Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 103_དཀར་ཆག

Văn bản gốc(Tây Tạng)

Trang 10 / 10 (50.000 ký tự/trang)
པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་
དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན་གང་གིས་སོམ་ཉི་མེད་པར་ཐོས་པ་ལྟ་ཅི་སྨོས། གང་
གིས་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། འཆང་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས་ཀྱང་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་
བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ་བདག་གིས་དེང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། དེ་ནི་ཇི་ལྟར་ད་ལྟར་ང་བཞིན་དུ་
ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་དང་། མཆོད་པའི་འོས་ཡིན་ནོ། །ཞེས་འབྱུང་བ་སོགས་མདོར་ན་མདོ་སྡེ་རེ་རེ་འབྲི་བ་ལའང་དེ་ལྟ་བུའི་ཕན་ཡོན་ཡོད་ན། མདོ་རྒྱུད་ཀྱི་གླེགས་བམ་མང་པོའི་ཕྱི་མོ་མི་ཟད་པའི་ཆོས་སྦྱིན་སྤེལ་བའི་ཕྱིར་པར་དུ་
བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ནི་ཕྱོགས་ཙམ་ཞིག་ཀྱང་བསྐལ་པ་བྱེ་བ་ཕྲག་མང་པོར་བརྗོད་པས་མཐའ་གཏུགས་པར་ནུས་པ་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང་གོང་དུ་ལུང་དྲངས་པ་རྣམས་ཀྱི་དགོངས་པས་སྐྱེ་འགྲོའི་བདེ་སྐྱིད་མཐའ་དག་སངས་རྒྱས་ཀྱི་བསྟན་པ་ལ་རག་
ལས་ཤིང་། སངས་རྒྱས་ཀྱི་བསྟན་པའང་བསྟན་པ་དེ་འཛིན་པར་བྱེད་པའི་སྐྱེས་བུ་དམ་པ་རྣམས་ལ་རག་ལས། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱང་བདེ་བར་གཤེགས་པའི་གསུང་རབ་ལ་ཐོས་བསམ་བསྒོམ་གསུམ་བྱས་པ་ལས་ཡིན་ཞིང་། དེའང་ཡི་གེའི་ཕྱི་མོ་
འཁྲུལ་བ་མེད་པ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་ལས་བྱུང་བ་ཡིན་པའི་ཕྱིར་སེམས་ཅན་གྱི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་པ་གཉི་གའི་རྩ་ལག་ཏུ་གྱུར་པ་འདི་ལྟ་བུ་ལ་ནི་བསོད་ནམས་བྱ་བའི་དངོས་པོ་གང་གིས་ཀྱང་བསྐྲུན་པར་མི་ནུས་པའི་ཕྱིར་རོ། །ཁྱད་པར་དུ་དེང་སང་
སྙིགས་མ་ལྔ་བདོ་བའི་མུན་ཀློང་སྟུག་པོར་གཡོ་བས་མཉམ་མེད་ཤཱཀྱའི་དབང་པོའི་བསྟན་པ་རིན་པོ་ཆེའང་ནུབ་པ་ལ་ཐག་མི་རིང་བའི་སྐབས་འདི་ལྟ་བུར་དམ་པའི་ཆོས་ཡུན་རིང་དུ་གནས་པའི་ཕྱིར་འབད་པ་ཆེན་པོས་བཟུང་བ་ནི་གཞར་ཡང་སྨན་ཡོན་གྱི་ཚོགས་བསམ་གྱིས་མི་ཁྱབ་
པ་སྟེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་བས། །འཇིག་
རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། ཆོས་འཇིག་དུས་ན་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་
རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམས་ཀྱང་རྒུད་མི་འགྱུར། །ལུས་ཀྱིས་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་
འགྱུར། །དེ་ནི་ཡིད་དུ་མི་འོང་བས། །ནམས་ཀྱང་འཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུང་བྱས་ན། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་གཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་སེམས་འགྱུར། །འཇིག་ཚེ་
རྒྱལ་བ་མཆོག་གི་ཆོས་བཟུང་བས། །བདེ་དང་དགའ་འཐོབ་མཛོད་ནི་མང་པོར་འགྱུར། །སྔོན་གྱི་རིམ་གྲོ་བྱ་བ་འཐོབ་འགྱུར་ཞིང་། །མི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོང་། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །དཔེར་ན་ནམ་མཁའི་སྐར་མས་ཡོངས་
གང་ལྟར། །རྟག་ཏུ་མཚན་གྱིས་གོ་ཆར་བྱས་པ་དང་། །རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་ལྡན་འགྱུར། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །གང་ན་ཡིད་བདེ་མེད་ཅིང་རབ་སྡུག་པ། །རིགས་དམན་དེ་ནི་དེ་ཡིས་སྤངས་པར་འགྱུར། །ཕྱུག་ཅིང་ཤིན་
ཏུ་བདེ་ལ་ལོངས་སྤྱོད་ལྡན། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །
མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་འགྱུར། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་གཟུགས་མཛེས་བལྟ་ན་སྡུག་པ་དང་། །སྐྱེས་
པ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར། །ཞེས་
དང་། གསེར་འོད་དམ་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་འཐོར་ཞིང་ནུབ་པར་མི་འགྱུར་བར་བྱེད་པ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་ཡིན་པས་བསོད་ནམས་ཇི་སྙེད་ཅིག་འཐོབ་པར་འགྱུར་བ་ནི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་
མཐར་ཐུག་པར་མི་འགྱུར་རོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་སོགས་པ་གང་ལ་ལ་ཞིག །མཆོད་པ་དང་བཀུར་སྟི་བྱས་ནས་ཡི་གེར་བྲིས་ཏེ་རྒྱ་ཆེར་སྤེལ་བ་དང་།
