Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 101_གཟུངས་འདུས།_ཝཾ

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག་སྟེ། འཁོར་གྱི་དཀྱིལ་འཁོར་འདིར་མཆིས་ན། ཅི་ནས་ཚངས་པའི་བསོད་ནམས་འཕེལ་བ་དང་། ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་

དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་བསོད་ནམས་ཤིན་ཏུ་མང་དུ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་
འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚིགས་སུ་བཅད་པ་བཀའ་སྩལ་པ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཧུ་ནྟེ་ཥཱྃ་ཏ་ཐཱ་ག་ཏོ་ཧྱབ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱདཱི་མ་ཧཱ་ཤྲ་མ་ཎཿ། ཆོས་གང་རྒྱུས་འབྱུང་དེ་དག་གིས། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་
གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་
བཞིན་གཤེགས་པ་མཐོང་ངོ་། །སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བཀྐུ་ལའི་མེ་ཏོག་ཙམ་ཞིག་
བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེས་ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་
སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་
ལ་མངོན་པར་བསྟོད་དོ།། །།འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ༄༅། །སངས་རྒྱས་བཅོམ་ལྡན་འདས་

ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་
ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར་རོ། །དངོས་པོ་གང་ལ་དམིགས་ཏེ་བརྗོད་ན་སངས་རྒྱས་ཀྱི་སྐུ་འམ། མཆོད་རྟེན་དུ་བྱས་པར་
འགྱུར་རོ། །མཆོད་པ་གང་ལ་དམིགས་ཏེ་བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ར་སྨིབི་མ་ལ་བི་ཤུདྡྷེ་པྲ་བྷ་ནཱ་
མདྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་
ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་ཕོ་བྲང་གི་འཁོར་གྱི་ཁྱམས་ཆེན་པོ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་
ཐམས་ཅད་རྣམ་པར་སེལ་བ་དང་། ལག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། འཇམ་དཔལ་དང་། ཤེས་རབ་འོད་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་རྣམས་དང་། ལྷ་དང་། ཀླུ་
དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པས་བཅོམ་ལྡན་འདས་ལ་ཞེ་སར་བྱས། རི་མོར་བྱས། བཀུར་སྟིར་བྱས་ཏེ། ཡོངས་

སུ་བསྐོར་བ་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་སེར་སྐྱའི་གྲོང་ཁྱེར་ན་གནས་པ་བྲམ་ཟེ་ཆེན་པོ་སེར་སྐྱའི་ཟླ་བ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ཡིད་མི་ཆེས་ཤིང་ལོག་པར་ལྟ་བ་ཞིག་གནས་པ་དེ་དུས་གཞན་ཞིག་གི་ཚེ། གཞན་ཞིག་གི་རྨི་ལྟས་
སུ་རྨིས་ཏེ་བསྟན་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་ཟེར་བ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་ཡང་མི་དགའ་སྟེ། འཇིགས་སྐྲག་ནས་ཡིད་ལ་བསམས་པ། ད་བདག་གི་སྲོག་གི་སྐྱབས་སུ་ལ་བཙལ་བར་བྱ། ཡང་
དགེ་སྦྱོང་གཽ་ཏ་མ་ཐམས་ཅད་མཁྱེན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་ནོ་ཞེས་གྲགས་ན། བདག་དེའི་གན་དུ་སོང་སྟེ། དེ་ཐམས་ཅད་མཁྱེན་པ་ཡིན་ཡང་དག་ན་དེ་འཇིགས་པས་ཉམ་ཐག་པར་འགྱུར་བའི་སྐྱབས་མཛད་པའི་ཕྱིར་ཆོས་སྟོན་གོར་མ་ཆག་གོ་སྙམ་བསམས་
ནས། བཅོམ་ལྡན་འདས་ཀྱི་གན་དུ་སོང་བ་དང་། རྒྱང་རིང་པོ་ནས་བཅོམ་ལྡན་འདས་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་ནས། བཅོམ་ལྡན་འདས་ལ་ཞུ་བར་མ་སྤོབས་ཏེ་སེམས་ཤིང་འདུག་པ་ལ། བཅོམ་ལྡན་འདས་ཡང་དག་པར་རྫོགས་
པའི་སངས་རྒྱས་དུས་གསུམ་མཁྱེན་པ། ཐམས་ཅད་གཟིགས་པ་སྒྲིབ་པ་མི་མངའ་བས་བྲམ་ཟེ་དེའི་བསམ་པ་མཁྱེན་ནས་བྱམས་པའི་ཐུགས་ཀྱིས་བརྩེ་བར་དགོངས་ཏེ། བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱས་ནས་ངན་སོང་ངན་
འགྲོ་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་རིམ་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་ཁ་བརྒྱུད་དེ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་རིགས་ངན་ཤན་པའི་ལུས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཡང་
ཕག་གི་ལུས་སུ་སྐྱེ་བར་འགྱུར་ཏེ། རྟག་ཏུ་ངན་སྐྱུགས་མི་གཙང་བ་ཟ་ཞིང་འདམ་རྫབ་ཀྱི་ནང་དུ་ཡང་ཡུན་རིང་དུ་གནས་ཏེ་རྒྱུན་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ལུས་ཐོབ་ན་ཡང་ཤིན་ཏུ་དབུལ་བ་དང་། མི་གཙང་བ་དང་། དྲི་ང་བ་དང་། མདོག་

མི་སྡུག་ཅིང་གནག་པ་དང་། ལུས་རིད་ཅིང་ཉམ་ཆུང་བ་དང་མཛེ་ནད་ཅན་དུ་འགྱུར་ཏེ། སྐྱེ་བོ་ཡོངས་ལ་མི་སྡུག་ཅིང་རྟག་ཏུ་བཀྲེས་པས་ཉམ་ཐག་པ་སྐྱེ་བོ་ཡོངས་ཀྱིས་སྨད་བརྟག་པར་བརྡེག་བཙོག་བྱ་ཞིང་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ་ཞེས་
བཀའ་སྩལ་པ་དེ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་འཇིགས་སྐྲག་སྟེ་ཡིད་གདུངས་པས་ངུས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གསོལ་པ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་
མགོན་དང་སྐྱབས་མཛད་པ་ལགས་ན་བདག་ནི་སྡིག་པའི་ལས་ཐམས་ཅད་འཆགས་ཏེ། དེང་སླན་ཆད་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིད་ན། བདག་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བར་སྐྱེ་བའི་སྡུག་བསྔལ་ལས་སྐྱབས་མཛད་པར་གསོལ། དེ་སྐད་ཅེས་
གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ། གྲོང་ཁྱེར་སེར་སྐྱའི་ལམ་གྱི་སུམ་མདོ་ན་མཆོད་རྟེན་རིང་བསྲེལ་ཅན་རྙིང་པ་རལ་བ་ཞིག་ཡོད་པ་དེ་སླར་བརྩིགས་ཏེ། མཆོད་རྟེན་གྱི་རྩེ་མོར་སྲོག་ཤིང་བཙུགས་ལ། གསང་
སྔགས་ཡི་གེར་བྲིས་པ་དེའི་ནང་དུ་བཅུག་སྟེ་མཆོད་པ་བྱས་ནས་གསང་སྔགས་ལན་བདུན་བདུན་བཏོན་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་ཏེ་འཕེལ་བར་འགྱུར་ལ། འཆི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གནས་ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེ་སྟེ། བསྐལ་བ་སྟོང་ཕྲག་
བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། བསྐལ་པ་བརྒྱ་སྟོང་དུ་མར་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་ཡང་ཤི་
འཕོས་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བར་འགྱུར་ཏེ། དེར་ཡང་བསྐལ་བ་ཆེན་པོ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་མི་ཟད་པ་མྱོང་བར་འགྱུར་རོ། །ཚེ་རབས་གང་དུ་སྐྱེས་པའི་གནས་ཀུན་དུ་ཡང་ཡིད་གཞུངས་ཤིང་ཚེའི་བར་ཆད་མེད་པ་

དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་ནས་ནམ་དུ་ཡང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ། །རྟག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་རྣམས་དང་ཕྲད་ཅིང་རྗེས་སུ་དགོངས་པར་མཛད་དོ། །བྲམ་ཟེ་ཆེན་པོ་གཞན་ཡང་དགེ་སློང་ངམ། དགེ་སློང་
མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཚེ་ཐུང་བའམ། ནད་མང་བ་ཞིག་ཡོད་ན། དེས་མཆོད་རྟེན་རྙིང་པ་བཅོས་སམ། གསར་དུ་བརྩིགས་ཀྱང་རུང་སྟེ། གསང་སྔགས་འདི་བྲིས་ལ་ནང་དུ་
བཞུགས་ནས་དཀྱིལ་འཁོར་བྱི་དོར་བྱས་ཏེ་མཆོད་ན། དེ་དག་གི་ཡོན་ཏན་ནི་ཚེ་ཟད་པ་ཡང་ཚེ་སླར་ནུར་ཞིང་རིང་བ་དང་། ནད་ཀྱིས་བཏབ་ཅིང་སྡུག་བསྔལ་བ་ཡང་ནད་དོ་ཅོག་ལས་ཐར་བ་དང་། ནམ་དུ་ཡང་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་དང་། བྱོལ་སོང་
གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར་ཏེ། དེ་དག་གི་སྒྲ་རྣ་ལམ་དུ་ཡང་གྲག་པར་མི་འགྱུར་ན་དེ་དག་ཏུ་སྐྱེ་བ་ལྟ་ཅི་སྨོས། དེ་ནས་བྲམ་ཟེ་དེས་དེ་སྐད་ཟེར་བ་ཐོས་ནས་ཤིན་ཏུ་ཡི་རངས་ཏེ། མཆོད་རྟེན་ཞིག་པ་བཅོས་པར་བསམས་ནས་དེ་
འཁོར་དེ་ནས་ལངས་ཏེ་སོང་ངོ་། །དེའི་ཚེ་འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ཞིག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་
སྔགས་ཀྱི་ཆོ་ག་འདི་ཇི་ལྟ་བུར་བགྱིས་ན། ཡོན་ཏན་དང་ལེགས་པ་དང་། དགེ་བའི་རྩ་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་སྔགས་ཆེན་པོ་རྣམས་ཀྱི་ཡང་མཆོག་བདག་ཉིད་ཆེ་བ་དྲི་མ་མེད་
ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བ་འདི་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཞིན་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བར་འགྱུར་རོ། །ལ་ལ་ཞིག་གིས་གསང་སྔགས་འདི་ཐོས་ན་མཚམས་

མེད་པ་ལྔ་བྱས་པའི་སྡིག་པ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །སེར་སྣ་དང་། བརྣབ་སེམས་དང་། ཕྲག་དོག་ལ་སོགས་པ་མི་དགེ་བའི་རྩ་བ་ཐམས་ཅད་ཀྱང་འབྱང་བར་འགྱུར་ཏེ། ཚེ་ཟད་པ་ལས་ཀྱང་ཚེ་རིང་དུ་ནུར་བ་དང་། བཀྲ་
ཤིས་དང་ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་བཅོམ་
ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་སྐྱབས་མཛད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཆོ་ག་འདི་ཐམས་ཅད་དང་ལྡན་པའི་འཁོར་ལ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་།
བཅོམ་ལྡན་འདས་ཀྱིས་གནང་སྟེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་གྱི་སྟེང་ནས་འོད་ཟེར་གྱི་སྣང་བ་ཆེན་པོ་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཁྱེན་
པར་མཛད་ནས། འོད་ཟེར་དེ་དག་སླར་འདུས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་དགྱེས་ཤིང་བྱ་ཀ་ལ་པིང་ཀའི་གསུང་དབྱངས་ཀྱིས་གསང་སྔགས་བཀའ་སྩལ་པ། ན་མཿསབྟཱ་ནཱ་ན། སཾམྱཀྶཾ་བུདྡྷ་ཀོ་ཊཱི་ནཱ་ན། པ་རི་
ཤུདྡྷེ་མ་ན་སི། ཨ་བྷྱཱརྩི་ཏ་བྲ་ཏིཥྛི་ཏཱ་ནཱ་ན། ན་མོ་བྷ་ག་བ་ཏེ། ཨ་མྲྀ་ཏ་ཨཱ་ཡུ་ཥ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུ་ར་བི་ཤོདྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྱ་བ་ལེན་པྲ་ཏི་སྃ་ཧ་ར། ཨཱ་ཡུཿསཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་
བོདྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་བ་ཨཱ་བ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། འདི་ནི་རྩ་བའི་སྔགས་ཏེ་གང་ལ་ལ་འདིའི་ཆོ་ག་བྱེད་པར་འདོད་ན་ཚེས་བརྒྱད་དང་། བཅུ་གསུམ་དང་། བཅུ་བཞི་དང་། བཅོ་ལྔ་རྣམས་གང་ཡང་

