Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 103_དཀར་ཆག
Văn bản gốc(Tây Tạng)
Trang 5 / 10 (50.000 ký tự/trang)
ོ༌། །རྒྱལ་པོ་འདི་དང་། དེ་ཝ་པཱ་ལའི་མཚམས་སུ་མུ་སྟེགས་ཀྱི་སྔགས་པ་ནཱ་ར་ད་ཞེས་བྱ་བས་རོ་ལངས་ཀྱི་དངོས་གྲུབ་བསྒྲུབས་པའི་ཚེ་ནང་པའི་དགེ་བསྙེན་ ཨུ་རྒྱ་ཨུ་པཱ་སི་ཀ་ཞེས་པ་ཞིག་གིས་དེའི་སྒྲུབ་གཡོག་བྱས་པས། རོའི་ལུས་གསེར་དུ་གྱུར་པ་ཐོབ་པའི་གསེར་ལ་བརྟེན་ཏེ། མ་ག་དྷཱའི་ཕྱོགས་གཅིག་ཏུ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་རི་རབ་གླིང་བཞིའི་ཚུལ་དུ་བཞེངས། དགེ་སློང་ལྔ་བརྒྱ་དང་དགེ་ བསྙེན་ལྔ་བརྒྱའི་འཚོ་བ་སྦྱར། རྒྱལ་པོ་དེ་ཝ་པཱ་ལ་རྒྱལ་པོ་སྔ་མ་ལས་དབང་ཆེ་བར་གྱུར་ཏེ། ཤར་ཕྱོགས་ཝ་རེནྡྲའི་ཡུལ་དུ་སོ་མ་པུ་རིའི་གཙུག་ལག་ཁང་བཞེངས། རྣལ་འབྱོར་པ་ཤི་རོ་མ་ཎིས་བསྐུལ་ཅིང་ནག་པོ་ཆེན་པོས་ལུང་བསྟན་ནས། མཐའ་སྐོར་ནས་རོལ་མོ་བྱས་པ་ཙམ་གྱིས་མུ་སྟེགས་ཀྱི་གནས་གཞི་ཆེན་པོ་བཞི་བཅུ་ཙམ་བཤིག ཨོ་ཊི་བི་ཤར་བྱེ་མའི་ཕུང་པོ་བསལ་བའི་འོག་ནས་རྡོའི་ལྷ་ཁང་ངོ་མཚར་ཅན་ཞིག་ཀྱང་བྱུང་བ་ཚ་བ་གསུམ་གྱི་ལྷ་ཁང་དུ་གྲགས། འདི་སྐབས་སློབ་དཔོན་ ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་བྱུང་། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན། བློ་བཟང་ངང་ཚུལ། དཾཥྚྲསེ་ན། ཡེ་ཤེས་ཟླ་བ་སོགས་ཀྱིས་བསྟན་པ་གསལ་བར་མཛད། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་ གཟིགས་བརྟུལ་ཞུགས་དང་། ཁ་ཆེའི་ཡུལ་དུ་དྷ་ན་མི་ཏྲའང་བྱུང་། ཁྱད་པར་དུ་བོད་ཡུལ་འདིར་བཀའ་དྲིན་ཆེ་བའི་ཨཱ་ཙརྱ་བོ་དྷི་ས་ཏུས་འགྲོ་དོན་བསྐྱངས་པའི་དུས་སོ། །དེ་ནས་རྒྱལ་པོ་དྷརྨ་པཱ་ལ་ཞེས་པ་སྔ་མ་རྣམས་ལས་ཀྱང་ཤིན་ཏུ་མངའ་ཐང་ཆེ་བ་དེ་ བྱུང་སྟེ། དེས་སློབ་དཔོན་སེང་གེ་བཟང་པོ་དང་། སངས་རྒྱས་ཡེ་ཤེས་ཞབས་གཉིས་བླ་མར་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པས་ཕྱོགས་ཐམས་ཅད་ཁྱབ་པར་བྱས། ཤེས་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་རྩ་ལྔས་ གཙོས་པའི་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས། ཁྱད་པར་དུ་མ་ག་དྷཱའི་བྱང་ངོས་གདྷཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོ་དང་མཉམ་པའི་སྟོན་པའི་སྐུ་བརྙན་བཞུགས་པའི་ལྷ་ཁང་། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་གཞན་ལྔ་བཅུ་ང་བཞི། ཐམས་ཅད་ཀྱི་ཕྱི་ནས་ལྕགས་རིས་བསྐོར་བ་བཞེངས་ཏེ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་གྲགས། དེར་གཉུག་མར་གནས་པའི་པཎྜི་ཏ་བརྒྱ་དང་བརྒྱད། གཏོར་མ། སྦྱིན་ སྲེག་རབ་གནས་ཏེ་སྔགས་ཀྱི་སློབ་དཔོན་གསུམ། བྱི་བ་དང་། ཕུག་རོན་སྲུང་བ་གཉིས། ལྷ་འབངས་ཀྱི་གཉེར་བྱེད་པ་གཅིག་སྟེ། དེ་རྣམས་ལ་ཡོ་བྱད་ཟླ་མེད་པས་མཆོད་ཅིང་། ཆོས་ཉན་པ་རྣམས་ལའང་དུས་སྟོན་དང་། རྟག་རེས་ འཁོར་གྱི་སྟོན་མོ་དང་། ཡོན་སོགས་ཀྱིས་མཉེས་པར་བྱེད། པཎྜི་ཏ་རེ་རེས་ཆོས་སྣ་རེ་རེ་རྒྱུན་ཏུ་གསུངས་པས། ཆོས་གཞི་བརྒྱ་རྩ་བརྒྱད་དང་མཉམ་པར་གྱུར། འདིའི་མཁན་པོས་ན་ལེནྡྲའང་མཉམ་དུ་བསྐྱངས་པར་གྲགས། འདི་ སྐབས་རྣམ་སྣང་མཛད་བཟང་པོ་ལ་ཤེས་ཕྱིན་གསན་ཅིང་། འཕགས་པ་བྱམས་པས་བྱིན་གྱིས་བརླབས་པའི་སློབ་དཔོན་སེང་གེ་བཟང་པོས་ཏྲི་ཀ་ཊུ་ཀའི་ལྷ་ཁང་དུ་སྐྱེ་བོ་སྟོང་ཕྲག་མང་པོ་ལ་ཤེས་ཕྱིན་གྱི་ཆོས་བསྟན། བརྒྱད་སྟོང་འགྲེལ་ཆེན་ སོགས་བསྟན་བཅོས་མང་པོ་མཛད་དེ། ཐེག་ཆེན་གྱི་བསྟན་པ་ལྷག་པར་བསྐྱངས་ཤིང་ཉིད་ཀྱི་སློབ་མའི་མཆོག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དོ། །གཞན་ཡང་འདི་དུས་རྟོག་གེ་བ་ཆེན་པོ་དགེ་སྲུང་དང་། མཛེས་བཀོད་དང་། རྒྱ་མཚོའི་སྤྲིན་དང་། འོད་ཟེར་འབྱུང་གནས་དང་། གང་བ་སྤེལ་དང་། ཀ་མ་ལ་ཤཱི་ལ་དང་། ཁ་ཆེ་བ་པདྨ་འབྱུང་གནས་དབྱངས་སོགས་ཀྱིས་ཀྱང་བསྟན་བཅོས་རྩོམ་པ་དང་འཆད་ཉན་སོགས་ཀྱི་སྒོ་ནས་བསྟན་པ་སྤེལ་བར་མཛད་དོ། །སངས་ རྒྱས་ཡེ་ཤེས་ཀྱི་སློབ་མ་རབ་ཞི་བཤེས་གཉེན་གྱིས་ན་ལནྡའི་ལྷོ་ཕྱོགས་སུ་བདུད་རྩི་འབྱུང་གནས་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་སོ། །དེ་ནས་རྒྱལ་པོ་མ་སུ་རཀྵི་ཏ་སོགས་ཀྱི་རིང་ལ་སློབ་དཔོན་རྟོག་གེ་བ་ཆོས་མཆོག་དང་། དྷརྨ་མི་ཏྲ་དང་། བི་མ་ལ་མི་ ཏྲ། དྷརྨ་ཀ་ར་རྣམས་བྱུང་། དེ་ནས་རྒྱལ་པོ་མ་ཧི་པཱ་ལའི་ཚེ་རྟ་དབྱངས་ཕྱི་མ་ཞིག་དང་། སློབ་དཔོན་གཞན་ལ་ཕན་པ་དང་། ཟླ་བ་པདྨ་དང་། ཡེ་ཤེས་བྱིན་དང་། ཡེ་ཤེས་གྲགས་པ་དང་། ཁ་ཆེར་འདུལ་བ་འཛིན་པ་ཛི་ན་མི་ཏྲ་དང་། སརྦ་ཛྙ་དེ་ཝ་ དང་། དཱ་ན་ཤི་ལ་སོགས་ཀྱིས་མདོའི་བསྟན་པའི་སྲོག་འཛིན་པར་མཛད་དོ། །དེའི་འོག་ཏུ་རྒྱལ་པོ་མ་ཧཱ་པཱ་ལས་ཨོ་ཏནྟ་པུ་རིར་ཉན་ཐོས་ཀྱི་དགེ་འདུན་གཙོ་བོར་མཆོད་ཅིང་། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱོར། ཨུ་རུ་བཱ་སའི་གཙུག་ལག་ཁང་ བཞེངས་ཏེ། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་ལ་འཚོ་བ་སྦྱར། བི་ཀྲ་མ་ལར་ཡང་སྔར་བཞིན་མཆོད། ན་ལནྡར་ཡང་ཆོས་གཞི་འགའ་རེ་བཙུགས། ན་ལནྡ་དང་། ཁྲི་ཀ་ཊུ་ཀ་དང་། སཽ་མ་པུ་རི་སོགས་སུའང་ཆོས་གཞི་མང་པོ་བཙུགས། འདི་སྐབས་རྟོག་གེ་པ་ཤེས་ འབྱུང་སྦས་པ་དང་། ཛེ་ཏཱ་རི་ཆེན་པོ་སོགས་ཀྱིས་བསྟན་བཅོས་རྩོམ་པ་སོགས་བསྟན་པ་ལ་བྱ་བ་ལྷག་པར་མཛད། ཁྱད་པར་ཕྱི་མ་ནི་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཏེ། མདོ་སྔགས་ཀྱི་བསྟན་བཅོས་བརྒྱ་རྩ་བརྒྱད་མཛད་ པར་གྲགས་སོ། དེའི་འོག་ཏུ་རྒྱལ་པོ་དྷེ་ཡ་པཱ་ལ་ལོ་ཆུང་བས་དེའི་ཞང་པོ་ཙ་ན་ཀ་རྒྱལ་སྲིད་བྱེད་པའི་ཚེ་བསྟན་པའི་གསལ་བྱེད་ཆེས་མང་པོ་དང་ཁྱད་པར་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག་ཏུ་གྲགས་པའང་བྱུང་སྟེ། ཤར་སྒོ་སྲུང་བ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པར་རནྟཱ་ཀ་ར་ཤཱནྟི་ པ་ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། བྱང་སྒོ་སྲུང་བ་ནཱ་རོ་པ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་། གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། །དེ་དྲུག་པོ་སོ་སོར་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར་ཏེ། མུ་ སྟེགས་ཀྱི་རྒོལ་བ་མཐའ་དག་བཟློག་པ་དང་། མདོ་སྔགས་ཀྱི་བསྟན་བཅོས་མང་པོ་བརྩམས་པ་དང་། ཆེས་ངོ་མཚར་བའི་མཛད་པ་མང་པོས་དེ་སྐབས་ཀྱི་སྐྱེ་བོ་དག་ཆོས་ལ་བཙུན་དེ་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་ཉི་ མ་ལྟར་གསལ་བར་མཛད་པ་ཡིན་ནོ། །འདི་སྐབས་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་མེའི་གནོད་པའང་བྱུང་མོད་ཀྱི་ལྷ་ཁང་དང་སྐུ་གཟུགས་མ་ཞིག་ཅིང་ཤིང་ཚིག་པ་དང་རི་མོ་ཟུབ་པ་སོགས་སྐྱོན་ཕྲན་བུ་རྣམས་སླར་གསོས་ཏེ། མ་ག་དྷཱ་ལ་སོགས་པའི་ཡུལ་མང་པོར་གཙུག་ལག་ ཁང་དང་ཆོས་གཞི་རྙིང་གསོ་གསར་བཞེངས་དུ་མའང་བྱུང་ངོ༌། །དེ་འོག་རྒྱལ་པོ་བྷེ་ཡ་བཱ་ལའི་ཚེ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བི་ཀྲ་མ་ལ་དང་། ཨོ་ཏནྟ་པུ་རིར་གཙོ་བོར་བསྟན་པ་བསྐྱངས་ཏེ་འདི་ནི་གཙོ་བོར་གསེར་གླིང་པ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ལྷག་པར་བསྒོམས་པ་ ཞིག་ཡིན་ལ་མཁས་གྲུབ་ཀྱི་ཡོན་ཏན་དང་བསྟན་པ་སྤེལ་བའི་མཛད་པ་ནི་སློབ་དཔོན་སྔ་མ་རྣམས་ལས་མི་དམན་པར་གྲགས་སོ། དེ་དག་གི་ཕྱི་ཞིག་ན་ཨ་གྲ་པཱ་ལས་རྒྱལ་སྲིད་བྱེད་པའི་ཚེ་རཏྟཱ་ཀ་ར་གུ་པས་རྡོ་རྗེ་གདན་དུ་བསྟན་པ་སྐྱོང་བར་མཛད་དོ། །གཞན་ཡང་འདི་སྐབས་ རྒྱལ་རབས་འགའ་ཞིག་གི་ཚེ་དཱི་པཾ་ཀ་རའི་སློབ་མ་པི་ཊོ་བ་ཆེན་པོ་སོགས་ཐུགས་སྲས་ལྔ་དང་། ཛྙཱ་ན་ཤྲཱི་མི་ཏྲ་སོགས་པཎྜི་ཏ་སུམ་ཅུ་རྩ་བདུན་གྱིས་འགྲོ་དོན་མཛད་དོ། །ཁྱད་པར་པཎྜི་ཏ་ར་སྠཱི་ར་བཱ་ལ་མཚན་གཞན་འབུམ་ཕྲག་གསུམ་པར་གྲགས་པ་དེས། བི་ཀྲ་མ་ལར་ཤེས་ ཕྱིན་བཤད་པས་བསྟན་པ་ལ་མཆོག་ཏུ་ཕན་པར་མཛད། དེའི་འོག་ཏུ་རཱ་མ་པཱ་ལ་སྟེ་དགའ་བ་སྐྱོང་རྒྱལ་པོར་གྱུར་བའི་ཚེ་ཨོ་ཌི་བི་ཤར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔ་སྤྱན་དྲངས་ཏེ་རྡོ་རྗེ་གདན་གྱི་མཁན་པོ་མཛད། ཕྱི་ནས་བི་ཀྲ་མ་ལ་ཤཱི་ལ་དང་། ན་ ལནྡར་ཡང་མཁན་པོ་མཛད་དེ། དུས་དེ་ཙམ་ན་འགྲན་དུ་མེད་པའི་བསྟན་པའི་བདག་པོ་ཆེན་པོར་གྱུར། དི་སྐབས་སྔོན་དང་མི་འདྲ་བར་བི་ཀྲ་མ་ལ་ཤཱི་ལར་ཡང་ཆོས་སྨྲ་བའི་པཎྜི་ཏ་ཁོ་ན་བརྒྱ་དྲུག་ཅུ་ཙམ་དང་། གཉུག་མར་གནས་པའི་དགེ་སློང་སྟོང་རེ་ཡོད་པ་བྱུང་། རྡོ་ རྗེ་གདན་དུ་ཐེག་ཆེན་པ་བཞི་བཅུ་རེ་དང་། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས། དུས་དུས་སུ་ཉན་ཐོས་པའི་དགེ་སློང་ཁྲི་ཕྲག་རེ་འདུ་བ་བྱུང་། ཨོ་ཏནྟ་པུ་རིར་ཡང་དགེ་སློང་སྟོང་ཕྲག་རེ་གཉུག་མར་གནས། དུས་དུས་སུ་ཐེག་པ་ཆེ་ཆུང་གི་དགེ་ སློང་སྟོང་ཕྲག་བཅུ་གཉིས་རེ་འདུས་པའང་བྱུང་། མདོར་ན་ཐེག་པ་ཆེ་ཆུང་གི་བསྟན་པ་ཐམས་ཅད་དང་། ཁྱད་པར་ཤེས་ཕྱིན་གྱི་ཆོས་ཚུལ་ཤིན་ཏུ་རྒྱས་པར་མཛད་དེ་རྒྱན་དྲུག་གི་དུས་ཡོལ་ནས་མཁས་པ་སྒོ་དྲུག་གི་ཡ་གྱལ་རིན་འབྱུང་ཞི་བ་དང་། སློབ་དཔོན་འདི་གཉིས་ ལས་བསྟན་འགྲོའི་དོན་རྒྱ་ཆེ་བ་མ་བྱུང་བར་གྲགས་སོ། །འདིས་མཛད་པའི་བསྟན་བཅོས་རྣམས་ནི་ཕྱི་རབས་པ་དག་ལ་སྲོག་ཆད་ཀ་མའི་བདུད་རྩི་ལྟ་བུར་གྱུར་པ་ཡིན་ཏེ་འདི་ལས་ཕྱིས་འདི་དང་མཉམ་པའི་བསྟན་པའི་གསལ་བྱེད་མཁས་པ་ཆེན་པོའང་མ་བྱུང་བར་གྲགས་པ་དང་། དེ་ལྟར་མི་འབྱུང་བར་ཡང་མཁྱེན་ནས་མི་གསལ་བ་རྣམས་གསལ་བར་འགྲེལ་ཞིང་། འཐོར་བ་རྣམས་བསྡུ་བ་དང་། འཁྲུགས་པ་གོ་རིམས་སུ་བསྡེབས་པ་སོགས་ཀྱིས་ལེགས་པར་བཤད་པའི་བསྟན་བཅོས་རྣམས་ཕྱི་རབས་པ་དག་ལ་དག་ལོན་ལྟ་བུར་བཞག་པ་ཡིན་པའི་ ཕྱིར་རོ། །གཞན་ཡང་རྒྱལ་པོ་རཱ་མ་པཱ་ལ་དེ་ཉིད་དང་། ཡཀྵ་པཱ་ལ། ལ་ཝ་སེ་ན་སོགས་ཀྱི་སྐབས་ཨ་བྷ་ཡའི་སློབ་མ་ཙཱ་མི་སངས་རྒྱས་གྲགས་དང་། ཤུ་བྷཱ་ཀ་ར་གུཔྟ། ཝཱ་གཱི་ཤྭ་ར་གུ་པ། ར་བི་ཤྲཱི་ཛྙཱ་ན། བི་ཁྱཱ་ཏ་དེ་བ། བྷསྐ་ར་གུཔྟ། ནི་ཀྵ་ལངྐ། ནཱ་ཡ་ཀ་པཱ་ད། དྷརྨ་ཀ་ར་གུཔྟ་སོགས་ཀྱིས་བསྟན་པ་གསལ་བར་མཛད་དོ། །དེ་འོག་རྒྱལ་པོ་རཱ་ཐི་ཀ་སེ་ནའི་དུས་སུ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་བསྟན་པའི་བདག་པོ་ཆེན་པོར་གྱུར། གཞན་ཡང་བལ་པོ་བུདྡྷ་ཤྲཱི་དང་། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ། མཁས་ པ་ཆེན་པོ་ཛྷཱ་ནཱ་ཀ་ར་གུསྟེ། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ། མཁས་པ་ཆེན་པོ་སཾ་ག་མ་ཛྷཱ། ར་བི་ཤྲཱི་བྷ་དྲ། ཙནྡྲ་ཀ་ར་གུསྟ་སོགས་སྡོམ་བརྩོན་གསུང་རབ་རྒྱ་མཚོའི་ཕ་རོལ་དུ་སོན་པ་མང་པོ་བསྟན་འགྲོའི་དཔལ་དུ་བྱོན་ཏོ། །དེ་ལས་ཤཱཀྱ་ཤྲཱི་བྷ་དྲ་ནི། བི་ཀྲ་མ་ལ་ཤཱི་ལ་ དང་། ན་ལནྡྲའི་མཁན་པོ་མཛད་ནས་ཕྱོགས་བཞིའི་མུ་སྟེགས་ཀྱི་རྒོལ་བ་མང་པོ་རྩོད་པས་ཕམ་པར་མཛད་ནས་བསྟན་ལ་བཅུག དགེ་འདུན་སྟོང་ཕྲག་མང་པོ་ལ་ཆོས་གསུངས། ཨོ་ཏནྟ་པུ་རིའི་དགེ་འདུན་ཁྲི་ཉིས་སྟོང་གིས་ཀྱང་བླ་མར་བཀུར། བསྟན་ བཅོས་མང་དུ་བརྩམས་པ་སོགས་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ། བལ་པོ་བུདྡྷ་ཤྲཱིས་ཀྱང་བལ་ཡུལ་དུ་ཕར་ཕྱིན་སོགས་རྒྱས་པར་བྱས། རཏྣ་རཀྵི་ཏས་བི་ཀྲ་མ་ལ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད་པ་སོགས་ཐམས་ཅད་ཀྱིས་བསྟན་པ་ལ་མཆོག་ཏུ་ཕན་པར་ མཛད་ཅིང་མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པའང་འདི་སྐབས་སོ། །དུས་འདི་ཙམ་ན་མ་ག་དྷཱར་ཡང་རྡོ་རྗེ་གདན་དུ་ཐེག་ཆེན་གྱི་ཆོས་གཞི་ནི་མེད་ཅིང་། དབྱར་གནས་ལ་ཉན་ཐོས་སེནྡྷ་པ་ཁྲི་ཙམ་འདུ། ཆོས་གཞི་གཞན་རྣམས་ཀྱང་མེད་པ་ལྟར་སོང་། ན་ལནྡྲ་ དང་བི་ཀྲ་མ་ལ་ཤཱི་ལར་ཨ་བྷ་ཡའི་དུས་དང་མཚུངས་ཀྱང་། སྤྱིར་མུ་སྟེགས་ཇེ་འཕེལ་ལ་སོང་ཞིང་། མུ་སུརྨ་སྟེ་ཀླ་ཀློའི་གྲུབ་མཐའ་འཛིན་པའང་མང་དུ་བྱུང་། བི་ཀྲ་མ་ལ་ཤཱི་ལ་དང་ཨོ་ཏནྟ་པུ་རིར་ཡང་རྒྱལ་པོས་རྫོང་བརྩིགས་ཏེ་དམག་མི་འགའ་ཞིག་བཞག་ནས་ བསྲུང་དགོས་པ་ཡོད་དོ། །དེ་ལས་དེ་འོག་རྒྱལ་པོ་ལ་ཝངྒ་སེ་ནའི་དུས་ཨནྟཪྵི་དིའི་ཡུལ་དུ་ཏུ་རུ་ཥྐའི་རྒྱལ་པོ་ཟླ་བ་ཞེས་པ་བྱུང་སྟེ། །དགེ་སློང་གི་ཕོ་ཉའི་འགྲུལ་གྱིས་རྐྱེན་བྱས་ནས་རྒྱལ་པོ་དེ་དང་གར་ལོག་གི་རྒྱལ་ཕྲན་གཞན་མང་པོ་འགྲིལ་ནས་མ་ག་དྷའི་ཡུལ་ཐམས་ཅད་བཅོམ། ཨོ་ཏནྟ་པུ་རི་དང་བི་ཀྲ་མ་ལ་གཉིས་ཅར་བཤིག །ཁྱད་པར་ཨོ་ཏནྟ་པུ་རིའི་རབ་བྱུང་མང་པོ་བསད་ཅིང་བི་ཧ་རིའི་ཤུལ་ཏ་ཟིག་གི་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཌི་བི་ཤའི་ཡུལ་ཛ་གདྡ་ལར་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན། རཏྣ་རཀྵི་ཏས་ བལ་ཡུལ་དུ་བྱོན། ཛྙཱ་ནཱ་ཀ་ར་གུཔྟ་སོགས་པཎ་ཆེན་འགའ་ཞིག་དང་། པཎ་ཆུང་བརྒྱ་ཙམ་ལྷོ་ནུབ་ཕྱོགས་སུ་བྱོན། བུདྡྷ་ཤྲཱི་མི་ཏྲ་དང་། བཛྲ་ཤྲཱི་སོགས་ལྷོ་ཕྱོགས་ཐག་རིང་པོར་བྱོན། སངྒ་མ་ཤྲཱི་ཛྙཱ་ན་དང་། ར་བི་ཤྲཱི་བྷ་དྲ་དང་། ཙནྡྲ་ཀ་ར་གུཔ་སོགས་མ་ཧཱནྟ་ བཅུ་དྲུག་ཙམ་དང་། པཎ་ཆུང་གཉིས་བརྒྱ་ཙམ་ར་ཤང་དང་། མུ་ཉང་། ཀཾ་བོ་ཛ་སོགས་ཤར་ཕྱོགས་ཐག་རིང་པོ་རྣམས་སུ་བྲོས་ནས་དབུས་འགྱུར་འཆང་དུ་བསྟན་པའི་དངོས་གཞི་ནུབ་བོ། །འོན་ཀྱང་གོ་རཀའི་རྗེས་འབྲང་ན་ཌེ་ཤཱ་རའི་སྡེ་ཉུང་ངུ་ཞིག་ནང་པ་ ཉིད་དུ་ལུས་པ་དང་། ནང་པའི་ལྷ་རྟེན་སོགས་ལུས་པ་རྣམས་ལ་ལ་ཝཾ་ག་སེ་ནའི་རྒྱུད་དུ་ཏུ་རུཥ་ལ་ལུང་ལེན་དགོས་པའི་རྒྱལ་ཕྲན་འགའ་ཞིག་བྱུང་བས་ཀྱང་རང་སྟོབས་ལ་དཔག་པས་མཆོད་ཅིང་ཁྱད་པར་རྒྱལ་པོ་བུདྡྷ་སེ་ནའི་དུས། མ་ཧཱ་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་ན་ལནྡྲར་བཞུགས་ ཤིང་ཆོས་ཉན་པའང་བདུན་ཅུ་ཙམ་ཡོད་པར་གྲགས། གཞན་ཡང་དེའི་རྗེས་སུ་ཅི་རིགས་པར་བྷཱུ་མི་ཤྲཱི་བྷ་དྲ་དང་། ཀ་རུ་ཎཱ་ཤྲཱི་བྷ་དྲ་སོགས་ཀྱིས་ཀྱང་བརྩོན་པ་ཆེན་པོས་བསྟན་པ་བསྐྱངས་པར་གྲགས་སོ། །དེའི་རྗེས་ཕྱི་མོ་ཞིག་ཏུ་གྷཾ་ག་ལའི་རྒྱལ་པོ་ཙ་ག་ལ་རཱ་ཛ་ཞེས་པ་ སྟོབས་ཆེན་པོས་ཏུ་རུཥ་རྣམས་ལ་དབང་བསྒྱུར་བ་དེས་རྡོ་རྗེ་གདན་དུ་ཆོས་གཞི་བཙུགས་ནས་དེར་པཎྜི་ཏ་ཤཱ་རི་པུ་ཏྲས་ཆོས་བཤད་དོ། །ཡང་དེ་རྗེས་ཕྱི་མོ་ཞིག་ན་རྒྱལ་པོ་མུ་ཀུནྡ་དེ་བ་ཞེས་པས་མ་ག་དྷཱར་ཆོས་གཞི་བཙུགས། ཨི་ཌི་བི་ཤར་ཡང་ལྷ་ཁང་དང་ཆོས་གཞི་འགའ་ རེ་བྱས་པའི་གཏམ་སྣང་ཞིང་། འདི་སྐབས་རྡོ་རྗེ་གདན་གྱི་མཁན་པོ་སྒྲ་གཅན་འཛིན་དཔལ་བཟང་པོ་དང་། པཎྜི་ཏ་དཔལ་ལྡན་ཡིད་ཀྱི་ཤིང་རྟ་གཉིས་ཀྱང་བྱུང་བར་སྣང་ངོ༌། །དེང་སང་ནི་རྡོ་རྗེ་གདན་དུ་སནྡྲ་ཤཱི་ཞེས་པ་དཏྟ་ཏྲིའི་སློབ་མ་དག་གིས་བཟུང་ནས་ཡུལ་དབུས་སུ་ནང་ པ་ནི་འགའ་ཡང་མེད་དོ། །རྒྱ་གར་གྱི་ཤར་དང་། བྱང་ཤར་ར་ཁཾ་དང་། མུ་ཏཾ། ཙགླ་དང་། ཀཾ་བོ་ཛ་སོགས་ཀོ་ཀིའི་ཡུལ་དུ་གྲགས་པའི་མཐའ་འདི་དག་ཏུ་སྔོན་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་བསྟན་པ་དར་བ་དབྱིག་གཉེན་མ་བྱོན་ཕན་ཆད་ཉན་ ཐོས་པ་ཁོ་ན་ཡིན་ལ། དེ་ནས་དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཐེག་ཆེན་དར་བར་བྱས་ཏེ། སེན་བཞིའི་དུས་སུ་ལྷག་པར་དར་ཞིང་ཡུལ་དེའི་རྒྱལ་པོ་ཤོ་བྷ་ཛ་ཏ་དང་། །སིདྷ་ཛ་ཊི་སོགས་ཀྱིས་ལྷ་ཁང་དང་ཆོས་གཞི་མང་པོ་བཏབ་ནས་བསྟན་པ་ཤིན་ཏུ་དར་བ་དེང་སང་ དུའང་མ་ནུབ་པར་ཡོད་པ་ཐོས་སོ། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་ཐག་རིང་པོར་མ་ག་དྷཱ་ཏུ་རོཥས་བཅོམ་ཕྱིན་ཆད་ནས། བིཅུ་ནཱ་ག་ར། ཀརྐུ་ན། མ་ལུ་ར། ཀ་ལིངྒ་རྣམས་སུ་ཆོས་གཞི་ཆུང་ངུ་མང་པོ་རྒྱས། ལྷོ་ནུབ་ཕྱོགས་སུ། མ་རུ། མེ་ཝ་ར། ཙི་ཏ་ ཝ་ར། པི་ཧུ་བ། ཨ་བྷུ། སཽརཥྚ། གུ་ཛི་ར་ཐ་སོགས་སུ་ཆོས་གཞི་མང་པོ་དར། །ཁྱད་པར་ཁ་གེནྡྲ་ལ་སོགས་པའི་ཡུལ་དུ་གྲུབ་ཆེན་ཞི་བ་སྦས་པ་སོགས་ཀྱིས་བསྟན་པ་བསྐྱངས་ནས། དེང་སང་དུའང་ནང་པའི་སྡེ་འགའ་ཞིག་དར་བར་ཡོད་པར་ཐོས་སོ། ། གཞན་ཡང་སིངྒྷ་ལའི་གླིང་དང་། ནས་གླིང་དང་། ཟངས་གླིང་དང་། དྷ་ན་ཤྲཱིའི་གླིང་དང་། པ་ཡི་གུ་ཞེས་པའི་གླིང་སྟེ། གླིང་ཕྲན་དེ་དག་ཏུ་སྔོན་ནས་བསྟན་པ་ཆེར་དར་བ་ད་ལྟའང་མ་ནུབ་པར་ཡོད་པ་ཡུལ་དེ་དག་ཏུ་ཕྱིན་པའི་མིའི་གཏམ་ལས་མངོན་སུམ་དུ་ཐོས་སོ། ། ཁྱད་པར་སིངྒྷ་ལའི་གླིང་དུ་ནི་ཐེག་ཆེན་པ་ཉུང་ཤས་ཙམ་དང་། ཉན་ཐོས་པ་ཤིན་ཏུ་མང་ཞིང་དྷ་ན་ཤྲཱི་དང་། པ་ཡི་གུ་གཉིས་ནའང་ཐེག་ཆེན་པ་ཅུང་ཟད་དང་གཞན་རྣམས་ཉན་ཐོས་པ་ཁོ་ནའོ། ལི་ཡུལ་ནི་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཡུལ་དྲུག་གི་ནང་ཚན་ བོད་རྒྱའི་མཚམས་སུ་ཡོད་པ་སྟེ། དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་ལ་སྲས་བྱུང་བ་ས་ནུར་གྲགས། དེས་ཡུལ་དེ་བཟུང་ནས་ཡུན་རིང་ལོན་པ་རྒྱལ་པོ་བི་ཛ་ཡ་སམྦྷ་ཝའི་རིང་ལ། དགེ་སློང་བཻ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་། མཆོད་ རྟེན་བཞེངས་པའང་མང་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་པི་ཛ་ཡ་བི་གླུའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་པ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དགྲ་བཅོམ་རྣམས་ཀྱིས་ངོ་སྤྲད། སྒེའུ་དོ་ཤན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་ དང་། བྱང་ཆུབ་སེམས་དཔའ་མང་པོ་གཤེགས་ཏེ་ཐེག་པ་ཆེ་ཆུང་གཉི་གའི་བསྟན་པ་སྤེལ་བར་མཛད་དེ། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་མོད། ད་ལྟ་ནི་གཟུགས་བརྙན་ཙམ་ལས་བསྟན་པ་རྣལ་མ་ཡོད་པར་མི་གཤའོ། །རྒྱ་ཡུལ་དུ་ནི་སྟོན་ པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཧན་གྱི་རྒྱུད་ལས། ཧན་མིན་ཏི་ཞེས་བྱ་བའི་རྒྱལ་པོའི་ཚེ་སྔོན་ཅིའུའི་རྒྱུད་ལས། ཅིའུ་ཇིའུ་ཝང་ཞེས་པའི་རྒྱལ་པོའི་རྨི་ལམ་གྱི་ལྟས་རྡོ་རིངས་ལ་བྲིས་པ་དང་མཐུན་པར། །འཕགས་ཡུལ་ནས་ པཎྜི་ཏ་གྲོལ་བ་དང་འབར་བ་ཟེར་བ་བདེན་པ་མཐོང་བ་གཉིས་ཤིག་གིས་ཐེག་པ་ཆུང་ངུའི་སྡེ་སྣོད་ཆོས་ཀྱི་རྣམ་གྲངས་ལྔ་བཅུ་རྩ་གཉིས་དང་། ཨུ་ད་ཡ་ནས་བཞེངས་པའི་ཐུབ་པའི་བྲིས་སྐུ་རྟ་དཀར་པོ་ཞིག་ལ་བཀལ་ནས་འོངས་པས་བསྟན་པའི་གཞི་བཏིང་། སའི་བའི་ག་སི་ ཞེས་པའི་གཙུག་ལག་ཁང་ཐོག་མར་བཞེངས། པཎྜི་ཏ་གཉིས་ཀྱིས་ཀྱང་དགྲ་བཅོམ་ཐོབ། ཟིན་ཤིང་རྣམས་བཏུལ། དད་པས་རབ་ཏུ་བྱུང་བ་མང་པོ་བྱུང་སྟེ། དགེ་འདུན་གྱི་སྡེ་ཤིན་ཏུ་འཕེལ་བར་གྱུར། ཡོང་ཕྱི་ཞིག་ན་པཎྜི་ཏ་ཀུ་མཱ་ར་སྤྱན་དྲངས་ནས་དེས་ཀྱང་བསྟན་ པ་སྤེལ། །ཐང་གི་རྒྱུད་པའི་རིང་ལ་ཐང་ཛང་ཛང་ཞེས་པ་སློབ་དཔོན་དབྱིག་གཉེན་གྱི་སློབ་མར་གྱུར་ནས་ཐེག་པ་ཆེ་ཆུང་གི་ཆོས་དཔག་ཏུ་མེད་པ་བསྒྱུར། འདིའི་གོང་དུ་ཆོས་བསྒྱུར་ནུས་པའི་རྒྱའི་ལོ་ཙཱ་བ་ཉིས་བརྒྱ་ཙམ་བྱུང་ཞེས་གྲགས་ཤིང་། དེ་དག་གིས་ཀྱང་ཆོས་མང་དུ་བསྒྱུར་ བ་ཡོད་པས་བསྟན་པ་ཤིན་ཏུ་དར་ཞིང་དགྲ་བཅོམ་པའང་མང་དུ་བྱོན། དེ་ནས་མི་ཉག་དང་ཧོར་གྱི་རྒྱལ་པོ་བྱུང་གི་བར་དུ་རྒྱ་ནག་གི་རྒྱལ་པོ་རབས་མང་པོའི་ཚེ་དང་། དེ་ནས་ཀྱང་ད་ལྟའི་བར་བསྟན་པ་གནས་བཞིན་ལ། མི་ཉག་གི་རྒྱལ་པོ་ཐའི་ཧུས་ཆོས་རྗེ་དུས་གསུམ་མཁྱེན་ པ་སྤྱན་དྲངས་ཀྱང་མ་བྱོན་པར་གཙང་པོ་བ་བཏང་བ་ལ་ཆོས་ཉན་པ་དང་། ཧོར་ཡུལ་དུ་ཧོར་གྱི་རྒྱལ་པོ་ཇིང་གི་སྨན་གྱི་ཚེ་ཞང་ཚལ་པའི་སློབ་མ་གཙང་པ་དུང་ཁུར་བས་ཧོར་ཡུལ་དུ་བྱོན་པས་གནམ་མཆོད་ལ་དད་པ་བསྐྱེད་པ་ཙམ་མཛད། །རྗེས་ནས་མི་ཉག་ཀྱང་ཧོར་གྱིས་ དབང་དུ་བསྡུས། ཕྱི་ཞིག་ན་རྒྱལ་པོ་གོ་དན་གྱིས་ས་སྐྱ་པཎྜི་ཏ་སྤྱན་དྲངས། དེའི་རྗེས་སུ་ཆོས་རྗེ་རིན་པོ་ཆེ་འཕགས་པའང་སྤྱན་དྲངས་ནས། གོ་བེ་ལ་ལ་དབང་བསྐུར་བ་སོགས་ཀྱིས་བསྟན་པ་གསལ་བར་མཛད། མོ་གོར་གན་གྱིས་ཀརྨ་པ་ཤཱི་སྤྱན་དྲངས་པ་སོགས་བོད་ ཡུལ་གྱི་བསྟན་པ་འང་ཅི་རིགས་པར་མཆོད་པ་བྱུང་། རྒྱ་ནག་ཕྱི་མ་ལ་མིན་གྱི་རྒྱུད་ཐའི་ཛུ་རྒྱལ་པོས་བིརཱུ་བ་དང་། གནས་བརྟན་བཅུ་དྲུག་སྤྱན་དྲངས་པ་དང་། ཏཱ་མིན་གཡུང་ལོས་ཆོས་རྗེ་དེ་བཞིན་གཤེགས་པ་སྤྱན་དྲངས་པ་སོགས་བསྟན་པ་ལ་གུས་པས་མཆོད་པའི་རྒྱལ་ པོ་ཁོ་ན་བྱུང་ཞིང་། ད་ལྟ་ཚིན་གྱི་བརྒྱུད་པ་འདིར་ཡང་ཤུན་ཅི་རྒྱལ་པོས་ངག་དབང་བློ་བཟང་རྒྱ་མཚོ་སྤྱན་དྲངས་པ་སོགས་ནས་ད་ལྟའི་བར་བསྟན་པ་ལ་གུས་པས་མཆོད་བཞིན་པའོ། །འོན་ཀྱང་རྒྱ་ཡུལ་དུ་ཆོས་རྒྱལ་འཕགས་པས་སེ་ཆེན་རྒྱལ་པོར་དགྱེས་པ་རྡོ་རྗེའི་དཀྱིལ་ འཁོར་དུ་དབང་བསྐུར་བ་དང་། དེ་བཞིན་གཤེགས་པས་ཏཱ་མིན་རྒྱལ་པོར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཞིང་ཁྲིད་བཏབ་པ་སོགས་སྐལ་ལྡན་རེ་གཉིས་ཀྱིས་གསང་སྔགས་སྤྱོད་པ་སྲིད་མོད། བོད་ལྟ་བུར་ཐུན་མོང་དུ་གསང་སྔགས་ཀྱི་བསྟན་པ་དར་བ་ནི་མ་བྱུང་ བར་སྣང་ཞིང་། དེ་མཐུན་རྒྱ་ཡུལ་གྱི་གསུང་རབ་རྣམས་སུའང་བྱ་རྒྱུད་ཀྱི་གཟུངས་ཕྲན་འགའ་ཞིག་ལས་སྔགས་རྒྱུད་དངོས་གཞི་མི་བཞུགས་སོ། །མདོ་ཕྱོགས་ལས་ཀྱང་དེང་སང་ནི་ཐེག་ཆེན་ཁོ་ན་སྤྱོད་ཆེ་བར་སྣང་ཞིང་། དེ་ལས་ཀྱང་འཁོར་ལོ་ཐ་མའི་མདོ་རྣམས་གཙོ་བོར་ དར་བ་ཞིག་སྣང་ངོ༌། །གཉིས་པ་དེ་དག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་ནི། རྒྱུད་སྡེ་ཆེན་པོ་བཞི་ལས་བྱ་བ་དང་། སྤྱོད་པའི་རྒྱུད་ནི། བཅོམ་ལྡན་འདས་ཀྱིས་ཛམྦུའི་གླིང་འདི་ཉིད་དུ་མི་རྣམས་ལ་བསྟན་པ་དང་། གཞན་དུ་ལྷ་དང་གནོད་སྦྱིན་སོགས་ལ་བསྟན་པ་དག་ལས་ཅི་རིགས་པར་དུས་དེ་ཉིད་ནས་བཟུང་སྟེ་འཕགས་པའི་ཡུལ་ལ་སོགས་པར་སྐལ་བ་ཅན་རྣམས་ཀྱིས་གསང་ཞིང་སྤྱད་པས་སྔགས་ཀྱི་དངོས་གྲུབ་ཆེན་པོ་འགྲུབ་པར་གྱུར་པ་ཡ་མང་དུ་བྱུང་ཞིང་ལྷག་པར་ཐེག་ཆེན་དར་བ་ནས་བརྩམས་ ཏེ་རྒྱས་པར་གྱུར་ཏོ། །དེ་ཙམ་ན་རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་གཉིས་ནི་གདུལ་བྱ་མཆོག་གི་སྐལ་བ་ཅན་དག་ལ་ཐོད་རྒལ་དུ་སྣང་བ་ཙམ་ལས་རྒྱུན་ཆགས་པར་གནས་པ་ཞིག་ནི་མེད་པར་མངོན་པས། ཕྱིས་སློབ་དཔོན་ཆེན་པོ་བྲམ་ཟེ་མདའ་བསྣུན་ཞབས་སོགས་ཀྱི་ དུས་ནས་རྒྱས་ཤིང་རྒྱུན་ཆགས་སུ་གནས་པ་ཡིན་ནོ། །དེའང་བཅོམ་ལྡན་འདས་ཉིད་བཞུགས་པའི་དུས་མཉན་ཡོད་ནས་ནུབ་ཏུ་དཔག་ཚད་ལྔ་བརྒྱ་རྒལ་བ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཡོད་པ་དེས་བཅོམ་ལྡན་ འདས་ཀྱི་མཚན་ཐོས་པས་དད་དེ་ཕྱག་འཚལ་ཞིང་ཡིད་ཀྱིས་གསོལ་བ་བཏབ་པས་བཅོམ་ལྡན་འདས་བྱོན་ཏེ། གསང་བ་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་དུ་སྤྲུལ་ཏེ། རྒྱལ་པོ་འཁོར་བཅས་ལ་དབང་བསྐུར་ཞིང་། འདོད་ཡོན་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ ཁྱད་པར་ཅན་སྟོན་པའི་རྒྱུད་བསྟན་ནས་རྗེས་སུ་གདམས་པར་མཛད་དོ། །རྒྱལ་པོས་ཀྱང་དོན་དེ་ཐམས་ཅད་ཁོང་དུ་ཆུད་ནས་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བརྩམས་པས་འཁོར་བཅས་ཀྱིས་རིག་པ་འཛིན་པའི་གནས་བརྙེས་ཏེ་ཡུལ་དེ་ལན་ཅིག་སྟོངས་སོ་ཞེས་གྲགས་ཤིང་། དེ་མ་ཐག་ལྷོ་ཕྱོགས་ཀྱི་མཚོ་ཞིག་ཡོད་པ་འཕེལ་ཏེ་ཀླུ་མང་པོ་དང་བཅས་པས་ཡུལ་དེ་གང་བར་གྱུར་ཏོ། །ཀླུ་དེ་རྣམས་ལ་ལག་ན་རྡོ་རྗེས་རྒྱུད་ཀྱི་གླེགས་བམ་གཏད་ཅིང་ཀླུ་རྣམས་ཀྱིས་ཀྱང་མིར་བསྒྱུར་ནས་མཚོ་དེའི་འགྲམ་དུ་གྲོང་ཁྱེར་བྱས་ཏེ་ཁོད་ཅིང་། ལམ་ཉམས་ སུ་བླངས་པས་ཕལ་ཆེར་གྱིས་གྲུབ་པར་གྱུར་ཏོ། །གྲུབ་པ་མ་ཐོབ་པ་རྣམས་ཀྱང་མིར་གྱུར་ནས་དེ་སྐྱོང་བའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པ་ཤ་སྟག་ཏུ་གྱུར་པ་དང་། སྤྱི་ཡུལ་དེ་ལ་ཨོ་རྒྱུན་མཁའ་འགྲོའི་གླེང་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་ཆེན་ པོར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་མཆོག་ཏུ་འགྲིགས་པར་གྱུར་ཏོ། །ཡང་ཤམྦྷ་ལ་ན་གསང་བའི་བདག་པོ་ཟླ་བ་བཟང་པོས་སྤྱིར་རྒྱུད་ཐམས་ཅད་ཉེ་བར་བསྡུས་ཤིང་། ཁྱད་པར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད། གྲོང་བྱེ་ བ་ཕྲག་དགུ་བཅུ་རྩ་དྲུག་གི་སྐྱེ་བོ་སྐལ་ལྡན་རྣམས་ལ་དབང་བསྐུར་ཞིང་རྒྱུད་བཤད། ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་བཞེངས། སྲས་ལྷ་དབང་སེང་གེའི་ཁྲི་ལ་ཆོས་སྟོན་ པར་དབང་བསྐུར། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་དགྱེས་པ་རྡོ་རྗེའི་འགྲེལ་པ་མཛད་དེ་རྒྱལ་བའི་སྲས་པོ་རྣམས་ལ་བསྟན། ལྷ་དབང་གིས་ལོ་བརྒྱར་རྩ་རྒྱུད་བསྟན་ནས་གཟི་བརྗིད་ཅན་དབང་བསྐུར་བ་སོགས་རིམ་བཞིན་ཆོས་རྒྱལ་བདུན་དང་། དེ་ནས་འཇམ་དཔལ་ གྱི་སྤྲུལ་པའི་སྐུ་གྲགས་པས་རིགས་བཞི་རྡོ་རྗེའི་རིགས་གཅིག་ཏུ་བྱས་ཏེ་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་སོགས་ཤམྦྷ་ལའི་སྐྱེ་བོ་ཐམས་ཅད་ལ་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཞིང་རྒྱུད་བསྟན་པས་འདི་ཕྱིན་རིགས་ལྡན་དུ་གྲགས། ཉི་མའི་ཤིང་རྟས་ཞུས་པའི་ངོར་རྩ་རྒྱུད་ལས་བསྡུས་རྒྱུད་བཏུས། དེ་རྗེས་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་རྒྱས་འགྲེལ་དྲི་མེད་འོད་དང་། །དོན་དམ་བསྙེན་པ་སོགས་མཛད་དེ་རིམ་བཞིན་རིགས་ལྡན་རྣམས་བྱོན་ཟིན་པ་དང་འབྱོན་པར་འགྱུར་བ་སྟེ། མ་འོངས་ པ་ནི་ཀླ་ཀློས་འཛམ་གླིང་ཆུང་ངུ་འདི་ཕལ་ཆེར་དབང་སྒྱུར་བའི་ཚེ་རིགས་ལྡན་དྲགས་པོ་འཁོར་ལོས་སྤྲུལ་པའི་དམག་གིས་བཏུལ་ཏེ་ལས་ས་དུམ་བུ་བཅུ་གཉིས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་འཇོག་པར་འགྱུར་བའང་ལུང་ལས་ངེས་པ་ཡིན་ནོ། །སྟོན་པ་མྱ་ངན་ལས་ འདས་ནས་ལོ་སུམ་བརྒྱ་ཙམ་འདས་པ་ཤམྦྷ་ལར་ཆོས་རྒྱལ་ཟླ་བས་བྱིན་ལོངས་སྐུར་གཤེགས་ཀ་ཙམ་གྱི་དུས་སུ་ལཱ་ཌའི་ཡུལ་དུ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྱུང་། སློབ་དཔོན་རྣམ་པར་མི་རྟོག་པ་དང་། ཨོ་ཌི་བི་ཤའི་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་ཨོ་རྐྱེན་དུ་བྱོན་ནས་ཀླུ་ ལས་གྱུར་བའི་རྣལ་འབྱོར་མས་གསང་བ་འདུས་པའི་དབང་བསྐུར་ཏེ་གྲུབ་པ་ཐོབ་པ་དེ་སོགས་བླ་མ་མང་པོ་དང་། ཁྱད་པར་གསང་བའི་བདག་པོ་སོགས་ལྷག་པའི་ལྷ་རྣམས་ལས་དངོས་སུ་རྒྱུད་མང་པོ་གསན་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྤྱོད་པ་སྐྱོང་བའི་ཚེ་ས་ར་ཧིར་གྲགས། ། ཨོ་རྒྱུན་ནས་སངས་རྒྱས་ཐོད་པ་སོགས་རྒྱུད་སྡེ་རྒྱ་མཚོའི་གླེགས་བམ་མང་པོའང་སྤྱན་འདྲེན་པར་མཛད་དོ། །དེའི་ཚེ་ཤར་ཕྱོགས་བྷངྒ་ལར་རྒྱལ་པོ་ཧ་རི་ཙནྡྲ་ཞེས་པ་ཙནྡྲའི་རིགས་ཀྱི་ཐོག་མ་དེ་བྱུང་ནས། སྔགས་ཀྱི་ལམ་ལ་བརྟེན་ཏེ་སྔགས་ཀྱི་མཐུས་མངོན་པར་བསྒྲུབས་པའི་ ལོངས་སྤྱོད་ཆེན་པོ་ལ་རོལ་བཞིན་འཁོར་སྟོང་དང་བཅས་ཏེ་རིག་པ་འཛིན་པའི་གནས་ཐོབ་བོ། །བྲམ་ཟེ་ཆེན་པོས་ཀྱང་ཀླུ་སྒྲུབ་ལ་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་སྦྱིན་པ་ལ་སོགས་པ་གསང་སྔགས་ཀྱི་བསྟན་པ་གཏད་པ་དང་། ཀླུ་སྒྲུབ་ཉིད་ཀྱིས་ལྷག་པའི་ལྷ་སོགས་ལས་གསན་ཏེ་གསང་སྔགས་ཀྱི་བསྟན་པ་ཡོངས་སུ་གསལ་བར་མཛད་དོ། །སློབ་དཔོན་འདི་གཉིས་ཀྱིས་སྔ་མོས་སངས་རྒྱས་ཐོད་པའི་དཀའ་འགྲེལ་སོགས་དང་། ཕྱི་མས་གསང་འདུས་ཀྱི་སྒྲུབ་ཐབས་གཉིས་སོགས་སྔགས་ཀྱི་བསྟན་ བཅོས་ཀྱང་མང་དུ་མཛད་པར་སྣང་ངོ་། །དང་པོ་ཐེག་ཆེན་དང་ཙམ་ནས་འདིའི་བར་དུ་བྱ་སྤྱོད་ཀྱི་སྔགས་གྲུབ་པ་ཤས་ཆེ་བའི་སྔགས་ཀྱི་རིག་པ་འཛིན་པ་སྟོང་ཕྲག་བརྒྱ་བྱུང་བར་གྲགས་ཏེ། གཤིན་རྗེ་གཤེད་ཀྱི་སྔགས་སོགས་བླ་མེད་ལ་བརྟེན་པའང་མང་དུ་ཡོད་དོ། །ཀླུ་སྒྲུབ་ཀྱི་ གྲོགས་པོ་བྲམ་ཟེ་མཆོག་སྲེད་ཀྱིས་སྔགས་གྲུབ་སྟེ། ནག་པོ་ཆེན་པོ་མངག་གཞུག་པར་གྱུར་ནས་གྲུབ་ཆེན་བརྒྱད་པོ་རེ་རེས་ཀྱང་སྐྱེ་བོ་སྟོང་ཕྲག་རེ་རེའི་དོན་མཛད་ཅིང་། གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་བྱུང་ངོ༌། །དེ་ནས་སློབ་དཔོན་འཕགས་པ་ལྷས་ཀྱང་། སྤྱོད་ བསྡུས་སྒྲོན་མ་སོགས་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་རྒྱུད་བཤད་པས་སྐལ་ལྡན་མང་པོ་སྨིན་པར་མཛད་དོ། །སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་དཔལ་གྱི་རིར་ཕུག་ཟབ་མོ་ཞིག་ཏུ་ལོ་བཅུ་གཉིས་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་ཅིང་ཚེའང་ཉི་ཟླ་དང་ མཉམ་པར་གྱུར་པ་ལ་ཀླུ་སྒྲུབ་ཀྱིས་སྔགས་ཀྱི་བསྟན་པ་ཐམས་ཅད་གཏད་པ་ལྟར་མཛད་ནས་འགྲོ་དོན་བསྐྱངས་པ་དང་། །གྲུབ་ཐོབ་ཤྲིངྒ་བ་དང་། ཤ་བ་རི་པ་སོགས་ཀྱང་བྱུང་ཞིང་འགྲོ་དོན་མཛད་དོ། །དེས་ན་མདའ་བསྣུན་ཞབས་ནས་བཟུང་འདི་དག་གི་བར་དུ་ཉེ་ བར་གདམས་པའི་གསང་སྔགས་ནི། གཙོ་བོར་གསང་འདུས་པ། འཁོར་ལོ་སྡོམ་པ། །གདན་བཞི། སངས་རྒྱས་ཐོད་པ་སོགས་ཡིན་པར་མངོན་ནོ། །སྐབས་འདིར། རྒྱ་ནག་ཏུ་འཁྲུངས་པའི་གཤིན་རྗེ་གཤེད་དང་། རྟ་མགྲིན་གྱི་གྲུབ་ཐོབ་ སློབ་དཔོན་རྟ་མཆོག་ཏུ་གྲགས་པའང་བྱོན་ཏེ། དེས་ཨཽ་རྒྱན་ནས་འཇམ་དཔལ་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་སོགས་སྤྱན་དྲངས། གྲུབ་པའི་དབང་ཕྱུག་ལུ་ཡི་པའང་འདི་སྐབས་བྱུང་སྟེ། དེ་ནི་བྲམ་ཟེ་ཆེན་པོས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་ བསྐུར་རྒྱུད་གཏད་པས་འཁོར་ལོ་སྡོམ་པ་གཙོ་བོར་གྱུར་པའི་མ་རྒྱུད་ཀྱི་བསྟན་པའི་བདག་པོ་ལྟ་བུར་གྱུར། ཨོ་ཌི་བི་ཤའི་ཡུལ་དུ་རྒྱལ་པོ་བི་མ་ལ་ཙནྡྲ་འཁོར་བཅས་བཏུལ་ནས་བདེ་མཆོག་གི་དབང་བསྐུར་གདམས་ངག་ཕོག་པ་ས་ལོ་བཅུ་གཉིས་སུ་རྟོགས་པ་བསྐྱངས་ཏེ། གྲུབ་པ་ཐོབ་པ་རྒྱལ་པོ་དཱ་རི་ཀ་པ། བློན་པོ་ཌཾ་གི་པ། སྨད་འཚོང་མ་སུ་ཁ་དྷ་རི་སོགས་ཡིན་ཞིང་། གཞན་ཡང་ཡུལ་དེར་བུད་མེད་སྟོང་ཕྲག་བཅུ་བཞི་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་གྲོལ་ལོ་ཞེས་གྲགས་སོ། སློབ་དཔོན་འདི་དག་གིས་མཛད་པའི་སྔགས་ ཀྱི་བསྟན་བཅོས་དང་རྡོ་རྗེའི་གླུ་ལ་སོགས་པའང་ཡོང་དེ། །སློབ་དཔོན་ཐོགས་མེད་སོགས་རྒྱན་དྲུག་གཞན་དག་ཀྱང་སྔགས་ཀྱི་དངོས་གྲུབ་ཆེན་པོ་ས་བརྙེས་པ་ཤ་སྟག་ཡིན་མོད་ཀྱི་ཡོངས་གྲགས་སུ་རྐང་ཚུགས་པའི་སྔགས་ཀྱི་བསྟན་པ་འདི་ལྟ་བུ་ཞིག་གསལ་བར་བྱས་སོ་ཞེས་པའི་ གཏམ་དེང་སང་ནི་མི་སྣང་ངོ༌། །སློབ་དཔོན་ཟླ་བ་གྲགས་པས་མ་ནུ་གྷོ་གའི་རིར་སྔགས་ཀྱི་དངོས་གྲུབ་བརྙེས་པས་ཟག་མེད་ཀྱི་སྐུར་གྱུར། འདུས་པའི་རྒྱན་གྱི་འགྲེལ་པ་སོགས་བརྩམས་ཏེ་ཕ་རྒྱུད་ཀྱི་བསྟན་པ་སྤེལ་བར་མཛད། དེ་འོག་ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་ སློབ་མ་བི་རཱུ་པ་བྱུང་སྟེ་སློབ་དཔོན་ཀླུའི་བྱང་ཆུབ་ལ་གཤིན་རྗེ་གཤེད་ཀྱི་དབང་དང་གདམས་ངག་ཞུས་ཏེ་བསྒོམས་པས་གྲུབ། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དངོས་སུ་བྱོན་ནས་དབང་བསྐུར་བས་རིམ་གྱིས་ས་དྲུག་པ་བརྙེས། ཝཱ་རཱ་ཎ་སཱིའི་མུ་སྟེགས་ཀྱི་རྒྱལ་པོ་ སོགས་མུ་སྟེགས་བྱེད་མང་པོ་རྫུ་འཕྲུལ་གྱིས་བཏུལ། ཨཽཌྱན་ནས་གཤིན་རྗེ་གཤེད་དམར་པོའི་རྒྱུད་སྤྱན་དྲངས། དེའི་སྒྲུབ་ཐབས་སོགས་བརྩམས་ཏེ་འགྲོ་དོན་དང་བསྟན་པ་ལ་བྱ་བ་བླ་ལྷག་ཏུ་མཛད་ནས་སྤྱོད་པ་ལ་གཤེགས། ཁྱད་པར་དུས་འདི་ཙམ་གྱི་སྔ་ཕྱི་ཅི་རིགས་པར་གྲུབ་པའི་ སློབ་དཔོན་ཆེན་པོ་མང་དུ་བྱོན་པ་ལས། །སློབ་དཔོན་ས་རོ་རུ་ཧ་སྟེ་མཚོ་སྐྱེས་ནི་ཀུ་ཀུ་ར་ཛ་ར་ཡང་གྲགས་ཤིང་ཁྱིའི་རྣམ་པ་ཅན་ཀྱི་དཔའ་བོ་དང་རྣལ་འབྱོར་མ་མང་པོ་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་སོགས་དམ་ཚིག་གི་སྤྱོད་པ་མཛད་པ་ཟླ་གསང་ཐིག་ལེའི་རྒྱུད་ ལ་བརྟེན་ནས་གྲུབ་པ་ཐོབ་པ་དེས་ཨོ་རྒྱུན་ནས་དགྱེས་པ་རྡོ་རྗེའི་རྒྱུད་སྤྱན་དྲངས། སྒྲུབ་ཐབས་སོགས་བསྟན་བཅོས་ཀྱང་མཛད། ནང་རྒྱུད་སྡེ་ལྔ་དང་། རྣལ་འབྱོར་རྒྱུད་རྒྱ་ཆེར་བཤད་ཅིང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད། །སློབ་དཔོན་ལ་ལི་ཏ་བཛྲ་ནི་རྡོ་རྗེ་རོ་ ལངས་མས་ཞལ་མངོན་སུམ་དུ་བསྟན་ནས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། མན་ངག་བསྒོམས་པས་དྲོད་ཐོབ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། ཨོ་ཌྱན་གྱི་ཡུལ་དུ་སྔར་མཚོ་ཡོད་པ་དེ་བསྐམས་ནས་དེའི་ཤུལ་དུ་དྷརྨ་གཉྫ་སྟེ་སྔགས་ཀྱི་རྒྱུད་ ཐམས་ཅད་བཞུགས་པའི་ཕོ་བྲང་ལ་རིག་པ་འཛིན་པའི་དཔའ་བོ་དང་རྣལ་འབྱོར་མ་དུ་མ་གནས་པའི་གྲོང་ཁྱེར་གྱིས་བསྐོར་བ་ཡོད་པ་དེར་བྱོན་ཏེ། སྐུ་གསུང་ཐུགས་ཀྱི་གཤིན་རྗེ་གཤེད་ནག་པོའི་རྒྱུད། སྡོམ་པ་གསུམ་པ། རྟོག་བདུན་སོགས་མང་པོ་ཐུགས་ལ་ བཟུང་ནས་བྱོན། འཕགས་པའི་ཡུལ་སོགས་སུ་དེ་དག་གསལ་བར་མཛད། མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་བསྟན་ལ་སྡང་བའི་མུ་སྟེགས་དང་ཏ་ཟིག་སོགས་མང་པོ་ཚར་བཅད་ནས་བསྟན་པ་བསྐྱུངས་སོ། དེའི་སློབ་མ་ལཱི་ལ་བཛྲ་གྱིས་ཀྱང་བསྟན་པ་དེའི་རྒྱུན་ བསྐྱངས་ཤིང་། བི་རཱུ་པའི་སློབ་མ་ཀོ་མཁན་ལས་གྲུབ་པ་བརྙེས་པ་ཌ་བྷི་པས་ཀྱང་ཤར་ཕྱོགས་རྒྱལ་པོ་སེ་ན་ར་བཏུལ། ཡུལ་ཁམས་དེའི་མི་ཕྱུགས་ཐམས་ཅད་གྲོལ་ནས་མཁའ་སྤྱོད་གྲུབ། ཨོ་ཌུན་ནས་ཀུ་རུ་ཀུ་ལླེའི་རྟོག་པ་དང་། ཨཱ་ར་ལླིའི་རྒྱུད་གཉིས་ སྤྱན་དྲངས། མངོན་ཤེས་ཀྱིས་རྒྱུད་དོན་གཟིགས་པའི་ཕྱིར་ཡེ་ཤེས་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་ནས། དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་སྙིང་པོ་བླངས་ཏེ་བདག་མེད་མའི་སྒྲུབ་ཐབས་དང་། ལྷན་ཅིག་སྐྱེས་སྒྲུབ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། ཌོ་བྷི་ ཧེ་རུ་ཀས་ཨོ་རྱན་གྱི་ཡུལ་དུ་ཆང་འཚོང་མ་བི་ནས་བཏུལ་ནས། དེས་ལ་བ་པ་ལ་དབང་བསྐུར་ཅིང་རྒྱུད་མཐའ་དག་གཏད། ལོ་བཅུ་གཉིས་མན་ལ་འོད་གསལ་དུ་ལོག་པས་མཆོག་གྲུབ། ཨོ་ཌྱན་ནས་དགྱེས་པ་རྡོ་རྗེའི་རྒྱུད་སྤྱན་དྲངས། སཱ་སཾ་བེ་ད་པྲ་ཀྲྀ་ཏ་ ཞེས་བྱ་བ་རྫོགས་རིམ་གཙོ་བོར་སྟོན་པ་སོགས་བསྟན་བཅོས་མང་དུ་བརྩམས། ཨཽ་ཌྱན་གྱི་རྒྱལ་པོ་ཨིནྡྲ་བུ་དྷི་བར་པ་དད་པར་བྱས་ཏེ་མཆོག་གི་གྲུབ་པ་ལ་བཀོད་དོ། །སློབ་དཔོན་ལ་བ་པ་དང་། ལ་ལི་ཏ་བཛྲ་གཉིས་ཀྱིས་ཨིནྡྲ་བུ་དྷི་བར་པ་དེ་ཐུན་མོང་གི་གྲུབ་ པ་ཙམ་ཞིག་ཐོབ་པའི་སྐབས་སུ་དེར་བྱོན་ནས་རྫུ་འཕྲུལ་བསྟན་པས་རྒྱལ་པོའི་ང་རྒྱལ་བཅག །སློབ་དཔོན་གཉིས་རང་ལམ་གར་རྫུ་འཕྲུལ་འགྲན་པས་ལ་ལི་ཏས་ལ་བ་པ་ལ་ཕྱག་བྱས་པའི་གཏམ་རྒྱུད་ཀྱང་ཡོད་དོ། །ཤེས་ཕྱིན་ཚུལ་བརྒྱ་ལྔ་བཅུ་བའི་འགྲེལ་པ་ ལས་འབྱུང་བའི་ཟ་ཧོར་གྱི་ཡུལ་དུ་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་རྒྱུད་སྡེ་བཅྭོ་བརྒྱད་བྱོན་པ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བུ་དྷི་ལ་སློབ་དཔོན་ཀུ་ཀུ་རཱ་ཛས་བཀྲོལ་ཏེ་བཤད་ཅིང་རྒྱལ་པོ་འཁོར་བཅས་ཀྱིས་རྡོ་རྗེ་དབྱིངས་ཀྱི་ས་དཀྱིལ་འཁོར་ལྟར་བྱས་ནས་བསྒོམས་པས་ཐམས་ ཅད་ཀྱིས་མཆོག་གྲུབ་པ་དང་། དེའི་སྲས་ཤཱཀྱ་པྲ་བུ་དྷི་འཁོར་བཅས་ཀྱིས་ཀྱང་དེ་བཞིན་དུ་བསྒོམས་པས་གྲུབ་པ་དང་། དེའི་སྲས་མོ་གོ་མ་དེ་བཱི་འཁོར་བཅས་ཀྱང་གྲུབ་པ་ཐོབ་པ་སོགས་ཀྱི་ཡོ་གའི་ལོ་རྒྱུས་འདི་ནི། བོད་འགའ་ཞིག་གིས་བཅོམ་ལྡན་འདས་ བཞུགས་དུས་ཀྱི་ཨིནྡྲ་བྷཱུ་ཏི་དེའི་དུས་སུ་འཆད་པ་དང་། འགའ་ཞིག་གིས་རབ་གསལ་ཟླ་བ་དང་སྦྱར་བ་དང་། འགའ་ཞིག་གིས་ཨིནྡ་བུ་དྷི་བར་པ་འདི་དང་སྦྱར་བ་སོགས་སྣང་ཡང་། །སྤྱིར་ཨཽ་ཌྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བུ་དྷིའི་མཚན་ཅན་མང་པོ་ ཞིག་བྱོན་པར་བཤད་པ་མཐོང་ཡང་གོང་གི་ཀུ་ཀུ་རཱ་ཛ་དེ་ཨོ་རྒྱུན་དུ་བྱོན་པ་དེའི་དུས་ཀྱི་གཏམ་ཡིན་པར་སྣང་ངོ༌། །ལྷན་ཅིག་སྐྱེས་གྲུབ་ཅིག་ཤོས་ཀྱི་གཞུང་རྩོམ་མཁན་གྱི་ཨིནྡྲ་བུ་དྷི་དེ་ནི་ཨིནྡྲ་བུདྷི་བར་པའི་རྗེས་སུ་བྱུང་བས་དབང་པོའི་བློ་ཆུང་བར་གྲགས་པ་སྟེ་ཕྱིས་ རབ་ཏུ་བྱུང་ནས་གྲུབ་པ་བརྙེས་པའི་ཚེ་ལ་བ་པར་ཡང་གྲགས་སོ། །དེའང་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས། སྔོན་ཚེ་ཨཽ་ཌྱན་དུ་ལག་ན་རྡོ་རྗེའི་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན་གྱིས་རྒྱལ་པོའི་བུ་མོ་རོལ་པ་མོ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་ པ་རྗེས་སུ་བཟུང་། རོལ་མོས་ཨཽ་ཌྱན་གྱི་རྒྱལ་པོ་དཔའ་བོ་རྡོ་རྗེ་རྗེས་སུ་བཟུང་། དེས་མདུན་ན་འདོན་དམ་ཚིག་རྡོ་རྗེ། །དེས་ཞིང་པ་པདྨའི་རྡོ་རྗེ། དེས་ཆང་འཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐ་ག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་མོ་རྡོ་རྗེ། དེས་ འབྲེག་མཁན་གྲུབ་པའི་རྡོ་རྗེ། དེས་དཔལ་ཀུན་འགྲོའི་མགོན་པོ། དེས་ཐུགས་ཀྱི་རྡོ་རྗེ། དེས་ལྕམ་ལཀྵྒི། དེས་རྒྱལ་པོ་ཨིནྡྲ་བུ་རྙི་གྲོལ་བར་མཛད་དེ། དེས་དུར་ཁྲོད་དུ་བསྒོམས་པའི་ཚེ། བཙུན་མོ་སྔགས་འཆང་མ་རྣམས་ཀྱིས་བགམ་པའི་ཚེ་ལ་བར་སྣང་ བས་མཚན་དེ་ལྟར་གྲགས་སོ་ཞེས་བྱུང་ངོ༌། གྲུབ་ཆེན་དཱ་རི་ཀ་པས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་རྒྱུད་བསྟན་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྡོ་རྗེ་དྲིལ་བུ་པས་ཨོ་ཌི་བི་ཤའི་རྒྱལ་པོ་རྫུ་འཕྲུལ་སྤྱི་གྱིས་བཏུལ། འཁོར་ལོ་སྡོམ་པའི་ཕྱི་དཀྱིལ་དང་། ལུས་དཀྱིལ་རིམ་པ་ལྔ་བ་སོགས་མཛད། དེས་རུས་སྦལ་ཞབས། དེས་ཛ་ལནྡྷ་རི་པ། དེས་ནག་པོ་པ་སོགས་རིམ་བཞིན་གྲུབ་པའི་གནས་སུ་བཀོད་ཅིང་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་བདེ་མཆོག་སྐོར་གྱི་སྒྲུབ་པའི་རྒྱུན་མཆོག་ཏུ་གསལ་བར་མཛད་ དོ། །ཁྱད་པར་ནག་པོ་ཞབས་ཀྱིས་ཡི་དམ་གྱིས་ལུང་བསྟན་པ་ལྟར་ནག་པོ་གཞུང་དྲུག་ཏུ་གྲགས་པ་འདི་བརྩམས་ཏེ་སྐུ་དྲིན་མཆོག་ཏུ་ཆེའོ། །དེའི་འོག་ཏུ་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷཾ་ག་ལར་ཙནྡྲའི་རིགས་ཀྱི་རྒྱལ་ཕྲན་པྲ་ཀཱ་ཤ་ཙནྡྲར་གྲགས་པ་དེ་ལག་ན་རྡོ་རྗེས་དངོས་སུ་ བྱིན་གྱིས་བརླབས་པས་གྲུབ་པ་ཐོབ་པར་གྱུར་ཏེ་རྣལ་འབྱོར་རྒྱུད་རྒྱ་ཆེར་བཤད་དོ། །འདི་ནི་ཡོ་ག་པ་རྣམས་ཀྱིས་སྡོམ་པའི་རྒྱུད་ཕྱི་མ་ཞེས་བྱ་བ་ལས་རྒྱལ་པོ་ཙ་ཞེས་བྱ་བ་ཞིག་འབྱུང་བར་ལུང་བསྟན་ཏོ་ཞེས་ཟེར་བ་དེ་ཡིན་པ་སྙམ་ཡང་ལུང་འདྲེན་གྱི་ཚིགས་བཅད་དེ་ལས་འབྱུང་བའི་ དུས་དང་ནི་མི་འབྱོར་པར་སྣང་ངོ༌། །དེའི་འོག་ཏུ་བི་རཱུ་པ་ཆུང་བ་བྱོན་ཏེ། ནུབ་ཕྱོགས་ཀཙྪའི་ཡུལ་གྱི་རྒྱལ་པོ་བི་དྷ་རཊྚ་ཞེས་པའི་ལྷ་ཁང་རབ་གནས་ལ་སྤྱན་དྲངས་པའི་ཚེ་སྔགས་སྤྱོད་ངོ་མཚར་བས་ཕྱི་རོལ་པར་མོས་པ་པའི་བློན་པོ་སོགས་དད་པར་བྱས། བསམ་མི་ཁྱབ་ མཛད་མཁན་གྱི་ཏོག་ཙེ་བ་ཆེ་བའང་འདི་དུས་བྱུང་བར་སྣང་ངོ༌། །གཞན་ཡང་འདི་སྐབས་སུ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། རེ་རེས་འགྲོ་བ་སྨིན་གྲོལ་དུ་བཀོད་པའི་གྲངས་ཀྱང་གཞལ་བར་མི་ནུས་པ་ཡིན་ན། ཐམས་ཅད་ཀྱི་ཕྲིན་ ལས་ལ་ནི་སུ་ཞིག་གིས་གཞལ་བར་ནུས། དེ་ནས་རྒྱལ་པོ་དེ་ཝ་པཱ་ལའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་བྱོན་ཏེ། དེ་ནི་ནག་པོ་པས་བྱིན་གྱིས་བརླབས་པ་བདེ་མཆོག་ལ་བརྟེན་ནས་དངོས་གྲུབ་བརྙེས་ཤིང་སྡོམ་པ་བཤད་པ་ལ་སོགས་པའི་བསྟན་བཅོས་མཛད། གཞན་ ཡང་ཤཱཀྱ་བཤེས་གཉེན་དང་། རྡོ་རྗེ་མཚོན་ཆ་དང་། འཇམ་དཔལ་གྲགས་པ་དང་། བཛྲ་དེ་ཝ་སོགས་བྱོན་ཏེ། སྔགས་ལམ་གསལ་བར་མཛད་ཅིང་། ཁྱད་པར་ཤཱཀྱ་བཤེས་གཉེན་གྱིས་ཡོ་ག་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་སོགས་ མཛད་པས་རྣལ་འབྱོར་རྒྱུད་ལ་ཕྱག་རྗེས་ཆེ། འཇམ་དཔལ་གྲགས་པའང་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་འགྲེལ་ཆེན་མཛད་པ་པོ་སྟེ། ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ནས་དངོས་གྲུབ་བརྙེས་པ་ཞིག་གོ། །དེ་ནས་ ཨོ་ཌི་ཡ་ནའི་སློབ་དཔོན་སྒེག་པའི་རྡོ་རྗེ་བྱོན་ཏེ། ན་ལེནྡྲར་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། མཚན་བརྗོད་འགྲེལ་པ་སོགས་བསྟན་བཅོས་མང་པོ་བརྩམས། ཨོ་རྔུན་དུའང་འགྲོ་དོན་དཔག་མེད་མཛད་ནས་མཐར་འཇའ་ལུས་སུ་གཤེགས་སོ། །འདི་ སྐབས་གདོལ་པའི་བུ་ཞིག་གིས་དག་སྣང་དུ་ཨཱརྱ་དེ་ཝ་མཇལ་ཏེ་བྱིན་གྱིས་བརླབས་པས་ཆོས་གཏོལ་ཤེས་སུ་བྱུང་། བསྒོམས་པས་གྲུབ་པ་ཐོབ། ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་སྐལ་བ་ལྟ་བུར་རྙེད་ནས་ཅི་རིགས་པར་བཤད་པས་བསྟན་པ་སྤེལ་ལོ། ། ཡང་ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་ཟླ་གྲོགས་དང་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་ཡང་རྙེད་དོ། །ཡང་པཎྜི་ཏ་སྒྲ་ཅན་འཛིན་གྱིས་ཀླུའི་བྱང་ཆུབ་དང་མཇལ་ཏེ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་ཀྱི་མན་ངག་ཐམས་ཅད་ནོས་པར་ཡང་གྲགས་ ཏེ། མདོར་ན་འདི་དུས་ཙམ་ནས་འདུས་པ་འཕགས་སྐོར་ཐོག་མར་དར་བ་ཡིན་ནོ། །དེ་འོག་རྒྱལ་པོ་དྷརྨ་པཱ་ལའི་ཚེ་ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རཱི་པ་བྱུང་སྟེ། འདིས་ཨོ་སྐྲུན་ནས་མ་ཧཱ་མཱ་ཡཱའི་རྒྱུད་སྤྱན་དྲངས་ནས་ཀུ་ཀུ་རི་པའི་ཆོས་བདུན་དུ་གྲགས་པ་ ལས་དྲུག་མཛད། །སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཨཽ་ཌྱན་དུ་བྱོན་ནས། ལ་ཀྵྨཱི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་འཇམ་དཔལ་བཤེས་གཉེན་སོགས་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་དང་བཅས་པ་ ནོས་ནས་བསྒོམས་པས་ཀྱང་གྲུབ་སྟེ། བི་ཀྲ་མ་ལ་ཤི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོ་ག་སྡེ་གསུམ་དང་། ནང་རྒྱུད་སྡེ་ལྔ་སྟེ། འདུས་པ། སྒྱུ་འཕྲུལ་དྲ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་ རྣམས་དང་། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། སྒྲུབ་ཐབས་ཀུན་བཟང་ལ་སོགས་པའི་གཞུང་བཅུ་བཞི་དང་། གཞན་ཡང་གཞུང་མང་པོ་བརྩམས་སོ། །སློབ་མ་ཤིན་ཏུ་མང་ཡང་ གཙོ་བོ་མཆོག་བཅོ་བརྒྱད་བྱུང་ཞིང་དེ་ལས་ཀྱང་མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་བཞིས་རིག་པ་འཛིན་པའི་གནས་གྲུབ་པར་གྲགས་སོ། །དེ་ལས་རབ་ཞི་བཤེས་གཉེན་གྱིས་གནོད་སྦྱིན་བཀོལ་ནས་ ན་ལནྡའི་ལྷོ་ཕྱོགས་སུ་བདུད་རྩི་འབྱུང་བའི་གཙུག་ལག་ཁང་བཞེངས། རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོས་འགྲོ་ལྡིང་གི་ཡུལ་དུ་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དར་བར་མཛད། དེར་ཀླུ་ལས་ནོར་བླངས་ཏེ་གསང་བ་འདུས་པའི་ལྷ་ཁང་ཆེན་པོ་བཞེངས། ཀླུ་རྣམས་ འདུལ་བའི་ཕྱིར་ཀླུའི་གནས་སུ་གཤེགས་ཏེ་ད་ལྟའང་བཞུགས་པར་གྲགས། ཡང་ཡེ་ཤེས་ཞབས་ཀྱི་སློབ་མ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་ནི་རྡོ་རྗེ་འཛིན་པ་གཞན་དག་ལས་ཀྱང་གསང་སྔགས་མང་དུ་གསན་པས། །སྔགས་སྤྱི་དང་། ཁྱད་ པར་བྱ་སྤྱོད་རྣལ་འབྱོར་གསུམ་ལ་མཁས་ཤིང་། གྲུབ་པ་ཐོབ་པ་ཡིན། ཁྱད་པར་སངས་རྒྱས་གསང་བས། ཀྲི་ཡོ་ག་སྡེ་གསུམ་གྱི་བསྟན་པ་རྒྱས་པར་མཛད་ཅིང་། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ། ། རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་སོགས་བརྩམས། དེའི་འོག་ཏུ་མ་ག་དྷཱའི་སློབ་དཔོན་ཀུན་དགའ་སྙིང་པོ་བྱུང་སྟེ། གྷཾ་ག་ལ་ན་རབ་གསལ་ཟླ་བའི་སློབ་མ་རབ་འབྱོར་བསྐྱངས་སོགས་མང་པོ་ལ་གཏུགས་ནས། རྣལ་འབྱོར་རྒྱུད་མཐའ་དག་ལ་མཁས་པར་མཛད། ། བསྒོམས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གཟིགས་ཤིང་བསྟན་བཅོས་རྩོམ་པར་ལུང་བསྟན་ཐོབ། དཔལ་མཆོག་དང་པོ་དང་། དེ་ཉིད་བསྡུས་པ་སོགས་ཡོ་གའི་རྒྱུད་མང་པོ་ལ་འགྲེལ་པ་བརྩམས་ཤིང་བཤད། གཞན་ཡང་གསང་བ་འདུས་པ་སོགས་རྒྱུད་ མང་པོའི་འགྲེལ་པ་མཛད་དེ་སྔགས་སྤྱི་དང་ཁྱད་པར་ཡོ་གའི་སྲོལ་ཤིན་ཏུ་རྒྱ་ཆེན་པོར་ཕྱེས་སོ། སློབ་དཔོན་ཡེ་ཤེས་བྱིན་དང་ཡེ་ཤེས་གྲགས་པ་སོགས་ཀྱིས་ཀྱང་བསྟན་པ་ལ་བྱ་བ་མཛད་དོ། །འདི་ཙམ་ན་སིངྷ་ལར་ལངྐ་རྒྱལ་བ་བཟང་པོའང་བྱོན་ཏེ། འདིས་ལྷོ་ ཕྱོགས་ཀོངྐ་ནར་དཔལ་རེག་པ་མེད་པའི་མཆོད་རྟེན་ཡོད་པའི་སར། སྔགས་ཀྱི་ཐེག་པ་མང་དུ་བཤད། འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་སོགས་བསྟན་བཅོས་མང་པོ་བརྩམས། བི་ཀྲ་མ་ལར་སྔགས་ཀྱི་སློབ་དཔོན་ཆེན་པོ་མཛད་དོ། །ཁྱད་པར་འདི་སྐབས་ཤར་ ཕྱོགས་ཛ་གོའི་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏི་ལླི་པ་བྱོན་ཏེ། དེས་ཙནྡྲ་པ་སོགས་བཀའ་བབས་བཞིའི་བླ་མ་བསྟེན། སྔགས་རྒྱུད་སྤྱི་དང་ཁྱད་པར་བླ་མེད་ཀྱི་སྐོར་ཡོད་དོ་ཅོག་གི་དབང་རྒྱུད་མན་ངག་ཐམས་ཅད་ཡོངས་སུ་རྫོགས་ནས་བྷངྒ་ལར་ལོ་བཅུ་གཉིས་སུ་ཏིལ་ བརྡུང་བའི་སྤྱོད་པ་སྤྱད་པས་མཆོག་གི་དངོས་གྲུབ་མངོན་དུ་མཛད། གཙོ་བོར་ལྷག་པའི་ལྷ་ཤྲཱི་ཧེ་རུ་ཀ་ཉིད་ལས་དངོས་སུ་རྡོ་རྗེ་ཐེག་པ་མཐའ་དག་གསན་ཅིང་གཞན་ལ་བསྟན་པས་བྷ་ག་ལའི་རྒྱལ་ཁམས་ཁོ་ན་ལན་གསུམ་དུ་སྟོངས་པར་གྲགས། མདོར་ན་ སྙིང་པོའི་ངེས་གསང་གི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ། །གཞན་ཡང་སྔོན་ཚེ་ཁ་ཆེའི་པཎྜི་ཏ་ཟབ་པའི་རྡོ་རྗེ་ཞེས་བྱ་བས་དུར་ཁྲོད་བསིལ་ཚལ་དུ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མ་སྒྲུབ་པའི་ཚེ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གཟིགས་ནས་ ལུང་བསྟན་པ་བཞིན་ཨོ་རྒྱན་རྒྱུ་མ་རར་བྱོན་ཏེ། །དེར་མཁའ་འགྲོ་མ་ཞིག་གིས་བདུད་རྩི་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གླེགས་བམ་གཏོད། ཧེ་རུ་ཀ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། ཕྱིས་མ་ལ་བར་སྐལ་ལྡན་གྱི་སྤྲང་པོ་ བརྒྱད་ལ་དབང་བསྐུར་བས་གྲུབ་པ་ཆེན་པོ་རེ་རེ་ཐོབ་པ་བྱུང་། ཁོ་ཡང་ཕྱི་ཞིག་ན་སློབ་དཔོན་བདུད་རྩི་གསང་བ་རྗེས་སུ་བཟུང་ནས་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་ནས་ལྷ་ཡུལ་དུ་འགྲོ་དོན་ལ་གཤེགས། བདུད་རྩི་གསང་བས་ཀྱང་མཆོག་གྲུབ་སྟེ། སློབ་དཔོན་ཀུན་སྙིང་སོགས་བྱོན་པའི་དུས་ཙམ་ལ་སློབ་དཔོན་བྷ་གོ་རྗེས་སུ་བཟུང་། དེས་རོ་ལངས་དང་གཏེར་གྱི་བུམ་པ་བསྒྲུབས་ཏེ་འགྲོ་དོན་མཛད། ཁྱད་པར་པྲ་ཀ་དང་ཉེ་བར་རིགས་ལྔའི་ལྷ་ཁང་ཆེན་པོ་དང་། ལྷོ་ཕྱོགས་ཀརྨ་ཊར་རྡོ་རྗེ་བདུད་རྩིའི་ལྷ་ཁང་ཆེན་པོ་ བཞེངས་ནས་པཎྜི་ཏ་དྲི་མེད་བཟང་པོ་སོགས་ལ་རྒྱུད་བཤད་པས་འཕགས་ཡུལ་སོགས་སུ་ལེགས་པར་དར་བ་ཡིན་ནོ། །རྒྱལ་པོ་དྷརྨ་པཱ་ལའི་རིང་ལ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་བྱུང་ཞིང་། དེས་ཡེ་ཤེས་ཞབས་ཀྱི་སློབ་རྒྱུད་འགའ་རེ་བསྟེན་ནས་གསང་འདུས་ དང་། གཤིན་རྗེ་གཤེད་ཀྱི་སྐོར་ཐམས་ཅད་ཐུགས་སུ་ཆུད། བསྒོམས་པས་གྲུབ་པ་བརྙེས། ལྷོ་ཕྱོགས་ཀྱི་རྒྱུད་བེདརྦྤ་སོགས་སུ་ནུས་པ་བསྟན་པས་སངས་རྒྱས་པ་དར་བར་མཛད། །རྒྱལ་པོ་མ་ཧཱི་པཱ་ལའི་ཚེ་བི་ཀྲ་མའི་སྔགས་ཀྱི་སློབ་དཔོན་ཡང་མཛད་དོ། ། དེ་ནས་བྷ་ཝ་བྷ་ཊ་བྱོན་ཏེ་དེའང་རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པའི་མཁས་པ་ཆེན་པོར་གྲགས། དེ་ནས་སྐལ་ལྡན་གྲགས་པ་བྱོན་ཏེ་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་དུ་སོན། གཞན་ཡང་རིམ་པས་ལཱི་ལ་བཛྲ་དང་། མི་ཐུབ་ཟླ་བ་དང་། ཏ་ཐཱ་ག་ཏ་རཀྱི་ཏ་རྣམས་ཀྱང་བདེ་ མཆོག་དང་། གཤིན་རྗེ་གཤེད་སོགས་ཀྱི་སྒོ་ནས་གྲུབ་པ་བརྙེས་པའི་སྔགས་ཀྱི་སློབ་དཔོན་ཆེན་པོ་ཡིན་ཏེ་ཐམས་ཅད་ཀྱིས་བི་ཀྲ་མ་ལར་ཡང་བསྟན་པ་བསྐྱངས་སོ། །རྒྱལ་པོ་མ་ཧཱི་པཱ་ལའི་སྐུ་ཚེའི་སྨད་ཙམ་ལ་ཤར་ཕྱོགས་ཨོ་ཟི་སར་ཙི་ལུ་པའམ་པི་ཊོ་ཨཱ་ཙཱརྨ་ཆེ་བ་ བྱོན་ཏེ། མཁས་པ་ཆེན་པོར་གྱུར་པ་དེས་ན་ལནྡ་དང་བི་ཀྲ་མ་ལ་ཤཱི་ལ་དང་། རིན་ཆེན་རི་བོའི་གཙུག་ལག་ཁང་དུ་སྡེ་སྣོད་དང་རྒྱུད་ཀྱི་གླེགས་བམ་མཐའ་དག་གཟིགས་པའི་ཚེ། སྔགས་ཀྱི་སྦས་དོན་མཐར་ཐུག་འབྱེད་པ་ལ་བྱང་ཆུབ་སེམས་འགྲེལ་དགོས་པས། དེ་ ཤམྦྷ་ལ་ན་སྤྲུལ་པའི་རྒྱལ་པོས་སྟོན་པ་ཡོད་ཅེས་འདུག་པ་གཟིགས་པ་དང་། ལྷག་ལྷས་ཀྱང་བསྐུལ་ནས་ཤམྦྷ་ལར་བྱོན་པར་དགོངས་ཏེ་བྱོན་པའི་ལམ་ཁར་རིགས་ལྡན་གྱིས་སྤྲུལ་པའི་དགེ་སློང་གི་ཚུལ་དུ་བྱོན་ནས་བྱིན་གྱིས་བརླབས་ཤིང་། །དུས་ཀྱི་འཁོར་ ལོའི་དབང་རྒྱུད་འགྲེལ་མན་ངག་དང་བཅས་གནང་བ་མཐའ་དག་ཐུགས་ལའང་ཟིན་ནས་ཐུགས་ཚིམ་སྟེ་སླར་ལོག ཝརེནྡྲར་པི་ཌོ་བ་ཆུང་བ་རྗེས་སུ་བཟུང་ནས་དབང་རྒྱུད་སོགས་མཐའ་དག་གནང་། འདིས་དམག་གི་གནོད་པ་བྱུང་བའི་ཚེ་རྒྱུད་འགྲེལ་རྣམས་ སྦས་པ་ལས་ཕྱིས་རྩ་རྒྱུད་རྩ་འགྲེལ་མ་ཚང་བ་ཡིན་ནོ། །ཁྱད་པར་ཝ་རེནྡྲར་དུས་ཞབས་པ་ཆེན་པོར་གྲགས་པ་བྱོན་ཏེ། དེས་ཙི་ལུ་པ་ཆུང་བ་ལ་ཐུག །དེས་ཀྱང་ཐུགས་མ་ཚིམ་པར་ཤ་བྷ་ལར་བྱོན་པའི་ལམ་ཁར་རིགས་ལྡན་རྣམ་འཕྲུལ་ཞིག་དང་མཇལ་ཏེ། དེས་དབང་བསྐུར། མན་ངག་བསྟན། བསྒོམས་པས་གྲུབ་སྟེ་ཤཾ་བྷ་ལ་ཉིད་དུ་བརྟོལ། རིགས་ལྡན་ཉིད་ལས་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་དངོས་སུ་ཐོབ། ཚུར་བྱོན་ནས་འཕགས་ཡུལ་དུ་སེམས་འགྲེལ་སྐོར་ཆེས་དར་བར་མཛད་དོ། །འདི་སྐབས་ སློབ་དཔོན་ཀ་མ་ལ་རཀྵི་ཏས་བི་ཀྲ་མ་ལའི་སྔགས་ཀྱི་སློབ་དཔོན་མཛད་དེ། གསང་བ་འདུས་པ་དང་གཤིན་རྗེ་གཤེད་ལ་མཁས། མངོན་སྤྱོད་ཀྱི་ལས་ཤིན་ཏུ་མང་བ་ཞིག་མཛད་པས་མཁའ་སྤྱོད་དུ་འབྱོན་རྒྱུ་ལ་ཅུང་ཟད་བསྒྲིབས་པར་གྲགས་ སོ། གཞན་ཡང་སློབ་དཔོན་པདྨ་ལྕགས་ཀྱུས་ཀྱང་ཡོ་གའི་བསྟན་པ་གསལ་བར་མཛད། རང་ཉིད་ཀྱི་ཡབ་བྲམ་ཟེ་སྙིང་པོའི་ཞབས་ལས་བདེ་དགྱེས་གསང་གསུམ་སོགས་གསན། འཇམ་དཔལ་དབྱངས་གྲུབ་ པས་རིག་པའི་གནས་ཐམས་ཅད་ལ་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར། །བི་ཀྲ་མར་ཆོས་བཤད་ཅིང་མདོ་སྔགས་ཀྱི་བསྟན་བཅོས་བརྒྱ་རྩ་བརྒྱད་མཛད་པར་གྲགས། །སངས་རྒྱས་ཡེ་ཤེས་ཀྱི་བརྒྱུད་འཛིན་ནག་པོ་དམ་ཚིག་རྡོ་རྗེས་ཀྱང་སྔགས་གྲུབ་ནས་བསྟན་པའི་ བྱ་བ་མཛད། འདི་སྐབས་ཀྱི་སྔ་ཕྱི་ཅི་རིགས་པར་གྲུབ་ཆེན་ཐ་ག་ན་དང་བྲམ་ཟེ་ཡེ་ཤེས་ཞབས་ཀྱང་བྱུང་། རྒྱལ་པོ་ཙ་ན་ཀའི་རིང་ལ་བི་ཀྲ་མ་ལ་ཤཱི་ལའི་བྱང་སྒོ་སྲུང་བའི་པཎྜི་ཏ་ནཱ་རོ་པ་ནི་ཕྱི་ནང་གི་མཁས་པ་སུས་ཀྱང་རྩོད་པར་མི་ནུས་པས་རྩོད་མེད་དེ། དེས་ དཀའ་ཐུབ་ཆེན་པོས་གྲུབ་ཆེན་ཏི་ལླི་པ་མཉེས་པར་བགྱིས། གཞན་ཡང་དུས་འཁོར་ཞབས་སོགས་བླ་མ་མང་པོ་བསྟེན་ནས་རྒྱུད་སྡེ་རྒྱ་མཚོའི་དབང་ཕྱུག་ཏུ་གྱུར་ཏེ་གྲུབ་པ་བརྙེས། དབང་མདོར་བསྟན་དང་དགྱེས་རྡོར་གྱི་འགྲེལ་པ་སོགས་སྔགས་ཀྱི་ བསྟན་བཅོས་མང་པོ་བརྩམས། རྡོ་རྗེ་ཐེག་པ་ཉིན་མོ་ལྟར་གསལ་བར་མཛད་ནས་སྤྱོད་པ་ལ་གཤེགས་སོ། །ཤར་སྒོ་སྲུང་བ་རནྣ་ཀ་ར་ཤཱནྟི་ཡང་ནཱ་རོ་པ་ལས་དབང་རྒྱུད་མན་ངག་ཤིན་ཏུ་མང་པོས་ཡང་ཡང་དུ་ནོས། བསྒོམས་པས་གྲུབ་པ་བརྙེས། སྔགས་ གཞུང་མང་པོའང་མཛད་དེ་བསྟན་པའི་སྒྲོན་མེར་གྱུར་ཏོ། ནུབ་སྒོ་སྲུང་བ་ངག་དབང་གྲགས་པས་ཀྱང་འཁོར་ལོ་སྡོམ་པའི་རྒྱུད་ལ་བསྟེན་ནས་དངོས་གྲུབ་བརྙེས། བི་ཀྲ་མ་ལ་ཤཱི་ལར་ཚོགས་བདག་ལས་ནོར་བླངས་ཏེ། གསང་འདུས། བདེ་མཆོག ། དགྱེས་རྡོར། གདན་བཞི་རྣམས་ལ་མཆོད་པའི་ཆོས་གཞི་རེ་རེ་བཙུགས། ཕྱིས་བལ་པོར་ཕེབས་ཏེ་ཤཱནྟ་པུ་རིར་བདེ་མཆོག་གི་ལྷ་ཁང་བཞེངས། དེར་རབ་གནས་ཀྱི་མཇུག་ཏུ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སྤྲུལ་པ་དེ་མ་བསྡུས་ པར་ད་ལྟ་འང་བཞུགས་པར་གྲགས་སོ། དབུས་ཀྱི་བྲམ་ཟེ་རིན་ཆེན་རྡོ་རྗེའང་འཁོར་ལོ་སྡོམ་པའི་སྒོ་ནས་གྲུབ་པ་བརྙེས་ཏེ་བི་ཀྲ་མ་ལར་གསང་སྔགས་ཀྱང་བཤད། ཁྱད་པར་ཁ་ཆེར་བྱོན་ཏེ་གསང་བ་འདུས་པ་འཆད་པའི་གྲྭ་བཙུགས་སོ། །ཕྱིས་ཨཽ་རྒྱན་ དུ་བྱོན་པའི་ཚེ། ཁ་ཆེའི་ཡུལ་གྱི་མུ་སྟེགས་བྱེད་མཁས་པ་ཞིག་ཁོང་རང་གི་ལྷས་བསྐུལ་ནས་ཨཽ་ཌྱན་དུ་ཕྱིན། དེ་དང་རྩོད་པས་སློབ་དཔོན་རྒྱལ་ནས་མུ་སྟེགས་དེ་ནང་པའི་ཆོས་སྒོར་ཞུགས། །སྔགས་ནོས་པས་གྲུབ་པ་ཐོབ། །མཚན་གུ་ཧྱ་པྲཛྙཱར་ གྲགས་ཏེ་བོད་དུ་བྱོན་པའི་ཨཱ་ཙཱརྱ་དམར་པོ་ཞེས་པ་དེའོ། །རིན་ཆེན་རྡོ་རྗེའི་སྲས་མ་ཧཱ་ཛ་ན། དེའི་སྲས་སཛྫྜནའོ། །དབུས་ཀྱི་ཀ་ཆེན་ཅིག་ཤོས་ཛྙཱ་ན་ཤྲཱི་མི་ཏྲའང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་སྟེ། མཐའ་གཉིས་སེལ་བ་སོགས་སྔགས་ཀྱི་ བསྟན་བཅོས་མང་པོ་མཛད་དོ། །དེ་ཙམ་ན་བྷཾ་ག་ལར་ཇོ་བོ་རྗེ་ཨ་ཏི་ཤའང་བྱོན་ཏེ། དེས་ནི་ནཱ་རོ་པ། ཌོཾ་བྷི་པ། ཤཱནྟི་པ། བ་ལིང་ཨཱ་ཙཱརྱ་སོགས་བླ་མ་མང་པོ་བསྟེན། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ལ་མཁས་པར་གྱུར། མཐོང་ ལམ་གྱི་རྟོགས་པ་བརྙེས། སློབ་མ་རྡོ་རྗེ་འཛིན་པའང་མང་དུ་བྱུང་། མཻ་ཏྲཱི་པ་ནི་ནཱ་རོ་པའི་སློབ་མ་ཡིན་ལ་ཕྱིས་དཔལ་གྱི་རིར་གཤེགས་ཏེ་ཤ་བ་རི་པ་དང་མཇལ། དབང་བསྐུར། བྱིན་གྱིས་བརླབས། བདེ་དགྱེས་གསང་གསུམ། མཚན་བརྗོད། རྙོག་མེད་སོགས་གསན། ཁྱད་པར་གྲུབ་སྙིང་ཨ་མ་ན་སིའི་སྐོར་ཡོངས་སུ་རྫོགས་པར་གསན་ནས་བསྒོམས་པས་གྲུབ་པ་བརྙེས། བི་ཀྲ་མ་ལ་སོགས་སུ་གསང་སྔགས་ཀྱི་བསྟན་པའང་སྐྱོང་བར་མཛད་དོ། །གཞན་ཡང་དེའི་འོག་ཏུ་ནཱ་རོ་པ་ལ་སོགས་ པའི་བླ་མ་བསྟེན་ནས་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར་པ་རྡོ་རྗེ་གདན་པ་ཆེན་པོ། ཨ་མོ་གྷ་བཛྲ། དེ་བ་ཨཱ་ཀ་ར་ཙནྡྲ། པྲཛྙཱ་ར་ཏ་སོགས་ཀྱིས་ཕྲིན་ལས་བསྐྱངས་ཤིང་། ཁྱད་པར་པྲཛྙཱ་རཀྵི་ཏས་ནི་ལོ་བཅུ་གཉིས་སུ་ནཱ་རོ་པ་བསྟེན། བླ་མེད་ཀྱི་རྒྱུད་མང་དུ་གསན། ཁྱད་པར་མ་རྒྱུད་དང་ཡང་སྒོས་འཁོར་ལོ་བདེ་མཆོག་ལ་མཁས་པར་གྱུར། འགྲེལ་པ་ལུགས་བཞི་དང་། མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། བདེ་མཆོག་རིགས་ཀྱི་དབང་བསྐུར་རང་ཡང་བདུན་ཅུ་ཙམ་མངའ་བར་ གྲགས། ལོ་ལྔར་བསྒྲུབས་པས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྡོམ་པའི་ཆོས་གཙོ་བོར་བཤད་པས་འགྲོ་དོན་དཔག་མེད་མཛད་དོ། །དཔལ་མཆོག་ཌོཾ་བྷི་པ་ནི་བ་ལང་རྫིའུ་ཞིག་ནཱ་རོ་པས་སྐལ་ལྡན་དུ་མཁྱེན་ནས། ཆང་ཐོད་ཕོར་གང་གནང་བ་ཙམ་ གྱིས་བྱིན་རླབས་ཞུགས་ཏེ་ཅིག་ཅར་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་ནས་དངོས་གྲུབ་ཐོབ་སྟེ་འདིས་ཇོ་བོ་ཨ་ཏི་ཤའང་བྱིན་གྱིས་བརླབས་སོ། །ཀ་སོ་རི་པ་དང་། རི་རི་པ་དང་། ནི་རི་པ་རྣམས་ཀྱང་ནཱ་རོ་པས་རྗེས་སུ་བཟུང་ཞིང་སྡོམ་པ་ཡབ་ཡུམ་ལ་བརྟེན་ནས་ གྲུབ་པ་ཐོབ་པ་སྟེ། །ཚེ་འདི་དག་གིས་ཀྱང་སྙིང་པོའི་བསྟན་པ་ལ་བྱ་བ་ཆེར་མཛད་དོ། །སློབ་དཔོན་དཔེ་མེད་འཚོ་ཞེས་སྦྱོར་དྲུག་ལུགས་གཅིག་གི་ཁུངས་འདེད་ས་དེའང་འདི་སྐབས་བྱོན། ཁྱད་པར་ནཱ་རོ་པའི་ལྕམ་ནི་གུ་མ་ནི་སྔར་མིང་པོས་སྔགས་ལམ་དུ་སྨིན་ པར་བྱས་ཟིན་པ་ཞིག། ཕྱིས་བཛྲ་དྷ་རས་དངོས་སུ་རྗེས་བཟུང་ནས་མཆོག་གི་གྲུབ་པ་བརྙེས་པའོ། དེ་ནས་སློབ་དཔོན་ཆེན་པོ་བི་རཱུ་པ་དང་། ནཱ་རོ་པ་དང་། ལྕམ་ནི་གུ་མ་སྟེ། འདི་དག་ལས་བྱུང་བའི་ཆོས་དྲུག་ལུགས་གཉིས་པོ་ ལ་སོགས་པ་རྣམས་ནི། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་ཟབ་མོའི་ཉམས་ལེན་གཙོ་ཆེ་བ་རྣམས་མདོར་བསྡུས་པ་ཡིན་གྱི་ཕྱོགས་གཅིག་ཏུ་ཆད་པའི་རྒྱུད་སྡེ་རེ་རེའི་ཉམས་ལེན་གྱི་སྲོལ་རྐང་ཚུགས་པ་ཞིག་ནི་མ་ཡིན་ནོ། །འདི་སྐབས་རྟོག་གེ་པ་ཡ་མཱ་ རིའང་བྱུང་སྟེ་ནོར་རྒྱུན་མའི་སྔགས་གྲུབ་པོ། །གཞན་ཡང་མི་ན་ཀ་ཤཱི། ཁ་ཆེ་བ་བྱང་ཆུབ་བཟང་པོ། སྒྲ་གཅན་འཛིན་བཤེས་གཉེན། རྒྱ་གར་དཱ་རེ་ཀ་བ། བལ་པོ་ཕང་སྟེང་པ་སྐུ་མཆེད། རྒྱ་གར་ཕྱག་ན་སོགས་ཀྱིས་ཀྱང་སྔགས་ཀྱི་བསྟན་པ་གསལ་ བར་མཛད་དོ། །དེ་འོག་ཨ་བྷ་ཨཱ་ཀ་ར་གུསྟེ་རྒྱུད་སྡེ་རྒྱ་མཚོའི་དབང་ཕྱུག་ཏུ་གྱུར་ཏེ། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས། སཾ་པུ་ཊའི་འགྲེལ་པ་མན་སྙེ་དང་། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་སོགས་གསང་སྔགས་ཀྱི་བསྟན་བཅོས་ཀྱང་ཟབ་ཅིང་རྒྱ་ཆེ་ བ་དུ་མ་མཛད། དགུང་ལོ་བརྒྱ་ཉི་ཤུ་རྩ་གཅིག་གི་བར་དུ་བསྟན་པ་བསྐྱངས་ཏེ་བར་དོར་མཆོག་གི་དངོས་གྲུབ་བརྙེས་སོ། འདི་སྐབས་ན་ལནྡ་པའམ། དུས་འཁོར་ཞབས་ཆུང་བ་བྱུང་སྟེ། དེས་དུས་ཞབས་པ་ཆེ་བ་ལ་བརྟེན་ནས་དབང་རྒྱུད་འགྲེལ་ཡོངས་སུ་ རྫོགས་པར་གསན། ན་ལནྡའི་གཙུག་ལག་ཁང་གི་སྒོ་ཁང་དུ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་དང་། དེའི་གཤམ་དུ་དུས་འཁོར་མ་ཤེས་ན་གསང་སྔགས་ཐམས་ཅད་ཤེས་པར་མི་འགྱུར་བའི་སྒྲུབ་བྱེད་བཀོད་པས་ཨ་བྷ་ཡ། ཙཱ་མི། ཨ་བྷི་ཡུཀྟ། ཁ་ ཆེ་ཟླ་མགོན། དཱ་ན་ཤྲི་སོགས་པཎྜི་ཏ་ལྔ་བརྒྱ་ཙམ་གྱིས་གཟིགས་པས་ཐུགས་མ་རངས་ཏེ་རྩོད་པ་ན་དུས་འཁོར་ཞབས་རྒྱལ། པཎྜི་ཏ་ཐམས་ཅད་ཀྱིས་གུས་པས་བཏུད་དེ་ཆོས་ཉན་པའི་སློབ་མར་གྱུར་ཏོ། །ཨ་བྷ་ཡའི་སློབ་མ་ཤུ་བྷཱ་ཀ་ར་གུ་སྟ་དང་། ནིཥྐ་ ལངྐ་དེ་བ་སོགས་རྡོ་རྗེ་འཛིན་པ་མང་དུ་བྱོན་ཏེ། སློབ་དཔོན་དེའི་མན་ངག་དང་བཤད་སྲོལ་ཤིན་ཏུ་རྒྱས་པར་གྱུར་ཏོ། དེ་ལས་ཁྱད་པར་དུ་གྲུབ་པ་བརྙེས་པ་རཏྣ་རཀྵི་ཏས་བི་ཀྲ་མ་ལ་ཤཱི་ལར་སྔགས་ཀྱི་དཔོན་ཆེན་པོ་མཛད། སྡོམ་འབྱུང་གི་འགྲེལ་པ་སོགས་ བརྩམས་ནས་སྙིང་པོའི་བསྟན་པའི་བདག་པོར་གྱུར་ཏོ། །བི་ཁྱཱ་ཏ་དེ་ཝ་ཆོས་འབྱུང་ཞི་བས་ཀྱང་ཨ་བྷ་ཡ་བརྟེན་ནས་གྲུབ་པ་བརྙེས། རྡོ་རྗེ་གདན་གྱི་མཁན་པོ་མཛད། དེ་རྗེས་མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་སོགས་བྱིན་རླབས་དང་ནུས་པ་ཕུལ་བྱུང་མངའ་བས་ བསྟན་པ་སྐྱོང་བར་མཛད་པ་མང་དག་ཅིག་བྱུང་བ་ཐམས་ཅད་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་ཤ་དག་ཡིན་ནོ། །ཕྱི་མོ་ཞིག་ན་པཎ་ཆེན་པ་ན་རཏྣའང་རྒྱ་གར་ཤར་ཕྱོགས་སུ་བྱོན་ཏེ་གྲུབ་ཐོབ་ཆེན་པོ་ཤ་བ་རི་དབང་ཕྱུག་གིས་རྗེས་སུ་བཟུང་བས་ གསང་སྔགས་ཀྱི་གྲུབ་པའི་དབང་ཕྱུག་རྡོ་རྗེའི་སློབ་དཔོན་ཆེན་པོར་གྱུར་པ་ཞིག་སྟེ། བོད་ཡུལ་འདིར་ཡང་གསང་སྔགས་ཀྱི་ཚུལ་ལ་ཤིན་ཏུ་བཀའ་དྲིན་ཆེའོ། །དེ་འོག་འཕགས་ཡུལ་ལྷོ་ཕྱོགས་སུ། ཁ་གེནྡྲར་རྡོ་རྗེ་སློབ་དཔོན་ཞི་བ་སྦས་པའང་བྱོན་ཏེ། དེས་ ཡུལ་ཕྱོགས་ཀྱི་རྒྱུད་དེ་དག་དང་ཀོ་ཀིའི་ཡུལ་སོགས་སུ་གསང་སྔགས་ཀྱི་བསྟན་པ་ཤིན་ཏུ་གསལ་བར་མཛད་དོ། །དེ་བཞིན་དུ་ཕྱིས་རྒྱ་གར་ལྷོ་ཕྱོགས་དང་། ཤར་ཕྱོགས་ཀོ་ཀིའི་ཡུལ་སོགས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཤིན་ཏུ་དར་བར་ཡོད་པ་ལས། དེང་སང་གི་གནས་སྐབས་སུ་ཇི་ལྟར་གྱུར་པའི་ཁུངས་གསལ་ཀ་ནི་མ་ཐོས་སོ། །ཁྱད་པར་འགྲོ་ལྡིང་གི་ཡུལ་དུ་ཐོག་མར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྔགས་ཀྱི་བསྟན་པ་ཆེས་དར་བར་མཛད་དེ། མར་མེ་མཛད་བཟང་པོས་ཀྱང་བྱོན་པས་འཕགས་ཡུལ་དུ་ཕྱིས་ མི་བཞུགས་པའི་རྒྱུད་མང་པོའང་དེར་ས་བཞུགས་པར་གྲགས་ཤིང་ད་ལྟའང་སྔགས་ཀྱི་བསྟན་པ་དར་བཞིན་པ་ཡིན་ནོ།། །།གཉིས་པ་བོད་ཡུལ་དུ་བདེ་བར་གཤེགས་པའི་བསྟན་པ་ཇི་ལྟར་བྱོན་པའི་ཚུལ་ལ་མདོ་སྔགས་གཉིས་ལས། །དང་པོ་ལའང་ འདུལ་བ། མངོན་པ། མདོ་སྡེའི་བསྟན་པ་ཇི་ལྟར་ཕེབས་ཤིང་བསྐྱངས་པའི་ཚུལ་གསུམ་མོ། །དེ་ལ་དང་པོ་བསྟན་པའི་གཞི་མ་འདུལ་བ་ཇི་ལྟར་དར་བའི་ཚུལ་ནི། སྔོན་བོད་ཀྱི་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་ཀྱི་མཁན་པོ་བོ་ དྷི་ས་ཏུའམ་ཤཱནྟ་རཀྵི་ཏ་བལ་ཡུལ་དུ་བཞུགས་པ་གསན་ནས་རྦ་གསལ་སྣང་ཕོ་ཉར་བཏིང་སྟེ་སྤྱན་དྲངས། གུས་པ་ཆེན་པོས་ཉེ་བར་བསྙེན། འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་ཀྱང་སྤྱན་དྲངས། སྐབས་ཤིག་བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་ མི་བཏུབ་སད་པའི་ཕྱིར། ཞང་བློན་དད་པ་ཅན་རྦ་ཁྲི་གཟིགས་རབ་ཏུ་བྱུང་བར་རྒྱལ་པོས་གསོལ་པས། བོ་དྷི་ས་ཏཱས་མཁན་པོ་མཛད་དེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཔལ་དབྱངས། བཙན་པོས་བསྔགས་པས་རྦ་རཏྟར་ཡང་གྲགས། བསྒོམས་པས་མངོན་ཤེས་ལྔའང་གྲུབ་པར་གྱུར་ཏོ། །དེ་ནས་རིམ་བཞིན་རྦ་གསལ་སྣང་དང་། པ་གོར་བི་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། །རྨ་རིན་ཆེན་མཆོག །འཁོན་ཀླུའི་དབང་པོ་སྲུང་བ། ལག་སུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་ བྱུང་ཞིང་། མིང་ཡེ་ཤེས་དབང་པོ་སོགས་སུ་སྤོས། བསྙེན་པར་རྫོགས། དེ་བདུན་ལ་སད་མི་བདུན་དུ་གྲགས། དེ་ནས་རྒྱལ་པོས་ཀྱང་བོད་ལ་རབ་བྱུང་བཏུབ་པར་དགོངས་ནས། ཞང་བློན་དྲ་མ་དང་། འབངས་བློ་གསལ་བ་སུམ་བརྒྱ་ཙམ་རབ་ཏུ་བྱུང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཅིང་། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་ཕྱུང་ནས།ཕྱག་མཆོད་བཀུར་སྟི་བྱ་བའི་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བཅས། བཀའ་གཙིགས་ཀྱི་རྡོ་རིངས་བཙུགས། སྐ་ཅོག་སོགས་ཀྱིས་འདུལ་ བ་ལུང་སྡེ་བཞི་བསྒྱུར་ཏེ། མདོར་ན་མཁན་སློབ་དེ་དག་གིས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་བཤད་པ་དང་། ལག་ལེན་མཐའ་དག་ཐོག་མར་གསལ་བར་མཛད་དེ། བསྟན་པའི་གཞི་བཏིང་བར་གྲགས་སོ། །ཤཱནྟ་རཀྵི་ཏ་ནས་རིམ་བཞིན་ རྦ་རཏཱ། །སངས་རྒྱས་ཡེ་ཤེས། སྐབ་འོད་མཆོག་གྲགས། དེའི་མཁན་བུ་སྨར་གཡོ་གཙང་གསུམ་སྟེ། འདི་གསུམ་གྱིས་གླང་དར་མས་བསྟན་པ་བསྣུབས་པའི་ཚེ། འདུལ་བ་དྲེལ་ཁལ་གཅིག་བཀལ་ནས། གར་ལོག་དང་ཧོར་ཡུལ་དུ་ཕྱིན་ཀྱང་ བསྟན་པ་སྤེལ་མ་བཏུབ་སྟེ་ཁམས་སུ་བྱོན། རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་དང་། དན་ཏིག་ཤེལ་གྱི་ཡང་དགོན་དུ་བསྒོམ་ཞིང་བཞུགས་པའི་ཚེ། དམུ་གཟུགས་ལ་འབར་གྱིས་བལྟར་ཕྱིན་པས་དད་དེ། རབ་ཏུ་དབྱུང་བར་ཞུས་པ་ལ། སྨར་གྱིས་ མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་། མིང་ཤཱཀྱ་དགེ་བ་རབ་གསལ་དུ་བཏགས། བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བ་དང་། འདན་དུ་ལྷ་ལུང་དཔལ་རྡོར་བཞུགས་པ་བཙལ་ཀྱང་ཁོ་བོས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་གི་འོན་ཀྱང་གཞན་ བཙལ་ནས་བཏང་ངོ་ཞེས་རྒྱའི་ཧྭ་ཤང་ཀེ་ཝང་དང་། གྱི་ཕན་གཉིས་མངག་སྟེ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས། མཁན་སློབ་རྣམས་ལས་འདུལ་བ་ལོ་བཅོ་ལྔར་ཉན། བླ་ཆེན་ཤཱཀྱ་དགེ་བ་རབ་གསལ་གྱིས་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་དང་། དབུས་གཙང་མི་བཅུས་ཁམས་སུ་ འོངས་པ་ལ་སྟན་ཐོག་གཅིག་ཏུ་ཚིགས་གསུམ་རིམ་ནོད་ཀྱིས་ཆིག་རྫོགས་སུ་བསྙེན་པར་རྫོགས་ཏེ། འདི་ལྟ་བུའི་ཆིག་རྫོགས་མཛད་པ་དང་། བསྟན་པའི་ཡན་ལག་ལོ་བཅུ་མ་ཚང་བ་སོགས་ནི་བླ་ཆེན་འདི་བྱང་སེམས་མོས་སྤྱོད་པར་གྲགས་ཤིང་། །དེ་སྐབས་སྨར་གཡོ་གཙང་གསུམ་གྱིས་གང་ཟག་ ཁྱད་པར་ཅན་ཡིན་པ་དང་། །བསྟན་པའི་འཕེལ་འགྲིབ་མཚམས་སུ་ཐུག་པའི་དགོས་གལ་ཆེ་བ་ལ་ནི་དེ་ལྟར་རུང་ངོ་ཞེས་གནང་བ་བྱིན་པས་སྐྱོན་མེད་དོ་ཞེས་བླ་མ་ཁ་ལ་ཅིག་གསུངས་ལ། འགའ་ཞིག་ནི་འདུལ་བའི་ལག་ལེན་རྩིང་གེར་སྤྱད་པས་ནོངས་སོ་ཞེས་ཟེར་རོ། །དབུས་གཙང་མི་བཅུས་ཡར་བྱོན་ ཏེ་བསྟན་པའི་མེ་རོ་བསླང་བར་མཛད་པ་ཡིན་ནོ། །སྨད་འདུལ་འདིའི་བཤད་རྒྱུན་ནི། འཕགས་ཡུལ་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ལ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན། དེ་ནས་རིམ་བཞིན་སྨར་གཡོ་གཙང་གསུམ། བླ་ཆེན། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ ཁྲིམས་དབང་ཕྱུག །གཟུས་རྡོ་རྗེ་རྒྱལ་མཚན་ཏེ། འདི་ནས་སྟོད་འདུལ་གྱི་བཤད་རྒྱུན་དང་གཅིག་ཏུ་འདྲེས་སོ། །སྟོད་འདུལ་དུ་གྲགས་པ་ནི་གླང་དར་མས་བསྟན་པ་བསྣུབས་པའི་རྗེས་བོད་སིལ་བུར་འཐོར་ཡང་། སྟོད་མངའ་རིས་སུ་ཆོས་རྒྱལ་གྱི་གདུང་ལས་ཆབ་སྲིད་ཞྭ་ཙམ་ཞིག་ཆགས་པའི་ སྐབས་བསྟན་པ་ཕྱི་དར་གྱི་འགོ་རྩོམ་པའི་དུས་སུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་འཕགས་ཡུལ་ནས་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་པཱ་ལ་གསུམ་སོགས་མང་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སུ་བཅུག །དེ་ལས་པྲཛྙཱ་པཱ་ལའི་མཁན་བུ་ཞང་ཞུང་རྒྱལ་བའི་ཤེས་རབ། དེས་པཎྜི་ཏ་མང་པོ་ལ་ གཏུགས་ཤིང་། ཁྱད་པར་བལ་པོའི་འདུལ་འཛིན་སྦེ་ཏ་ཀ་ལས་འདུལ་བའི་ལག་ལེན་ཐམས་ཅད་ལ་མཁས་པར་སྦྱངས། ཁ་ཆེ་ཛྷཱ་ན་ཤི་ལས་སོ་ཐར་མདོའི་འགྲེལ་པ་འདུལ་བ་བསྡུས་པ་དང་། ཁ་ཆེ་ཐི་སུ་བྷཱུ་ཏི་ཤཱནྟ་ལས་སུམ་བརྒྱ་བ་རྩ་འགྲེལ། ས་མནྟ་ཤྲཱི་ཛྙཱ་ན་ལས་ཀཱ་རི་ཀ་ལྔ་བཅུ་བ་དང་ལོ་ དྲི་བ་གཉིས་སོགས་ལེགས་པར་མཉན་ནས་འགྱུར་བཅོས་དང་བསྒྱུར་ཅིང་བཤད་པ་སོགས་ཀྱིས་ལེགས་པར་གཏན་ལ་ཕབ། ཞང་ཞུང་པའི་སློབ་མ་ལོ་ཙཱ་བ་དཔལ་འབྱོར་གྱིས་བལ་པོ་ཛ་ཡ་ཀ་ར་ལས་དགེ་སློང་གི་ཀཱ་རི་ཀཱ་དང་། ཁ་ཆེ་པར་ཧི་ཏ་དང་མཧཱཛ་ན་ལས་དགེ་ཚུལ་གྱི་བསླབ་པའི་གཞི་མདོ་ རྣམས་གསན་ཅིང་དེ་དག་ལས་རིམ་པར་བརྒྱུད་དེ་དར་བ་ཡིན་ནོ། །འདིའི་བཤད་རྒྱུན་ནི། ཛི་ན་དཱ་ན་གཉིས་ལས་ཤཱཀྱ་སེ་ན། དྷརྨ་པཱ་ལ། ཀླུབས་ལོ་ཙཱ་དང་། སྐྱོགས་འདུལ་འཛིན་གཉིས། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཅིག་འདྲེས་དེ་ཉིད་གཟུས་ཀྱི་བུ་བཞིར་ གྲགས་པ། འཛིམ་པ་ཤེས་རབ་འོད་དང་སྣེ་སོ་གྲངས་པ་རྒྱལ་མཚན་ཏེ་གཙང་གི་བུ་གཉིས། སྦོ་ཆུང་ཚུལ་ཁྲིམས་བླ་མ་དང་གླན་ཚུལ་བྱང་སྟེ་དབུས་ཀྱི་བུ་གཉིས་རྣམས་ལས་རྒྱ་ཆེར་འཕེལ་བ་ཡིན་ནོ། །བཤད་རྒྱུན་འདི་ལས་ཕྱིས་མཚོ་སྣ་པ་ཆེན་པོ་བྱོན་ཏེ་མནལ་ལམ་དུ་ཡོན་ཏན་འོད་ལས་མདོ་རྩ་ གསན། མགོན་པོ་ཏྲ་ཀྵད་ཀྱིས་བསྐུལ་ནས་འདུལ་པའི་རྣམ་བཤད་ཉི་མའི་འོད་ཟེར་སོགས་བརྩམས་ཏེ་འདུལ་བའི་བསྟན་པ་གཞི་བཞེངས་སུ་བཏིང་བ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་བྱ་འདུལ་བ་འཛིན་པ་སོགས་འདུལ་བའི་བསྟན་འཛིན་མང་དུ་བྱུང་ངོ་། །ཁྱད་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཁྲོ་ཕུ་ ལོ་ཙཱ་བས་བོད་དུ་སྤྱན་དྲངས། དབུས་སུ་ཕེབས་པའི་ཚེ་ཆུ་ཤུལ་སྲོག་མ་དགོན་དུ་མི་བཅུ་གཅིག་གིས་བསྙེན་རྫོགས་ཉིན་གཅིག་ལ་བསྒྲུབས་པའི་ནང་ནས་ཁེར་གདེ་བྱང་ཆུབ་དཔལ་དང་གཙང་པ་རྡོ་རྗེ་དཔལ་གཉིས་ཀྱི་རྒྱུན་ལས་དེང་སང་གི་བར་དུ་ས་དགེ་དཀར་གསུམ་སོགས་ཐམས་ཅད་ ལ་སྡོམ་རྒྱུན་འདིས་ཁྱབ་པ་ཡིན་ནོ། །པཎ་ཆེན་འདིས་སྣར་ཀླས་མོ་ཆེར་དབྱར་གནས་མཛད་སྐབས། ས་གའི་ལྷས་མཛད་པའི་འདུལ་བ་མེ་ཏོག་ཕྲེང་རྒྱུད་གསུངས་པ། སེང་གེ་ཟིལ་གནོན་དང་ཤང་པ་ཇོ་སྟན་གཉིས་ཀྱིས་གསན་ནས་སོ་སོས་ཊཱིཀ་བྱས། སྔ་མ་ལ་ཚད་མའི་སྐྱེས་བུས་གསན། དེ་ལ་བུ་སྟོན་གྱིས་གསན་ཏེ་ཊཱིཀ་ཆེན་ཡང་བརྩམས་མོད་ཀྱི་ཅང་དར་ཆེ་བ་མ་བྱུང་ཞིང་། འདུལ་བའི་བསྟན་བཅོས་ཀྱི་ནང་ནས་གཙོ་བོར་མདོ་རྩ་འགྲེལ་བཅས་ཉིད་བསྟན་པ་སྔ་དར་ནས་བརྩམས་ཏེ་ད་ལྟའི་བར་ཤིན་ཏུ་དར་རོ། །འདི་དག་ཏུ་སྤྲུལ་པའི་ལོ་ཙཱ་བ་མང་པོས་འདུལ་བའི་ བསྟན་བཅོས་མང་དུ་བསྒྱུར་བ་དེང་སང་བསྟན་འགྱུར་གྱི་ཁྲོད་དུ་པུ་སྟི་ཀ་བཅོ་བརྒྱད་ཙམ་བཞུགས་པ་འདི་དག་གོ། །གཉིས་པ་ཐེག་པ་ཆེ་ཆུང་གི་མངོན་པའི་སྡེ་སྣོད་ཇི་ལྟར་དར་བའི་ཚུལ་ནི། སྔོན་བསྟན་པ་སྔ་དར་གྱི་ཚེ་པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་གདགས་ པའི་བསྟན་བཅོས་ལས། འཇིག་རྟེན་གདགས་པ། རྒྱུ་གདགས་པ། ལས་གདགས་པ་གསུམ་དང་། ཐོགས་མེད་ཀྱིས་མཛད་པའི་ཐེག་ཆེན་གྱི་མངོན་པ་ཀུན་ལས་བཏུས་པ་དང་། དབྱིག་གཉེན་གྱིས་མཛད་པའི་ཉན་ཐོས་པར་གྲགས་པའི་མངོན་པ་མཛོད་ཀྱི་གཞུང་། དེའི་རང་འགྲེལ་དང་འགྲེལ་ པ་རྒྱལ་སྲས་མ་སོགས་བསྒྱུར་ནས་བཤད། དེ་དག་གི་སློབ་མ་སྣ་ནམ་ཟླ་བའི་རྡོ་རྗེ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། དབས་ཡེ་ཤེས་རྒྱལ་བ་གསུམ་ལས། ཕྱི་མས་ཁམས་སུ་བྱོན་ནས་གྲུམ་རྒྱལ་བའི་ཡེ་ཤེས་ལ་བཤད་པ་སོགས་ནས་མངོན་པའི་འཆད་ཉན་གངས་རིའི་རྒྱུན་འདིར་ད་ལྟའི་བར་ ཤིན་ཏུ་དར་བར་བྱུང་ངོ༌། །འགོས་ལོ་སོགས་ཀྱིས་བརྒྱུད་པ་འདི་ནས་དར་བ་ནི་མངོན་པ་གོང་མ་ཁོ་ན་ཡིན་ལ། མཛོད་ཀྱི་བཤད་སྲོལ་ལ་བརྒྱུད་པ་བསྟར་ཆགས་འདེད་རྒྱུ་མེད་པར་སྨྲས་ཀྱང་། བཤད་སྲོལ་འདི་ལས་ཀུན་བཏུས་གཙོ་ཆེར་དར་བ་ནི་བྱུང་སྲིད་མོད་ཀྱི། མཛོད་འགྲེལ་པ་དང་ བཅས་པའང་འདི་ལས་ངེས་པར་བྱུང་དགོས་ཏེ། ཀུན་མཁྱེན་བུ་སོགས་མཁས་པ་ཐམས་ཅད་ཀྱིས་བརྒྱུད་ཁུངས་འདི་ཉིད་གཙོ་བོར་སྨོས་པའི་ཕྱིར་རོ། །ཡང་ནཱ་རོ་པའི་སློབ་མ་པཎྜི་ཏ་སྨྲི་ཏི་ཛྙཱ་ན་བོད་དུ་བྱོན་ནས་ཁམས་ཀྱི་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པའི་ཚེ་མཁས་བཙུན་ མང་དུ་འདུས་པས་མངོན་པ་འོག་མའི་བསྟན་པ་གཞི་བཞེངས་སུ་བཏང་སྟེ། དེའི་སློབ་མ་གཡས་ཆེན་པོ་ཤེས་རབ་གྲགས་སོགས་གྱིས་དབུས་གཙང་ཁམས་གསུམ་དུ་སྤེལ་བས་མཛོད་ཀྱི་བཤད་པ་གཙོ་བོར་དར་བ་འདི་ལས་བྱུང་བ་ཡིན་ནོ། །ཡང་པཎ་ཆེན་ཤཱཀྱ་ཤྲཱིས་ས་སྐྱ་པཎ་ཆེན་ལ་མཛོད་ ཀྱི་བཤད་པ་གནང་ཞིང་། ས་པཎ་གྱིས་མནལ་ལམ་དུ་དབྱིག་གཉེན་ལས་ཟླ་གཅིག་བར་དུ་གསན་པའི་ཐུགས་ཉམས་བྱུང་བས་བརྒྱུད་པ་འདི་ལས་བྱུང་བའི་བཤད་སྲོལ་ཡང་ཁྱད་པར་དུ་འཕགས་པ་ཞིག་གོ །བོད་ཡུལ་འདིར་མཁས་པ་དང་མི་མཁས་པ་སྣ་ཚོགས་ཞིག་གིས་མངོན་པ་ གོང་འོག་གི་ས་འགྲེལ་པ་བརྩམས་པ་ཤིན་ཏུ་མང་ཞིང་། སྔ་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་བསྟན་བཅོས་མངོན་པ་གོང་མ་ལ་པུསྟི་གཉིས་ཙམ་ཞིག་དང་འོག་མ་ལ་པུསྟི་དགུ་ཡོད་དོ།། །།གསུམ་པ་མདོ་སྡེའི་བསྟན་པ་ཇི་ལྟར་ཕེབས་པའི་ཚུལ་ལ་གསུམ་ལས། འཁོར་ལོ་དང་པོར་གཏོགས་པ་ འདུལ་བ་དང་མངོན་པ་འོག་མའི་ཕྱོགས་ནི་བཤད་ཟིན་ལ། །མདོ་སྡེའི་ཕྱོགས་ལས་སྔོན་འཕགས་ཡུལ་དུ་བཀའ་བསྡུ་དང་པོའི་ཚེ་བསྡུས་པ་རྣམས་རིམ་གྱིས་ཉམས་པས། སློབ་དཔོན་དབྱིག་གཉེན་གྱི་སྐབས་ན་ཉན་ཐོས་པ་རྣམས་ལ་གྲགས་པའང་ཕལ་ཆེ་བ་ཞིག་ནུབ་ཟིན་པར་གསལ་ཏེ་རྣམ་བཤད་ རིགས་པ་ལས། བླ་མ་ཀུན་དགའ་འོད་སེལ་དང་། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང་། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་འཚོ་ཆུ་ཤིང་དང་། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང་། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་ པ་ཡིན། །ཞེས་བཤད་པའི་ཕྱིར་དང་། དེ་སྐབས་ཡོད་པ་རྣམས་ལས་ཀྱང་ཕྱིས་ཇེ་ཉུང་དུ་སོང་ཞིང་། དེ་ལས་ལྷག་པར་བོད་དུ་སྔ་ཕྱི་ཅི་རིགས་པར་འགྱུར་བ་ནི་ཉུང་ཤས་ཙམ་དུ་མངོན་ཏེ་མདོ་སྡེ་ལས་བརྒྱ་བ་སོགས་སོ། །འོན་ཀྱང་འདི་དག་ལ་བཀླག་ལུང་གི་རྒྱུན་ཙམ་མ་གཏོགས་བཤད་སྲོལ་བྱུང་བ་འདི་ ལོ་རྒྱུས་ནི་མ་མཐོང་ངོ་། འཁོར་ལོ་བར་བ་ཤེས་ཕྱིན་སྐོར་ནི་འཕགས་ཡུལ་ན་བཞུགས་པའི་མདོ་ཐམས་ཅད་བོད་དུ་བྱོན་པ་ཡིན་ཏེ། །བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆས་འཕགས་ཡུལ་དུ་བྱོན་ཏེ་ཤེས་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར། རྒྱལ་པོ་ཁྲི་སྲོང་ ལྡེའུ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པས་དུམ་པ་བཞི་བྱུང་བ་རེག་ཟིག་དམར་པོར་གྲགས་ཏེ། ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་དུ་བཞུགས་ཡོད་པར་བཤད་དོ། །ཡང་དབས་མཉྩ་ཤྲཱི། ཉང་ཨིནྡྲ་ཝ་རོ་གཉིས་ ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བ། བཙན་པོའི་དབུ་སྐྲའི་གཞོབ་རམས་དང་ར་དཀར་མོའི་འོ་མ་ལ་སྦྱར་ནས་བྲིས་པ་རེག་ཟིག་སྔོན་པོར་གྲགས་པ་པོད་བཞི་མ་ཞིག་ཀྱང་བྱུང་བར་གྲགས། དེ་ལྟར་རེག་ཟིག་སྔོ་དམར་གཉིས་པོ་ནི་འགྲེས་རྐང་ཐམས་ཅད་མི་རྒྱས་པས། པ་གོར་བཻ་ རོ་ཙ་ནས་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་སོགས་བསབས། ཚིག་སྣ་བསྲིངས་ཏེ་བརྗོད་བདེ་བར་བསྒྱུར། འདི་དུས་ལོ་ཙཱ་ཆེན་པོ་ཉིད་ཀྱིས་ཕྱག་བྲིས་མཛད་དེ་བཞུགས་སྣོད་ལས་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་ད་ལྟའང་འཆིམས་ཕུ་ན་བཞུགས། གཞན་ཡང་འགྱུར་མི་འདྲ་བ་འགའ་ ཞིག་བྱུང་བར་གྲགས་ཤིང་ཉི་ཁྲི་དང་བརྒྱད་སྟོང་པ་སོགས་ཀྱང་བསྒྱུར། འགྲེལ་པའི་སྐོར་ཡང་དཾ་ཥྚྲ་སེ་ནའི་འབུམ་ཊིཀ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་འགྲེལ་ཡུམ་གསུམ་གནོད་འཇོམས་སུ་གྲགས་པ་དབྱིག་གཉེན་གྱིས་མཛད་པ་སོགས་བསྒྱུར། བཤད་པ་དང་ཉམས་ལེན་ གཉི་གའི་རྒྱུན་ཡང་རྒྱ་ཆེར་བྱུང་མོད་ཀྱི་བར་སྐབས་སུ་དབུས་གཙང་དུ་ཉམས་པར་གྱུར། བསྟན་པ་ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོས་འཕགས་ཡུལ་དུ་བྱོན་ཏེ་པཎྜི་ཏ་གུ་ཎ་མི་ཏྲ་ལས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པ་གསན། དེས་ཤར་ཕྱོགས་པ་ཟླ་བ་བཟང་པོ། དེས་སློབ་དཔོན་ བརྟེན་སྐྱོང་། དེས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ལ་བརྒྱུད་དེ། ཤེས་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་གཞུང་འགྲེལ་རྣམས་ཀྱི་འཆད་ཉན་ཆེས་དར་བར་གྱུར་ཏོ། །ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་ཕར་ཕྱིན་གྱི་བཤད་པ་ ལེགས་པར་སྩལ། ཨ་ཏི་ཤ་དང་ལོ་ཆེན་རིན་བཟང་གཉིས་ཀྱིས་འགྲེལ་བཤད་རྟོགས་དཀའི་སྣང་བ་བསྒྱུར། བརྒྱད་སྟོང་པ་དང་། ཉི་སྣང་དང་། བརྒྱད་སྟོང་འགྲེལ་ཆེན་སོགས་སྔར་བསྒྱུར་བ་མང་པོ་ལ་ཞུ་དག་མཛད། འབྲོམ་སྟོན་གྱིས་འབྲོམ་སྟོང་བཙན་ནམ་མགོ་བླ་མ་ལ་བཤད་པ་སོགས་ཀྱིས་ བཤད་སྲོལ་ཆེ་བ་ཞིག་བྱུང་བ་ཡིན་ནོ། །ཡང་ཇོ་བོ་རྗེ་ནས་ཁུ་ཆེན་པོ་ལྷ་སྡིངས་པ་སོགས་བརྒྱུད་པའི་བཤད་སྲོལ་ཅིག་ཀྱང་བྱུང་ངོ༌། །ཡང་ཇོ་བོས་ཕྱྭ་དར་སྟོན་ལ་བཤད་པས་ཕར་ཕྱིན་ཁམས་ལུགས་སུ་གྲགས་པའང་དར། དེ་དག་ལས་བློ་ལྡན་ཤེས་རབ་ཀྱིས་བལ་ཡུལ་ཕམ་ཐིང་གི་གཙུག་ལག་ ཁང་ན་བཞུགས་པའི་འབུམ་ལས་ཏིང་ངེ་འཛིན་གྱི་མིང་ཆད་པ་བསབས་པ་སོགས་འགྱུར་བཅོས་ཀྱང་མཛད། མངོན་རྟོགས་རྒྱན་རྩ་འགྲེལ་འགའ་ཞིག་ཀྱང་འགྱུར་བཅོས་དང་གསར་འགྱུར་ཅི་རིག