གཞན་དག་ལ་ཡང་དག་པར་སྟོན་པར་བྱེད་པས་ཐོབ་པའི་བསོད་ནམས་གང་ཡིན་པ་དེའང་དེ་བཞིན་ནོ། །ཞེས་གསུངས་པ་སོགས་མདོ་རྒྱུད་རྣམས་ནས་རྒྱ་ཆེར་འབྱུང་བ་ལྟར་རོ། །དེའང་དམ་པའི་ཆོས་འཛིན་པ་དངོས་ནི་མཛོད་ལས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་ལུང་གི་དམ་ཆོས་ཐོས་བསམ་གྱི་སྒོ་ནས་འཛིན་པ་དང་། རྟོགས་པའི་དམ་ཆོས་ཉམས་ལེན་གྱི་སྒོ་ནས་འཛིན་པ་གཉིས་གསུངས་པ་ཡིན་ཞིང་། དེ་ལ་གསུང་
རབ་ཀྱི་ཕྱི་མོ་གླེགས་བམ་གྱི་ཕྲེང་བར་འཁོད་པ་མེད་ན་ཐོས་བསམ་བྱེད་པ་མི་འབྱུང་ལ། དེ་མེད་པར་ཡང་སྒྲུབ་པ་ཉམས་ལེན་མི་འབྱུང་བས་ཆོས་ཡོངས་སུ་འཛིན་པའི་རྩ་བའང་འདི་ཉིད་ཁོ་ནར་ཤེས་པར་བྱའོ། །དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་གླེགས་བམ་གྱི་
ཕྱི་མོ་རྣམས་གང་དུ་བཞུགས་པའི་ས་ཕྱོགས་དེ་ཉིད་དུའང་དགེ་ལེགས་ཀྱི་མཚན་མ་མང་པོ་ཕུན་སུམ་ཚོགས་པར་འབྱུང་བ་ཡིན་ཏེ། བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཡུལ་གང་ན་མདོ་སྡེ་འདི་ལྟ་བུ་འདི་འཛིན་པ་དང་། ཆོས་
སྨྲ་བ་གནས་པའམ། ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ་ཡོད་པའི་ཡུལ་དེར་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཞེས་དང་། དེ་ཉིད་ལས་རྒྱལ་བའི་སྲས་པོ་
བྱམས་པས་ཞལ་གྱིས་བཞེས་པའི་ཚུལ་ཡང་། ཡུལ་གང་ན་མདོ་སྡེ་འདི་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་པའི་བསེར་མ་དང་། དགུང་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་།
འགོ་བའི་ནད་དང་། གནོད་པ་དང་འཁྲུགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། གླེགས་བམ་དུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་པ་ལ་མཆོད་པ་བགྱིད་པའི་ཡུལ་དེར་བདག་གི་བྱིན་གྱིས་བརླབས་
ཀྱིས་ཕ་རོལ་གྱི་ས་དམག་ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆང་བའི་ཡུལ་དེར། བདག་གིས་ལོ་ཏོག་དང་ནོར་དང་འབྲུ་དང་
མེ་ཏོག་དང་ལོ་མ་དང་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་པར་བགྱིའོ། །ཞེས་འབྱུང་བ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་ཀྱང་མདོ་དེ་ཉིད་ཀྱིས་མཚོན་ནས་ཐེག་ཆེན་གྱི་མདོ་རྣམས་གང་དུ་
བཞུགས་ཤིང་སྤེལ་བ་དང་མཆོད་པའི་རྒྱལ་པོ་སོགས་ཡོད་པ་དེར་རྒྱལ་པོ་ཆེན་པོ་བཞི་སོགས་ཀྱིས་སྐྱོང་བར་བྱེད་པའི་ཚུལ་རྒྱ་ཆེར་འབྱུང་ཞིང་ཁྱད་པར་དུ། བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གི་ཡུལ་དུ་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་འཆི་བར་འགྱུར་བའི་
ཡུལ་དེ་དག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་བསྙེན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས་མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་དེ་དག་
ལས་ཀུན་ཏུ་སྲུང་བར་བགྱིད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ནི། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་
བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང༌་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོས་ནམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་
ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བགྱིད་ན་བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བ་དང་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིའོ། །
བཙུན་པ་བཅོམ་ལྡན་འདས་ནཱམ་མིའི་རྒྱལ་པོས་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་ལ་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་ན་བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་
རྒྱལ་པོ་ཆེན་པོ་དེ་ལ་རྒྱལ་པོ་ཐམས་ཅད་པས་ཆེས་བསྟི་སྟང་དུ་བགྱི། ཆེས་བླ་མར་བགྱི། ཆེས་རིམ་གྲོར་བགྱི། ཆེས་མཆོད་པར་བགྱི་སྟེ་ཡུལ་ཐམས་ཅད་དུ་ཡང་རབ་ཏུ་བསྔགས་པར་བགྱིའོ། །ཞེས་སོགས་མདོ་རྣམས་ལས་རྒྱ་ཆེར་གསུངས་པ་སྨོས་ཀྱིས་མི་ལང་
ཞིང་། འདི་ལྟ་བུའི་བདེ་བར་གཤེགས་པས་གསུང་རབ་ཀྱི་གླེགས་བམ་རྒྱས་པའི་ཕྱི་མོའི་ཚུལ་གྱིས་སྙིགས་མའི་དུས་སུ་འགྲོ་བའི་དོན་མཛད་པར་སྣང་བའི་བདག་རྐྱེན་བསམ་པ་སྦྱོར་རྨ་མེད་པའང་རྒྱལ་བ་ཉིད་ཀྱི་རྣམ་པར་འཕྲུལ་པར་ཤེས་དགོས་ཏེ། འཕགས་པ་སངས་
རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་བུ་དག་དེ་བཞིན་ཏེ་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ༌། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང་།
ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཞེས་སོགས་ནས། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་
མོ་དང་། གསེར་དང་། དངུལ་དང་ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འདྲི་བ་དང་། འདྲིར་