རུང་བ་ལ་མཆོད་རྟེན་རིང་བསྲེལ་ཅན་ལ་ལན་བདུན་ཅུ་རྩ་བདུན་བསྐོར་ལ། གསང་སྔགས་འདི་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ་ཁྲུས་བྱས་ལ་དཀྱིལ་འཁོར་བྱས་ནས་གསང་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་བྲིས་ཏེ། དེའི་ཚེ་གསང་སྔགས་འདོན་པ་དང་ཡི་གེར་
འདྲི་བ་ཡང་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ་ལུས་སྤོས་ཀྱིས་བྱུགས་ནས་ཁ་ཟས་གཙང་མ་ཟོས་ལ་མེ་ཏོག་དང་བདུག་པས་མཆོད་དེ། དེ་ལ་རིན་པོ་ཆེ་སྣ་བདུན་ཡང་ཡོན་དུ་ཕུལ་ལམ། ཡང་ན་བདག་གི་ཉམས་ཀྱིས་ཅི་འབྱོར་པར་ཕུལ་ཡང་རུང་སྟེ་སེམས་མགུ་བར་བྱའོ། །
ཆོས་བཙུན་པར་བྱ་བའི་ཕྱིར་བསྟི་སྟང་དང་རི་མོ་ཆེར་བྱའོ། །གསང་སྔགས་ཀྱི་ཡི་གེ་ལ་ཡང་དཀོན་ཞིང་རིན་པོ་ཆེར་འདུ་ཤེས་བཞག་སྟེ། མཆོད་རྟེན་ཆེ་ཆུང་ཇི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་བཅུག་སྟེ། སེམས་
རྩེ་གཅིག་ཏུ་མཆོད་པ་ཆེན་པོ་བྱས་ན་ཚེ་ཟད་པ་ལས་ཚེ་སླར་ནུར་ཏེ་ཚེ་རིང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་ཐམས་ཅད་བྱང་ནས། ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་སྐྱེ་གནས་ཐམས་ཅད་དུ་
སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་ཡང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། ཡིད་ལ་བསམས་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར།
ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞིག་ནད་ཚབས་པོ་ཆེས་བཏབ་སྟེ། འཆི་བའི་དུས་བྱེད་པ་ལ་ཐུག་ན་དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། དེའི་སྟེང་དུ་ཚོན་སྣ་ལྔས་རི་མོར་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་།
དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨོ་རེ་རེ་བྲིས་ཏེ། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་གཞག་གོ། །བདུག་སྤོས་ཀྱི་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་གཞག་གོ། །

ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་འབྲས་ཆན་དུ་སྦྱར་བ་གཞག །ཡང་དྲིའི་ཆུ་དང་། མེ་ཏོག་དང་། འབྲས་སམ་འབྲུའི་སྣོད་བཀང་བ་ཕོར་བུ་རེ་རེ་བླུགས་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་
སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ་དཀྱིལ་འཁོར་སྟེང་དུ་གཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་གཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ། དཀྱིལ་འཁོར་གྱི་ནང་དུ་
ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་འབུལ་དུ་གཞུག་གོ། །དེ་ནས་སྔགས་མཁན་གཙང་སྦྲ་ཆེར་བྱས་ཏེ། ནད་པ་དེ་ལ་གསང་སྔགས་བདུན་ཅུ་རྩ་བདུན་གྱིས་བཏབ་སྟེ། ཆོ་ག་འདི་ལྟར་བྱས་ན་ནད་པ་ཚེ་ཟད་དེ་འཆི་བའི་དུས་བྱེད་དུ་ཉེ་བ་
ཞག་བདུན་ནས་དྲན་པ་ཉམས་ཤིང་འཁྲུལ་པར་འགྱུར་བ་ཡང་ཚེ་སླར་ནུར་ཞིང་ཚེ་རིང་བོར་འགྱུར་རོ། །རྨི་ལམ་གྱི་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ། ཉིན་གཅིག་བཞིན་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་
འཚོའི་བར་དུ་བཏོན་ན། དེ་འཆི་བའི་དུས་བྱས་ནས་ལོངས་སྤྱོད་དང་བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་
ཡིན་པའི་འཆི་བ་དང་སྒྲིབ་པ་ཐམས་ཅད་བྱང་བར་ཡང་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མི་ཤི་བའི་ཆེད་དུ་ཕན་པར་འདོད་པས་སེམས་ཐག་པ་ནས་གསང་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ན། ཤི་བ་དེ་ངན་སོང་གི་གནས་སུ་ལྷུང་ན་ཡང་དེའི་མོད་ལ་
ལས་ཀྱི་སྒྲིབ་པ་རྣམས་ཟད་ནས་མཐོ་རིས་ཀྱི་ལྷའི་གནས་སུ་སྐྱེ་ཞིང་བདེ་བ་མྱོང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲིས་པ་གཞན་གྱི་མིང་ནས་སྨོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན། ཤི་བ་གང་ཡིན་

བ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་
རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །
ཐ་ན་བྱ་དང་རི་དགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་དུ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་
མས་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །མཆོད་རྟེན་དེའི་གནས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་ལ་སོགས་པ་ལུས་ལ་འཇུག་ཅིང་གནོད་པ་དང་། གཅན་གཟན་ཁྲོ་བ་དང་། ཐོག་
འབབ་པ་དང་། སྡིག་སྦྲུལ་ཁ་གདུག་པ་དང་། སྦྱར་དུག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་ཤིང་མེད་པར་འགྱུར་རོ། །གཞན་ཡང་ཕ་རོལ་གྱི་དམག་ཚོགས་དང་། མཚོན་དང་། མེ་དང་། ཆུ་དང་། སེར་བ་དང་། མུ་གེ་དང་། དུས་མ་ཡིན་པར་འཆི་བ་
དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །ཡུལ་དེར་ལྟས་ངན་ཞིག་བྱུང་ན་ཡང་མཆོད་རྟེན་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་འོད་ཟེར་ཆེན་པོ་བྱུང་བས། ལྟས་ངན་པ་དང་། བཀྲ་མི་
ཤིས་པ་ཐམས་ཅད་ཟློག་པར་འགྱུར་རོ། །གང་གཞན་ཞིག་བསམ་པ་ངན་པས་དམག་དང་། ཆོམ་རྐུན་གྱིས་གནོད་པ་བྱ་བར་སེམས་སམ། དགྲ་རྒོལ་བ་ཞིག་བྱུང་ན་ཡང་གནས་དེར་མཆོད་རྟེན་དེ་ལ་འོད་ཟེར་ཆེན་པོ་འབྱུང་སྟེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་མེ་ལྕེ་

