Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 103_དཀར་ཆག
Văn bản gốc(Tây Tạng)
Trang 3 / 10 (50.000 ký tự/trang)
དི་དག་ལ་རྒྱ་བོད་ཀྱི་འཆད་ཚུལ་ཐ་དད་པ་མང་པོ་དང་། བཤད་པའི་ཚུལ་ཡང་དག་པ་རྣམས་ལ་མི་འགལ་ བར་བསྒྲུབ་པའི་ངག་སོགས་སྤྲོས་མང་པོ་བྱར་ཡོད་མོད་ཀྱི། ཊཱི་ཀ་སོགས་བྱེད་པའི་སྐབས་སུ་མ་གྱུར་པས་རེ་ཞིག་བཞག་གོ། །དེ་ལྟར་རྒྱུད་སྡེ་བཞིར་གྲངས་ངེས་པ་ལས་དེ་དག་སོ་སོའི་ནང་གསེས་སུ་དབྱེ་ན། བྱ་བའི་རྒྱུད་ལ་སྒོ་དྲུག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་ པའི་རིགས་དང་། པདྨའི་རིགས། རྡོ་རྗེའི་རིགས། ནོར་བུའི་རིགས། རྒྱས་པའི་རིགས། འཇིག་རྟེན་པའི་རིགས་རྣམས་ཀྱི་རྒྱུད་དྲུག་ཡོད་པའི་ཕྱིར་རོ། །དེ་རེ་རེ་ལ་རིགས་ཀྱི་གཙོ་བོ། རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་གཙུག་ ཏོར། རིགས་ཀྱི་ཁྲོ་བོ། རིགས་ཀྱི་ཁྲོ་མོ། རིགས་ཀྱི་ཕོ་ཉ། རིགས་ཀྱི་ཕོ་ཉ་མོ། རིགས་ཀྱི་བཀའ་ཉན། རིགས་ཀྱི་བཀའ་ཉན་མ་རྣམས་ཅི་རིགས་པར་འདུས་པའམ། རེ་རེ་ནས་བརྗོད་བྱའི་གཙོ་བོར་བྱས་པའི་སྒོ་ནས་དབྱེར་ཡོད་དོ། །དེ་དག་ཉེ་བར་ བསྡུ་ན་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་ཏེ་རིགས་གསུམ་དུའང་འདུས་ཏེ། དཔུང་བཟང་གི་དོན་དགྲོལ་བའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་ པའི་རིགས་ཀྱང་དེ་དག་གི་བགབ་ཏུ་ཕལ་ཆེར་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་བྱུང་བའང་མ་ཡིན་ཡང་། བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་ སྐྱེས་པའང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། དོན་དེ་རྒྱུད་འདི་ཉིད་ལས་ཀྱང་། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བསྟེན་ཅིང་ཡོངས་འཁྱམ་པ། །ཞེས་གསུངས་སོ། །དེ་ལྟར་ དེ་རྣམས་སངས་རྒྱས་ཀྱིས་བཏུལ་ཏེ་དམ་ཚིག་ལ་གནས་ཤིང་། རིགས་གསུམ་པོའི་ནང་དུ་འདུས་པར་སྣང་གིས་ཀྱང་། ཞེས་འཇིག་རྟེན་པའི་རིགས་ཀྱི་ནང་ཚན་རྣམ་པར་འཁྱམ་པ་ཞེས་གྲགས་པའང་དེ་བཞིན་གཤེགས་རིགས་ལས་བསྟན་པས་དེར་རྟོགས་པར་ཤུགས་ ཀྱིས་བསྟན་པའི་ཕྱིར་རོ། །དེའང་གསང་སྔགས་དང་རིག་སྔགས་གཉིས་སུ་འདུས་ཏེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་། དབྱིབས་ཀྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་། ཕྱག་རྒྱ་ལ་སོགས་པའོ། ། དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །ཞེས་འབྱུང་ངོ༌། །སྤྱོད་པའི་རྒྱུད་ནི་བྱ་བའི་རྒྱུད་དང་དབྱེ་བ་ཕལ་ཆེར་མཚུངས་པར་བྱས་པས་དོན་གྲུབ་མོད་ཀྱི། རིགས་ལྔར་ཕྱེས་ཀྱང་མི་འགལ་ལོ། །རྣལ་འབྱོར་གྱི་རྒྱུད་ལ། རིགས་ཀྱི་དབང་དུ་བྱས་ན་རྩ་ བའི་རིགས་ལྔའི་དབྱེ་བས་རྒྱུད་ཀྱང་ལྔ་དང་ཞིབ་མོར་ཕྱེ་བས་བརྒྱར་ཡང་འགྱུར་ཏེ། རྡོ་རྗེ་རྩེ་མོར། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ ལས་དང་རྣམ་པ་ལྔ། །ཞེས་གསུངས་པ་དང་། རིགས་ཆེན་རྣམས་ནང་གསེས་སུ་དབྱེ་བའི་ཚུལ་ཡང་རིགས་ཆེན་རེ་ལ་རིགས་ཆུང་ལྔ་ལྔ། དེ་རེ་རེ་ལ་སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་བཞི་བཞིས་ཕྱེ་བས་བརྒྱར་འགྱུར་རོ། །དེ་དག་བསྡུ་ན་ཐབས་ཤེས་གཉིས་ སུ་འདུས་ཏེ། བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཐབས་ཀྱི་རྒྱུད་དང་། ཤེས་ཕྱིན་གཙོ་བོར་སྟོན་པ་ཤེས་རབ་ཀྱི་རྒྱུད་གཉིས་སོ། །དེ་དག་ལ་ཡབ་ཡུམ་གྱི་སྒྲས་ཀྱང་སྨོས་ཏེ། ཤེས་ཕྱིན་ཚུལ་བརྒྱ་ལྔ་བཅུ་བའི་འགྲེལ་པར། དེ་བཞིན་གཤེགས་པ་ཐམས་ཅད་ འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་ཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན། ཡབ་ནི་ཏནྡྲ་ཏ་ཏྲ་སཾ་གྲ་ཧ་ཞེས་བྱ་བ་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་བསྟན་ཏོ། །ཞེས་ བཤད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གཙོ་བོར་བཅུ་གཉིས་སུ་འགྱུར་ཏེ། ཕ་རྒྱུད་ལ་འདུས་པ་རྒྱུད་ཕྱི་མ་ལས། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱུ། །ཞེས་མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་ མེད། དོན་གྲུབ། དྲུག་པ་རྡོ་རྗེ་འཆང་སྟེ་རིགས་དྲུག་བཤད་པའི་ཕྱིར་དང་། མ་རྒྱུད་ལའང་དེ་དང་མཚུངས་པར། ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་ མཆོག་ཧེ་རུ་ཀ། །ཞེས་མཚན་གྱི་ཁྱད་པར་གྱིས་གསུངས་པ་ལྟར་དྲུག་ཏུ་དབྱེར་ཡོད་པའི་ཕྱིར་བསྡོམས་པས་རྒྱུད་ཀྱི་རབ་དབྱེ་བཅུ་གཉིས་སོ། །དེའང་ཕྱེ་ན་སྟོང་ཕྲག་མང་པོར་འགྱུར་ཏེ། ཡང་དག་པར་སྦྱོར་བ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་ མ་བྱེད་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །ཞེས་རིགས་དྲུག་པོ་དེ་ཉིད་ལ་རྡོ་རྗེ་འཆང་གི་རིགས་ཁྱབ་བྱེད་དུ་བྱས་པས་ལྔར་འགྱུར་བ་ལས་དུ་མར་དབྱེ་བས་སོ། །ཡང་ཧེ་བཛྲ་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཅན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིགས་ཆེན་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བའོ། །ཞེས་ རིགས་མཐའ་ཡས་པར་གསུངས་པ་ལྟར་རྒྱུད་ཀྱང་དེ་སྙེད་དུ་འགྱུར་ཏེ། དེའང་རིགས་དྲུག་ལས་སུམ་ཅུ་རྩ་དྲུག་སོགས་སུ་དབྱེ་བའོ། །དེ་རྣམས་ཐབས་ཤེས་སམ། ི ཕ་མའི་རྒྱུད་གཉིས་སུ་འདུས་པའི་ཚུལ་ཡང་། བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ་མ་འདུས་ པ་མེད་པ་ལ་སོགས་པའི་ཚུལ་མང་པོ་དང་། ལམ་བསྐྱེད་རྫོགས་གཉིས་སུ་འདུས་པ་སོགས་ཀྱི་ཕྱིར་ཏེ། ཤདྡྷཱ་ཀ་རས། དེ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་དབྱེ་བ་ནི། དེ་ཁོ་ན་ཉིད་སྟོན་པ་དང་། གདུལ་བྱ་དང་། རྣམ་པར་དག་དང་། ཐུན་མོང་དུ་ མངོན་པར་གྲགས་པ་ལ་སོགས་པས་ཐ་དད་པར་གཞག་པར་བྱའོ། །དེའང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་སྐྱེས་པ་དང་། རང་གི་སྡེ་པ་ འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པའི་དཀྱིལ་འཁོར་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མེད་དང་། ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་ཕུང་ པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་རྩ་དང་། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐོབས་ཀྱི་ རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་བཏགས་པ་ཡིན་ནོ། །དེ་ཡང་ཤེས་རབ་ཀྱི་དབྱེ་བས། རྣལ་འབྱོར་པ་ནི་གཉིས་སུ་འདོད། །ཅེས་གསུངས་པ་ཡིན་ནོ། །ཞེས་དང་། གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། བསྐྱེད་དང་རྫོགས་བྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །ཅེས་དང་། དྲི་མེད་འོད་ལས། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པ་རྒྱུ་ཞིང་། གཙོ་བོ་ མི་གཡོ་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་སོགས་དང་། མཁའ་འགྲོ་མ་དྲ་བ་རྡོ་རྗེ་གུར་གྱི་རྒྱུད་ལས། བཅོམ་ལྡན་འདས་ཇི་ལྟར་ན། རྣལ་འབྱོར་མའི་རྒྱུད་ཀྱི་མཚན་དུ་རབ་ཏུ་འཇུག་པ་ ལགས། རྡོ་རྗེ་འཛིན་གྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་བཞེད་དེ། །མཁའ་འགྲོ་མ་ནི་རྡོ་རྗེ་གུར། །ཕ་རོལ་ ཕྱིན་པ་ཀུན་གྱི་ཐབས། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཞེས་སོགས་དང་། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཞེས་སོགས་ རྒྱུད་དང་རྒྱུད་འགྲེལ་རྣམས་སུ་ཁྱད་པར་མང་པོས་སྟོན་པར་མཛད་དོ། །དེ་དག་ཀྱང་གཉིས་མེད་རྒྱུད་ཉིད་དུ་འདུས་པ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་ཀྱིས་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་ འཇུག་པ། །དེ་བཞིན་གཤེགས་པ་རྣལ་འབྱོར་གསུངས། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་མིན། །ཤེས་རབ་སྒྲས་ཀྱང་འགྱུར་བ་མིན། །འདི་ ནི་རྣལ་འབྱོར་རྒྱུད་ཅེས་བྱ། །ཀྱེ་ཡི་རྡོ་རྗེ་གཉིས་རྟོག་མེད། །འདུས་པ་ལ་སོགས་ཐམས་ཅད་རྣམས། །ཤེས་རབ་ཐབས་ཀྱི་བདག་ཉིད་དེས། །ཐམས་ཅད་རྣལ་འབྱོར་རྒྱུད་ཡིན་ཏེ། །ཤེས་རབ་ཐབས་ཀྱི་མིང་རྣམས་ཀྱིས། །ཞེས་དང་། ཧེ་བཛྲ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་དང་། གསང་བ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་གི་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་ མཚན་ཉིད་དོ། །ཞེས་དང་། བདེ་མཆོག་ཉུང་ངུ་ལས། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་དང་། དྲི་མེད་འོད་ལས། རང་ གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ། །ཞེས་སོགས་ལུང་མང་པོ་ནས་གསུངས་པའི་ཕྱིར་རོ། །ཡང་ན་རྒྱུད་སྡེ་བཞི་ག་བརྗོད་བྱ་དང་རྗོད་བྱེད་ཅི་རིགས་པའི་ཆ་ནས་སོ་སོར་སྤྱི་དང་བྱེ་བྲག་རྩ་བཤད་ཕྱི་གསུམ། རྩ་བ་དང་། འཕྲོས་པ་དང་། ཆ་མཐུན་གྱི་རྒྱུད་སོགས་དབྱེ་བའི་ཚུལ་ཤིན་ཏུ་མང་ངོ་། །དབྱེ་བ་དེ་དག་དང་ལྡན་པའི་རྒྱུད་སྡེ་རྣམས་ཀྱི་གཞུང་གི་ཚད་ཀྱང་། སྤྱིར་བདེ་བར་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལས་འདི་ཙམ་ཞིག་ཅེས་ཚད་གཟུང་བྱར་མི་ས་ཡ་རིགས་པའི་ཚུལ་གོང་དུ་བཤད་ཟིན་ པ་ལྟར་ཡིན་ནའང་། རྒྱུད་སྡེ་འགའ་ཞིག་ཏུ་དགོས་པའི་དབང་གིས་ཚད་སོགས་བསྟན་པར་མཛད་པ་ལྟར་ན། བྱ་བའི་རྒྱུད་ལ། དཔུང་བཟང་གི་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་སྡེའི་ཚད། འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དག །རིག་ འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །ཞེས་དང་། རྡོ་རྗེའི་རིགས་ཀྱི། དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི། །གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཅེས་དང་། པདྨའི་རིགས་ཀྱི། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་ བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །ཅེས་དང་། རྒྱས་པའི་རིགས་ཀྱི། ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ཞེས་དང་། ནོར་བུའི་རིགས་ཀྱི། ནོར་གྱི་བདག་པོས་ སྟོང་ཕྲག་སུམ་ཅུ་སྟེ། །གང་པོ་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ཞེས་དང་། འཇིག་རྟེན་པའི་རིགས་ཀྱི། ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཅེས་སོ་སོར་གསུངས་ཤིང་གྲངས་དེ་དག་ཀྱང་བློ་ཀའི་ གྲངས་སུ་འགྲེལ་པར་བཤད་དོ། །སྤྱོད་པའི་རྒྱུད་སོགས་ལྷག་མ་རྣམས་ནི་བྱ་རྒྱུད་ལ་ལྟོས་ནས་ཤིན་ཏུ་རྒྱ་ཆེ་ཞིང་། དེའང་རིམ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྒྱ་ཆེ་བས་བློ་ཀའི་གྲངས་ཀྱིས་སྤྱིའི་ཚད་བཞག་པ་མ་མཐོང་ངོ་། །རྒྱུད་སྡེའི་མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ ཚད་འཇོག་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ། །གཉི་གའི་རྒྱུད་སྟོང་ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་ བཞིའོ། །ཞེས་གསུངས་ཤིང་དེའང་རིགས་པ་ཡིན་ལ་ཞིབ་པར་ན་བླ་མེད་ཁོ་ན་ལ། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་དང་། མདའ་བསྣུན་ཞབས་ཀྱིས་རྣལ་འབྱོར་གྱི་རྒྱུད་ལ་ནི་བྱེ་བ་ཕྲག་དྲུག་ཉིད་དོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་རྣམ་པ་དྲུག་ལའོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ། །ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམ་པ་བཅུ་དྲུག་ལའོ། །ཞེས་པ་དང་། རྡོ་རྗེ་སྙིང་རྒྱན་ ལས། གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཨུཏྟར་ཏནྟཱ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་གསང་ཐིག་ལེ་སྟོང་ཕྲག་བདུན། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། ། རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛེས་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་འབུམ་ཕྲག་བཅུ། །སྣང་མཛད་རྫུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། །དེ་ཉིད་ བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་གསུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་འདུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་ད་གུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན། ། འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་གཉིས་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །ཞེས་གསུངས་པ་ལྟར་རོ། །དུས་འཁོར་བསྡུས་རྒྱུད་ལས། །ཀ་སོགས་ཡི་གེ་སུམ་ཅུ་ཧ་ཡ་ར་ཝ་ལར་ལྡན་ཀྵ་དང་ བཅས་པ་སུམ་ཅུ་རྩ་དྲུག་ཉིད། །དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་རོ་ཡིས་བསྒྱུར་བའི་རོ་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར། །སྐུ་ནི་གཅིག་པ་ངེས་པར་གཅིག་གིས་འཁོར་དང་བཅས་པ་གཉིས་ནི་ཤེས་རབ་ངག་གིས་འཁྱུད་པར་འགྱུར། །ལྔ་ཡི་བདག་ ཉིད་ལྔ་ཡིས་འགྱུར་ཏེ་འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད། །དབྱངས་ཀྱི་གྲངས་ཀྱིས་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་དྲུག་བདག་ཉིད་དེ། །ཡ་ལ་སོགས་པ་རྣམས་ཀྱིས་སྒོ་སྐྱོང་མཐའ་དག་ཚོགས་ཀྱི་རིགས་ ནི་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་རང་རིགས་ཕྱོགས་སུ་གནས་རྣམས་རླུང་གི་དབྱངས་སོགས་དབྱེ་བ་ཡིས། །སོ་སོར་ཡི་གེའི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད། །ཅེས་གསལ་ བྱེད་སོ་དྲུག་དག་པ་ཕ་རྒྱུད་སུམ་ཅུ་རྩ་དྲུག་དང་། དབྱངས་སོ་དྲུག་དག་པས་མ་རྒྱུད་སུམ་ཅུ་རྩ་དྲུག་གི་ཚད་དུ་སྣམ་པར་བཞག་པ་དང་། ཡང་ཕ་རྒྱུད་ལ། སྒྲོན་གསལ་ལས། གསལ་བྱེད་སུམ་ཅུ་རྩ་གསུམ་མིང་གི་མཐའ་ཅན་གྱི་རྒྱུད་སྡེ་ཐམས་ཅད་ ཀྱི་རྩ་བར་གྱུར་པའི་དཔལ་འདུས་པ་ནི་རྩ་བའི་རྒྱུད་ཡིན་ལ། རྒྱུད་གཞན་ཐམས་ཅད་ནི་དེ་ལས་གྱེས་པའི་ཡན་ལག་ལྟ་བུ་ཡིན་ནོ། །ཞེས་དང་། མ་རྒྱུད་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་ དང་། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་ དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་སོགས་གསུངས་སོ། །དེ་ལྟར་གསང་སྔགས་ཀྱི་ཚུལ་ཤིན་ཏུ་རྒྱ་ཆེན་པོར་གྱུར་པའི་ཆོས་ཀྱི་འཁོར་ལོ་འདི་རྣམས་སྟོན་པ་གང་གིས་དུས་གང་གི་ཚེ་གདུལ་བྱ་གང་ལ་ཚུལ་ གང་གིས་གནས་གང་དུ་བསྐོར་ཅེ་ན། །སྟོན་པ་སྤྲུལ་པའི་སྐུ་རྣམ་འདྲེན་བཞི་བ་ཤཱཀྱའི་དབང་པོ་འདི་ཉིད་ལ་ལར་ཁ་སྦྱོར་བདུན་ལྡན་གྱིས་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས། ལ་ལར་མཆོག་གི་སྤྲུལ་པའི་སྐུའི་ཚུལ་གྱིས། ལ་ལར་རྗེས་སུ་གནང་བ་དང་བྱིན་གྱིས་ བརླབས་པའི་ཚུལ་གྱིས་དུས་རྒྱུན་མི་འཆད་པར་གདུལ་བྱ་རིག་པ་འཛིན་པ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལ། བརྗོད་བྲལ་རང་བཞིན་སྒྲ་ཐམས་ཅད་པའི་སྒྲ་བརྙན་གྱི་ཚུལ་གྱིས་གནས་ཀྱི་སྣང་བ་ཐ་དད་པ་རྣམས་སུ་བསྐོར་རོ། །བྱེ་བྲག་ཏུ་བྱ་བའི་རྒྱུད་ནི་སྟོན་པ་མཆོག་གི་ སྤྲུལ་པའི་སྐུ་ཉིད་ཀྱིས་འོག་མིན་དུ་འཇམ་དཔལ་ལ་སོགས་པ་ལ་གཙོ་བོར་བསྟན་ཅིང་། སུམ་ཅུ་རྩ་གསུམ་དང་མི་ཡུལ་སོགས་སུ་གསུངས་པའང་ཅི་རིགས་པར་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། དེ་ཚེ་དེར་ནི་ང་འོངས་ནས། །གནས་གཙང་སྟེང་དུ་ གནས་ནས་ཀྱང་། ཐེག་པ་གསུམ་ལ་རྗེས་འཇུག་པའི། །དམ་ཆོས་སྔགས་ནི་རབ་ཏུ་བསྐོར། །སེམས་ཅན་གདུལ་བྱ་ལ་བརྟེན་ནས། །ང་ཡིས་ཆོ་གའི་གའི་རྒྱལ་པོ་འདི། །འཇིག་རྟེན་མང་ལ་རབ་བསྟན་ནས། །འཇམ་པའི་དབྱངས་ལའང་གཏད་པ་ཡིན། ཞེས་དང་། དཔུང་བཟང་གི་རྒྱུད་ལྕང་ལོ་ཅན་དུ་གསུངས་པར་བཤད་པ་སོགས་ཀྱང་ཡོད་པའི་ཕྱིར་རོ། །དེའང་སྟོན་པས་ཞལ་ནས་གསུངས་པ་དང་། སྟོན་པའི་མཐུས་འཇམ་དཔལ། སྤྱན་རས་གཟིགས། ཕྱག་རྡོར་སོགས་ཀྱིས་བཤད་པ་དང་། འཇིག་ རྟེན་པའི་ལྷ་ལ་སོགས་པས་སྨྲས་པ། སྟོན་པས་བྱིན་གྱིས་བརླབས་པ་སོགས་ཅི་རིགས་པར་ཡོད་དོ། །སྤྱོད་པའི་རྒྱུད་ཀྱང་གཙོ་བོར་འོག་མིན་ཆེན་པོ་དང་། སུམ་ཅུ་རྩ་གསུམ་སོགས་སུ་བསྟན་པ་སྟེ་ཕལ་ཆེར་བྱ་བའི་རྒྱུད་དང་ཕྱོགས་མཚུངས་སོ། །རྣལ་འབྱོར་རྒྱུད་ ནི་སྟོན་པ་འོག་མིན་དུ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ནས། ལོངས་སྐུ་ཆུང་ངུའམ། སྤྲུལ་སྐུའི་རྣམ་སྣང་རི་རབ་ཀྱི་རྩེ་མོར་གཤེགས་ནས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་སྤྲུལ་བཤད་མཛད་པའི་ཚུལ་གྱིས་གཙོ་བོར་གསུངས་ཤིང་། གཞན་ ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སོགས་སུ་མ་ངེས་པར་བསྟན་པར་མཛད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་འོག་མིན་དང་། དགའ་ལྡན་དང་། རི་རབ་ཀྱི་རྩེ་དང་། ཨོ་རྒྱན་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པ་གནས་ཀྱི་བྱེ་བྲག་ ཀུན་རྫོབ་པའི་དབྱེ་བ་བསྟན་པ་དང་། རྡོ་རྗེ་བཙུན་མོའི་བྷ་ག་དང་། བདེ་བ་ཆེན་པོའི་གནས་དང་། ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའི་ཕོ་བྲང་སོགས་སྤྲོས་མཚན་གྱི་ཡུལ་ཐམས་ཅད་ལས་འདས་པ་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་དོན་དམ་པའི་གནས་རྣམས་སུ་ སྟོན་པ་དཔལ་འཁོར་ལོ་སྡོམ་པ་དང་། དགྱེས་པ་རྡོ་རྗེ་དང་། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྐུར་བཞེངས་ནས། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་ རྟེན་འདས་པ་ང་། །ཞེས་པ་ལྟར་ཉན་ཡུལ་འཁོར་ཐ་མི་དད་པ་བདེ་བ་ཆེན་པོ་གཅིག་གི་རང་བཞིན་ལས། རྡོ་རྗེ་ནཱ་ད་མི་ཤིགས་པའི་སྒྲའི་གསང་བ་ཆེན་པོས་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་སྐོར་བར་མཛད་དོ། །བཞི་བ་དམ་པའི་ཆོས་དེ་དག་སྡུད་པ་པོ་ རྣམས་ཀྱིས་སོ་སོར་བསྡུས་ཚུལ་ལ། ཐུན་མོང་བའི་བཀའ་བསྡུས་ཚུལ་དང་། ཐུན་མོང་མ་ཡིན་པའི་བཀའ་བསྡུས་ཚུལ་ལོ། །དང་པོ་ནི་སྟོན་པ་རྩྭ་ཅན་དུ་མྱ་ངན་ལས་འདས་པའི་ཚེ་འཁོར་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་དང་། དེའི་སྔོན་དུ་ཤཱ་རིའི་བུ་འཁོར་བརྒྱད་ ཁྲི། དེའི་སྔོན་དུ་མཽད་གལ་གྱི་བུ་འཁོར་བདུན་ཁྲི་དང་བཅས་པ་རྣམས་མྱ་ངན་ལས་འདས་པ་ན་ལྷ་དག་གིས། དགེ་སློང་དབང་ཡོད་པ་རྣམས་ཀྱང་འདས་པས། བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་འདུལ་བ་དང་། མ་མོ་དག་མི་སྒྲོགས་སོ་ཞེས་འཕྱ་བར་བྱེད་པ་གནས་ བརྟན་འོད་སྲུང་ཆེན་པོས་གཟིགས་ཏེ། རྩྭ་ཅན་ཉིད་དུ་དགྲ་བཅོམ་པ་གང་པོ་ལ་དགེ་འདུན་སྡུས་ཤིག་པར་བསྒོས་ནས། དེས་རབ་མཐའི་བསམ་གཏན་ལ་སྙོམས་པར་ཞུགས་ཤིང་ཡེ་ཤེས་མཐོང་བ་ལ་ཞུགས་པ་དེ་ཙམ་དུ་རྣམ་པར་བལྟས་ནས༑ ཏིང་ངེ་འཛིན་དེ་ ལས་ལངས་ཏེ་གཎྜི་བརྡུངས་པ་དང་། བ་ལང་བདག་མ་གཏོགས་པར་ཡུལ་ཐ་དད་ན་གནས་པའི་དགེ་སློང་ཐམས་ཅད་འདུས་སོ། །དེ་ནས་གང་པོ་བ་ལང་བདག་འབོད་པར་བསྐོས་ཏེ། དེས་རྫུ་འཕྲུལ་གྱིས་བ་ལང་བདག་སུམ་ཅུ་རྩ་གསུམ་དུ་ཤིང་ཤིནྟ་ཀའི་གཞལ་ མེད་ཁང་སྟོང་པ་ན་འགོག་སྙོམས་ལ་གནས་པའི་གན་དུ་སོང་ནས་བསྐུལ་ཀྱང་། འགྲོ་བའི་སྒྲོན་མ་མགོན་པོ་བཞུགས་ན་དེར། །བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང་། །དེ་ནས་ཕ་རོལ་རབ་ཞི་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། །ལྷུང་ བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གིས་བསམས་པ་འཕགས་པ་བཟོད་པར་གསོལ། །ཞེས་སྨྲས་ནས་ཆོ་འཕྲུལ་བསྟན་ཏེ་མྱ་ངན་ལས་འདས་ཤིང་། སྐུ་ གདུང་རང་བྱུང་གི་མེས་ཚིག་སྟེ་ཆུ་རྒྱུན་བཞི་བབས་པ་ལས། ད་ལྟར་དུས་རྣམས་ངན་འགྱུར་ཏེ། །སེམས་ཅན་རང་གི་ལས་ལ་བརྟེན། །འགྲོ་བའི་སྒྲོན་མ་དེ་འདས་པས། །ཐམས་ཅད་འགྲོ་བར་འཇུག་པར་རྟོགས། །འདུས་བྱས་བསགས་པ་སྐད་ཅིག་འཇིག་འགྱུར་ཏེ། ། སྐྱེ་ལ་སོགས་པ་སྡུག་བསྔལ་ཉོན་མོངས་ལྡན། །སོ་སོའི་སྐྱེ་བོ་བདག་ཏུ་ང་རྒྱལ་ཏེ། །དེ་དག་བྱེད་པ་མེད་པར་རིག་པར་བྱེད། །མཁས་པ་རྟག་ཏུ་དགོས་པས་བག་ཡོད་ཅིང་། །བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །འབྱུང་པོའི་ཚོགས་ཀུན་སོང་ཞིང་འཇིག་ འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་འགྱུར། །ཐུབ་པ་དེ་ལ་སློབ་མཆོག་ཡང་དག་བཏུད། །རང་གི་དགོས་པ་མ་ལུས་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང་། །ཞེས་ཚིགས་བཅད་ བཞིའི་སྒྲ་བྱུང་ངོ༌། །དེ་ནས་གང་པོས་རུས་པའི་མཆོད་པ་བྱས་ནས་དེའི་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་སླར་འོངས་ནས་དགེ་འདུན་ལ་ཕུལ་ཏེ། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་རབ་ཏུ་ཞི་བར་སོང་། །དེ་ཡི་ལྷུང་བཟེད་ཆོས་གོས་འདི་ ཡིན་ཏེ། །དེས་བསམས་དགེ་འདུན་དག་ལ་བཟོད་པར་གསོལ། །ཞེས་སྨྲས་སོ། །དེ་ནས་འོད་སྲུང་གིས་དགེ་སློང་རྣམས་ལ་སྨྲས་པ། ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་ དོན་བྱ་ཞིང་། །དབང་ཆེན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །ཞེས་དང་། ཇི་ལྟར་བསོད་ནམས་ལས་ཀྱིས་ཞི་གྱུར་པ། །ཤི་རི་ཤ་ཀའི་སེམས་མཆོག་བ་ལང་བདག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོས་ཕྱིར་ཚོགས་ནས་བློ་གྲོས་བྱ། ། ཞེས་ཁྲིམས་སུ་བཅས་ནས་ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐོས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་བརྙེས་པའི་གནས་མ་ག་དྷཱའི་ཕྱོགས་དབེན་པ་ཞིག་ཏུ་ཆོས་བགྲོའོ་ཞེས་དགེ་སློང་གཞན་རྣམས་ལྗོངས་རྒྱུ་ཞིང་དེར་སོང་ལ། འོད་སྲུང་ཆེན་པོ་ལམ་དྲང་པོ་ནས་མ་སྐྱེས་དགྲའི་ ཐད་དུ་བྱོན་ཏོ། །མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་ཅན་དེ་སྔོན་བཅོམ་ལྡན་འདས་བཞུགས་པའི་ཚེའང་བཅོམ་ལྡན་འདས་མཐོང་མ་ཐག་གླང་པོ་དང་རྟ་ལ་སོགས་པ་ལས་རང་ལྷུང་བར་བྱེད་ཀྱང་། སྟོན་པའི་རྫུ་འཕྲུལ་གྱིས་ཉེས་པར་མི་འགྱུར་བས། དེར་ ཡང་འོད་སྲུང་ཆེན་པོ་མཐོང་མ་ཐག་སྟོན་པ་དྲན་པས་གླང་པོ་ཆེ་ལས་རང་ལྷུང་བ་དེས་རྫུ་འཕྲུལ་གྱིས་བཟུང་ནས་སྨྲས་པ། བདེ་བར་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ལ། ཉན་ཐོས་རྣམས་ནི་མཉམ་པར་བཞག་མ་བཞག་གི་སྐབས་གཉིས་ཀ་ཡོད་ཅིང་ མཉམ་པར་མ་བཞག་པར་ཡེ་ཤེས་མཐོང་བའང་མི་འཇུག་པས། ཕྱིན་ཆད་འདི་ལྟར་གླང་པོ་ཆེ་སོགས་ལས་རང་ལྷུང་བ་མ་བྱེད་ཅིག་ཅེས་ཁྲིམས་སུ་བཅས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཡོ་བྱད་བསྟབས་ཏེ་འོད་སྲུང་ཆེན་པོ་སོགས་དགེ་སློང་ལྔ་བརྒྱར་གཅིག་ལྷག་པ་ མ་ག་དྷཱའི་ནྱ་གྲོ་དྷའི་ཕུག་ཏུ་འདུས་ནས་དབྱར་གནས་པར་ཁས་བླངས་སོ། །དེའི་ཚེ་སྔོན་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་བཞུགས་གདན་གྱི་ཕྱེད་བསྟབས་ཏེ། མ་མོའི་སྡེ་སྣོད་གཙོ་བོར་གྱུར་པའི་བསྟན་པ་མཐའ་དག་དང་། སྒྲ་ཅན་ཟིན་དང་ཀུན་དགའ་བོ་ སོགས་འཁོར་བཞི་དང་བཅས་པ་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་པ་དང་། བྱེ་བྲག་ཏུ་མདོའི་སྡེ་སྣོད་ཀུན་དགའ་བོ་དང་། འདུལ་བ་ཉེ་བ་འཁོར་ལ་གཏད་པ་ཡིན་ནའང་། དགེ་སློང་ལྔ་བརྒྱ་ལས་གཞན་ཐམས་ཅད་དགྲ་བཅོམ་པ་ཡིན་ལ། ཀུན་ དགའ་བོ་ཁོ་ན་སློབ་པ་རྒྱུན་ཞུགས་ཡིན་པའི་ཕྱིར་ཆགས་བྲལ་དུ་མ་གྱུར་ན་ཆོས་བགྲོ་བའི་འོས་མ་ཡིན་པས། འོད་སྲུང་ཆེན་པོས་དེ་ཚུལ་ཇི་ལྟ་བུས་འདུལ་བ་བརྟགས་ན། སྐྱོ་བས་འདུལ་བར་གཟིགས་ཏེ། བུད་མེད་རབ་ཏུ་འབྱིན་པར་གསོལ་པ་སོགས་ ཉེས་པ་བརྒྱད་གླེངས་ནས་བསྐྲད་པའི་ཚེ་ལྷ་རྣམས་ཀྱིས་ཨ་ལ་ལ་ཞེས་སྨྲས་ནས། ཀྱེ་ད་ལྟར་ལྷ་རྣམས་ཀྱི་ལུས་ནི་རྒྱས་པར་འགྱུར། ལྷ་མ་ཡིན་གྱི་ལུས་རྣམས་ནི་རྨས་པར་འགྱུར། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་རྒྱས་པར་འགྱུར་ཏེ། དེ་ལྟར་སྟོན་པ་ དང་འདྲ་བའི་ཉན་ཐོས་ཆེན་པོས་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོ་ལ་ཉེས་པ་རྣམ་པ་བརྒྱད་གླེངས་པས་སོ། །ཞེས་སྨྲས་སོ། །ཀུན་དགའ་བོ་མྱ་ངན་དང་བཅས་ཏེ་མཆོག་གི་འདུས་པ་ལས་ཕྱིར་བྱུང་སྟེ་བྲི་ཛིའི་ལྗོངས་སུ་དབྱར་ཚུལ་ལ་ཞུགས་ནས་བྲྀ་ཛིའི་བུ་ སོགས་འཁོར་བཞི་ལ་ཆོས་སྟོན་པ་ན་བྲྀ་ཛིའི་བུས་དགྲ་བཅོམ་པ་ཐོབ་སྟེ། །མངོན་པར་ཤེས་པས་མཁན་པོའི་སེམས་ལ་བལྟས་པ་དང་དེ་འདོད་ཆགས་དང་མ་བྲལ་བའི་སློབ་པར་མཐོང་སྟེ་སྨྲས་པ། གཽ་ཏ་མ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་ ཐིབས་པོར་བརྟེན་ནས་མྱ་ངན་འདས། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །ཞེས་པའི་གདམས་ངག་ལ་བརྟེན་ནས་རབ་ཏུ་བསྒྲིམས་པས་ཀུན་དགའ་བོས་དགྲ་བཅོམ་པ་ཉིད་ཐོབ་བོ། །དེ་ ནས་ཀུན་དགའ་བོའང་ནྱ་གྲོ་དྷའི་ཕུག་ཏུ་ཕྱིན་ནས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་གནས་པའི་ཚེ། འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ། མ་འོངས་པའི་དུས་དགེ་སློང་རྣམས་བརྗེད་ངེས་པ་དང་། ལུས་ཉམས་ཆུང་བས་མདོའི་ཚིགས་བཅད་མེད་པར་ སྡེ་སྣོད་གསུམ་འཛིན་མི་ནུས་པས། སྔ་དྲོ་མདོའི་ཚིགས་བཅད་བརྗོད་ལ། ཕྱི་དྲོ་སྡེ་སྣོད་གསུམ་བགྲོ་བར་བྱའོ་ཞེས་དང་། དེ་ལས་ཀྱང་སྔར་མདོ་སྡེ་བགྲོ་བར་བྱའོ་ཞེས་སྨྲས་སོ། །དགེ་སློང་དག་གིས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་འོད་སྲུང་ཆེན་པོ་ཉིད་ལ་ཆོས་ བསྡུ་བར་གསོལ་ཞིང་དེས་པ་ཀྱང་སེང་གེའི་ཁྲི་ལ་འདུག་སྟེ་ཀུན་དགའ་བོ་ལ་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་མདོ་སྡེ་སྡུད་པར་བསྐོས་ཏེ་ཁྲི་ལས་བབས་སོ། །དེ་ནས་དགྲ་བཅོམ་ལྔ་བརྒྱས་སྣམ་སྦྱར་ལྔ་བརྒྱ་ཁྲིའི་སྟེང་དུ་བཏིང་བ་དང་གནས་བརྟན་ཀུན་དགའ་བོ་ ཕྱོགས་བཞིར་རྣམ་པར་བལྟས་ནས་སེམས་ཅན་རྣམས་ལ་ནི་སྙིང་རྗེའི་སེམས་ཉེ་བར་བཞག །ཆོས་ལ་ནི་གུས་པ་བསྐྱེད། ཚངས་པ་མཚུངས་པར་སྤྱོད་པ་ལ་ནི་ཞེ་སར་དམིགས་ནས་སེང་གེའི་ཁྲི་གཡས་ཕྱོགས་སུ་བསྐོར་ཏེ། མགོ་བོས་གཏུགས་ནས། རྒན་རིགས་སུ་ཇི་ལྟར་འོས་པར་ཕྱག་བྱས་ནས་མི་རྟག་པ་ཡིད་ལ་བྱས་ཏེ་སེང་གེའི་ཁྲི་ཟིལ་གྱིས་མནན་ནས་འདུག་སྟེ། ཟབ་མོའི་འཁོར་མི་གཡོ་བ་ལ་བལྟས་ནས། བཅོམ་ལྡན་འདས་ཀྱི་མདོ་སྡེ་བདག་གིས་བཟུང་བ་ནི། །ལྷ་ ཀླུའི་གནས་སུ་བཤད་པ་དག་ཀྱང་ཡོད། བདག་ལ་མངོན་སུམ་དུ་བཤད་པ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་དག་ཀྱང་ཡོད་པས་ཐོས་པ་ཐམས་ཅད་བཤད་པར་བྱའོ་སྙམ་དུ་བསམས་པ་དང་། ལྷ་རྣམས་ཀྱིས་ཤེས་ཏེ་གཅིག་ལ་གཅིག་སྨྲས་ པ། གང་ལ་ཆོས་རྣམས་རབ་གནས་པ། །འཇིག་རྟེན་གསུམ་པོས་རྟག་ཏུ་མཆོད། །འཕགས་པ་འདི་ནི་དོགས་མེད་པས། །སེང་གེ་བཞིན་དུ་ཆོས་རྣམས་སྒྲོགས། །ཀྱེ་མ་ཞི་བ་དེ་བཤད་ལ། །ཁྱེད་རྣམས་བདེ་བར་འདོད་པ་ཡིས། །ངེས་པར་སྙིང་ པོ་སྙིང་པོའི་མཆོག །དེ་དག་པ་ནི་གུས་པས་ཉོན། །ཞེས་སོ། །འོད་སྲུང་གིས་སྨྲས་པ། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། ། དེ་ནས་ཀུན་དགའ་བོས་བྱང་ཆུབ་སྙིང་པོའི་ཕྱོགས་སུ་བལྟས་ནས་སངས་རྒྱས་རྗེས་སུ་དྲན་བཞིན་དུ་ཐལ་མོ་སྦྱར་ཏེ་སྒྲས་ཁྱབ་པར་བྱས་ནས། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཞུགས་ སོ་ཞེས་བསྡུ་བར་བརྩམས་པ་ན། ལྷ་ལ་སོགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་སྡུག་བསྔལ་གྱིས་གཟིར་ཏེ་སྨྲས་པ། ཀྱེ་མ་འཇིག་རྟེན་འདི་དག་ཏུ། །མི་རྟག་པར་ནི་ཁྱད་པར་མེད། །གང་གིས་རིན་ཆེན་གཏེར་དེ་ཡི། །ཡོན་ཏན་རྒྱ་མཚོ་དག་ཀྱང་ བསྐམས། །གང་ལས་བདག་གིས་མངོན་ཐོས་པ། །ཆོས་ནི་ཐར་པའི་བདེ་བ་བྱེད། །འདི་སྐད་ཐོས་ཞེས་རབ་སྦྱར་ཏེ། །དེ་ཡང་དེ་རིང་བསྒྲགས་པ་ཡིན། །ཞེས་སོ། །དེ་ནས་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་འཁོར་བསྐོར་ཚུལ་གྱི་མདོ་སྡེ་གསུམ་ བཤད་དོ། །དེའི་ཚེ་གསུམ་ག་ལ་ཀུན་ཤེས་ཀཽཌ་ནྱས་ཆོས་ཀྱི་རྣམ་གྲངས་འདི་དག་བདག་ལ་མངོན་སུམ་མོ་ཞེས་སྔོན་གྱི་ཚུལ་དང་བཅས་ནས་སྨྲས་ཤིང་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་ཐམས་ཅད་སྟན་ལས་བབས་ཏེ་ཀུན་དགའ་བོ་ལ་བལྟ་བའི་ཕྱིར་ འདུག་སྟེ། ཀྱེ་མ་ཇི་ལྟར་བདག་ཅག་གིས་ཆོས་འཆད་པ་མངོན་སུམ་དུ་མཐོང་བ་ལས། །མི་རྟག་པའི་སྟོབས་ཀྱིས་བཅོམ་ལྡན་འདས་དེ་ཡང་ད་ནི་ཐོས་པའི་ལམ་དུ་གཤེགས་པར་གྱུར་ཏོ། །ཞེས་བསམས་ནས། ལྷ་དང་མི་དང་ལྷ་མིན་ཀླུ་རྣམས་ཀྱི་རྒྱལ་ ཞིར་གཤེགས་ན། །ཁྱེད་ཅག་ཅིའི་ཕྱིར་འཚོ་ཞིང་ཞི་བའི་གནས་སུ་འཇུག་མི་བྱེད། །སྐྱེ་བོའི་ནང་ན་ཐམས་ཅད་མཁྱེན་པས་སྟོངས་པར་མངོན་མཐོང་ན། །དགེ་བའི་བློ་གྲོས་གང་དག་སྲོག་ལ་ཆགས་ཤིང་དམ་པོར་བྱེད། །ཅེས་སྨྲས་སོ། །དེ་ནས་དེ་དག་ བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་སྨོན་ཤེས་ཀྱིས་བལྟས་ཏེ་ཏིང་ངེ་འཛིན་ལས་ལངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱི་ལུང་དེ་ཡིན་ནམ། ཚེ་དང་ལྡན་པ་དག །བདག་གི་ལུང་དེ་ལགས་སོ། །ཚེ་དང་ལྡན་པ་དག་གི་ལུང་དེ་ལྟ་བུ་ ལགས་སམ། ཚེ་དང་ལྡན་པ་ཀུན་དགའ་བོ་དེ་ཁོ་ནའོ། །ཞེས་ཕན་ཚུན་ངེས་པར་བྱས་པ་དང་། འོད་སྲུང་གིས་བདག་གིས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་པོ་སོགས་བསྡུས་ན་ཚངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་པས་འདི་ནི་ཆོས་སོ། །འདི་ ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་དུ་བཤད་པ་དེ་དང་དེ་ཀུན་དགའ་བོས་བཟླས་ནས། དགྲ་ བཅོམ་པ་གཞན་ལྔ་བརྒྱར་གཅིག་གིས་མ་ཚང་བ་དག་གིས་མདོ་སྡེ་བྱས་ཏེ། ཕུང་པོ་དང་རབ་ཏུ་ལྡན་པ་ཕུང་པོར། སྐྱེ་མཆེད་དུ་ལྡན་པ་སྐྱེ་མཆེད་དུ། རྟེན་ཅིང་འབྲེལ་འབྱུང་འཕགས་པའི་བདེན་པས་རིག་པ་དང་ཡང་དག་པར་ལྡན་པ་ནི། དེ་གླེང་ གཞི་དང་ལྡན་པར། ཉན་ཐོས་ཀྱི་བཤད་པ་མང་བ་ནི་ཉན་ཐོས་ཀྱི་བཤད་པར། སངས་རྒྱས་ཀྱི་བཤད་པ་མང་བ་ནི་སངས་རྒྱས་ཀྱི་བཤད་པར། བྱང་ཕྱོགས་སོ་བདུན་དང་ལྡན་པ་ལམ་གྱི་ཡན་ལག་ཏུ། ཡང་དག་པར་བརྗོད་པ་མང་ བ་ཡང་དག་པར་བརྗོད་པའི་སྡེར། ཚིགས་བཅད་དང་ལྡན་པ་ཡང་དག་པར་ལྡན་པའི་ལུང་རྣམས་སུ་སོ་སོར་བསྡུས་ཤིང་། གང་མདོ་སྡེ་དང་པོ་ནི་ལུང་རིང་པོར། བར་མ་ནི་ལུང་བར་མར། ཚིག་གཅིག་ནས་ཚིག་བཅུའི་བར་ནི་གཅིག་ལས་འཕྲོས་པའི་ ལུང་རྣམས་སུ་བཞག་གོ། །དེ་ནས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་སྨྲས་པ། ཁྱོད་ཀྱི་ལུང་དེ་སྙེད་ཅིག་གམ། དེ་སྙེད་ཅིག་ལགས་ཏེ་འདི་ལས་ལྷག་པ་མེད་དོ་ཞེས་སྨྲས་ནས་ཀུན་དགའ་བོ་སེང་གེའི་ཁྲི་ལས་བབས་སོ། །དེ་ནས་སྔ་མ་བཞིན་འོད་སྲུང་ཆེན་ པོས་དགེ་འདུན་རྣམས་ལ་བགྲོས་ནས་ཉེ་བར་འཁོར་འདུལ་བ་བསྡུ་བར་བསྐོས་ཏེ། དེ་སེང་གེའི་ཁྲི་ལ་འཛེགས་ནས་འདུག་གོ། །དེའི་ཚེ་འོད་སྲུང་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དང་པོར་བསླབ་པའི་གཞི་གང་དུ་བཅས། དེས་སྨྲས་པ་ཝཱ་རཱ་ཎ་སཱིར་རོ། ། གང་དག་གི་དོན་དུ། དགེ་སློང་ལྔ་སྡེའི་ཆེད་དུ་སྟེ། གང་གི་ཕྱིར་འདི་ལྟ་སྟེ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་བསླབ་པ་བཅའ་བ་མཛད་དོ། །ཞེས་སོགས་དྲི་ལན་གྱི་སྒོ་ནས་འདུལ་བ་ཡོངས་སུ་རྫོགས་པར་བསྙད་པ་དང་། དགེ་སློང་རྣམས་ཀྱིས་ མངོན་པར་ཤེས་པས་བལྟས་ཏེ་ཕན་ཚུན་ངེས་པར་བྱས་པ་སོགས་སྔར་ལྟར་ནས་དགྲ་བཅོམ་པ་རྣམས་ཀྱིས། ཕམ་པ་བཞི། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། བསླབ་པའི་གནས་མང་པོ། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན། བཅས་པ་དང་རྗེས་བཅས། སོ་སོར་སྤོང་བ་དང་གནང་བ། གསོལ་རྐྱང་། གསོལ་གཉིས། གསོལ་བཞི་རྣམས་ཀྱི་ལས། གཞི་གསུམ་གྱི་ཚུལ་སོགས་སྡེ་ སྡེར་བསྡུ་བ་དང་། སོ་སོར་དབྱེ་བའི་སྒོ་ནས་གཞུང་དུ་བྱས་ཏེ་ཉེ་བ་འཁོར་ཁྲི་ལས་བབས་སོ། །དེ་ནས་འོད་སྲུང་ཆེན་པོས་མ་འོངས་པའི་སྐྱེ་བོའི་དོན་གྱི་ཕྱིར་མདོ་སྡེ་དང་འདུལ་བའི་དོན་མི་ཉམས་པར་སྲུང་བ་མ་མོའི་སྡེ་སྣོད་བདག་ཁོ་ནས་བཤད་པར་བྱའོ་སྙམ་ནས། །རང་ཉིད་ མ་བསྐོས་པར་སེང་གེའི་ཁྲི་ལ་འཁོད་དེ། །ཚེ་དང་ལྡན་པ་དག་མ་མོ་ལྟ་བུ་མ་མོ་ལྟ་བུ་ཞེས་བྱ་བ་དེ་བདག་ཁོ་ནས་སྨྲ་བར་བྱ་སྟེ། མ་མོ་ལྟ་བུ་ནི་ཤེས་བྱའི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ཡིན་ཏེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་ སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི་དང་། ཞེས་ སོགས་བཤད་ནས་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་པ་སོགས་སྔ་མ་བཞིན་ནོ། །དེའི་ཚེ་ས་བླའི་གནོད་སྦྱིན་རྣམས་ཀྱིས། ཀྱེ་མ་འཕགས་པ་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བདེ་བར་གཤེགས་པའི་སྡེ་སྣོད་གསུམ་ཡང་དག་པར་ བསྡུས་པས་ལྷ་རྣམས་ཀྱི་ལུས་ནི་མངོན་པར་འཕེལ་བར་གྱུར། ལྷ་མ་ཡིན་གྱི་ལུས་རྣམས་ནི་ཡོངས་སུ་འགྲིབ་པར་གྱུར་ཏོ་ཞེས་བསྒྲགས་པ་འོག་མིན་གྱི་བར་དུ་ཡུད་ཙམ་གྱིས་གྲགས་ཏེ་བཀའ་བསྡུ་བ་དེ་ལ་ལྔ་བརྒྱས་ཡང་དག་པར་བསྡུས་པ་ཞེས་པའི་མིང་དུ་གྱུར་ཏོ། ། དེ་ལྟར་བསྡུས་ཟིན་པ་དང་འོད་སྲུང་ཆེན་པོས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་བས་སྒྲོན་མར་ ཡང་དག་ལྡན། །ཞེས་དང་། བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་གཅད། །ངོ་ཚ་བྱེད་ནི་ཡོངས་ སུ་བཟུང་། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །ཞེས་སྨྲས་ཏེ་ཞི་བར་ཡིད་ཕྱོགས་ནས་ཀུན་དགའ་བོ་ལ་བསྟན་པ་གཏད་ཅིང་། ཤ་ནའི་གོས་ཅན་ཡང་ལུང་བསྟན་ནས་མཆོད་ རྟེན་ཆེན་པོ་བཞིའི་དྲུང་དུ་སོང་སྟེ་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལ་མཆོད་པ་དང་། ཀླུའི་གནས་དང་སུམ་ཅུ་རྩ་གསུམ་དུ་ཚེམས་མཆེ་བ་ལ་མཆོད་པ་བྱས་ནས་རྒྱལ་པོའི་ཁབ་ཏུ་མ་སྐྱེས་དགྲ་ལ་སྦྲན་པར་མཛད་ཀྱང་། རྒྱལ་པོ་གཉིད་ དུ་སོང་བར་ཆབ་སྒོ་བས་སྦྲན་པར་མ་ནུས་པ་དང་། གཉིད་སད་པ་དང་སྦྲོན་ཅིག་ཅེས་བསྒོས་ནས་ལྷོ་ཕྱོགས་བྱ་གག་རྐང་གི་རིར་གཤེགས་ཏེ་རི་གསུམ་གྱི་དབུས་སུ་སྐུ་གདུང་སྟོན་པའི་ན་བཟའ་ཕྱག་དར་ཁྲོད་པས་དཀྲིས་པ་བཅོམ་ལྡན་འདས་བྱམས་ པ་མ་བྱོན་གྱི་བར་དུ་མི་འཇིག་པ་སོགས་བྱིན་གྱིས་བརླབས་ནས་ཆོ་འཕྲུལ་བསྟན་ཏེ་མྱ་ངན་ལས་འདས་སོ། །དེར་སྐུ་གདུང་ལྷ་ལ་སོགས་པས་མཆོད་ནས་རི་གསུམ་སྦྱར་ཏེ་གཡོགས་ཤིང་། མྱ་ངན་གྱི་སྨྲེ་སྔགས་འདོན་བཞིན་ཕྱག་བྱས་ཏེ་སོང་ངོ༌། ། མ་སྐྱེས་དགྲས་ཀྱང་གཉིད་སད་པ་དང་གནས་བརྟན་ཆེན་པོ་མྱ་ངན་ལས་འདས་པ་ཐོས་ནས་བརྒྱལ་ཏེ་བརྒྱལ་སངས་པ་དང་ཀུན་དགའ་བོའི་དྲུང་དུ་ཕྱིན་ནས་དེས་ཁྲིད་དེ་བྱ་གག་རྐང་གི་རིར་སོང་ངོ་། །དེར་ཕྱིན་པ་དང་གནོད་སྦྱིན་རྣམས་ཀྱིས་རི་ཕྱེ་ནས་རྒྱལ་ པོས་སྐུ་གདུང་མཆོད་ཅིང་ཕྱག་བྱས་སོ། །ཞུགས་ལ་བཞེན་པར་འདོད་ཀྱང་ཀུན་དགའ་བོས་མ་འོངས་པ་ན་བྱམས་པ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུ་དང་ལྷན་ཅིག་འདིར་བྱོན་པའི་ཚེ་སྐུ་གདུང་བཞག་པའི་དགོས་པ་བྱེད་ཚུལ་སོགས་བཤད་པས་བཟློག་ སྟེ། །ཚུར་བྱུང་བ་དང་རི་སླར་འབྱར་ཏེ་དེའི་སྟེང་དུ་མཆོད་རྟེན་བརྩིགས་སོ། །དེ་ལྟར་བཀའ་བསྡུ་དང་པོར་གྲགས་པ་འདི་ནི་ཉན་ཐོས་པ་རྣམས་དང་ཐུན་མོང་གི་སྡེ་སྣོད་རྣམས་བསྡུ་བའི་དངོས་གཞི་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ བཀའ་བསྡུས་ཚུལ་ལའང་། རྒྱུའི་ཐེག་པ་ཆེན་པོའི་སྡེ་སྣོད་བསྡུས་ཚུལ་དང་། འབྲས་བུའི་ཐེག་པ་ཆེན་པོའི་སྡེ་སྣོད་བསྡུས་ཚུལ་ལོ། །དང་པོ་ནི། འཕགས་ཡུལ་གྱི་མཁས་པ་དག་གིས་ཡུལ་མ་ག་དྷཱ་ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་ མ་ལ་སཾ་བྷ་བ་ཞེས་བྱ་བའི་རི་ལ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་འདུས་ཏེ། ཕྱག་ན་རྡོ་རྗེ་ནི་མདོ་སྡེ། བྱམས་པས་ནི་འདུལ་བ། འཇམ་དཔལ་གྱིས་མངོན་པ་རྣམས་བསྡུས་པར་བཤད་དོ། །རྟོག་གེ་འབར་བ་ལས་ཀྱང་། ཐེག་པ་ཆེན་ པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ་རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བ་པའི་བདག་པོ་དང་། །བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གིས་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང་། དེ་ལས་ཁྱད་པར་དུ་གསང་བའི་བདག་པོ་ནི་ངེས་དོན་གྱི་མདོ་སྡེ་ལ་སོགས་པ་བསྐལ་བཟང་གི་འདྲེན་པ་སྟོང་གི་གསུང་རབ་ཐམས་ཅད་ཀྱི་སྡུད་པ་པོ་ ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་འབྱུང་བའི་ཚུལ་གོང་དུ་བཤད་པ་ལྟར་གསང་བ་འཛིན་པར་སྨོན་ལམ་བཏབ་པ་དེས་ན་གསང་བ་ནི་ངེས་དོན་གྱི་གསུང་རབ་ཏུ་གྲུབ་པས་དེ་འཛིན་པ་ནི་བཀའ་ཐམས་ཅད་ཀྱི་སྡུད་པ་པོའི་མཆོག་ཏུ་འཐད་ པའི་ཕྱིར་རོ། །གཉིས་པ་ལ། རྒྱུད་སྡེ་བཞི་ལས་བྱ་བའི་རྒྱུད་ནི། གཙོ་བོར་སུམ་ཅུ་རྩ་གསུམ་གྱི་གནས་ཀྱི་མཐའ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ལྕོག་ལྕང་ལོ་ཅན་ན་ས་བཅུའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་ཆོས་ལ་སོགས་པས་བླ་ གོས་ལྔ་བརྒྱ་བཏིང་བའི་སྟེང་དུ་ལག་ན་རྡོ་རྗེ་བཞུགས་ཏེ། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་བཤད་པའི་ཚུལ་གྱིས་བསྡུས་པ་ཡིན་ཏེ། གཙུག་ཏོར་གདུགས་དཀར་གྱི་འགྲེལ་པ་ཤཱུ་རངྒ་བརྨས་མཛད་པ་ལས། ལྕང་ལོ་ཅན་གྱི་ཕོ་བྲང་ན་ གནས་བསྡུད་པར་བྱེད་པ་ལག་ན་རྡོ་རྗེ་ལ་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་ཆོས་ལ་སོགས་པས་བླ་གོས་ལྔ་བརྒྱ་སྟན་དུ་བཏིང་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བདེ་ བར་གཤེགས་པས་གང་དུ་གསུངས། །རྡོ་རྗེ་འཆང་བ་ཁྱོད་སྨྲོས་ཤིག །ཤེས་རབ་སྲས་པོ་ཁྱོད་སྨྲོས་ཤིག །ཅེས་གསོལ་པ་བཏབ་པའི་རྗེས་ལ་འདི་སྐད་བདག་གིས་ཐོས་པ་ཞེས་གླེང་བསླང་བ་གསུངས་སོ། །ཞེས་བཤད་པའི་ཕྱིར་རོ། །ཁ་ ཅིག་གིས་འཇམ་དཔལ་རྩ་རྒྱུད་ནས། །དེ་ནས་སློབ་མའི་མཆོག་གྱུར་པ། །པི་ཥྠལ་ཕུག་ན་གནས་པ་དེ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །ཐུབ་པ་མ་ལུས་འདུས་ནས་ནི། །གསུང་རབ་ཡན་ལག་བཅུ་གཉིས་དང་། །འདུལ་བ་ མ་ལུས་སྡུད་པ་བྱེད། །གང་ཞིག་ཆོས་ནི་ངས་བསྟན་དང་། །དེ་བཞིན་སྔོན་གྱི་རྒྱལ་བ་མཆོག །དེ་ནི་སློབ་མའི་མཆོག་དེས་ཀྱང་། །རྣམ་པ་གསུམ་དུ་ཡང་དག་བསྟན། །འདུལ་བ་དང་ནི་མངོན་པ་དང་། །མདོ་སྡེ་དབྱེ་བས་གཞུང་དུ་ བྱས། །སེམས་ཅན་འཆིང་བ་གསུམ་ལས་བཀྲོལ། །ཉེས་པ་གསུམ་པོ་སྐེམས་པར་བྱེད། །དཔའ་བོ་སྡུག་བསྔལ་གསུམ་ལས་འགྲོལ། །རྟག་ཏུ་ཐེག་པ་གསུམ་ལ་འགོད། །སངས་རྒྱས་རྣམས་ཀྱིས་བསྟན་པའི་དོན། །བློ་ཡི་ མཆོག་ནི་བྱེད་པར་འགྱུར། །ཞེས་གསུངས་པ་དེས་བྱ་རྒྱུད་བསྡུ་བའི་ཚུལ་ཡང་བསྟན་པ་ཡིན་ནོ་ཞེས་ཟེར་བའང་ཡོད་དོ། །སྤྱོད་པའི་རྒྱུད་ཀྱང་ལག་ན་རྡོ་རྗེ་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་བསྡུས་པར་གསལ་ཏེ། ཤུ་རངྒ་བརྨའི་རྣམ་སྣང་ མངོན་བྱང་གི་ཚིག་འགྲེལ་ལས། སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་རྟོགས་པ་གཙོ་བོར་གྱུར་པའི་ཕྱིར། ཞེས་སོགས་འབྱུང་བའི་ཕྱིར་དང་། དེ་ལས་ཀྱང་གཙོ་བོར་ལག་ན་རྡོ་རྗེ་ཉིད། ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་འཁོར་ལོས་སྒྱུར་བ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལག་ཏུ་རྡོ་རྗེས་དབང་བསྐུར་བས་ཁྱོད་དབང་བསྐུར་ཏོ། །ཏིང་ངེ་འཛིན་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པའི་རྡོ་རྗེ་ཁྱོད་ལ་བྱིན་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་རྡོ་རྗེས་ཁྱོད་བྱིན་གྱིས་བརླབས་སོ། །རྡོ་རྗེ་སྙིང་པོ་ཐམས་ཅད་ཁྱོད་ལ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ལ་ བསྟན་པ་ཐམས་ཅད་ཀྱི་དོན་བྱ་བ་དང་བསྲུང་བར་གནང་ངོ༌། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་སོ། །ཞེས་སོགས་སྟོན་པས་གསང་བའི་བདག་པོར་དབང་བསྐུར་ཅིང་བསྟན་པ་གཏད་པའི་ཚུལ་སོགས་འབྱུང་བའི་ཕྱིར་རོ། ། རྣལ་འབྱོར་རྒྱུད་ནི་ལྕང་ལོ་ཅན་དུ་རྡོ་རྗེ་འཆང་ས་བཅུའི་དབང་ཕྱུག་གི་ཚུལ་བསྟན་པ། ལག་ན་རྡོ་རྗེ་ཉིད་ཀྱིས་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ་བཏབ་པའི་ངོར་བསྡུས་པ་ཡིན་ཏེ། སློབ་དཔོན་ཀུན་ དགའ་སྙིང་པོའི་ཡོ་གའི་འགྲེལ་པར། སྡུད་པར་བྱེད་པ་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རྡོ་རྗེ་འཛིན་པས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ཞེས་དང་། ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ ཕྱུག་གི་ཚུལ་འཛིན་པའི་རྡོ་རྗེ་འཆང་བས་ཀུན་ཏུ་བཟང་པོ་ལ་སོགས་པ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཇི་ལྟར་བདག་ནི་རྒྱལ་པོའི་ཕོ་ཡ་བྲང་ལྕང་ལོ་ཅན་ན་ཡང་དག་པར་སྡུད་པའི་དུས་སུ་ཛམྦུའི་གླིང་ཏིལ་གྱི་གོང་བུ་ཏིལ་གྱི་ས་བོན་གྱིས་ ཡོངས་སུ་གང་བ་བཞིན་དུ་ཛམྦུའི་གླིང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་དུ་གང་བར་བདག་ཅག་ལ་སྣང་ལ། ཞེས་སོགས་བཤད་པའི་ཕྱིར་རོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་སྤྱིར་གསང་བའི་བདག་པོ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། ཕ་ རྒྱུད་ལ་མཚོན་ན་གསང་བ་འདུས་པ་ལས་རྡོ་རྗེ་ཆོས་ལ་རྒྱུད་གཏེད་པར་གསུངས་ཤིང་། རྡོ་རྗེ་ཆོས་ནི་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ཅིང་དབང་བསྐུར་བའི་མཚན་དུ་ཟླ་བ་གྲགས་པ་སོགས་བཞེད་ཅིང་། སྡུད་པ་པོའང་དེ་ཡིན་པར་བཤད་ པ་དང་། མ་རྒྱུད་ལ་མཚོན་ན། ཨིནྡྲ་བྷུ་ཏིའི་བདེ་མཆོག་འགྲེལ་པ་ལོ་ཆེན་རིན་བཟང་འགྱུར་ལས། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་ རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་པ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། །བཻ་ཌཱུརྱ་ ཡི་ཞུན་མིས་ཡི་གེར་བཀོད། །ཞེས་རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས་གསུངས་པ་ལུང་དྲངས་པ་དང་། ངེས་བརྗོད་བླ་མའི་འགྲེལ་པར་ཡང་གོང་དུ་གཙུག་ཏོར་འགྲེལ་པ་ལས་དྲངས་པ་དང་མཐུན་པར་འབྱུང་བ་དང་། བདེ་མཆོག་རྩ་རྒྱུད་ཀྱི་ འགྲེལ་པ་ཚིག་དོན་རབ་གསལ་ལས་ཀྱང་། སྡུད་པ་པོའི་འཁོར་ལྕང་ལོ་ཅན་གྱི་བདག་པོའོ། །ཞེས་དང་། རྒྱུད་ཡེ་ཤེས་ཐིག་ལེ་ལས་ཀྱང་། ཀྱེ་བཅོམ་ལྡན་འདས། མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་ དང་ལྡན་པའི་སེམས་ཅན་རྣམས་ལ་སུ་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་སོགས་གསུངས་པ་དང་། དེ་ཁོ་ན་ཉིད་སྒྲོན་མའི་རྒྱུད་ལས། ལྷ་མོས་ གསོལ་བ། གསང་བ་ཆེན་པོའི་རྒྱུད་འདི་ནི། །ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཕྱོགས་སུ་དཔལ་རྡོ་རྗེའི་གནས་ཨཽཌྱན་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས་ཤེས་པ་དང་། སེམས་ཅན་ལ་གསལ་བར་བྱེད་དོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་དེ་ས་དུའི་དབང་ཕྱུག་ལགས་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཡེ་ཤེས་ཐིག་པོའི་ རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་ངས་བསྟན་པའི་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་དེ་ཨིནྡྲ་བྷཱུ་ཏི་སྤྲུལ་པའི་སྐུས་ས་བཅུའི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་ས་བཅུ་བཞིའི་དབང་ཕྱུག་གོ། །ཞེས་གསུངས་པ་དང་། དུས་འཁོར་རྩ་རྒྱུད་ཀྱི་སྡུད་པ་པོའང་ ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་ཡིན་པ་སོགས་ཀྱི་ཕྱིར་རོ། །དེ་ལ་བྱེ་བྲག་ཏུ་སྡུད་པ་པོ་སོ་སོར་ཐ་དད་པར་གསུངས་པའང་ཡོད་དེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། བསྡུ་བ་མཛད་པ་སོགས་རྣམས་ཀྱིས། །བདག་ ལས་བསྒྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་གིས་གཅིག་ལ་བཞེད་པ་ནི། །གསོལ་པ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་ འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། །ཞེས་མ་རྒྱུད་འགའ་ཞིག་རྡོ་རྗེ་ཕག་མོ་སོགས་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གནས་རྣམས་སུ་དྲི་བ་དྲི་ལན་གྱི་ཚུལ་གྱིས་བསྡུས་པར་བཤད་པ་དང་། ། དགྱེས་རྡོར་གྱི་རྩ་རྒྱུད་བརྟག་པ་གཉིས་པ་རྡོ་རྗེ་སྙིང་པོས་བསྡུས་པར་བཤད་པ་སོགས་དང་། སྔར་རྩ་བའི་རྒྱུད་བསྟན་པ་ལག་ན་རྡོ་རྗེས་བསྡུས་པ་ལས། ཕྱིས་སྡུད་པ་པོ་གཞན་དག་གིས་བསྡུས་པའི་རྒྱུད་དུ་ཉེ་བར་བསྡུས་ པའི་ཚུལ་ཡང་འབྱུང་སྟེ། དུས་འཁོར་རྩ་རྒྱུད་འཇམ་དཔལ་གྲགས་པས་ཉེ་བར་བསྡུས་པ་ལྟ་བུ་ཅི་རིགས་པར་ཡོད་པའི་ཕྱིར་རོ། །དེ་ལྟར་ཐེག་ཆེན་མདོ་སྔགས་གཉི་གའི་སྐབས་སུ་སྡུད་པ་པོ་སོ་སོར་གསུངས་པ་ཡོད་ ཀྱང་སྤྱིར་གསང་བའི་བདག་པོས་བསྡུས་པར་མི་འགལ་ཏེ། གསང་བའི་བདག་པོས་བསླབ་པ་གསུམ་ག་སྟོན་པའི་མདོ་སྡེ་བསྡུས་པར་བཤད་པས་བསླབ་པ་ཕྱོགས་རེ་སྟོན་པའི་འདུལ་མངོན་གཉིས་ དེར་འདུས་པའི་ཕྱིར་དང་། ལག་ན་རྡོ་རྗེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙན་གཅིག་ཏུ་བསྡུས་པ་ཡིན་པར་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཕྱིར་དང་། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས། བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མེ་ཏོག་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་སྨོན་ལམ་བཏབ་ནས། གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་ ནས་དབུས་ཀྱི་ཛམྦུ་གླིང་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་གནས་སོ། །ཞེས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ། །ཞེས་ ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ཐ་མི་དད་པར་བསྟན་ཅིང་། དེ་ལ་བསྟན་པ་མཐའ་དག་གཏད་པར་བཤད་པའི་ཕྱིར་དང་། ཡེ་ཤེས་ཐིག་ལེའི་རྒྱུད་དུ། ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག ། མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །དེ་ལས་སྐྱེ་བ་གང་ཡང་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ། །ཞེས་དང་། ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་ གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་ དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་དོན་གྱིས་བདེ་བར་གཤེགས་པའི་བསྟན་པ་མཐའ་དག་འཛིན་པ་པོར་གསུངས་པའི་ཕྱིར་རོ། །དོན་དམ་པར་ནི་སྡུད་པ་པོ་གསང་བའི་བདག་པོ་ཉིད་སྟོན་པ་ཉིད་ཀྱི་ཐུགས་རྡོ་རྗེ་ ལས་ལོགས་ཤིག་ཏུ་གཞག་པར་བྱར་མེད་དེ། དཔལ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ ཐུགས་རྡོ་རྗེ། །ཞེས་གསུངས་པས་སོ། །དེས་ན་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་གླེང་གཞི་བཤད་པའི་ཚུལ་འབྱུང་བ་རྣམས་ཀྱང་དབང་རྣོན་གྱི་ངོར་རྒྱུད་དོན་ཡོངས་རྫོགས་རེ་བསྟན་པར་བཤད་པས་སྡུད་པ་པོས་ སྦྱར་བའི་ཚིག་ཁོ་ནའོ་ཞེས་མཐའ་གཅིག་ཏུ་སྨྲ་བ་ནི་མི་ལེགས་སོ། །དེ་ལྟར་སྡུད་པ་པོའི་ཚུལ་དུ་བསྟན་པ་རྣམས་ཀྱིས་ལེགས་པར་བསྡུས་པའི་རྒྱུད་སྡེ་མཐའ་དག་ནི་སོ་སོ་སྐྱེ་བོས་ལྟ་སྨོས་ཀྱང་ཅི་དགོས། འཕགས་ཆེན་རྣམས་ ཀྱིས་ཀྱང་ཚད་གཟུང་དུ་ཡོད་པ་མ་ཡིན་ཞིང་། ཞིང་ཁམས་རྒྱ་མཚོར་གསང་སྔགས་ཀྱི་སྐལ་བ་ཅན་རྒྱ་མཚོ་རྣམས་ལ་དེ་དང་འཚམ་པའི་རྒྱུད་སྡེ་རྒྱ་མཚོ་རྣམས་སྣང་བས་དེའི་དོན་མཛད་པ་ཡིན་པའི་ཕྱིར་རྒྱུད་འདི་དང་འདི་ཕྱོགས་ཆེ་གེ་ མོ་ཞིག་ཏུ་ཡོད་དེ་ཞེས་སྒྲོགས་པའང་ཕྱོགས་རེ་བ་ཙམ་ཡིན་པར་ཤེས་དགོས་སོ།། །།འདིར་སྨྲས་པ། །བདེ་བར་གཤེགས་པའི་བསྟན་པ་རབ་ཡངས་བདུད་རྩི་ལྟ་བུས་ལྷ་ཡི་རྫིང་རིང་ཡོངས་བལྟམས་པ། ། མོས་པ་ཐ་དད་ཡོལ་གོ་དང་འཚམ་མངོན་པར་སྣང་བ་རྡོ་རྗེ་འཛིན་སོགས་སྡུད་པ་པོའི། །བསྐལ་པར་གོམས་པའི་བློ་གྲོས་རྒྱ་ཆེ་གཏིང་མི་དཔོག་པ་རིན་ཆེན་གསེར་སྐྱོགས་ཀྱིས་བཅུས་པས། །མི་མཇེད་ འདི་ན་བཟང་པོའི་རིགས་ཅན་སྐྱེ་བོའི་ཚོགས་ལ་དམན་འབྲིང་མཆོག་གི་ཐར་པའི་བཅུད་ལེན་རབ་ཏུ་སྤེལ། །ཀྱེ་མ་ཐུབ་བསྟན་ལང་ཚོའི་དཔལ། །མངོན་པར་རྒོད་པའི་འཛུམ་རླབས་ཀྱིས། །ཡིད་སྲུབ་སྙེམ་པའི་རྒྱལ་ མཚན་ལའང་། །ངོ་ཚའི་གོ་འཕང་ཅི་ཡང་བྱིན། །བསམ་པའི་བྱེ་བྲག་ཆུ་མཚོ་ལ། །གྲངས་བཞིན་འཆར་བའི་ཟླ་རིས་ལྟར། །ཤཱཀྱའི་སྲས་ཀྱིས་རྗེས་བསྟན་གང་། །མཁས་པ་དག་གིས་རབ་ཏུ་ཕྱེས། ། འོན་ཀྱང་ཚིག་ཆུས་མྱོས་བ་ཡི། །གཉིས་འཐུང་དག་གི་འཇུག་ངོགས་སུ། །ཕྱི་དུས་འདིར་ནི་པད་རྩ་ལྟར། །གྱུར་ལ་སུ་ཞིག་དགའ་བར་འགྱུར། །འདི་ནི་རྒྱལ་བའི་ཐབས་མཁས་ཀྱི། །ཕྲིན་ལས་ བལྟ་བར་འདོད་པ་དག །ཕྱོགས་རེའི་མུན་ཁུང་ལས་ཐོན་ཏེ། །ལེགས་པར་བཤད་པའི་སྣང་བྱེད་བྟེན། །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་ བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས། བྱེ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བཀའ་བསྡུའི་བྱུང་བ་ དང་བཅས་པ་ལེགས་པར་བཤད་པའི་ཡལ་འདབ་སྟེ་བཞི་བའོ།། །། ༄༅། །བྷུཛཱཤིརསིནཱགཱཾཤེཥམཱདཱིནྲ། །མུཁཱཧྱབྷིགུརུཿཀཱནྱཱངྷརིཏྲཱི། ། ༄༅། །ལྷག་མ་ཅན་སོགས་ལག་འགྲོའི་ཕྲག་པ་རུ། །མངོན་པར་ལྕི་བའི་ནོར་འཛིན་བུ་མོའི་བཞིན། ། ༄༅། །སུཀཱནྟནབརཀྟཾསནྡྷིརཱདྴུཿ། །ཀཥཱཡདྷརཤྶའསྱསྱབནྡྷཱུཿ། ། ༄༅། །མཛེས་བྱེད་ཐུན་མཚམས་གསར་བའི་དམར་འོད་ཅན། །ངུར་སྨིག་འཛིན་རྣམས་བསྟན་པའི་རྩ་ལག་ཡིན། ། སྲིད་པའི་མཚོ་ལས་འགྲོ་བ་འདོན་པའི་ཕྱག །རིང་པོར་སྐྱོང་པའི་སྙིང་སྟོབས་རྨ་མེད་པ། །བྱང་ཆུབ་སེམས་ཀྱིས་ཡང་ཡང་བཀྲུས་པའི་བཞིན། །སྟོན་མཛད་སེམས་དཔའ་ཆེན་རྣམས་རྒྱལ་གྱུར་ཅིག །ཐུབ་པའི་ཆོས་མཛོད་རྒྱ་ཆེན་འདི་འབྱེད་པའི། །ལེགས་ བཤད་སྡེ་མིག་གང་གི་ཚེམས་བར་ནས། །མངོན་པར་བཀྲོལ་ཚེ་དོན་བཟང་དབྱིག་གི་ཕུལ། །འགྲོ་འདིས་འཛད་མེད་ལོངས་སུ་སྤྱོད་པར་བྱས། །དེ་ལྟའི་བཀའ་དྲིན་གཞལ་བར་བྱ་བའི་སླད། །ཞིང་གི་རྡུལ་སྙེད་འགྲོ་བའི་ལེགས་བྱས་ཀྱི། །མཆོད་པས་ བྱང་ཆུབ་བར་དུ་མཆོད་བྱེད་ཀྱང་། །གཞལ་བར་དཀའ་བ་ཉིད་དུ་ད་གཟོད་རིག །དབང་པོ་སྲེད་མེད་བུ་དང་གདོང་བཞི་བ། །དྲག་པོ་སྐེམས་བྱེད་ལ་སོགས་ཆེན་པོ་ཀྱང་། །གང་གི་ཞབས་ཀྱི་རྡུལ་ཕྲན་ལྷུང་བ་ལ། །གཙུག་གི་ནོར་བུས་འདུད་པ་རྙེད་ དཀའ་ཉིད། །གང་གི་རྣམ་ཐར་སྒེག་མོའི་འགྲམ་ཆང་གིས། །བདག་བློ་བ་ཀུ་ལ་ཤིང་ལྟ་བུར་ཡང་། །མཁས་པའི་འབྱུང་གནས་ལེགས་བཤད་སྨྲ་བ་ལ། །མངོན་ཕྱོགས་མེ་ཏོག་ཕང་ཕུང་རྣམ་པར་བཀོད། གཉིས་པ་བསྟན་པ་དེ་ཛམྦུས་མཚན་པའི་ གླིང་འདིར་ཇི་ལྟར་བསྐྱངས་པའི་ཚུལ་ལ། སྤྱིར་འཕགས་ཡུལ་ལ་སོགས་པར་བསྟན་པ་བསྐྱངས་པའི་ཚུལ་དང་། བྱེ་བྲག་བསིལ་ལྡན་གྱི་ལྗོངས་སུ་ཇི་ལྟར་བསྐྱངས་པའི་ཚུལ་ལོ། །དང་པོ་ལ་མདོ་སྔགས་གཉིས་ལས། དང་པོ་ནི། བསྟན་པའི་གཏད་ རབས་སོགས་ལས་བརྩམས་ཏེ་བཤད་པར་བྱ་ཞིང་དེའང་ཉན་ཐོས་ཀྱི་སྡེ་སྣོད་ཕལ་ཆེ་བར་སྤྱོད་པའི་སྐབས་དང་། ཐེག་པ་ཆེན་པོ་ཕལ་ཆེ་བར་སྤྱོད་པའི་སྐབས་གཉིས་ཀྱི་སྔ་མ་ནི། འདུལ་བ་ལུང་ལས་བསྟན་པའི་གཏད་རབས་བདུན་གྱི་བར་དུ་གསལ་བར་ གསུངས་པ་ལྟར་ལས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་པ་དང་། དེས་བཀའ་བསྡུ་དང་པོ་མཛད་ནས་ཀུན་དགའ་བོ་ལ་བསྟན་པ་གཏད་པའི་ཚུལ་གོང་དུ་སྨོས་ཟིན་པ་ལྟར་དང་། དེའི་རྗེས་སུ་ཀུན་དགའ་བོས་བསྟན་པ་བསྐྱངས་པའི་ཚུལ་ ནི། ཀུན་དགའ་བོས་མ་སྐྱེས་དགྲ་བྱ་གག་རྐང་གི་རི་བོར་ཁྲིད་ཟིན་པ་དང་། སླར་རང་ཉིད་ཡོངས་སུ་མྱ་ངན་འདའ་བ་རྒྱལ་པོ་ལ་སྦྲན་ཅིང་། དེས་མཐོང་དུ་གཞུག་པར་ཁས་བླངས་ནས་ཇི་ཞིག་ན་མ་སྐྱེས་དགྲའི་བློན་པོ་རབ་གཏུམ་གྱི་སྤྱོད་པ་ངན་ པས་ཀཱ་ཤི་མཛེས་དགའ་མོ་བསད་པའི་གྲགས་པ་གཞོན་ནུ་གསེར་མདོག་ལ་བྱུང་བའི་རྐྱེན་གྱིས་དེ་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་དུ་ཁྲིམས་ཀྱིས་གསད་པར་ཉེ་བ་ན་གནས་བརྟན་གྱིས་རྫུ་འཕྲུལ་བསྟན་ཏེ་འཇིགས་པ་ལས་བསྐྱབས་ཤིང་དེ་ཉིད་དུ་གཞོན་ནུ་གསེར་མདོག་རབ་ཏུ་ཕྱུང་ནས་ ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་ཅིང་། ཀཱ་ཤི་མཛེས་དགའ་མོ་བདེན་ཚིག་གིས་སྐྱེས་པར་གྱུར་པ་དང་། བློན་པོ་གསོད་པའི་ཁྲིམས་ལས་བཏོན་པ་གཉི་ག་རབ་ཏུ་བྱུང་ཞིང་དགྲ་བཅོམ་པར་གྱུར་པ་དང་། གཞན་ལྷ་མི་དཔག་ཏུ་མེད་པ་འབྲས་བུ་བཞི་ལ་ཅི་ རིགས་པར་བཀོད་དོ། །དེ་ནས་གཞོན་ནུ་གསེར་མདོག་གི་ཕ་དེད་དཔོན་ཉི་མས་ཛམྦུའི་གླིང་གི་དགེ་སློང་བྱེ་བ་ཕྲག་གསུམ་ལ་གདུགས་ཚོད་དྲུངས་པ་སོགས་རྒྱས་པར་རྟོགས་བརྗོད་ཉིད་དུ་བལྟ་བར་བྱའོ། །དེའི་ཚེ་གསེར་མདོག་ལྟ་བུའི་སྐྱིད་དེ་བའང་ཚེགས་མེད་ དུ་དགྲ་བཅོམ་པར་བཀོད་པས་འཕགས་པ་ཀུན་དགའ་བོ་ནི་སངས་རྒྱས་དང་མཚུངས་སོ་ཞེས་བསམ་སྟེ་མ་སྐྱེས་དགྲས་ཀུན་དགའ་བོ་སོགས་དགྲ་བཅོམ་ལྔ་སྟོང་ལོ་ལྔའི་བར་དུ་མཆོད་པ་དང་། ལྷོ་ཕྱོགས་ཀྱི་བྲམ་ཟེ་བ་ར་དྷྭ་ཛ་གནོད་པ་ཅན་དང་རུས་གཅིག་པ་ ཞེས་བྱ་བ་སྒྱུ་མའི་རིག་སྔགས་ལ་མཁས་པ་ཞིག་མ་ག་དྷཱར་འོངས་ནས་ཆོ་འཕྲུལ་འགྲན་པ་ན། དེས་རིན་པོ་ཆེའི་རི་དང་། སྐྱེད་མོས་ཚལ་དང་། རྫིང་བུ་མང་པོ་སྤྲུལ་པ། འཕགས་པས་གླང་པོ་ཆེ་དང་། རླུང་དང་རྡོ་རྗེའི་ཆར་པ་སོགས་སྤྲུལ་ནས་བཤིག་ པ་དང་། སྐུའི་བཀོད་པ་ལྔ་བརྒྱ་ཙམ་གྱིས་ཡ་མ་ཟུང་གི་ཆོ་འཕྲུལ་བསྟན་པས་བྲམ་ཟེ་དེ་སོགས་བྲམ་ཟེ་ལྔ་བརྒྱ་དང་། གཞན་སྐྱེ་བོ་བརྒྱད་ཁྲི་བདེན་པ་ལ་བཀོད་དོ། །གཞན་ཡང་འདི་སྐབས་སྟོན་པའི་ཞལ་མཐོང་བ་དང་། མ་མཐོང་བ་ཐམས་ཅད་སྟོན་ པ་དང་ཉན་ཐོས་ཆེན་པོ་རྣམས་མྱ་ངན་ལས་འདས་པས་སྐྱོ་ཤས་ཆེན་པོས་གདམས་ངག་ལ་འབད་པར་བྱེད་པས་ཉིན་རེ་བཞིན་ཡང་འབྲས་བུ་ཐོབ་པའི་ཚོགས་མང་དུ་འཕེལ་བར་གྱུར་ཏོ། །ཡང་དུས་གཞན་ཞིག་ན་གནས་བརྟན་ཉིད་འོད་མའི་ཚལ་གྱི་དྲི་གཙང་ཁང་གི་ སྒོར་འཆག་པ་ན། ཤ་ནའི་གོས་ཅན་རྒྱ་མཚོ་ཆེན་པོ་ནས་རྙེད་པ་ལེགས་པར་རྙེད་དེ་འོངས་པས་མཐོང་ནས་ཕྱག་བྱས་ཏེ་སྨྲས་པ། བདག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ལོ་ལྔའི་དུས་སྟོན་བགྱིད་པར་འཚལ་ན་བཅོམ་ལྡན་འདས་ད་ལྟ་གང་ ན་བཞུགས། གནས་བརྟན་གྱིས་སྨྲས་པ་བུ། སྟོན་པ་མཆོག་ཟུང་དང་བཅས་པ་མྱ་ངན་ལས་འདས་སོ། །དེ་ཐོས་ནས་བརྒྱལ་ཏེ་བརྒྱལ་སངས་པ་དང་རིམ་གྱིས་ཀུན་དགའ་བོ་གཙོ་བོར་གྱུར་པའི་དགེ་འདུན་རྣམས་ལ་ལོ་ལྔའི་དུས་སྟོན་བྱས་ཏེ་གནས་བརྟན་གྱི་ བཀའ་ལས་མཐར་རབ་ཏུ་ཕྱུང་སྟེ། དེ་བཅོམ་ལྡན་འདས་ལས་དགེ་སློང་སྡེ་གཉིས་དང་། ཀུན་དགའ་བོ་ཉིད་ཀྱིས་ཐོས་ཤིང་བཟུང་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཐོས་པ་འཛིན་པར་གྱུར་ནས། རིག་པ་གསུམ་དང་སྡེ་སྣོད་གསུམ་རྒྱས་པར་བྱས་སོ། །དེ་ནས་ ཇི་ཙམ་ཞིག་ན་འོད་མའི་ཚལ་དུ་དགེ་སློང་ཞིག་གིས་མདོ་སྡེ་ལོག་པར་འདོན་པ་གསན་ཅིང་དེ་ཟློག་པའི་སྐབས་སུའང་མ་གྱུར་པའི་རྐྱེན་གྱིས། རྙིང་པ་གང་དག་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ནི་གཅིག་པུ་བསམ་གཏན་ལ། །སྒོ་ང་ལས་ སྐྱེ་བཞིན་དུ་གནས། །བདག་གི་གྲོགས་དང་མཛའ་བོ་ཀུན། །སྔོན་དུ་འདས་ཤིང་སོང་བར་གྱུར། །ཇི་ལྟར་བསམ་གཏན་གནས་དྲན་པ། །དེ་འདྲའི་བཤེས་གཉེན་འདི་ན་མེད། །དྲི་མ་བྱང་ནས་ཞིར་སོང་འགྲོ་བའི་སྒྲོན་མ་སྟེ། །བདག་ཉིད་ཆེན་པོས་གཏི་མུག་ མུན་ནག་རབ་རིབ་བསལ། །དེ་དག་གིས་ནི་གདུལ་བ་ཚད་མེད་བཏུལ་གྱུར་ནས། །གཅིག་པུ་དགོན་པ་མཆོད་རྟེན་ཚལ་ཤིང་ལྷག་མ་འདྲ། །ཞེས་སོགས་སྨྲས་ཤིང་ཤ་ནའི་གོས་ཅན་ལ་བསྟན་པ་གཏད་ནས་གྲོང་ཁྱེར་བཅོམ་བརླག་གི་རི་མུ་རུནྟ་ཞེས་བྱ་བར་བཅོམ་ བརླག་གི་ཚོང་དཔོན་གྱི་བུ་ན་ཏ་དང་། ཕ་ཏེས་གཙུག་ལག་ཁང་བརྩིགས་ཤིང་ཡོན་བདག་བགྱིད་པར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པར་འབྱུང་ཞིང་། དེར་སྤོས་འཚང་གི་བུ་ཉེ་སྦས་ཞེས་བྱ་བ་འབྱུང་སྟེ་རབ་ཏུ་ཕྱུང་ཤིག་དང་། སྟོན་པས་ང་ མྱ་ངན་ལས་འདས་ནས་ལོ་བརྒྱ་ན་མཚན་མེད་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་ལུང་བསྟན་ཏོ། །ཞེས་ལེགས་པར་གདམས་ནས་མྱ་ངན་ལས་འདའ་བའི་ཕྱིར་གྲུའི་བཞོན་པས་གངྒཱའི་དབུས་སུ་བྱོན་ཏོ། །ཤ་ནའི་གོས་ཅན་གྱིས་མ་སྐྱེས་དགྲ་ལ་སྦྲན་ ནས་དེ་འོངས་པ་ན། གངྒཱའི་ངོགས་གཉིས་སུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་འཁོར་བཅས་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་རྣམས་སྐུ་གདུང་འདོད་དེ་སོ་སོར་འཁོད་དོ། །དེའི་ཚེ་དྲང་སྲོང་ཞིག་འཁོར་ལྔ་བརྒྱ་དང་བཅས་ནས་རྫུ་འཕྲུལ་གྱིས་འོངས་པ་ཆུ་དབུས་ དེ་ཉིད་དུ་གླིང་སྤྲུལ་ཏེ་ཉིན་གུང་བསྙེན་པར་རྫོགས་ནས་ཐམས་ཅད་དགྲ་བཅོམ་པར་གྱུར་ཏེ་ཆུ་དབུས་པའམ་ཉི་མའི་གུང་པར་གྲགས་ཤིང་དེའི་གཙོ་བོ་ཉི་མའི་གུང་པ་ཆེན་པོ་ལ་སྤྱིར་བསྟན་པ་སྐྱོངས་ཤིག་པ་དང་། བྱེ་བྲག་ཏུ་སྟོན་པས་ལུང་བསྟན་པ་ལྟར་ཁ་ཆེའི་ཡུལ་དུ་ བསྟན་པ་སྤེལ་ཅིག་པར་གདམས་སོ། །དེ་ནས་མ་ག་དྷཱ་པ་དང་ཡངས་པ་ཅན་པ་སོ་སོའི་འདོད་པ་བཞིན་དུ་གནས་བརྟན་མཁར་འཕགས་ནས་ཆོ་འཕྲུལ་བསྟན་ཅིང་མྱ་ངན་ལས་འདས་པའི་སྐུ་གདུང་ཤཱ་རི་རམ་ཕྱེད་ཕྱེད་དུ་གྱུར་ནས། སོ་སོར་བབས་ཏེ་སོ་སོའི་ཡུལ་དུ་མཆོད་ རྟེན་བརྩིགས་ནས་མཆོད་དོ། །དེ་ནས་འཕགས་པ་ཤ་ནའི་གོས་ཅན་ལ་མ་ག་དྷ་པ་རྣམས་ཀྱིས་གནོད་སྦྱིན་གདུག་པ་ཞིག་གིས་གཙེས་པས་དེ་འདུལ་བར་གསོལ་པ་བཏབ་པ་དང་། དེ་གནས་པའི་ཕུག་ཏུ་བྱོན་ནས་མེའི་ཆོ་འཕྲུལ་གྱིས་བཏུལ་ནས་དད་པར་མཛད། དེ་ནས་ཉི་མ་གུང་པས་སྟོན་པའི་དགོངས་པ་བསྒྲུབ་པའི་ཕྱིར་ཁ་ཆེའི་ཡུལ་དུ་བྱོན་ནས་ཏིང་ངེ་འཛིན་གྱིས་ཀླུ་མི་སྲུན་པ་ཨཽ་དུཤྩ་ལ་སོགས་པ་རྣམས་ཟིལ་གྱིས་མནན་པས་དེ་དག་ཁྲོས་ནས་རླུང་དམར་དང་རྫི་ཆར་དྲག་པོ་ཕབས་ཀྱང་ཆོས་གོས་ཀྱི་གྲྭའང་སྐྱོད་པར་མ་ནུས་ ཤིང་། མཚོན་ཆར་ཕབ་ཀྱང་མེ་ཏོག་དང་ཀུ་སུ་མའི་ཆར་དུ་གྱུར་པས་གླགས་མ་རྙེད་ནས་སྨྲས་པ། འཕགས་པ་བཀའ་ཅི་སྩལ། གནས་འདི་བྱིན་ཅིག །འདི་སྟོན་པས་ངའི་གནས་སུ་ལུང་བསྟན་ཏོ། །གནས་ཅི་ཙམ་ཞིག་དབུལ་བར་བགྱི། སྐྱིལ་ཀྲུང་ བཅས་པའི་ཁྱོན་ཙམ་མོ། །དེ་ལྟ་ན་འབུལ་ལོ། །སྐྱིལ་ཀྲུང་གིས་ལུང་པ་དགུའི་མདོ་མནན་པས། དེ་རྣམས་ན་རེ། གནས་བརྟན་གྱི་འཁོར་ཇི་ཙམ་ཞིག །དགྲ་བཅོམ་པ་ལྔ་བརྒྱའོ། །གལ་ཏེ་དགྲ་བཅོམ་པ་གཅིག་མ་ཚང་ཡང་སླར་དབྲོག་གོ། །དེ་ ལྟ་མོད་ཀྱི་གང་ན་སྦྱིན་པོ་ཡོད་པ་དེ་ན་ལེན་པོའང་ཡོད་པས་ངས་ཁྱིམ་བདག་ཀྱང་འཇུག་པར་བྱའོ། །དེ་བཞིན་དུ་གྱུར་ཅིག །དེ་ནས་དེར་གནས་བརྟན་གྱིས་གྲོང་ལ་སོགས་པ་ཉེ་བར་བཀོད་ནས་སྤོས་ངད་ལྡང་ལས་གུར་གུམ་བླངས་ཏེ་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་ གནས་ཀྱི་བར་དུ་སྐྱེ་བར་བྱིན་གྱིས་བརླབས་སོ། །དེའི་ཚེ་གནས་དེར་གྲོང་ཁྱེར་ཆེན་པོ་དགུ། རི་འོར་པ་མང་པོ། རྒྱལ་པོའི་ཕོ་བྲང་གཅིག །གཙུག་ལག་ཁང་བཅུ་གཉིས། གནས་བརྟན་ཉིད་འཁོར་ཆུ་དབུས་པ་ལྔ་བརྒྱ་དང་བཅས་པ་སོགས་དགེ་འདུན་ ཤིན་ཏུ་མང་པོ་རྣམས་ཡོད་ཅིང་། བསྟན་པ་ཤིན་ཏུ་གསལ་བར་མཛད་ནས་དེ་ཉིད་དུ་མྱ་ངན་ལས་འདས་སོ། །དེ་ནས་ཤ་ནའི་གོས་ཅན་གྱིས་རྒྱལ་པོ་གཞུ་བཟང་གི་འཁོར་དང་ཞོ་ཤས་འཚོ་བ་ཉིས་སྟོང་ཞིག་རབ་ཏུ་ཕྱུང་ནས་དགྲ་བཅོམ་པར་གྱུར་པ་དང་། གཞན་ཡང་ཆོས་བསྟན་པས་སྔ་ཕྱིར་དགྲ་བཅོམ་པ་ཁྲི་དང་བདེན་པ་མཐོང་བ་འབུམ་ཙམ་བྱུང་བར་གྲགས་ཤིང་། སྤོས་འཚོང་སྦས་པའི་བུ་ཉེ་སྦས་རབ་ཏུ་ཕྱུང་ནས་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་པ་ལ་བསྟན་པ་གཏད་ནས་ཡུལ་ཙམ་ པར་མྱ་ངན་ལས་འདས་སོ། །འཕགས་པ་ཉེ་སྦས་ཀྱིས་གངྒཱའི་བྱང་ཏི་ར་ཧུ་ཏིའི་ནུབ་ལུས་འཕགས་ཞེས་བྱ་བའི་ཡུལ་དུ་གཤེགས་ནས་ཁྱིམ་བདག་བ་སུ་སཱ་རས་བཞེངས་པའི་གཙུག་ལག་ཁང་དུ་དབྱར་གནས་མཛད་དེ། དེའི་ཚེ་ཁོ་ནར་ཆོས་བསྟན་པས་ དགྲ་བཅོམ་སྟོང་ཕྲག་ཚང་བ་བྱུང་། གནྡྷ་ར་ཞེས་བྱ་བའི་རི་ལ་བྱོན་ནས་ཆོས་བསྟན་པས་སྐྱེ་བོ་མང་པོ་བདེན་པ་ལ་བཀོད། མ་ཐུ་རའི་གྱད་ཀྱི་གཙོ་བོ་ན་ཊ་དང་བྷ་ཊ་གཉིས་ཀྱིས་མགོ་བོའི་རི་ལ་གར་མཁན་དཔའ་བོའི་གཙུག་ལག་ཁང་ཡོད་པ་ ཕུལ་ནས་བཞུགས་སུ་གསོལ་ཏེ་ཡོན་སྟོབ་པར་བྱེད་ཅིང་དེར་ཡང་སྐྱེ་བོ་མང་པོ་ཆོས་ལ་བཙུད་དོ། །ཡང་དེར་སྐྱེ་བོ་འབུམ་ཕྲག་མང་པོ་ལ་ཆོས་བསྟན་པས་དེ་དག་ཆོས་ལ་ལྷག་པར་འདུན་ཞིང་མོས་པའི་སྐབས་ཤིག་ན་བདུད་སྡིག་ཅན་གྱིས་གྲོང་ཁྱེར་དུ་ཉིན་དང་པོ་ ལ་འབྲས། གཉིས་པ་ལ་གོས། གསུམ་པ་ལ་དངུལ། བཞི་བ་ལ་གསེར། ལྔ་བ་ལ་རིན་པོ་ཆེ་སྣ་བདུན་རྣམས་ཀྱི་ཆར་ཕབ་ཅིང་། དྲུག་པ་ལ་བདུད་རང་ཉིད་ལྷའི་གར་མཁན་གྱི་ཚོགས་སུ་སྤྲུལ་ནས་གྲོང་ཁྱེར་དུ་རྩེ་བ་ན་ཆོས་ཉན་པ་ཐམས་ཅད་རིམ་ གྱིས་དེར་སོང་ནས་མཐར་ཆོས་ཉན་པ་གཅིག་ཀྱང་མེད་དོ། །དེ་ནས་ཉེ་སྦས་ཀྱང་དེར་བྱོན་ཏེ་གར་མཁན་དུ་བརྫུས་པའི་སྡིག་ཅན་འཁོར་བཅས་ལ་མེ་ཏོག་གི་ཕྲེང་བའི་ཟོལ་གྱིས་མགོ་བོར་སྦྲུལ་གྱི་རོ། མགུལ་དུ་མི་དང་ཁྱིའི་རོ་སྟེ་རོ་གསུམ་བཏགས་ནས་རྫུ་འཕྲུལ་ གྱིས་ཐམས་ཅད་རྒས་འཁོགས་པ། མི་སྡུག་པ༑ དྲི་ང་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་སྡིག་ཅན་འཁོར་བཅས་འཇིགས་ཤིང་མྱ་ངན་གྱིས་ནོན་ཏེ་ཉེ་དབང་དང་། དབང་པོ་དང་། ཚངས་པ་ལ་སོགས་པ་ལ་སྐྱབས་སུ་གསོལ་ཡང་དེ་དག་གིས་དེ་ མེད་པར་བྱེད་མ་ནུས་ནས་སླར་ཉེ་སྦས་ཉིད་ལ་སྐྱབས་སུ་སོང་ངོ༌། །དེ་ནས་འཕགས་པས་སྡིག་ཅན་འཁོར་བཞི་ལ་སླན་ཆད་མི་འཚེ་བར་ཁས་ལེན་དུ་བཅུག་ནས་དེའི་ལུས་རྣལ་དུ་གནས་པར་མཛད་དོ། །དེའི་ཚེ་ཉེ་སྦས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན་པས་ བདག་གིས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་མཐོང་ན་གཟུགས་ཀྱི་སྐུ་མ་མཐོང་བས་སྟོན་ཅིག་ཅེས་སྡིག་ཅན་ལ་སངས་རྒྱས་ཀྱི་སྐུ་ཇི་ལྟ་བར་སྤྲུལ་དུ་བཅུག་པ་ན། དགྲ་བཅོམ་པས་བདེ་བར་གཤེགས་པའི་སྐུ་ལ་མི་བཟོད་པའི་དད་པའི་ཤུགས་ཀྱིས་ཕྱག་བྱེད་པར་བརྩམས་ པ་དང་། དེས་མ་བཟོད་དེ་བརྒྱལ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་སླར་སྔར་གྱི་ཆོས་ཉན་པ་རྣམས་དང་གསར་དུ་དགེ་བའི་རྩ་བས་བསྐུལ་ཏེ་འོངས་པ་རྣམས་ལ་ཉི་མ་དྲུག་པ་དེ་ཉིད་ཀྱི་མཚན་མོ་ཐོག་ཐག་ཏུ་ཆོས་བསྟན་པས། ཉི་མ་བདུན་པ་ལ་སྐྱེ་བོ་འབུམ་ཕྲག་བཅོ་ བརྒྱད་ཀྱིས་བདེན་པ་མཐོང་ནས་རིམ་གྱིས་ཐམས་ཅད་རབ་ཏུ་བྱུང་སྡེ་དགྲ་བཅོམ་པ་འགྱུར་ཏེ། །དེ་ལ་སོགས་པ་མཚན་མེད་པའི་སངས་རྒྱས་སུ་བསྟན་པ་ཉེ་སྦས་ཀྱིས་གར་མཁན་དཔའ་བོའི་གཙུག་ལག་ཁང་གི་ཕྱོགས་ཞིག་ན་ཕུག་སྲིད་དུ་ཁྲུ་བཅོ་བརྒྱད་པ། རྒྱར་ཁྲུ་ བཅུ་གཉིས་པ། དཔངས་སུ་ཁྲུ་དྲུག་པ་ཞིག་ཡོད་པ་དེར་ཉིད་ཀྱིས་གདམས་ངག་བསྟན་ནས་དགྲ་བཅོམ་ཐོབ་པ་རེ་རེས་ཤིང་བུ་སོར་བཞི་བ་རེ་རེ་འཕངས་པས་ཕུག་དེ་ཁེངས་པའི་ཚེ། གྲོང་ཁྱེར་འཕགས་རྒྱལ་གྱི་བྲམ་ཟེ་ཆེན་པོ་ཞིག་གི་བུ་དྷཱི་ཏི་ཀ་ཞེས་བྱ་བ། རིག་བྱེད་ ཀྱི་མཐར་སོན་པ་སློབ་མ་བྲམ་ཟེ་ལྔ་བརྒྱ་ཡོད་པ་ཞིག་གིས་ཕྱོགས་ཀུན་ཏུ་མུ་སྟེགས་བྱེད་དང་བྲམ་ཟེ་གྲགས་པ་ཅན་རྣམས་ལ་ཚངས་སྤྱོད་ཀྱི་ལམ་དྲིས་ཀྱང་མ་མགུ་ནས། མ་ཐུ་རར་ཉིད་ཀྱི་དྲུང་དུ་འོངས་ཏེ་སྔར་བཞིན་དྲིས་པས་ཡིད་ཆེས་ཏེ། དེར་རབ་ཏུ་བྱུང་ཞིང་བསྙེན་ པར་རྫོགས་ནས་ཞག་བདུན་གྱིས་དགྲ་བཅོམ་པ་རྣམ་ཐར་བརྒྱད་ལྡན་དུ་གྱུར་པ་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་དེ་སྐུ་གདུང་ཡང་ཤིང་བུ་དེ་རྣམས་ཀྱིས་བཞུས་པས་རིང་བསྲེལ་གཅིག་ཏུ་གྱུར་པ་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་ཁྱེར་ཏོ། །དེས་ན་བཅོམ་ལྡན་འདས་ མྱ་ངན་ལས་འདས་པའི་འོག་ཏུ་འདི་ལས་འགྲོ་དོན་ཆེ་བ་མ་བྱུང་བར་གྲགས་སོ། །འཕགས་པ་འདིའི་ཚེ་རྒྱ་གར་ཤར་ཕྱོགས་ཀྱི་དགྲ་བཅོམ་པ་བླ་མ་ལ་རྒྱལ་པོ་དབང་ཆེན་ལྷས་བྱ་གག་གི་ཀུན་དགའ་ར་བ་བཞེངས་ནས་ཕུལ་ཏེ་དེར་བཞུགས་ཤིང་བསྟན་པ་གསལ་བར་ མཛད་པ་དང་། ཇི་ཙམ་ན་མ་ག་དྷཱའི་བྲམ་ཟེ་མོ་ཛཿཔའི་བུ་རྒྱལ་བ། ལེགས་རྒྱལ། དགེ་བ་ཞེས་པ་གསུམ་གྱི་དང་པོ་ཁྱབ་འཇུག །གཉིས་པ་སེར་སྐྱ། གསུམ་པ་སངས་རྒྱས་ལ་མོས་ནས་ཉིན་རེ་བཞིན་བཟང་ངན་རྩོད་པ་ལ། མས་བསྟན་ནས་ དགྲ་བཅོམ་པ་བླ་མའི་དྲུང་དུ་གསུམ་གས་འདྲིར་སོང་བ་ལ། དེས་མུ་སྟེགས་བྱེད་དང་ལྷ་ཆེན་པོ་སོགས་ཀྱི་ཚུལ་ལ་སྨད་ཅིང་བདེ་བར་གཤེགས་པའི་ཡོན་ཏན་བརྗོད་པ། ཇི་སྐད་དུ། གང་ཞིག་ཞེ་སྡང་གིས་ཁོང་འཁྲུགས་ཏེ་དམོད་པ་བྱེད་ པ་ལ་ནི་དཀའ་ཐུབ་ཅི་ཞིག་ཡོད་དེ། ཇི་ལྟར་འདི་ན་མཁའ་འགྲོ་མ་དང་སྲིན་པོ་གདུག་པ་གཏུམ་པ་འཆོལ་བར་སྤྱོད་པ། ཚུལ་ལས་ཉམས་པ་དེ་དག་ཀྱང་དམོད་པ་བྱེད་དོ། །གང་ཞིག་འདི་ན་གསོད་པ་དང་། འཆིང་བ་དང་། རྡེག་པ་ལ་སོགས་པའི་རྩོམ་ པ་མེད་པར་ཡང་འགྲོ་བ་འདི་དག་ནི་གདོན་མི་ཟ་བར་འཆི་བར་འགྱུར་བ་ཡིན་ན། དེ་དག་གསོད་པའི་སྦྱོར་བ་ཀུན་ཏུ་རྩོམ་པ་ནི་ཤིན་ཏུ་བླུན་པ་སྟེ། མི་མཁས་པ་འགའ་ཞིག་ཉི་མ་ནུབ་པར་གྱུར་པ་ལ་དབྱུག་པས་བརྡ་བྱས་ནས་བདག་ཉིད་ང་རྒྱལ་བས་བསྙེམས་ པ་བཞིན་ནོ། །གཞན་ཡང་བྲམ་ཟེ་དག་ཉོན་ཅིག །སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེའི་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་ གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱིས་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་གཏམ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །དྲག་པོ་ དུར་ཁྲོད་གནས་ལ་དགའ། །མི་ཤ་ཚིལ་བུ་རྐང་དག་ཟ། །གཏུམ་ཞིང་སྲོག་ཆགས་གསོད་དགའ་བར། །ལྷ་ཆེན་ཉིད་ཀྱི་ཆོས་ལས་བཤད། །གཞུང་ཡང་འཚེ་བས་དྲི་མར་བྱས། །དེ་ལ་རབ་ཡིད་རྟོན་པ་ཡང་། །རྟག་ཏུ་འཚེ་བ་ཡོངས་སྤྱོད་པ། །འདི་ལ་ མཁས་པ་སུ་ཞིག་མགུ། །ཞེས་སོགས་རྒྱུན་ཆགས་བརྒྱའི་བར་དུ་བསྟན་པས་དད་དེ། བྲམ་ཟེ་དང་པོ་རྒྱལ་བས་ཝཱ་རཱ་ཎ་སཱི་ཆོས་འཁོར་གྱི་གནས་སུ་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས། དེ་བཞིན་དུ་གཉིས་པས་འོད་མའི་ཚལ་དུ། གསུམ་པས་རྡོ་རྗེ་གདན་དུ་གནྡྷོ་ ལ་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ཏེ་དེའང་ལྷས་གྲོགས་བྱས་པར་གྲགས་ཤིང་། ལྷག་པར་ཕྱི་མ་ནི་ཞག་བདུན་དུ་སྒོ་བཅད་ནས་བཟོ་བའི་རྩིས་ལ་ཞག་དྲུག་ཐེམ་ནས་མས་འོངས་ཏེ་སྒོ་བརྡུངས་ནས་ང་དོ་ནུབ་འཆི་བས། སངས་རྒྱས་ཀྱི་ཞལ་མཐོང་བ་ཁོ་མོ་ཁོ་ནར་ ཟད་པས་ཕྱིས་གཞན་གྱིས་སྐུ་གཟུགས་འདི་སྟོན་པ་འདྲའམ་མི་འདྲ་མི་ཤེས་པས་སྒོ་ཕྱེ་ཞིག་ཅེས་ཟེར་བས་སྒོ་ཕྱེས་པ་དང་ལྷ་བཟོ་བའང་མི་སྣང་ངོ་། །དེ་ནས་རྒན་མོས་ལེགས་པར་བལྟས་ཏེ་ཁྱད་པར་གསུམ་མ་གཏོགས་པ་སངས་རྒྱས་དང་འདྲའོ་ཞེས་སྨྲས་སོ། །ཞག་ བདུན་མ་ཚང་བའི་རྒྱུས་བ་སྤུ་དང་ན་བཟའ་སྐུ་ལ་མ་རེག་པ་གཉིས་མ་གྲུབ་པར་བཤད་དོ། །ཕྱིས་མི་རིང་བར་བྲམ་ཟེ་དགེ་བ་ཉིད་ཀྱིས་ཨསྨ་གནྡྷ་རྙེད་པས་སྤྱན་འབྲས་བྱས་ཤིང་ཨིནྡྲ་ནཱི་ལ་རྙེད་པ་མཛོད་སྤུར་བཅུག་པས་རྒྱལ་པོ་ཤིང་རྟ་ཅན་ཡན་ཆོད་དུ་མར་མེ་སོགས་ལ་མ་ ལྟོས་པར་དེས་གསལ་བར་བཤད་དོ། །བྲམ་ཟེ་སྤུན་གསུམ་པོ་དེས་སོ་སོའི་གཙུག་ལག་ཁང་དུ་དགེ་སློང་ལྔ་བརྒྱ་ལྔ་བརྒྱ་ལ་འཚོ་བ་རྟག་ཏུ་སྦྱོར་ཞིང་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ལའང་མཆོད་དོ། །དེའི་རྗེས་སུ་འཕགས་པ་དྷཱི་ཏི་ཀས་ཐོ་གར་གྱི་ཡུལ་མི་རྒྱལ་པོ་ དང་བཅས་པ་ནམ་མཁའ་ལ་མཆོད་པ་ཙམ་མ་གཏོགས་ཆོས་ལུགས་ཀྱི་རྣམ་གཞག་ཅིའང་མི་ཤེས་པ་དག་ཅིག་ཡོད་པ་དེས་སྐབས་ཤིག་འབྲུ་དང་གོས་སོགས་ཀྱི་ནོར་མང་པོ་མེ་ལ་བསྲེགས་ནས་ནམ་མཁའ་ལ་མཆོད་པའི་ཚེ་དགྲ་བཅོམ་ལྔ་བརྒྱ་དང་ལྷན་དུ་དེའི་ཐད་ཀྱི་ནམ་ མཁའ་ལས་བྱོན་ཏེ་བཀད་སར་བཞུགས་སོ། །དེ་ནས་དེ་དག་གིས་གནམ་གྱི་ལྷ་ཡིན་པར་སེམས་ནས་མཆོད་པ་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དང་བདེན་པ་མཐོང་བ་མང་པོ་སོགས་བྱུང་སྟེ། ཡུལ་དེར་རྒྱལ་པོ་མི་ན་ར་དང་དེའི་བུ་ཨི་མ་ཤྩ་གཉིས་ཁོ་ནའི་ཚེ་ གཙུག་ལག་ཁང་ལྔ་བཅུ་དང་དགེ་འདུན་གྲངས་མེད་པ་འཕེལ་ལོ། །ཡང་ཤར་ཕྱོགས་ཀཱ་མ་རཱུ་པའི་བྲམ་ཟེ་སིདྷ་ཞེས་བྱ་བའི་ལོངས་སྤྱོད་ཆེན་པོ་ཞིག་འཁོར་ས