གཞུག་པ་དང་། བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། །དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ་ཞེས་པའི་བར་དང་། དེ་བཞིན་
གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྦྱོར་བ་སྣ་ཚོགས་ཀྱིས་རིང་བསྲེལ་མཆོད་པ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། སྐུ་གཟུགས་བྱེད་དུ་གཞུག་པ་དང་། རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས་འབྱུང་བ་དང་། དགེ་སློང་གི་དགེ་འདུན་ལ་
མཆོད་པ་དང་། དམ་པའི་ཆོས་འདྲི་བ་དང་། བཀླག་པ་དང་། ཁ་ཏོན་དུ་བྱ་བ་ལ་སྤྲོ་བ་བསྐྱེད་པ་དག་གིས་ཀྱང་སེམས་ཅན་ཐམས་ཅད་ཐར་པར་མཛད་ཅེས་སོགས་གསུངས་པ་ལྟར་ངེས་པའི་ཕྱིར་རོ། །དག་པར། །གསུམ་པ་བསྔོ་སྨོན་གྱི་སྐོར། །སྤྱིར་ཐེག་པ་ཆེན་པོའི་བསྔོ་
བའི་རྣམ་གཞག །བསྔོ་བ་བགྱིད་དགོས་པའི་རྒྱུ་མཚན། ཇི་ལྟར་བསྔོ་བའི་ཚུལ། བསྔོ་སྨོན་གྱི་ཚིགས་སུ་བཅད་པ་དངོས་སོ། །དང་པོ་ལ་བསྔོ་བའི་ངོ་བོ་ངེས་ཚིག་དབྱེ་བ་སྟེ་གསུམ་མོ། །དང་པོ་ནི། རྣམ་དཀར་གྱི་ཡོན་ཏན་ཟག་བཅས་དང་ཟག་མེད་མཐའ་དག་མི་གནས་
པའི་མྱ་ངན་ལས་འདས་པའི་གོ་འཕང་གི་ཕྱིར་བློའི་སྟོབས་ཀྱིས་ཡོངས་སུ་བསྒྱུར་བ་སྟེ། དེའང་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་དཔའ་འདུན་དང་བཅས་པ་སྟེ། །ཞེས་དགེ་རྩ་བྱང་ཆུབ་ཏུ་སྟོབ་པར་བྱེད་པའི་འདུན་སེམས་ས་བོན་དང་བཅས་པར་
བཤད་ཅིང་། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ངེས་ཚིག་ནི་ལེགས་སྦྱར་གྱི་སྐད་དུ་པ་རི་ཎ་ཏ་སྟེ་ཡོངས་སུ་སྤེལ་བའམ་ཡོངས་སུ་བསྒྱུར་བ་ལ་བྱ་བས། དགེ་རྩ་ཟག་བཅས་
རྣམས་ཟག་མེད་དུ་བསྒྱུར་བའམ། འཛད་པར་འགྱུར་བའི་དགེ་རྩ་རྣམས་མི་ཟད་པར་སྤེལ་བའི་ཕྱིར་དེ་སྐད་དུ་གྲགས་སོ། །གསུམ་པ་དབྱེ་བ་ནི། སྤྱིར་སྐྱེས་བུ་གསུམ་གྱི་རིམ་པས་གསུམ་པ་དང་། དེ་རེ་རེ་ལའང་གཉིས་གཉིས་ཏེ་དྲུག་ཏུ་འགྱུར་ཡང་། འདིར་སྐྱེས་བུ་
ཆེན་པོ་སོར་བཞག་གི་དབང་དུ་བཏང་བར་བསྔོ་བ་མ་དག་པ་དང་། དག་པ་རྣམ་པ་གཉིས་སུ་འབྱེད་དོ། །དང་པོ་ནི། ཤེས་ཕྱིན་སྡུད་པ་ལས། ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །
འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོས་པར་ཆུད་མ་ཡིན། །ཞེས་དང་། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་
བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར་གང་དུ་བསྔོ་བའི་ཡུལ་དང་། གང་བསྔོ་བའི་དངོས་པོ་དང་། གང་གིས་བསྔོ་བའི་བྱེད་པ་པོ་སྟེ་འཁོར་གསུམ་ལ་མཚན་མར་བཟུང་ནས་བསྔོ་བ་བྱེད་པའོ། །གཉིས་པ་ནི། མདོ་
དེ་ཉིད་ལས། གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །ཞེས་གསུངས་པ་ལྟར་འཁོར་གསུམ་
དམིགས་བྲལ་གྱི་བསྔོ་བ་ཉིད་དོ། །ཕྱི་མ་བསྔོ་བ་རྣམ་པར་དག་པ་འདི་ཉིད་ལ་ནང་གསེས་སུ་དབྱེ་ན་མངོན་པར་རྟོགས་པའི་རྒྱན་ལས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་
བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང་། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །
ཞེས་བཤད་པ་ལྟར་རྣམ་པ་བཅུ་གཅིག་ཏུ་འགྱུར་ཏེ། འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བར། མི་དམིགས་པའི་རྣམ་པ་ཅན་གྱི་ཡོངས་སུ་བསྔོ་བ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་དམ་པའི་ཆོས་གནས་པའི་བར་གྱི་ཚུལ་ཁྲིམས་
ལ་སོགས་པའི་ཕུང་པོ་རྣམས་དང་། དེ་ཡོངས་སུ་བསྡུས་པ་དང་། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་པ་དང་། རྣམ་པར་གྲོལ་བར་བྱས་པའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རངས་ཤིང་ཡོངས་སུ་བསྔོས་ནས་དངོས་
པོ་གང་ཞིག་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། དངོས་པོ་དང་། དམིགས་པ་དང་། བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ནི་གང་ཡིན་ཞེས་བྱ་བ་དང་། སེམས་ནི་ཟད་ཅིང་འགགས་ལ་བྲལ་ཞིང་
རྣམ་པར་གྱུར་པ་ཉིད་ཅེས་བྱ་བ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་རྗེས་སུ་འགྲོ་བ་མི་དམིགས་པའི་རྣམ་པར་ཡོངས་སུ་བསྔོས་པ་ལེགས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་ནི་རིགས་སོ། །དམིགས་པ་ནི་ཆོས་ཐམས་ཅད་
དོ། །བྱང་ཆུབ་ཀྱི་ཆེད་དུ་བྱ་བའི་སེམས་ནི་འཛིན་པར་བྱེད་པའི་རྣམ་པར་རྟོག་པའོ། །དགེ་བའི་རྩ་བ་ནི་མ་ཆགས་པ་ལ་སོགས་པའོ། །བསོད་ནམས་བྱ་བའི་དངོས་པོ་ནི་སེམས་པའོ། །ཟད་པ་ནི་བསགས་པ་རྣམ་པར་འཇིག་པས་སོ། །འགག་པ་ནི་རྒྱུན་གྱིས་འཇིག་པས་
སོ། །བྲལ་བ་ནི་རང་བཞིན་གྱིས་འཇིག་པས་སོ། །རྣམ་པར་གྱུར་པ་ནི་རྣམ་པར་འགྱུར་བའི་རྣམ་པར་འཇིག་པས་སོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱི་ཡོངས་སུ་བསྔོ་བ་ནི། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས། དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ནོ། །དེའི་ཅིའི་
ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་གང་གསུངས་པ་ཡིན་ནོ། །དབེན་པའི་གནས་སུ་བསྔོ་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་ལ་སོགས་པས་དབེན་པར་ཤེས་ཏེ།
ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཉིད་ཀྱི་ངོ་བོས་དབེན་པར་ཤེས་ཏེ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་དགེ་བའི་རྩ་བའི་རིགས་སུ་གཏོགས་པའི་རང་བཞིན་དྲན་པའི་ཡོངས་སུ་བསྔོ་བ་ནི། སངས་རྒྱས་ཀྱི་དགེ་བའི་
རྩ་བ་རྣམས་རིགས་གང་དག་ཡིན་པ་དང་། རང་བཞིན་གང་ཡིན་པ་དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་དེ་ཡོངས་སུ་བསྔོ་བར་ས་བྱེད་པ་ཞེས་གང་གསུངས་པ་ཡིན་ནོ། །ཐབས་མཁས་པའི་ཡོངས་སུ་བསྔོ་བ་ནི་འདིར་བྱང་ཆུབ་སེམས་དཔའ་ཆེན་པོས་ཐབས་ལ་མཁས་པ་དེ་
དག་ལ་བསླབ་པར་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི། ཁ་ཟས་དུག་དང་བཅས་པའི་དཔེས་མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་ནི་དུག་ཅན་ཟུག་རྔུ་ཅན་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སངས་
རྒྱས་ཀྱི་རྗེས་སུ་གནང་བའི་བསྔོ་བ་ནི། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས་མཁྱེན་པ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཁམས་གསུམ་དུ་གཏོགས་པ་མ་ཡིན་པའི་ཡོངས་སུ་
བསྔོ་བ་ནི། གཞན་ཡང་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཟུགས་ཁམས་གསུམ་གྱི་ཁོངས་སུ་ཆད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བའང་ཆུང་ངུ་དང་། འབྲིང་དང་།
ཆེན་པོའི་དབྱེ་བས་རྣམ་པ་གསུམ་ཡིན་ནོ། །དེ་ལ་ཆུང་ངུ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ་མངོན་པར་ཤེས་པ་ལྔ་ཞེས་བྱ་བའི་བར་དང་། འཇིག་རྟེན་པའི་རྟོག་པ་ལ་གནས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་
ཅན་གྱི་དཔེས་ཡོངས་སུ་བསྔོ་བ་འདི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་གང་གསུངས་པའོ། །འབྲིང་ནི། ཡང་དེ་སྙེད་ཅིག་ཁོ་ན་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པར་གྱུར་པ་ལ་བཀུར་སྟི་དང་། མཆོད་པ་ལ་སོགས་པ་བྱས་པའི་བསོད་ནམས་ཀྱི་
དཔེས། བསོད་ནམས་འདི་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །ཆེན་པོ་ནི་སེམས་ཅན་དེ་སྙེད་ཁོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རེ་རེས་མཆོད་པའི་བསོད་ནམས་ཀྱི་དཔེས་མི་
དམིགས་པར་ཡོངས་སུ་བསྔོ་བའི་བསོད་ནམས་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་མི་དམིགས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཞེས་མདོ་དང་སྦྱར་ནས་རྒྱས་པར་བཀྲལ་ལོ། །གཉིས་པ་བསྔོ་བ་བགྱིད་དགོས་
པའི་རྒྱུ་མཚན་ནི། འདུས་བྱས་ཀྱི་དགེ་བའི་རྩ་བ་ཤིན་ཏུ་སྟོབས་ཆེ་བ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་མ་བྱས་ན་ཕལ་ཆེར་ལྷ་མི་ལ་སོགས་པའི་བདེ་འབྱོར་གྱི་འབྲས་བུ་བྱུང་ནས་ཟད་པར་འགྱུར་ཞིང་། འགའ་ཞིག་ནི་ཀུན་དཀྲིས་དྲག་པོ་ལ་སོགས་པའི་རྐྱེན་གྱིས་བར་མདོར་
ཆུད་ཟ་བའང་ཡོད་པས་སོ། །བྱང་ཆུབ་ཏུ་ཡང་དག་པར་བསྔོས་ཟིན་ནས་ནམ་ཡང་ཉམས་པར་མི་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཚིག་ལྷུག་པར་གསུངས་པའི་དོན། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐེམས་བར་དུ་དེ་མི་སྐེམ། །དེ་
བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཞེས་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་ལས། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་
འཛིན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་ཏེ། གང་གི་ཚེ་སྦྱིན་པ་ཆུང་ངུའང་དཔག་ཏུ་མེད་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དཔག་ཏུ་མེད་པའི་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་འབྱུང་ངོ་། །གསུམ་པ་ཇི་ལྟར་བསྔོ་བའི་ཚུལ་ལ། བསྔོ་རྒྱུའི་དགེ་རྩ་ངོས་བཟུང་། དེ་བསྔོ་ཚུལ་དངོས་བཤད་པའོ། །དང་པོ་ནི་རྒྱལ་བའི་ཡུམ་ལས། ཕྱོགས་བཅུའི་འཇིག་རྟེན་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་གཞལ་དུ་མེད་ཅིང་གྲངས་མེད་པ་ཡོད་པའི་ཕྱོགས་རེ་རེའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ལམ་ཆད་པ་འཇུག་པ་ཆད་པ་སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པ་མཆི་མ་ཟད་པ་ཚེར་མ་བཅོམ་
པ་ཁུར་ཤིན་ཏུ་བོར་བ་བདག་གི་དོན་རྗེས་སུ་ཐོབ་པ་སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་སེམས་པ་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་གཞལ་དུ་མེད་ཅིང་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་
གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་