ཀུན་དུ་འབར་བས་བསྐོར་བའི་ནང་ནས་དམག་གི་དཔུང་དང་། མཚོན་ཆའི་ཆར་མངོན་པར་བསྟན་པས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་ཞིང་ཕྱིར་ལྡོག་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་བསྲུང་བ་དང་བསྐྱབ་པ་བྱས་ཏེ་ཕྱོགས་བཞིར་དཔག་ཚད་བརྒྱ་ཚུན་
ཆད་དུ་མཚམས་བཅད་དེ་བསྲུངས་པས་དེའི་ནང་དུ་འཁྲུག་པ་དང་། ནད་འགོ་བ་དང་། ཕྱུགས་ནད་ཐམས་ཅད་མི་འབྱུང་ངོ་། །འཐབ་ཅིང་རྩོད་པ་མི་འབྱུང་ངོ་། །ཆོས་མ་ཡིན་པར་སྤྱོད་པ་མེད་པར་འགྱུར་རོ། །འདི་ལ་གསང་སྔགས་གཞན་གྱིས་གཅད་པ་དང་། གནོན་
པར་མི་ནུས་ཏེ། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཡང་མཆོད་རྟེན་དེའི་སྲོག་ཤིང་གི་གསང་སྔགས་བཤད་པ། ཨོྃ་སརྦ་ཏ་ཐཱ་ག་ཏ་བི་བུ་ལ་ཡཥྚི། མ་ཎི་ཀ་ན་ཀ་རཱ་ཛ་ཏ། བི་བུ་ཥི་ཏ་ཡཥྚི་དྷུ་རུ་དྷུ་རུ། ས་མནྷེ་བི་ལོ་ཀི་ཏེ། ས་ར་ས་ར། མ་མ་
སརྦ་པཱ་བ་བི་ཤོ་དྷ་ནི། སམ་བོ་དྷ་ནི། པྲ་བ་ར་ཡཥྚི། པ་རི་མ་ཎི་དུཥྚ་ཧུ་རུ་ཙི་ར་མ་ལ་བི་ཤུདྡྷེ་ཧཱུྃ་ཧཱུྃ་སྭཱ་ཧཱ། རིགས་ཀྱི་བུ་ཅི་ནས་ཀྱང་གསང་སྔགས་འདི་ནན་ཏན་དུ་དགུ་བཅུ་རྩ་དགུར་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་ངོས་བཞིར་གཞུག་གོ། །དེ་ཡང་ཆོ་
གའི་གཞུང་འདི་ཉིད་ཀྱང་བྲིས་ཏེ་སྲོག་ཤིང་གི་ནང་དུ་གཞུག་གོ། །ཆོ་ག་དེ་ལྟར་བྱས་ན་མཆོད་རྟེན་དགུ་ཁྲི་དགུ་སྟོང་གི་སྲོག་ཤིང་བཙུགས་པ་དང་འདྲའོ། །དེའི་གོང་དུ་ཡང་མཆོད་རྟེན་རིང་བསྲེལ་ཅན་དགུ་ཁྲི་དགུ་སྟོང་བཞེངས་པ་དང་འདྲའོ། །དེའི་ཡང་གོང་དུ་ཡང་རིན་པོ་ཆེ་
སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བྱས་པར་འགྱུར་རོ། །དེའི་ཡང་གོང་དུ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ཆོས་བཟངས་ལྷའི་འདུན་ས་དང་འདྲ་བའི་གཙུག་ལག་ཁང་གི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཡང་གང་ལ་ལ་ཞིག་གིས་འཇིམ་
པ་ལས་མཆོད་རྟེན་ཆུང་ངུ་ཞིག་བྱས་ཏེ། དེའི་ནང་དུ་གསང་སྔགས་འདི་དག་བཅུག་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་

སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་། བདུག་སྤོས་ཕུལ་ལམ། དྲིལ་བུ་དང་། བ་དན་དང་། གདུགས་འགའ་ཞིག་ཕུལ་ན་ཡང་། དེ་བཞིན་གཤེགས་པ་དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་བའི་བསོད་ནམས་དང་མཉམ་པ་ཡིན་ནོ། །
དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ་དང་། མཐུ་སྟོབས་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེའི་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་
ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྲུང་བ་དང་། རྗེས་སུ་དགོངས་པ་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་
ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །གསང་སྔགས་འདི་ནི་མཆོད་རྟེན་གྱི་སྲོག་ཤིང་གི་གསང་སྔགས་ཞེས་བྱའོ། །ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱ་བའི་གསང་སྔགས་དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ། །ཨོྃ་སརྦ་ཏ་ཐཱ་ག་ཏ། མ་ལ་བི་ཤོ་དྷ་ནི།
རུདྡྷ་བ་ལེ་པྲ་ཏི་སཾ་སྐཱར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྚཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གང་ལ་ལ་ཞིག་གིས་མཆོད་རྟེན་བདག་ཉིད་ཀྱིས་བྱས་སམ།
གཞན་བྱེད་དུ་བཅུག་གམ། མཆོད་རྟེན་རྙིང་པ་བཅས་ལེགས་བྱས་ཀྱང་རུང་། ས་འཇིམ་ལས་མཆོད་རྟེན་ཆུང་ངུ་བྱས་སམ། སོ་ཕག་གམ། རྡོ་བ་ལ་བྱས་ཀྱང་རུང་སྟེ། དང་པོར་གསང་སྔགས་ཀྱི་སྙིང་པོ་སྟོང་རྩ་བརྒྱད་ཚང་དུ་བཟླས་བརྗོད་བྱས་ཏེ། དེའི་འོག་ཏུ་

