱོགས་མཐུན་ཙམ་ཞིག་བསྟན་པ་ལས། དོན་དུ་དབུ་མ་ཉིད་ཞལ་གྱིས་བཞེས་པར་དེས་མཛད་པའི་བསྟན་བཅོས་རྣམས་སུ་གསལ་ལོ། །དེ་ལྟ་མ་ཡིན་ན་ཀླུ་སྒྲུབ་དང་ཐོགས་མེད་གཉི་ག་འཕགས་པའི་ས་ལ་གནས་པར་ནི་རྩོད་པ་མེད་ལ། འཕགས་པ་ནང་འགལ་ཅན་ཡང་སྲིད་པར་ཐལ་པའི་ཕྱིར་རོ། །ཀླུ་སྒྲུབ་ ཀྱི་གཞུང་ལུགས་ལའང་སངས་རྒྱས་བསྐྱངས་འདས་ནས་དེའི་བསྟན་བཅོས་ལ་ལེགས་ལྡན་གྱིས་དགག་པ་བརྗོད་ན་སྔ་མའི་རྗེས་འབྲངས་ལ་ཐལ་འགྱུར་བ་དང་། ཕྱི་མའི་རྗེས་འབྲངས་ལ་རང་རྒྱུད་པ་ཞེས་ཚན་གཉིས་སུ་གྱེས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ཤིས་ ཕྱིན་གྱི་གཞུང་བཤད་ཅིང་། དགེ་འདུན་སྲུང་གིས་མན་ངག་ཕོག་པའི་སློབ་མ་རྣམ་གྲོལ་སྡེས་ཀྱང་བྱམས་པས་ལུང་བསྟན་པ་ལྟར། དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་ལེ་བརྒྱད་མའི་དཔེ་པོ་ཊ་ལ་ནས་སྤྱན་དྲངས་པ་དང་། ཝཱ་རཱ་ཎ་སཱིར་འཛོམ་པས་དེར་ཐེ་ཚོམ་ཐམས་ ཅད་ཆོད་ནས་ཉི་ཁྲི་རྒྱན་དང་སྦྱར་བའི་འགྲེལ་པ་བརྩམས་སོ། །དབྱིག་གཉེན་དང་ཕྱོགས་གླིང་སོགས་མཁས་པ་མང་པོའི་སློབ་མ་སྨྲ་བའི་དབང་ཕྱུག་ཆེན་པོ་དཀོན་མཆོག་གསུམ་གྱི་འབངས་ཀྱིས་བརྒྱད་སྟོང་དོན་བསྡུས་སོགས་བསྟན་བཅོས་མང་པོ་མཛད། དྲ་བ་ལིའི་ཡུལ་ དུ་ཆོས་གཞི་ཆེན་པོ་ལྔ་བཅུ་བཙུགས་ནས་བསྟན་པ་ཡུན་རིང་དུ་གསལ་བར་མཛད་དོ། །ཡོན་ཏན་འོད་ཀྱི་སྐུ་ཚེའི་མཇུག་ཙམ་དུ། རྒྱལ་པོ་ཤྲི་ཧཪྵའི་བུ་ངང་ཚུལ་ཞེས་བྱ་བ་གྲོང་ཁྱེར་ལཱ་ཏིར་ལོ་བརྒྱར་རྒྱལ་སྲིད་བྱེད་ཅིང་ཕྱོགས་བཞིའི་དགེ་འདུན་ཞལ་ཟས་བཟང་པོས་མཆོད་ པ་ཞིག་བྱུང་སྟེ། འདི་དུས་སྒྲོལ་མ་གྲུབ་པའི་སློབ་དཔོན་ཉི་མ་སྦས་པ་བྱུང་། དེས་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་བཞེད་པ་གཅིག་ཏུ་བསྒྲུབས། མ་ག་དྷཱར་ཆོས་གཞི་བཅུ་གཉིས་བཙུགས་པ་སོགས་བསྟན་པ་ལ་ཕན་པར་མཛད། དགེ་འདུན་འབངས་ ཀྱི་སློབ་མ། གསང་བས་བྱིན་དང་། ཆོས་འབངས་ཀྱི་སློབ་མ་རཏྣ་མ་ཏི་གཉིས་ཀྱིས་སྟོན་པའི་ཚེམས་མཆེ་བ་ལ་མཆོད་པ་བྱེད་ཅིང་འཁོར་མང་པོ་ལ་ཆོས་བསྟན། ཁྱད་པར་ལྷོ་ཕྱོགས་ས་མནྟར་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་སློབ་དཔོན་ཆེན་པོ་ཟླ་ བ་གྲགས་པ་བྱོན་ཏེ། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་མན་ངག་མཐའ་དག་གསན། སྔ་ཕྱིར་སྡེ་སྣོད་ཐམས་ཅད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་ན་ལནྡའི་མཁན་པོ་མཛད་དེ་རྩ་འཇུག་བཞི་གསུམ་དང་། རིགས་པ་ དྲུག་ཅུ་པའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་བརྩམས། མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་གཅད། ལྷོ་ཕྱོགས་ཀོདྐུ་ནའི་ཡུལ་གྱི་བྲམ་ཟེ་དང་། ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཀོད་ནས་ཆོས་གཞི་མང་ཏུ་བཏབ་པ་སོགས་ངོ་མཚར་གྱི་མཛད་པ་མང་ པོས་བསྟན་པ་ཆེས་གསལ་བར་མཛད་ནས་སྔགས་ལམ་ལ་བརྟེན་ནས་སྒྱུ་མའི་སྐུ་བསྒྲུབས་ཏེ་གཤེགས་པར་གྲགས་སོ། སློབ་དཔོན་ཙནྡྲ་གོ་མིའང་ཚེ་རབས་སུ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་ཤིང་ཆུང་ངུ་ནས་སྒྲ་དང་རྟོག་གེ་སོགས་ཐུན་མོང་གི་རིག་གནས་རྣམས་ མ་བསླབས་པར་ཤེས་པ་ཞིག་སློབ་དཔོན་བློ་གྲོས་བརྟན་པ་ལས་མདོ་སྡེ་དང་མངོན་པའི་སྡེ་སྣོད་ཕལ་ཆེར་ལན་ཅིག་ཉན་པ་ཙམ་གྱིས་ཤེས། སྔགས་ཀྱང་གྲུབ་ནས་ས་སྟེང་གི་མཁས་པ་ཟླ་མེད་པར་གྱུར་ཏེ་རྟེན་གོ་མིའི་དགེ་བསྙེན་དུ་བཞུགས། གླིང་ཕྲན་རྣམས་སུ་བྱོན་ ནས་བཟོ་དང་སྨན་དཔྱད་སོགས་རིག་གནས་དཔག་ཏུ་མེད་པ་སྤེལ་བས་ལྷག་པར་ཕན་བཏགས། དེ་དག་ཏུ་ཐེག་པ་ཆེན་པོའང་ཅི་རིགས་པར་དར་བར་མཛད། ན་ལནྡར་བྱོན་ཏེ་ཟླ་གྲགས་དང་ཆོས་ཀྱི་བགྲོ་གླེང་གི་བརྒལ་བརྟག་ལོ་བདུན་དུ་མཛད་པས། དེ་བལྟ་བའི་ཕྱིར་སྐྱེ་བོ་མང་པོ་རྟག་ཏུ་འདུས་ཏེ། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང་། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཞེས་ གླུར་ལེན་པ་བྱུང་ངོ༌། །སློབ་དཔོན་འདིས་བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་ཐུན་མོང་གི་རིག་གནས་ཀྱི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་བརྒྱ་དང་བརྒྱད། ཕྲ་མོ་ཐོར་བུ་བ་བཞི་བརྒྱ་དང་སུམ་ཅུ་རྩ་གཉིས་ བརྩམས་པ་སོགས་རྒྱལ་བའི་བསྟན་པ་མཆོག་ཏུ་གསལ་བར་མཛད་ནས་པོ་ཊ་ལར་གཤེགས་ཏེ་ད་ལྟའང་བཞུགས་སོ། །གཞན་ཡང་འདི་སྐབས་སྔ་ཕྱི་ཅི་རིགས་པར་རྣམ་གྲོལ་སྡེའི་སློབ་མ་མཆོག་སྡེ་དང་། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང་། དགེ་འདུན་ འབངས་ཀྱི་སློབ་མ་འཕགས་པ་ས་ག་ལྷ་སོགས་མང་པོས་བསྟན་པ་རྒྱས་པར་མཛད་ཅིང་། ནུབ་ཕྱོགས་མ་ལ་བའི་རྒྱལ་པོ་གཡོ་བས་ཀྱང་བསྟན་པ་ལ་ལྷག་པར་མཆོད་དོ། །དེ་དང་དུས་མཉམ་ལས་ཅུང་ཟད་འཕྱི་བ་ཙམ་ན། ཤར་ཕྱོགས་སུ་རྒྱལ་པོ་སེང་གེ་ལྔ་བ་དང་། ལྷོ་ཕྱོགས་ཀྱི་རྒྱལ་པོ་མེ་ཏོག་དང་། མ་ག་དྷཱའི་རྒྱལ་པོ་གསལ་བ་སོགས་ཀྱིས་བསྟན་པ་ལ་གུས་པས་མཆོད་པའི་ཚེ་མཆོག་སྡེའི་སློབ་མ་འདུལ་བའི་ལྷ་དང་མ་ག་དྷཱར་བཙུན་པ་གྲོལ་སྡེ་དང་། ཡོན་ཏན་འོད་ཀྱི་སློབ་མ་མངོན་པ་བ་ཡོན་ཏན་བློ་གྲོས་དང་། སློབ་དཔོན་ ཆོས་སྐྱོང་དང་། དབང་ཕྱུག་སྡེ་སོགས་ཀྱིས་འགྲོ་དོན་མཛད་པ་ཡིན་ཞིང་། དེ་ལས་ཁྱད་པར་ཡོན་ཏན་བློ་གྲོས་ཀྱིས་དབུ་མ་རྩ་བའི་འགྲེལ་པ་སོགས་བརྩམས། ལེགས་ལྡན་གྱི་སློབ་མ་སཾ་པྲ་དྷུ་ཏི་དང་བརྩད་པས་རྒྱལ་བར་གྲགས། སློབ་དཔོན་ཆོས་སྐྱོང་ ནི་ལྷོ་ཕྱོགས་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་སྟེ། ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན། ཕྱོགས་གླང་ལས་སྡེ་སྣོད་གསུམ་ག་མཉན་ཏེ་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར། རྡོ་རྗེ་གདན་དུ་ལོ་སུམ་ཅུ་ལྷག་ཅིག་ཏུ་ཆོས་བསྟན། ཟླ་གྲགས་ཀྱི་ རྗེས་སུ་ན་ལེནྡྲའི་མཁན་པོ་མཛད། དབུ་མ་བཞི་བརྒྱ་བ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད་ཅིང་མཐར་ལྷ་གནས་སུ་གཤེགས། འདིའི་རྗེས་སུ་རྒྱལ་བའི་ལྷས་ན་ལེནྡྲའི་མཁན་པོ་མཛད་དེ། དེའི་སློབ་མ་ཞི་བ་ལྷ་དང་དཔལ་ལྡན་ ཆོས་སྐྱོང་རྣམས་ཡིན་ནོ། །དེ་ལ་ཞི་བ་ལྷ་ནི་སོ་རཥྚའི་རྒྱལ་པོའི་སྲས། ཚེ་རབས་སུ་འཇམ་དཔལ་གྱིས་རྗེས་སུ་བཟུང་བ་ཞིག་སྟེ། ན་ལནྡར་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་མཁན་པོ་དང་། གཙོ་བོར་འཇམ་དཔལ་ཉིད་ལས་ཆོས་གསན་པས་མཁས་ པ་ཆེན་པོར་གྱུར་ཀྱང་གཞན་སྣང་དུ་བྷུ་སུ་ཀུའི་སྤྱོད་པས་གནས། བསླབ་བཏུས། མདོ་བཏུས། སྤྱོད་འཇུག་སོགས་བརྩམས། ཨུཙྪསྨའི་སྤྱོད་པས་ཡུལ་ཐ་དད་དུ་གཤེགས་ནས། ངོ་མཚར་གྱི་མཛད་པ་མང་པོ་བསྟན་པ་སོགས་ཀྱིས་ སྟོན་པའི་བསྟན་པ་གསལ་བར་མཛད་དོ། །དཔལ་ལྡན་ཆོས་སྐྱོང་གིས་ཀྱང་ན་ལནྡར་བསྟན་པའི་བྱ་བ་མཛད་ཅིང་སྔགས་གྲུབ་ནས་སྤྱོད་པ་ལ་གཤེགས་སོ། །འདི་སྐབས་ཉི་མ་སྦས་པའི་སློབ་མ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་ཀྱང་ བསྟན་པ་ལ་སྨན་པར་མཛད་དོ། །དེའི་ཕྱི་ནས་སློབ་དཔོན་ཆོས་ཀྱི་གྲགས་པ་སོགས་ཀྱིས་བསྟན་པ་བསྐྱངས་ཏེ། དེའང་རྒྱལ་པོ་གསལ་བའི་བུ་རབ་གསལ་སོགས་རྒྱལ་སྲིད་བྱེད་པའི་ཚེ། མུ་སྟེགས་བྱེད་ཆེན་པོ་སངྒ་བྷ་ཊྚ་ ཨཱ་ཙརྱ་དང་། ཀུ་མཱ་ལ་ལི་ལ་སོགས་ཀྱིས་ནང་པའི་བསྟན་པ་མང་པོ་ཉམས་པར་བྱས་པའི་སྐབས་ཤིག་ན། ཏྲི་མ་ལ་ཡའི་ཡུལ་དུ་དཔལ་ལྡན་ཆོས་ཀྱི་གྲགས་པ་བྱུང་སྟེ། ཆུང་ངུ་ནས་ཐུན་མོང་གི་རིག་གནས་རྣམས་དང་། རིག་བྱེད་ཡན་ ལག་དང་བཅས་པ་དང་། མུ་སྟེགས་པའི་གྲུབ་མཐའ་ལ་ཤིན་ཏུ་མཁས་པ་ཞིག་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། ཕྱོགས་གླང་གི་སློབ་བུ་དབང་ཕྱུག་སྡེ་ལས་ཚད་མ་ཉན་ པས་ཕྱོགས་གླང་དང་མཉམ་པར་གྱུར། དཔལ་ཧེ་རུ་ཀས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་སྩལ། སྔར་བཤད་པའི་མུ་སྟེགས་བྱེད་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་དེ་དག་དང་། གཞན་ཡང་མུ་སྟེགས་བྱེད་དང་། བྲམ་ཟེ་བསམ་གྱིས་ མི་ཁྱབ་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ་ཐམས་ཅད་བསྟན་པ་འདི་ལ་བཅུག །ཡུལ་ཐམས་ཅད་དུ་ཆོས་གཞི་དང་། དགེ་འདུན་གྱི་སྡེས་ཁྱབ་པར་མཛད། །ཚད་མ་སྡེ་བདུན་སོགས་ཀྱི་བསྟན་བཅོས་ཀྱང་མང་དུ་བརྩམས་ཏེ། མདོར་ན་ ཆོས་ཀྱི་གྲགས་པ་ཉིད་ཀྱིས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལང་། །ཞེས་གསུངས་པ་ལྟར། དུས་དེ་ཙམ་ན་བསྟན་པའི་རྩ་ལག་གཅིག་པུ་ པ་ཡིན་ནོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་དང་། ཨཱརྱ་དེ་ཝ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་ པའོ། གཞན་ཡང་འདི་སྐབས་སཾ་པྲ་རཱུ་ཏའི་སློབ་མ་དབུ་མ་པ་དཔལ་སྦས་དང་། སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་ཀ་མ་ལ་གོ་མི་དང་། མངོན་པ་བ་དབྱིག་བཤེས་དང་། པཎྜི་ཏ་ཨ་མཱ་ར་སིདྷ་སོགས་ཀྱིས་ཀྱང་བསྟན་པ་གསལ་བར་མཛད་དོ། ། དེ་འོག་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྫོགས་མཚམས་ཤིག་ཏུ་ན་ལེནྡྲར་སློབ་དཔོན་དུལ་བའི་ལྷ་བྱུང་སྟེ། དེས་སྡེ་བདུན་ལ་འགྲེལ་པ་བྱས། སློབ་དཔོན་ཤུ་བྷ་མི་ཏྲ་དང་། ཚུལ་ཁྲིམས་བསྐྱངས་དང་། ཤཱནྟི་སཽ་མ་སོགས་ཀྱིས་རྣམ་རིག་གི་གྲུབ་མཐའ་བཟུང་ ནས། མདོ་སྡེ་དང་། འདུལ་བ་དར་བར་བྱས། དཔལ་སྦས་ཀྱི་སློབ་མ་སློབ་དཔོན་ཡེ་ཤེས་སྙིང་པོ་དང་། སློབ་དཔོན་ཙམ་ལ་པ་སོགས་ཀྱིས་ཀླུ་སྒྲུབ་ཀྱི་ལུགས་བསྐྱངས། བྷངྒ་ལའི་བྱེ་བྲག་ཧ་ཙི་པུ་ར་ཞེས་པར་བཙུན་པ་ངོ་བོ་ཉིད་མེད་པ་བྱོན་ཏེ། ཐོགས་མེད་ ལུགས་ཀྱི་དབུ་མ་རྒྱ་ཆེར་བཤད། ཐོ་གར་གྱི་ཡུལ་དུ་བྱེ་སྨྲའི་སློབ་དཔོན་འདུལ་བ་འཛིན་པ་ཆོས་ཀྱི་བཤེས་གཉེན་བྱོན། མ་རུའི་ཡུལ་དུ་འདུལ་འཛིན་བསོད་ནམས་གྲགས་དང་། ཙི་ཏ་བ་རའི་ཡུལ་དུ་འདུལ་འཛིན་ཞི་བ་འོད་དང་། ཁ་ཆེར་འདུལ་ འཛིན་མ་ཁོལ་བ་རྣམས་ཀྱིས་བསྟན་པ་སྤེལ་ལོ། །འདི་ཕྱིན་ཅད་དུ་རྒྱན་དྲུག་ལྟ་བུའི་བསྟན་པའི་གསལ་བྱེད་ཆེན་པོ་མང་དུ་མ་བྱོན་ཅིང་། འགའ་ཞིག་བྱོན་དུ་ཟིན་ཀྱང་དུས་དབང་གིས་བསྟན་པ་སྔ་མ་རྣམས་ཀྱིས་ལྟར་གསལ་བར་མ་ནུས་ཤིང་། སྔར་ཐེག་ཆེན་གྱི་དགེ་སློང་ལས་ཉན་ཐོས་ཀྱི་དགེ་སློང་ལྷག་པར་མང་བ་འདི་ཙམ་ནས་རྒྱལ་པོ་སོགས་དབང་ཆེ་བ་རྣམས་ཀྱིས་ཐེག་ཆེན་ཁོ་ན་མཆོད་པ་ཤས་ཆེ་བས། ཉན་ཐོས་པ་རྣམས་ཇེ་ཉུང་དུ་སོང་བའི་རྒྱུས་ཐེག་ཆེན་པ་མང་བར་བྱུང་ངོ༌། །དེ་ནས་པཱ་ ལའི་མིང་ཅན་གྱི་རྒྱལ་པོ་རྣམས་ཀྱི་ཐོག་མ་བྷངྒ་ལའི་ཡུལ་དུ་ཙུནྡའི་རིག་སྔགས་གྲུབ་ཅིང་ཀླུ་མོ་གདུག་པ་ཅན་བཏུལ་ནས། རྒྱལ་པོར་གྱུར་པ་གོ་པཱ་ལ་ཞེས་བྱ་བས། ཨོ་ཏནྟ་པུ་རི་དང་ཉེ་བར་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། བྷངྒ་ ལ་དང་མ་གདྷཱ་གཉིས་སུ་དབང་བསྒྱུར་ནས་དེ་དག་ཏུ་དགེ་འདུན་གྱི་སྡེ་མང་དུ་བཙུགས། བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་སོ། །འདི་སྐབས་ཞི་བ་འོད་དང་། བསོད་ནམས་གྲགས་ཀྱི་སློབ་མ་ཤཱཀྱ་འོད་དང་། དཱ་ན་ཤཱི་ལ་དང་། བཤེས་ གཉེན་དང་། ཤེས་རབ་གོ་ཆ་དང་། འདུལ་འཛིན་དཔའ་བོ་རྣམས་ཀྱིས་འགྲོ་དོན་མཛད། །ཤར་ཕྱོགས་སུ་སློབ་དཔོན་ཡེ་ཤེས་སྙིང་པོའང་བཞུགས། ཤཱཀྱ་བློ་གྲོས་དང་། ངང་ཚུལ་བཟང་པོ་དང་། རྒྱལ་པོའི་སྲས་གྲགས་པའི་ བཤེས་གཉེན་དང་། པཎྜི་ཏ་སའི་རྩ་ལག་རྣམས་ཀྱང་འདི་དུས་བྱུང་ང