ངན་ལས་འདས་པའི་བར་དང་། དམ་པའི་ཆོས་ནུབ་པར་མ་གྱུར་པའི་བར་ཏེ། དེ་དག་གི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གང་ཡིན་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསོད་
ནམས་མངོན་པར་འདུ་བྱེད་པ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་
གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་གང་ཡིན་པ་རྣམས་དང་། ཕན་པར་བཞེད་པ་གང་ཡིན་པ་དང་བྱམས་པ་ཆེན་པོ་གང་ཡིན་པ་དང་སྙིང་རྗེ་ཆེན་པོ་གང་ཡིན་པ་དང་སངས་རྒྱས་ཀྱི་ཡོན་ཏན་གཞལ་དུ་མེད་ཅིང་གྲངས་མེད་པ་གང་ཡིན་པ་རྣམས་དང་།
སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དང་། ཆོས་དེ་ལ་གང་གིས་བསླབས་པ་དང་ལྷག་པར་མོས་པ་དང་གནས་པ་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་གང་ཡིན་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་
དག་རང་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་རྣམས་དང་། གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དག་གི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བའི་རྩ་བ་དང་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་དང་སློབ་པའི་
ཟག་པ་མེད་པའི་དགེ་བའི་རྩ་བ་གང་ཡིན་པ་རྣམས་དང་། མི་སློབ་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་གང་ཡིན་པ་རྣམས་དང་། ཆོས་དེ་ལ་སོ་སོའི་སྐྱེ་བོ་གང་དག་གིས་དགེ་བའི་རྩ་བ་བསྐྲུན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་
དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་གང་དག་གིས་ཆོས་དེ་ཐོས་ཏེ་ཐོས་ནས་ཀྱང་དགེ་བའི་རྩ་བ་བསྐྲུན་པ་དང་། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་གིས་ཆོས་དེ་ཐོས་ཏེ་ཐོས་ནས་ཀྱང་དགེ་བའི་རྩ་བ་བསྐྲུན་པ་དང་། སེམས་ཅན་གང་
དག་གིས་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་དགེ་བའི་རྩ་བ་བསྐྲུན་པ་སྟེ། ཞེས་དུས་གསུམ་ལ་སྦྱར་ཏེ་གསུངས་པ་དང་། ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་ལས། འགྲོ་
ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །ཞེས་གསུངས་པ་ལྟར། བདག་གཞན་འཁོར་འདས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་མ་ལུས་པ་རྣམས་བསྔོ་བར་བྱ་བ་ཡིན་ནོ། །བསྔོ་བ་བྱེད་པ་པོ་རང་ཉིད་
ཀྱིས་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དཔང་པོར་གསོལ་ཏེ་ལྷག་པའི་བསམ་པ་རྩེ་གཅིག་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཁྱབ་པར་བལྟས་ཏེ། དེ་དག་གི་དོན་བླ་ན་མེད་པ་བསྒྲུབ་པར་བྱ་བའི་ཆེད་དུ་རང་ཉིད་
ཀྱིས་དགེ་བའི་རྩ་བ་བྱས་པ་དང་། བྱ་བར་འགྱུར་བ་དང་། བྱེད་བཞིན་པའི་དགེ་བའི་རྩ་བ་དེས་མཚོན་ནས་བཤད་མ་ཐག་པའི་བསྔོ་རྒྱུའི་དགེ་བ་སྲིད་དོ་འཚལ་དེ་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ་དེ་དག་ལ་རྗེས་སུ་ཡི་རང་བ་དང་བཅས་པས་བླ་ན་མེད་པའི་བྱང་
ཆུབ་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མྱ་ངན་ལས་འདས་པ་ཆེན་པོར་དམིགས་པ་མེད་པའི་ཚུལ་གྱིས་སྒྱུ་མ་ལྟ་བུར་ཡོངས་སུ་བསྔོ་བ་སྟེ། མདོ་སྡུད་པ་ལས། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། །ཞིང་མང་མཐའ་ཡས་བྱེ་སྟོང་
དག་ན་གང་བཞུགས་དང་། །གང་ཡང་མྱ་ངན་འདས་པའི་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ཆོས་སྟོན་པ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་
བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་
ཞིང་། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་སོགས་གསུངས་པ་ལྟར་རོ། །དེའང་འཁོར་གསུམ་ཡོངས་དག་གི་བསྔོ་བ་མཚན་ཉིད་པ་ནི་འཕགས་པ་རྣམས་ཀྱི་ཡིན་པས་ལས་དང་པོ་པ་དག་གིས་ནི་དང་པོར་ཀུན་རྫོབ་པའི་བསྔོ་བ་འདུན་པ་དྲག་པོ་
ཅན་གྱིས་འཕགས་པ་རྣམས་ཀྱི་རྗེས་སུ་སློབ་པར་མོས་པས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་མཆོག་གི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །
ཞེས་པ་ལྟར་བསྔོ་བ་དང་། རྗེས་སུ་དོན་དམ་པའི་དེ་ཁོ་ན་ཉིད་དྲན་པ་བློས་རེས་འཇོག་ཏུ་བྱ་བ་ཡིན་ནོ། །དེ་ལྟར་བསྔོ་བའི་ཚུལ་ལས་བརྩམས་པའི་འཕྲོས་དོན་སྨོས་ནས། གསུམ་བ་ལེགས་བྱས་རྒྱུ་ཆེན་པོ་འདི་ཉིད་ལས་བརྩམས་པའི་བསྔོ་སྨོན་གྱི་ཚིགས་སུ་
བཅད་པ་དངོས་ནི། དཎྜིའི་གཞུང་ལུགས་ལས་འབྱུང་བའི་ཚིག་གི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་བྱས་ཏེ་ཅུང་ཟད་ཅིག་སྨྲ་བ་ནི་འདི་ལྟའོ། །མངྒ་ལ་ཤེ་ཡསིདྡྷིབྷ་བ་ཏུ། གང་ཞིག་དང་པོར་རིག་བྱེད་རྣམ་འབྱིན་གདོང་བཞི་བ་དང་ཤིས་བརྗོད་
ཉན། །སྲེད་མེད་བུ་དང་དྲག་པོ་སྐེམ་བྱེད་ལོག་འདྲེན་ལ་སོགས་ཆེར་སྙེམས་དག །མངོན་པར་འདར་ལྡན་གཙུག་གི་ནོར་བུས་གང་གི་ཞབས་པད་རབ་བརྟེན་པ། །ཉི་མའི་རིགས་འཁྲུངས་ཀུན་ཏུ་བཟང་པོ་ཐུབ་པ་རྣམས་ཀྱི་ཐུབ་མཆོག་དང་། ༡ །ལྷ་ཡི་རྫིང་རིང་