མཆོད་རྟེན་སེན་མོ་གང་ཙམ་གྱི་ས་ལ་བྱས་སམ། ཁྲུ་གང་གི་ཚད་དུ་བྱས་སམ། དཔག་ཚད་གཅིག་ཙམ་གྱི་ཚད་དུ་བྱས་ན་ཡང་རུང་སྟེ། གསང་སྔགས་ཀྱི་མཐུ་དང་། སེམས་རྩེ་གཅིག་ཏུ་བྱས་པའི་སྟོབས་ཀྱིས་མཆོད་རྟེན་དེ་ལ་ཡང་སྤོས་
ཀྱི་ངད་ལྡང་སྟེ། ཙནྡན་དང་། ག་བུར་དང་། གླ་རྩི་དང་། གུར་གུམ་ལ་སོགས་པའི་དྲི་བྲོ་འམ། །ལྷའི་སྤོས་དྲི་ཞིམ་པོའི་ངད་ལྡང་བར་འགྱུར་རོ། །བདག་དང་གཞན་མཆོད་རྟེན་གྱི་ལས་བྱེད་པ་དང་། བཟླས་བརྗོད་བྱེད་པ་དེ་བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་
འགྲུབ་པར་འགྱུར་རོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པར་འགྱུར་ཏེ། ཡོན་ཏན་དང་། ལེགས་པ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར། ཚེ་ཐུང་བའི་ལས་ཤིག་ཡོད་ན་ཡང་ཚེ་ནུར་ཞིང་རིང་བར་འགྱུར། ནམ་འཆི་བའི་དུས་བྱེད་པ་ན་ཡང་སངས་རྒྱས་
བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་ཞལ་མཐོང་ཞིང་། དེ་བཞིན་གཤེགས་པ་དེ་དག་གིས་རྗེས་སུ་དགོངས་ཏེ། སྐྱེ་གནས་ཕྱི་མར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཞིང་མངོན་སུམ་དུ་ལུང་སྟོན་པར་འགྱུར། དེར་ཡང་ཚེ་ལོ་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཐུབ་པར་འགྱུར་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་རྣམ་པར་དག་པ་འཐོབ་ཅིང་། ཕ་རོལ་གྱི་སེམས་ཤེས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་འཐོབ་བོ། །ལུས་ལས་ཙནྡན་གྱི་དྲིའི་ངད་འབྱུང་ཞིང་། ཁ་ནས་
ཨུཏྤ་ལའི་བསུང་ལྡང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐོབ་ནས་ཕྱིར་མི་ལྡོག་པའི་ས་ཡང་འཐོབ་པར་འགྱུར་རོ། །ཡང་དྲིའི་བྱུག་པ་ཡུངས་འབྲུ་ཙམ་ཡང་རུང་སྟེ། གསང་སྔགས་བཟླས་ནས་མཆོད་རྟེན་ལ་བསྐུས་ན་ཡང་དེ་དག་གི་
ཡོན་ཏན་དང་། ལེགས་པ་སྔར་བཤད་པ་བཞིན་དུ་ཐོབ་པར་འགྱུར་རོ། །ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བདག་ཉིད་གཙང་བར་བྱས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་དཀོན་པ་དང་། རིན་

པོ་ཆེར་འདུ་ཤེས་པས་གཟུང་ན་དེ་དེ་བཞིན་གཤེགས་པ་དང་འདྲ་བར་དད་པར་བྱ་སྟེ། གསང་སྔགས་རྣམས་ལ་གུས་པ་བསྐྱེད་ནས་ཡི་གེར་བྲི་བར་བྱ་སྟེ། གོང་དུ་བཤད་པ་བཞིན་དུ་གསང་སྔགས་དང་ཕྱག་རྒྱ་ཆོ་ག་བཞིན་དུ་བྲིས་ནས་མཆོད་རྟེན་གྱི་སྲོག་ཤིང་གི་རྩ་བར་སྙིང་པོ་
བཅུག་སྟེ་མཆོད་རྟེན་བྱས་ན་དེ་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པར་འགྱུར་ཏེ། ཡོན་ཏན་དང་། ལེགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཕྱག་རྒྱའི་ཆོ་ག་འདི་དག་བཤད་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཐུགས་རངས་པར་མཛད་ནས་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་མཉམ་པར་དགོངས་ཤིང་། ཐམས་ཅད་ཆོས་ཀྱི་དབྱིངས་ལ་བཀོད་ནས། གསང་
སྔགས་ཆེན་པོའི་ཕྱག་རྒྱའི་ཆོ་གའི་བྱིན་གྱི་བརླབས་འཐོབ་པར་བསྟན་པ་ནི་ལེགས་སོ་ལེགས་སོ། །ཤིན་ཏུ་ཡང་ལེགས་ཏེ། དགེ་བའི་རྩ་བ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །དེ་ནས་འཁོར་གྱི་
དཀྱིལ་འཁོར་དེ་ཉིད་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདུས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་སྐྱོང་
བའི་མེས་པོ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་ཆེ་བའི་ལྷ་དེ་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐོས་ནས་བདག་ཅག་རང་རང་གི་
སྤྱོད་ཡུལ་ལ་སྐྱོ་ཞིང་ཡིད་བྱུང་བར་གྱུར་ཏེ། མཐར་གྱིས་ཡོན་ཏན་ཆེན་པོ་ཐོབ་པར་འདོད་པའི་ཕྱིར་གཅིག་ལ་གཅིག་བོས་ཏེ་སྨྲས་པ། ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་ཡང་རྙེད་པར་དཀའོ། །དེའི་བསྟན་པ་དམ་པའི་ཆོས་ཐོས་པ་ཡང་ཤིན་ཏུ་

རྙེད་པར་དཀའ། གསང་སྔགས་དང་ཕྱག་རྒྱའི་ཚོགས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་ཐོས་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཏོ་ཞེས་སྨྲས་སོ། །དེ་ནས་དེའི་ཚེ་བྲམ་ཟེ་སེར་སྐྱའི་ཟླ་བ་ཞེས་བྱ་བ་
བཅོམ་ལྡན་འདས་ལས་དེ་ལྟ་བུའི་གསང་སྔགས་དང་། ཆོ་གའི་ཡོན་ཏན་ཆེན་པོ་དེ་དག་ཐོས་ཤིང་ཐོབ་ནས། སེམས་ཀྱི་སྒྲིབ་པའི་རྡུལ་དང་རྙོག་པ་རྣམས་དང་བར་འགྱུར། འཆི་བའི་འཇིགས་པ་དང་། སྡིག་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་དག་པར་གྱུར། ཚེ་
ཡང་ཕྱིར་ནུར་ཏེ་རིང་བར་གྱུར་ནས། དགའ་མགུ་ཡི་རངས་ཏེ་ཡིད་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱང་སེམས་དང་ཞིང་རྗེས་སུ་ཡི་རངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་
བས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་དེར་རིན་པོ་ཆེའི་ཁང་པ་བརྩེགས་པ་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་མངོན་པར་སྤྲུལ་ནས། ཆོས་ལ་དགའ་བའི་ཕྱིར་བཅོམ་ལྡན་འདས་ལ་ཕུལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསང་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་རྙེད་པར་དཀའ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྣམས་ཀྱི་མཆོག་འཛམ་བུ་གླིང་གི་
སེམས་ཅན་སྒྲིབ་པ་ཆེ་བ་རྣམས་ཀྱི་དོན་དུ་བཤད་དེ། དགེ་བའི་རྩ་བ་བསྐྱེད་ཅིང་ཚེ་རིང་བ་དང་། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལས་ཐར་བར་མཛད་པ་ལགས་ན་དེ་འདིར་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་
གསོལ་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཡང་དག་པའི་ཡེ་ཤེས་ཆུབ་པར་བགྱིད་པའི་ཕྱག་རྒྱ་དང་། གསང་སྔགས་ཀྱི་ཚིག་བཤད་པར་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ན་བ་ན་བ་ཏཱི་ནཱྃ། སཾ་མྱཀྶཾ་བུདྡྷ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱྃ། ན་མཿསརྦ་ནི་བཱ་