ཡོངས་སུ་བལྟམས་པའི་ཞིང་མང་དག་ན་མཛེས་གྱུར་པ། །ཉི་མ་ལྟ་བུའི་རྣམ་འདྲེན་ཇི་སྙེད་དེ་སྙེད་རྒྱལ་བའི་མྱུ་གུ་ཡང་། །བསམ་མི་ཁྱབ་བཅས་མོས་པའི་ཁང་བཟང་རབ་ཏུ་ཉམས་དགའ་འདིར་གཤེགས་ལ། །ལེགས་བྱས་ཕྲེང་བ་དོན་ལྡན་ཉིད་དུ་བརྣགས་པའི་
རེ་བ་ཡོངས་རྫོགས་མཛོད། ༢ །ཕྱོགས་བཅུའི་འཇིག་རྟེན་རྒྱ་མཚོ་རྣམས་སུ་རྒྱལ་བ་སྲས་དང་སློབ་མར་བཅས། །གང་དག་འདས་དང་མ་བྱོན་པ་དང་ད་ལྟར་འཚོ་ཞིང་གཞེས་རྣམས་ཀྱི། །དཔག་ཡས་ཡོན་ཏན་རིན་ཆེན་འབྱུང་གནས་འཛད་པ་མེད་པའི་ཚུལ་ཉིད་
དང་། །རྒ་ན་འཆི་སོགས་འདམ་དུ་བྱིང་བའི་འགྲོ་བ་རབ་སྒྲོལ་ཕྲིན་ལས་ཆེ། ༣ །དེ་བཞིན་འཇིག་རྟེན་སོ་སྐྱེས་རྣམས་ཀྱིས་ངང་ཚུལ་དགེ་བས་ཉེར་བསྐྲུན་པའི། །སྦྱིན་ལ་སོགས་པ་ཟླ་འོད་དུང་དང་ཀུནྡ་ལྟ་བུའི་ལེགས་བྱས་ཀྱི། །ཕྲེང་བ་རྒྱ་ཆེན་ཚད་མེད་ནམ་མཁའི་ཁོར་
ཡུག་ཁོངས་སུ་རབ་འབར་བ། །དེ་དག་རྗེས་སུ་ཡིད་རབ་དང་བའི་མཆོད་ཡོན་ཅི་ཡང་སྤྲོ་བར་བྱ། ༤ །ཁྱད་པར་འདི་ན་ས་ཡི་དབང་ཕྱུག་ཡིད་རབ་སྤྲོ་བའི་ཆུ་མཚོ་ལས། །སྔོན་བསགས་ལེགས་བྱས་གསེར་གྱི་སྒོ་ང་སྙིང་སྟོབས་དྲོད་ཀྱིས་བགོས་པ་ན། །རྣམ་དཀར་
ཡོན་ཏན་སྲིད་པ་རྣམ་བཀོད་གསུང་རབ་ཕྱི་མོ་ཚངས་པའི་སྤུན། །གསར་དུ་འཁྲུངས་པའི་བསོད་ནམས་དཔག་ཡས་ཕ་མཐའ་མེད་འདི་ངོ་མཚར་ཕུལ། ༥ །དགེ་བའི་རྦ་རླབས་མངོན་པར་བརྩེགས་པ་གྲགས་པའི་སྤྲིང་ཡིག་ཕྱོགས་ཀུན་ཏུ། །འདྲི་བའི་ཕྱག་རྒྱ་རབ་ཏུ་གཡོ་
ལྡན་བསོད་ནམས་ཀླུང་ཆེན་འདིས་མཚོན་ཏེ། །སྲིད་དང་ཞི་བ་ཟག་བཅས་ཟག་མེད་ལེགས་བྱས་ཆུ་རྒྱུན་ཇི་སྙེད་པ། །རབ་ཞིའི་བདེ་དབྱིངས་ཆུ་གཏེར་ཆེན་པོར་ངལ་འཚོའི་སླད་དུ་འཇུག་གྱུར་ཅིག ༦ །དེ་ཡི་མཐུ་ལས་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་འདི་དང་གཞན་ཡང་རུང་།
ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་གྱུར་པའི་རྒྱུ་དང་མི་རྒྱུའི་འཇིག་རྟེན་དུ། །ཤིས་པའི་མཚན་མ་འབྱམས་སུ་ཀླས་པས་ཐར་མཆོག་འདོད་དགུར་འཇོ་བའི་འཛུམ། །ཉིན་མོར་བྱེད་པའི་སྣང་བ་ཁྲག་ཁྲིག་ཟིལ་གྱིས་གནོན་བཞིན་གསལ་གྱུར་ཅིག ༧ །དེ་དག་རྣམས་
སུ་སྡང་དང་སེར་སྣ་རྨོངས་པའི་ཚོགས་ཀྱིས་བྱིན་པ་ཡི། །མི་བཟད་དམྱལ་དང་གཤིན་རྗེའི་རིས་དག་དེ་བཞིན་དུད་འགྲོ་བླུན་པ་རྣམས། །རང་གི་ཚུལ་ལ་ངོ་ཚ་བཞིན་དུ་མི་བཟད་རང་གི་གནས་བཏང་ནས། །སྣང་བའི་གནས་སྐབས་ནམ་ཡང་མི་རྙེད་མིང་གི་ལྷག་མ་
ཉིད་གྱུར་ཅིག ༨ །མི་ཡི་འཇིག་རྟེན་ཐུབ་མཆོག་ཆོས་ཀྱི་ཟླ་རིས་མཛེས་པ་སྣང་གྱུར་པའི། །བསོད་ནམས་མེ་ལོང་དང་བའི་མགྲོན་གྱིས་ཡང་ཡང་གཉེར་བྱས་མཛའ་ན་མོ། །རྫོགས་ལྡན་ན་ཕྲའི་ཕང་པར་འཛེགས་པའི་སྐལ་བ་མཆོག་གི་དུས་སྐབས་ཅན། །
ནུབ་པ་མེད་པའི་གོ་འཕང་མཆོག་ལས་རྟག་ཏུ་གཡོ་བར་མ་གྱུར་ཅིག ༩ །ལྗོངས་འདིས་ཉེར་མཚོན་འཛིན་མའི་གཞི་ལ་ལེགས་བྲིས་པ་རྣམས་དགའ་སེམས་ཀྱིས། །ལག་འགྲོའི་དབང་པོ་གྲོགས་སུ་སྤྲན་ནས་གླང་པོ་བསྒྱིངས་ལྟའི་ཆུ་འཛིན་ཕྲེང་། །དུས་དང་དུས་སུ་
སྟག་པོར་བྲེས་ལས་བདུད་རྩིའི་ཟེག་ཆར་འབྱེད་པ་ཡིས། །ལོངས་སྤྱོད་དུ་འོས་རྩ་བ་སྡོང་བུ་ལོ་མ་འབྲས་བཅས་བདོ་གྱུར་ཅིག ༡༠ །སྐྱེ་བོ་མི་བསུན་དྲེགས་པས་རབ་མྱོས་མིག་དམར་སྨིན་མ་བསྒྱུར་བཞིན་དུ། །མཚོན་རྣོན་ལྷན་
ཅིག་རྡུལ་བཅས་བ་སྤུ་རྣམ་པར་གཟེངས་པས་གཡུལ་འགྱེད་དང་། །རྡེག་དང་གཞུ་དང་གཤེགས་དང་འཆིང་བྱེད་མི་བཟད་དམོད་པ་སྤྲོ་བ་སོགས། །སྡང་བའི་རྣམ་འགྱུར་རིང་དུ་སྤངས་ནས་སྐྱེ་དགུ་བྱམས་པས་འཚོ་གྱུར་ཅིག ༡༡ །བརྗེད་བྱེད་ལ་སོགས་
བགེགས་ཀྱི་ཚོགས་དང་ཤ་ཟ་གཏུམ་པོ་བརྩེ་མེད་པ། །ཁྲག་དྲོན་འཐུང་ལ་ཧ་ཧ་ཞེས་སྒྲོགས་དགའ་བཞིན་རྒྱུག་པར་བྱེད་རྣམས་ཀྱང་། །བྱམས་པའི་ཆབ་ཀྱིས་ཡང་ཡང་བཀྲུས་པས་དགའ་བའི་འཛུམ་འོད་འབྱིན་པའི་གདོང་། །སྐྱེ་དགུ་རྣམས་
ལ་གཉེན་བཞིན་གནས་པས་ཕན་པ་ཉིད་དུ་སྤྱོད་གྱུར་ཅིག ༡༢ །ཉོན་མོངས་རྒྱས་པའི་དམོད་པ་ལས་སྐྱེས་འཕེལ་ཟད་འཁྲུགས་པ་འདམ་བུའི་ཚལ། །སྐྱེ་འགྲོའི་འཚོ་བ་བིཉྩའི་རིགས་རྣམས་ངེས་པར་འཇོམས་པའི་གཤེད་མ་རུ། །རླུང་མཁྲིས་བད་
ཀན་ལྕགས་ཀྱི་འཁྲུལ་འཁོར་མངོན་སུམ་ཉིད་དུ་སྣང་བ་དག །དྲང་སྲོང་མཆོག་གི་དམོད་པ་འདི་ཡིས་སླར་ཡང་ཞི་བ་ཉིད་གྱུར་ཅིག ༡༣ །མ་མ་སྡུ་གུར་ཡང་ཡང་བྱས་པའི་སེམས་ཅན་འདི་དག་དུས་མཐའ་ཡི། །སྙིགས་མའི་ཚོགས་ཀྱིས་བློང་པོར་གྱུར་
པ་གཡུལ་གྱི་ས་ཡི་རྡུལ་བཞིན་དུ། །བར་མཚམས་མེད་པར་སྡིག་པའི་ཁྲོད་དུ་རྣམ་པར་འཕྱན་པས་ཉམ་ཉེས་པ། །ལེགས་བྱས་མཚུངས་མེད་སྤྲིན་གྱི་མྱུ་གུས་རྣལ་མ་ཉིད་དུ་འཚོ་གྱུར་ཅིག ༡༤ །དཔུང་སྐྱེས་རྣམས་ཀྱང་རྒྱ་མཚོའི་གོས་ཅན་དགེ་བའི་ཚུལ་
གྱིས་ལེགས་སྐྱོང་ཞིང་། །གཙུག་ལག་གཉིས་ཀྱི་གདུགས་དཀར་རབ་བཟུང་ཕན་བདེའི་གྲིབ་བསིལ་ཕྱོགས་རྫོགས་པས། །འབངས་རྣམས་ཉེར་འཚོའི་དཔལ་གྱི་སླད་དུ་ངལ་བ་མཐའ་དག་དེར་སངས་ཏེ། །ལྷ་རྣམས་ཀྱིས་ཀྱང་མགྲིན་པ་བསྟོད་ནས་བསྔགས་