རཎ། བི་སྐམ་བི་ནི་བོ་དྷི་སཏྭཱ་ཡ། ཨོྃ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤོདྷ་ནི། སརྦ་ཏ་ཐཱ་ག་ཏ་ཨཱ་ཡུར་བ་ལཱ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ནམ་སྐྲྀ་ཏྭཱ། བ་ར་བར། སརྦ་ས་ཏྭཱ་ཨ་བ་ལོ་ཀི་ནི། ཨོྃ་སརྦ་ནི་བཱ་ར་ཎ། བི་སྐམ་བི་ཎི། མ་མ་སརྦ་
པཱ་བ་བི་ཤོ་དྷ་ནི་ཀུ་རུ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་གསང་སྔགས་འདི་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་བཤད་པ་ལགས་ཏེ། གང་ལ་ལ་ཞིག་གིས་མ་ཡེངས་པའི་སེམས་ཀྱིས་རྩེ་གཅིག་ཏུ་བྱས་ཏེ། སྐད་ཅིག་གཅིག་བཏོན་ན་ཡང་སྡིག་པ་
ཐམས་ཅད་བྱང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་འདི་ཆོ་ག་བཞིན་དུ་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན་མཆོད་རྟེན་དེ་ལ་ལ་ལ་ཞིག་གིས་ཕྱག་བྱས་སམ། ཚིག་སྙན་པས་བསྟོད་དམ། སྤོས་དང་། མེ་ཏོག་དང་།
བྱུག་པ་དང་། མར་མེ་འབུལ་ན། རིགས་ཀྱི་བུ་དེ་དེའི་ཚེ་འདི་ཉིད་ལ་སྡིག་པ་ཐམས་ཅད་བྱང་ཞིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གྲངས་མེད་པ་གང་
གཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་བྱས་པར་འགྱུར་རོ། །དེའི་དགེ་བའི་རྩ་བ་རྒྱ་ཆེན་པོ་སོགས་པར་
འགྱུར་རོ། །ཡང་དགེ་སྦྱོང་གང་ཞིག་གིས་ཚེས་བརྒྱད་དང་། བཅུ་བཞི་དང་། བཅྭ་ལྔ་གང་ཡང་རུང་བ་ལ་ཁྲུས་དང་། གཙང་སྦྲ་བྱས་ཏེ། གོས་གཙང་མ་གྱོན་ལ་ཞག་གཅིག་སྨྱུང་བའམ། ཡང་ན་ཟས་དཀར་གསུམ་ཟོས་ཏེ། མཆོད་རྟེན་ལ་
བསྐོར་ཞིང་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་འབྱུང་བར་འགྱུར། གཞན་ཡང་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་

ཅད་རྣམ་པར་དག་པར་གྱུར་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདག་ཉིད་ཀྱི་ལུས་མངོན་པར་བསྟན་ཏེ། བསམ་པ་ཐམས་ཅད་དངོས་གྲུབ་ཏུ་སྦྱིན་པར་མཛད་ཅིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་
ཅད་ཀྱི་ཞལ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་དུ་གང་ལ་ལ་ཞིག་གིས་ཉིས་བརྒྱ་རྩ་བརྒྱད་བཏོན་ན་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གང་གིས་སུམ་བརྒྱ་རྩ་བརྒྱད་བཏོན་ན་སྒྲིབ་པ་ཐམས་ཅད་བྱང་སྟེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ཡང་གང་
གིས་བཞི་བརྒྱ་རྩ་བརྒྱད་བཏོན་ན་རྒྱལ་ཆེན་རིས་བཞིའི་རྒྱལ་པོ་ཆེན་པོ་དག་ཀྱང་ཉེ་བར་འོངས་ནས་ལུས་མངོན་པར་བསྟན་ཏེ། བསྲུང་བ་དང་། སྐྱབས་བྱེད་ཅིང་ཤེས་རབ་ཀྱི་སྟོབས་ཀྱང་བསྐྱེད་ནས་བསོད་ནམས་ཐམས་ཅད་ཉེ་བར་སྒྲུབ་བོ། །གང་གིས་ལྔ་བརྒྱ་རྩ་བརྒྱད་བཏོན་
ན་དགེ་བའི་རྩ་བ་དེ་ཉིད་ཀྱིས་འདུས་མ་བྱས་ཀྱི་ལམ་ལ་གནས་པ་འཐོབ་བོ། །ཡང་གང་གིས་དྲུག་བརྒྱ་རྩ་བརྒྱད་དུ་བཏོན་ན་རིག་སྔགས་འཆང་དུ་འགྱུར་ཏེ། ནམ་མཁའ་ལ་རིག་འཛིན་གྱི་གནས་སུ་འགྲོ་བར་འགྱུར་རོ། །ཡང་གང་གིས་བདུན་བརྒྱ་རྩ་བརྒྱད་ཚང་བར་བཏོན་
ན་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཡང་གང་གིས་བརྒྱད་བརྒྱ་རྩ་བརྒྱད་བཏོན་ན་གཞན་གྱིས་བསྒོ་བ་མེད་པའི་རང་དབང་འཐོབ་སྟེ། སེམས་རྣམ་པར་དག་པར་འགྱུར་རོ། །ཡང་གང་གིས་དགུ་བརྒྱ་རྩ་བརྒྱད་དུ་བཏོན་ན་ཕུང་པོ་ལྔ་རྣམ་
པར་དག་པར་འགྱུར་རོ། །ཡང་གང་གིས་སྟོང་རྩ་བརྒྱད་དུ་བཏོན་ན་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །གང་གིས་ཉིས་སྟོང་ཚང་བར་བཏོན་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །གང་གིས་སུམ་སྟོང་ཚང་བར་བཏོན་ན་ཕྱིར་མི་འོང་བའི་འབྲས་བུ་
འཐོབ་བོ། །གང་གིས་བཞི་སྟོང་ཚང་བར་བཏོན་ན་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་འགྱུར་རོ། །གང་གིས་ལྔ་སྟོང་ཚང་བར་བཏོན་ན་རང་སངས་རྒྱས་ཀྱིས་འཐོབ་པར་འགྱུར་རོ། །གང་གིས་དྲུག་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་གནས་