པའི་མེ་ཏོག་འཐོར་གྱུར་ཅིག ༡༥ །འཇིག་རྟེན་ཀུན་ཏུ་ཕན་བདེའི་རྩ་ལག་ཐུབ་མཆོག་རྣམས་ཀྱི་བསྟན་པ་གང་། །ཐོས་པས་བདུད་རྩི་རབ་ཏུ་བཞིབས་ནས་དཔྱོད་པས་རོ་ཡང་ཤེས་བྱེད་ཅིང་། །བསྒོམས་པས་ལང་ཚོ་ཡོངས་སུ་བརྟས་བྱེད་ཐར་པའི་བཅུད་ཀྱིས་ལེན་
པ་དང་། །ལྟ་ནུབ་པ་མེད་པའི་སྣང་བྱེད་མཆོག་ཏུ་ཀུན་ནས་ཀུན་ཏུ་གསལ་གྱུར་ཅིག ༡༦ །བླ་གོས་ཚོགས་ཀྱིས་ཐུན་མཚམས་སྤྲིན་གྱི་ཁེངས་པ་འཕྲོག་བྱེད་དེས་འཁྱུད་པའི། །འདུས་པ་ཆེན་པོ་སྤོང་དང་ཀློག་པའི་འཁོར་ལོ་གཉིས་ཀྱིས་དུས་འདའ་བ། །རིག་
དང་གྲོལ་ལྡན་སྐྱེས་བུའི་ཚོགས་ཀྱིས་ཁྱབ་འཇུག་རྐང་པ་བཀོད་པའི་གནས། །དོག་པོར་བྱས་ཏེ་ཆོས་ཀྱི་སྒྲོན་མས་ལམ་གསུམ་ཡོངས་སུ་སྣང་གྱུར་ཅིག ༡༧ །ཐུབ་བསྟན་ཀུནྡ་རྣམ་པར་དགོད་པའི་དཔུང་གཉེན་རྩ་ལག་མཆོག་གྱུར་པ། །དགེ་བའི་བཤེས་གཉེན་
རིགས་པར་སྨྲ་བའི་སྟོན་ཀའི་ཟླ་བ་དྲི་མེད་རྣམས། །ལྟ་ངན་ར་རི་ནམ་ཡང་མི་འཛིན་གཟུ་བོའི་མཁའ་ལ་རྟག་ཤར་བས། །སྲིད་པའི་དགོན་པར་དུབ་པ་རྣམས་ལ་བསིལ་ཟེར་ཅི་ཡང་སྦྱིན་གྱུར་ཅིག ༡༨ །ཉེས་བརྒྱ་བདོ་བ་མཱ་ཀ་ར་ཡི་མཆེ་བའི་ཕྲག་ལ་གནས་
བཅས་པའི། །དུས་མཐའི་ཆབ་ཀྱིས་མྱུར་བར་བདའ་བྱེད་ཉམ་ཐག་སྲོག་ཆགས་འདི་ཀུན་ཀྱང་། །ཟབ་དོན་མཆོག་གི་བདུད་རྩི་ལྡུག་པའི་ཡོལ་གོ་ལྟ་བུར་གྱུར་པ་ནས། །ཆོས་ཀྱི་འཚོ་བ་ཡི་དྭགས་ཚོགས་ཀྱིས་དབྲོག་ནུས་མིན་པ་ཉིད་གྱུར་ཅིག ༡༩ །ཁྱད་
པར་དུ་ཡང་ལེགས་བྱས་མཆོག་འདི་གང་གིས་རྩོམ་བྱེད་མི་ཡི་བདག །སྲས་དང་བཙུན་མོ་བློན་འབངས་བཅས་པ་མེ་ཏོག་ཕྲེང་ལྟར་དངར་བ་འདིའི། །དགེ་ནས་དགེ་བའི་གོ་སར་བགྲོད་འདོད་རེ་བའི་མྱུ་གུ་མ་རྨས་པར། །དོན་གྱི་དངོས་པོ་ཕུན་སུམ་
ཚོགས་འབྱོར་འབྲས་བུ་གཡུར་དུ་ཟ་གྱུར་ཅིག ༣༠ །བགྲང་ཡས་བསྐལ་པར་འཁོར་བའི་མུན་རུམ་ཟབ་མོ་ཉིད་ཀྱི་ཕུག་ནང་དུ། །མི་བཟད་སྡུག་བསྔལ་བྱེ་བ་བརྒྱ་ཡི་རི་མོ་རྣམ་བཀོད་སྡིག་པའི་ཚོན། །ཅི་ཡང་འདུས་བྱས་ཕུང་པོར་སྤུངས་ན་ལྷུན་པོའི་
གཏོས་དང་མཉམ་པ་གང་། །རྩ་བ་རུལ་པའི་ལྗོན་ཤིང་བཞིན་དུ་འབྲས་འབྱིན་ནུས་པ་མེད་གྱུར་ཅིག ༢༡ །ཚེ་རབས་འདིར་ཡང་གྲགས་པའི་སྤྲིང་ཡིག་ཕྱོག་ས་ཀྱི་རྒྱལ་ཕྲན་མགོ་བོ་ལ། །རྣམ་པར་འགོད་པའི་བསོད་ནམས་ཕུངས་
པོ་ཆོས་ཀྱི་བཞིན་རས་བརྒྱ་འཆར་བའི། །ནོར་བུའི་རྩིག་པ་ཡིད་འོང་མཛེས་ལྡན་དམ་པའི་ཚུལ་ལུགས་བ་གམ་ཅན། །ཉེས་པའི་ར་རིས་ཤིན་ཏུ་དབེན་པ་ཡོན་ཏན་ཀུན་གྱི་མཛོད་གྱུར་ཅིག ༢༢ །ཆོས་ལས་བྱུང་བའི་འཚོ་བ་ཕུན་ཚོགས་རྣམ་སད་དབང་
པོའི་བཏུང་བ་ཡིས། །ཡང་ཡང་གསོས་པ་འཆི་མེད་དཔལ་སྟེར་མགོན་པོ་ཡིས་ཀྱང་བྱིན་རླབས་ནས། །བགྲང་བྱ་མང་པོར་ལེགས་བྱས་རྒྱ་ཆེན་ཛམྦུའི་བུ་མོའི་ཡབ་གཅིག་ཏུ། །གངས་ཅན་རི་ཡི་བརྟན་པ་ཆེན་པོའི་དཔལ་ནི་ཉེ་བར་གནས་གྱུར་
ཅིག ༢༣ །གང་གི་བཀའ་ཁྲིམས་གསེར་གྱི་འཁོར་ལོས་ཕྱོགས་ཕྱོགས་དག་ཏུ་མངའ་བསྒྱུར་ནས། །དགེ་བཅུའི་ར་བར་འདའ་བ་མེད་པའི་བཀའ་རྟགས་ཕྱག་རྒྱ་བྱིན་པ་ཡིས། །ཆབ་འབངས་མཐའ་དག་རྫོགས་ལྡན་དང་པོར་འཛེག་པ་མེད་པར་བརྟོལ་ནས་
སུ། །སྡེ་བཞི་རྒྱས་པའི་ཏམྦུ་ར་ལས་ཀུན་དགའི་གླུ་དབྱངས་ལེན་གྱུར་ཅིག ༢༤ །ངོ་མཚར་གཏམ་གྱི་འཇུག་ངོགས་གཅིག་པུ་ཕན་བདེའི་དཀྱིལ་འཁོར་རྒྱས་པ་ཅན། །དམ་པ་རྣམས་ཀྱི་ཐུགས་ཀྱི་དཔལ་བེའུ་མཛེས་པར་བྱེད་པའི་འོད་འཕྲོ་བ། །
ཕྱི་དུས་འདི་ན་དྲེགས་ལྡན་དག་གི་རལ་པའི་ཐོར་ཏོས་ཡོངས་བཏུད་པའི། །ས་བདག་མཆོག་གི་ཆབ་སྲིད་ཟླ་བ་ནུབ་མེད་མངོན་པར་མཐོ་གྱུར་ཅིག ༢༥ །འགྲོ་མང་སེམས་ཀྱི་རྗེས་སུ་འཇུག་པ་ཐབས་མཁས་ཟེའུ་ཁ་བརྒྱ་ལྡན་པའི། །བདེ་བར་གཤེགས་
པའི་བསྟན་པ་དྲི་མེད་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ཆེ། །གང་གི་སྙིང་སྟོབས་རྡོ་རྗེས་གཏམས་པའི་ཕྲག་པར་ངལ་འཚོ་རྟེན་བྱེད་པ། །རྟག་ཏུ་མི་ཉམས་རྣམ་ཐོས་བུ་ཡི་བརྟན་པའི་འགྲན་ཟླར་འོངས་གྱུར་ཅིག ༢༦ །གཏོང་བའི་ཕྱག་ནི་རིང་པོར་
བརྐྱངས་པས་ཕོངས་པ་རྣམས་ཀྱི་འཇིགས་སེལ་ཞིང་། །གཙང་ཞིང་དག་པའི་ཚུལ་ཁྲིམས་ཆུ་ཡིས་སྡིག་པ་རྣམ་སྦྱངས་ཡོན་ཏན་གསལ། །བཟོད་དང་དེས་པའི་རྒྱ་མཚོ་མི་འཁྲུགས་བརྟུལ་བའི་གོ་ཆ་ཆེར་བགོས་པས། །མཚན་མའི་རྡུལ་གྱིས་རྣམ་
པར་དབེན་པ་མཁའ་ཁྱབ་ཏིང་འཛིན་ཐོབ་གྱུར་ཅིག ༢༧ །དངོས་པོར་འཛིན་པའི་ཚང་ཚིང་དྲལ་བྱེད་བདག་མེད་རྟོགས་པའི་ཤེས་རབ་ཀྱི། །རལ་གྲི་འབར་ཐོགས་ཐབས་ལ་མཁས་པའི་འཁྲུལ་འཁོར་མང་པོའི་སྦྱོར་ཐབས་མཁན། །སྟོབས་ཀྱི་ཁོ་ལག་
ཡོངས་སུ་རྫོགས་ཤིང་སྨོན་ལམ་རྒྱ་ཆེའི་འཕང་རྩལ་བྱང་། །ཡེ་ཤེས་མཆོག་གིས་ངེས་པར་དཔའ་བས་སྲིད་པའི་དགྲ་སྡེ་ཕམ་བྱེད་ཤོག ༢༨ །རུས་པའི་གཟེབ་འདི་མངོན་པར་སྤོངས་ནས་བྱང་ཆུབ་བར་གྱི་ཚེ་རབས་སུ། །མངོན་པར་དགའ་དང་
བདེ་ལྡན་ཞིང་སོགས་ཞིང་མང་བྱེ་བ་མཐའ་ཡས་པར། །འདྲེན་པ་རྣམས་དྲུང་བྱང་ཆུབ་སྤྱོད་པའི་རོལ་རྩེད་ཉིད་ཀྱིས་གུས་བསྙེན་ཞིང་། །ཉེ་བར་གདམས་པ་ཡོངས་སུ་ནོད་ནས་འགྲོ་བར་རབ་ཏུ་སྒྲོལ་གྱུར་ཅིག ༢༩ །མཐོ་རིས་མཛེས་མའི་ལག་
པད་རབ་བསྐོར་གདུབ་སིལ་སྒྲ་དང་བཅས་པ་ཡིས། །སྤྲིན་དཀར་དུམ་བུ་ལྷུང་བ་ལྟ་བུའི་རྔ་ཡབ་གཡོབ་ཅིང་ལྟ་བྱེད་པ། །གསེར་གྱི་འཁོར་ལོས་མདུན་ནས་རབ་མཛེས་ནོར་འཛིན་སྲུང་བའི་དབང་ཕྱུག་སོགས། །འགྲོ་འདིའི་བསམ་ཀུན་ཡོངས་སུ་
རྫོགས་བྱེད་སྣང་བརྙན་བྱེ་བ་སྤྲོ་གྱུར་ཅིག ༣༠ །ལ་ལར་གཅིག་པུ་ནགས་ཚལ་དག་ན་རྩ་བ་འབྲས་བུ་སྤྱོད་བྱེད་ཅིང་། །མང་དུ་མི་སྨྲ་ཞི་བའི་ལུས་ཀྱིས་མཐོང་ན་དགའ་བའི་ཚུལ་ཅན་དང་། །ལ་ལར་དགེ་ཞིང་སྤྱོད་ལམ་དུལ་བ་ངུར་སྨྲིག་གོས་དང་ལྷུང་
བཟེད་ཐོགས། །ཞི་ནས་ཞིར་གཤེགས་དེ་འདྲའི་གཟུགས་ཀྱིས་སྐྱེ་དགུའི་འདོད་པ་འཇོ་གྱུར་ཅིག ༣༡ །མདོར་ན་བདེར་གཤེགས་རིགས་ཁམས་དག་པ་བིཌཱུརྱ་འདྲ་བློ་བུར་གྱི། །དྲི་མ་རབ་བསགས་སྐྲུན་པ་ལྟ་བུ་ལམ་མཆོག་ཐབས་ཀྱིས་མྱུར་
སྦྱངས་ནས། །བྲལ་སྨིན་ཡོན་ཏན་བྱེ་བའི་རང་བཞིན་སྐུ་གསུམ་བདག་ཉིད་རྒྱལ་བ་ཡི། །གོ་འཕང་དམ་པ་བདེ་བླག་བསྒྲུབས་ནས་འཕྲིན་ལས་ཟེར་བརྒྱ་འཕྲོ་གྱུར་ཅིག ༣༢ །གླང་པོའི་ཕྲུ་གུ་ཐལ་དཀར་རྣམ་པས་དགའ་
ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་མངོན་པར་བལྟམ་དང་གཞོན་ནུ་སྤྲུལ་པའི་རོལ་རྩེད་དང་། །བྱང་ཆུབ་སྙིང་པོར་བདུད་རྩི་བརྙེས་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས། །ངོ་མཚར་མཛད་པས་འཁོར་བར་བྱིང་བའི་
ཡིད་ཅན་འདི་དག་སྒྲོལ་གྱུར་ཅིག ༣༣ །ལེགས་བྱས་མཐའ་ཡས་མངོན་པར་སྤེལ་བའི་གླེགས་བམ་ཕྱི་མོ་རྨད་བྱུང་བ། །ཡིད་བཞིན་ནོར་བུས་ཕྱུང་བུར་གཏམས་པའི་སྒྲོམ་མང་ཡོངས་སུ་བྱེ་འདྲ་འདི། །ལྷ་ཡི་རྫིང་རིང་གཟུགས་སུ་མ་གྱུར་དེ་སྲིད་རྒྱ་
མཚོའི་གོས་ཅན་གཞིར། །སྐལ་བ་ཅན་རྣམས་ཆོས་ཀྱི་འདོད་འཇོ་མི་ཟད་སླད་དུ་རྟག་གྱུར་ཅིག ༣༤ །གང་གི་དྲིན་གྱིས་ས་གསུམ་དག་ན་དགེ་མཚན་བྱ་མ་རྟས་བཀོད་པའི། །བསོད་ནམས་ཕུང་པོ་གསེར་གྱི་མཆོད་སྡོང་ཉིན་བྱེད་བྱེ་བའི་སྣང་བ་
ཅན། །མི་དགེའི་མུན་པ་རྣམ་པར་སྙིལ་བྱེད་ཕ་མཐའ་མེད་པར་བདལ་བ་ཡང་། །ཟད་པ་མེད་པར་ཕན་བདེ་སྤྲོ་བྱེད་བུམ་པ་བཟང་པོ་ལྟར་གྱུར་ཅིག ༣༥ །ལེགས་བྱས་རིན་ཆེན་རྩོལ་བས་བསྒྲུབས་ལ་དངོས་དང་བརྒྱུད་པས་འབྲེལ་བ་ཡི། །སྐྱེ་
དགུ་རྣམས་ཀྱང་ཀུན་འབྱུང་བུད་ཤིང་བསམ་ཡས་ཉིད་ལས་སྐྱེས་པའི་མེ། །སྡུག་བསྔལ་རྒྱུད་དུ་ཀུན་ནས་འབར་བ་སྲེད་ལེན་དྲི་ཡི་བཞོན་པ་ཅན། །རྨེག་མེད་བཅོམ་ནས་ཆོས་ཀྱི་རྒྱལ་སར་དབུགས་དབྱུང་ཆེན་པོ་ཐོབ་གྱུར་ཅིག ༣༦ །བདག་ཀྱང་རྒྱལ་བས་
ལེགས་པར་གསུངས་པའི་བདུད་རྩིས་ཉམས་སྟོབས་རྫོགས་གྱུར་ཏེ། །འགྲོ་བ་རྣམས་ལ་རྩི་སྨན་མཆོག་དང་གཏེར་བུམ་དཔག་བསམ་རིན་ཆེན་ལྟར། །ཉེར་འཚོའི་གཞི་དང་གཙུག་ལག་འབུམ་གྱི་ཤིང་རྟ་ཆེན་པོར་གྱུར་ནས་ཀྱང་། །ཐར་མཆོག་
གནས་སུ་རྒྱལ་སྲས་རྣམས་དང་ལྷན་ཅིག་རབ་ཏུ་རོལ་གྱུར་ཅིག ༣༧ །དེ་ལྟར་ལྷག་བསམ་ཆུ་མཚོ་ལས་འཁྲུངས་སྨོན་ལམ་པུཎྜ་རཱི་ཀའི་ཚལ། །རྟག་ཏུ་མི་རྙིང་མངོན་རློམ་ར་རིས་གོས་པ་མེད་པར་གསལ་བ་འདི། །དུས་གསུམ་གཤེགས་པའི་
འཕགས་ཆེན་རྣམས་ཀྱི་བཞེད་པའི་རྗེས་སུ་རབ་སོན་ཏེ། །ཐུབ་པ་མཆོག་རྣམས་དགྱེས་པའི་ཞལ་གྱིས་ཆུད་མི་ཟ་བར་སྐྱོང་གྱུར་ཅིག ༣༨ །སྐྱོན་རྣམས་གཏན་བཅོམ་ཡེ་ཤེས་སྤྱན་མངའ་དྲང་སྲོང་ཆེ་རྣམས་བདེན་པར་གསུང་བའི་བདེན་པ་དང་། །གང་
དུ་ཞི་དང་གང་གིས་ཞི་བ་འགོག་ལམ་རང་བཞིན་འདོད་ཆགས་བྲལ་བའི་བདེན་པ་དང་། །རིག་དང་གྲོལ་བའི་ཡོན་ཏན་བརྒྱད་ལྡན་འཕགས་པའི་ཚོགས་རྣམས་མི་ཕྱེད་འདུས་པའི་བདེན་པ་ཡིས། །འདི་ན་དེ་རིང་སྨོན་ལམ་བགྱིས་པ་མྱུར་དུ་འགྲུབ་
པའི་བདེ་ལེགས་ཆེན་པོ་འབྱུང་གྱུར་ཅིག ༣༩ །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་
ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས་དེ་ལྟར་བཞེངས་པའི་དགོས་ཆེད་ཕན་ཡོན་བསྔོ་སྨོན་དང་བཅས་པ་ལེགས་པར་བཤད་པའི་ཡལ་འདབ་སྟེ་བརྒྱད་པའོ། །དེ་ལྟར་བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེ་
གངས་ཅན་གྱི་ལྗོངས་འདིར་འགྱུར་རོ་ཅོག་ལས་དེང་སང་ཇི་ཙམ་བཞུགས་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་ཏེ་ལེགས་པར་བཤད་པ་སྐབས་བརྒྱད་ཀྱི་བདག་ཉིད་ཅན་འདི་ནི། བསོད་ནམས་མངོན་པར་འདུ་བྱེད་པའི་ཕྲིན་ལས་རྒྱ་ཆེན་པོ་འདི་
གང་གིས་བསྐྲུན་པར་མཛད་པ། མིའི་དབང་པོ་ཆོས་བཞིན་དུ་ས་སྐྱོང་བ་ཉིད་ཀྱི་བཀའ་སྩལ་བ་ལྷུར་བླངས་ཏེ། འཇིག་རྟེན་དབང་ཕྱུག་ཀརྨ་པའི་གསུང་ལས་སྐྱེས་པའི་སློབ་འབངས་ཀྱི་ཐ་ཤལ། གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོའི་
ལུང་གི་ཀྭན་ཏིང་ཡཱན་ཐོང་མྱའུ་ཚི་གེ་ཤིར་འབོད་པ། མིང་དངོས་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་བགྱི་བས། བདག་
ཅག་གི་སྟོན་པ་རྣམ་འདྲེན་ཤཱཀྱའི་དབང་པོ་དགོངས་པ་ཞི་བའི་དབྱིངས་སུ་མནལ་བའི་ཚུལ་བསྟན་ནས་བགྲང་བྱ་ཉིས་སྟོང་དྲུག་བརྒྱ་བཅུ་གསུམ་འདས་པ། ཆུ་མོ་གླང་གི་ལོ་གྲོ་བཞིན་
ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་བཟང་པོར། སྡེ་བཞི་དགེ་བཅུའི་དཔལ་འབྱོར་མངོན་པར་མཐོ་བའི་རྒྱལ་ཁབ་ཆེན་པོ་ཉིད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །ཤུ་བྷ་མསྐུ་སརྦ་ཛ་ག་ཏྭཾ། །