འཐོབ་པར་འགྱུར་རོ། །ཡང་གང་གིས་བདུན་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་ས་དང་པོ་འཐོབ་པར་འགྱུར་རོ། །ཡང་གང་གིས་བརྒྱད་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའ་ས་ལྔ་པ་གནོན་པར་འགྱུར་རོ། །ཡང་གང་གིས་དགུ་སྟོང་ཚང་བར་
བཏོན་ན་རིག་སྔགས་དང་གསང་སྔགས་རྣམས་ཀྱི་བདག་པོ་གསང་བ་པའི་ལུས་འཐོབ་པར་འགྱུར་རོ། །ཡང་གང་གིས་ཁྲི་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་གནོན་པར་འགྱུར་རོ། །ཡང་གང་གིས་ཉི་ཁྲི་ཚང་བར་བཏོན་ན་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་འཐོབ་པར་འགྱུར་ཏེ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་ཕ་མའི་དོན་གྱི་ཕྱིར་བསོད་ནམས་ཀྱི་ལས་བྱ་བར་འདོད་ན། མཆོད་རྟེན་རྙིང་པ་རིང་བསྲེལ་ཅན་ཞིག་རལ་དུ་གྱུར་པ་གསོས་ལ་བཅོས་ལེགས་
བྱས་ཏེ། གཡས་ཕྱོགས་སུ་བསྐོར་བ་བྱེད་ཅིང་སྔགས་ལན་བརྒྱ་རྩ་བརྒྱད་ཚང་གི་བར་དུ་བསྐོར་བ་བྱས་ན་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ལེགས་སོ་
ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ངའི་གྲོགས་བྱས་ཏེ། དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་ཆོ་ག་ཚུལ་བཞིན་དུ་བཤད་པ་དེ་ཁོ་ན་བཞིན་ནོ། །དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་བའི་བདག་པོས་བཅོམ་
ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ། གསང་སྔགས་ཀྱི་ཆོ་ག་འདི་དག་དེ་བཞིན་གཤེགས་པ་རྣམས་དང་འདྲ་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་བྱུང་བ་ལགས་ན། བཅོམ་ལྡན་འདས་སྙིང་པོ་དམ་པ་འདི་དག་
འཛམ་བུའི་གླིང་ན་གནས་པའི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བསལ་ནས་དེ་ཕྱིན་ཅད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཇུག་པར་འགྱུར་རོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་

པོ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ཆོ་ག་འདི་དག་མ་འོངས་པའི་དུས་ན་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པ་དང་འདྲ་བ་ཡིན་ནོ། །ངས་ཆོ་ག་ཇི་སྐད་བསྟན་པ་བཞིན་དུ་བྱས་ན་ལས་ཀྱི་སྦྱོར་བ་
ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འགྲུབ་ཅིང་ཕན་ཡོན་ཆེ་བར་གནས་པར་འགྱུར་ན། ལས་ཀྱི་སྦྱོར་བ་ཆེར་བྱས་པ་ལྟ་ཅི་སྨོས་ཏེ། དགེ་བའི་རྩ་བ་ཐམས་ཅད་བསགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་དག་གི་ཡོན་ཏན་ནི་དེ་བཞིན་གཤེགས་པ་བརྒྱ་སྟོང་བྱེ་
བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བཤད་ཀྱང་མི་རྫོགས་ཏེ། །དེ་བཞིན་གཤེགས་པ་དེ་དག་གིས་མཁྱེན་ཅིང་གཟིགས་པར་ཟད་དོ། །གསང་བ་པའི་བདག་པོས་གསོལ་བ། བཅོམ་ལྡན་འདས་ལས་ཚེགས་ཆུང་ངུ་ཇི་ལྟ་བུ་ཞིག་བགྱིས་ན་
བསོད་ནམས་ཀྱི་འབྲས་བུ་ཆེན་པོ་འགྲུབ་ཅིང་བསོད་ནམས་ཆེན་པོ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ལེགས་པར་ཉོན་ཅིག་དང་བཤད་པར་བྱའོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་
བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་། ཡོན་ཏན་ཐོབ་པར་འདོད་པས་གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱས་ཏེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ་སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་
འཁོར་གྲུ་བཞིར་བྱས་ལ་བའི་ལྕི་བས་བྱུགས་ཏེ། གྲྭ་བཞིར་དྲིའི་ཆུ་ཕོར་བུ་བཀང་བ་རེ་རེ་བཞག །བདུག་སྤོས་ཀྱི་སྣོད་དུ་བ་འཐུལ་བ་ཡང་བཞག་ནས། སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། དཀྱིལ་
འཁོར་གྱི་སྟེང་དུ་གཞག་པ་དང་། ཡང་ཏིལ་ནག་པོ་དང་། སྲན་མ་མ་ཤ་དང་། འབྲས་རྣམས་བསྲེས་ཏེ། བཙོས་པའི་འབྲས་ཐུག་ཀྲི་སར་ཞེས་བྱ་བ་དང་། ཟས་དཀར་གསུམ་དང་། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཏོག་

སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨོས་པ་འདི་རྣམས་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས་མཆོད་རྟེན་གྱི་
ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་རྩེ་གཅིག་པས་གསང་སྔགས་འདི་དག་གདོན་པར་བྱའོ། །འདི་ལྟ་སྟེ། ཨོྃ་བི་པུ་ལ་བི་མ་ལེ། པྲ་བར་ཛིན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གརྦྷེ་ཨ་
དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡ་ཏ་ཏོ་བ་ཎི་སྭཱ་ཧཱ། སརྦ་དེ་བ་ཎི། བ་ཧ་ཡ་བི་བུདྡྷ་ཨ་དྷིཥྵཱ་ན་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་འཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་
དཔོན་ཆེན་པོ་བརྒྱད་དང་གསང་བ་པའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་དེ་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་
རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང་། ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་
ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་
ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཞན་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་

མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་
འགྱུར། ཐ་ན་བྱ་དང་རི་དགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་འཐོབ་པར་འགྱུར་རོ། །གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་
པར་སྤྱོད་པར་འདོད་པ་དེས་སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་སྐྱོང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་བཀང་བའི་སྣོད་རེ་རེ་བཞག་ལ། སྔར་བསྟན་པའི་གསང་སྔགས་བཞི་
པོ་དག་ལས་རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང་གསང་སྔགས་རྣམས་གཅིག་ཀྱང་རེ་རེའི་ནང་དུ་གཞུག་གོ། །དེ་ནས་ཡང་གསང་སྔགས་འདི་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ། མཆོད་རྟེན་
གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང་བྱུག་པས་མཆོད་ལ། ལན་བདུན་བདུན་དུ་བསྐོར་ཞིང་གསང་སྔགས་འདི་ཡང་གདོན་པར་བྱའོ། །ན་མཿན་པན་པ་ཏཱི་ནཱྃ། ཏ་ཐཱ་ག་ཏ་གྃ་གཱ་ནཱ་
ཏཱི་བཱ་ལུ་ཀཱ་ནཱྃ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱྃ། ཡོྃ་པོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་ཀོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དེ། དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་
གཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང་ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་བསྡུས་ཏེ།

མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས། དེ་བཞིན་གཤེགས་པའི་ཕོ་བྲང་དང་། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པར་མཛད་དོ། །རིགས་
ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་རྒྱ་ཆེན་པོའི་བསོད་ནམས་དང་། ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་བཏོན་ཏེ། མཆོད་པའི་ལས་བྱས་ལ་ལུས་
ལ་ཐོགས་ན་རིག་པ་དེ་ཉིད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང་། ཤར་གཉེར་བ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་དང་། ཡི་དགས་ལ་སོགས་པ་ཐམས་ཅད་ཀྱང་གནོད་པ་བྱེད་པར་མི་འགྱུར་ཏེ།
འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་པ་དེའི་སྒྲ་ཐོས་སམ། གྲིབ་མས་ཕོག་
གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚིག །ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་
གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་ཅིང་སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་། དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་སྟོང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་
སྔགས་དང་། བྱད་དང་། སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལྟ་བས་ན་རིག་པ་འདོན་པ་གནས་གང་ན་འདུག་ཀྱང་གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱ་སྟེ། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་བཞི་མདོའམ། སུམ་མདོ་སྐྱེ་བོ་མང་པོ་ཕན་

ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན། འགྲོ་བ་ཐམས་ཅད་དང་། བྱ་དང་། སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང་། ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་། རྡུལ་དང་། རླུང་དང་། གྲིབ་མས་ཕོག་ན་ཡང་བྱོལ་
སོང་དང་། ཡི་དགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བས་ཚེ་རབས་རྗེས་སུ་དྲན་པ་འཐོབ་པར་
འགྱུར་ཞིང་། ཕྱིར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་མི་མཇེད་ཀྱི་
བདག་པོ་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ངས་གསང་སྔགས་ཀྱི་རྒྱལ་པོའི་སྙིང་པོ་འདི་དག་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས། རྟག་ཏུ་རིམ་གྲོར་བྱ་ཞིང་ཡོངས་སུ་གཟུང་བར་བྱ་སྟེ། རིན་
པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ལ་གནས་ཐམས་ཅད་དུ་བསྒྲགས་ཏེ། ནམ་དུ་ཡང་རྒྱུན་མ་གཅད་པར་སེམས་ཅན་ལ་སྟོན་ཅིག །མཐོང་ཞིང་ཐོས་པར་བྱས་ན་མཚམས་མེད་པ་ལྔའི་སྡིག་པ་ཡང་འབྱང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་
ཐམས་ཅད་རྣམ་པར་སེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་
ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། ཚིག་མཐུན་པར་སྨྲས་ཏེ་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ། གསང་སྔགས་འདིའི་ཆོ་ག་དང་། མཆོད་རྟེན་བགྱི་བའི་ཆོ་ག་ཇི་སྐད་གསུངས་པ་རྣམས་སེམས་ཅན་

ཐམས་ཅད་ལ་སྨན་པའི་སླད་དུ་བདག་ཅག་ཀུན་གྱིས་བསྲུང་ཞིང་རིམ་གྲོར་བགྱི། རྟག་པར་གཟུངས་སུ་གཟུང་ཞིང་མི་བསྐྱུད་པར་བགྱི། ཡི་གེར་བྲི་བ་དང་། བཀླག་པ་དང་། མཆོད་པའི་ལས་རྣམས་ཀྱང་བགྱི་སྟེ་མ་འོངས་པའི་དུས་ན་སེམས་ཅན་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་
ཐོས་ཤིང་ཁོང་དུ་ཆུད་ནས་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་ལ་སོགས་པ་དང་། སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་སྤྱི་བོས་བླངས་པའི་སླད་དུ་གསང་
སྔགས་ཀྱི་ཆོ་ག་འདི་དག་རིམ་གྲོར་བགྱིད། བཙུན་པར་བགྱི། གུས་པར་བགྱི། རིན་པོ་ཆེའི་འདུ་ཤེས་གཞག་པར་བགྱི། རྒྱ་ཆེར་འཕེལ་བར་བགྱི། བཅོམ་ལྡན་འདས་ཀྱི་ཞལ་དང་འདྲ་བར་བལྟ་བར་བགྱི་སྟེ། ནམ་དུ་ཡང་ནུབ་པར་མི་འགྱུར་ཞིང་ཅི་ནས་ཀྱང་རྒྱས་པར་བགྱི་བའི་
སླད་དུ་ནན་ཏན་བགྱི་བར་འཚལ་ལོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་དམ་ཚིག་ལ་གནས་པས་གསང་སྔགས་ཀྱི་ཆོ་ག་འདི་དག་བསྲུང་བ་དང་། རིམ་གྲོར་བྱ་བ་དང་། ཡོངས་སུ་བཟུང་བར་ཁས་བླངས་པ་ནི་
ལེགས་སོ་ལེགས་སོ་ཤིན་ཏུ་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་
ཅེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་ཨ་ཏི་ཤ་དང་དགེ་བཤེས་འབྲོམ་སྟོན་པས་སྔགས་རྣམས་དག་པར་བསྒྱུར་བའོ།། །།
༄༅། །རྒྱ་གར་སྐད་དུ། སམནྟ་མུ་ཁ་པྲ་བེ་ཤ་ར་ཤྨི་བི་མ་ལོཥྞཱི་ཥ་བྲ་བྷཱས་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ས་མ་ཡ་བི་ལོ་ཀི་ཏནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་

པར་ལྟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་
ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་བོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་དེ། འདི་ལྟ་སྟེ། ཇི་ལྟར་
སྦྱིན་པའི་འབྲས་བུ་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་འཁོར་ལོས་སྒྱུར་བའི་དབང་གི་འབྲས་བུ་རྣམ་པར་སྨིན་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པ་དང་། ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོ་སྐྱེད་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་
ལྟར་དེ་བཞིན་གཤེགས་པའི་བསྟན་པ་དང་། མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚངས་པ་དང་། ལྷར་སྐྱེ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ལྷའི་གཟུགས་འདོད་པ་དང་
ལྟ་བས་ཆོག་མི་ཤེས་པའི་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བརྩོན་འགྲུས་རྩོམ་པ་ལྟ་བ་དང་། བདུད་འདུལ་བ་དང་། རྒ་ཤི་དང་། སྐྱེ་བ་ལས་གྲོལ་བ་དང་། བརྫུས་
ཏེ་སྐྱེ་བའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོབ་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་། ཐོས་པ་རྒྱ་མཚོ་བསགས་པ་དང་། མང་དུ་ཐོས་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་

དྲུག་གི་ཆོས་ཀྱི་སྒོ་འདི་ཉིད་ཉིན་མཚན་དུ་རྗེས་སུ་སེམས་ཤིང་རྗེས་སུ་སྤྱད་དེ་དཀའ་བ་ཆེན་པོའི་ཕྱིར་སྒོམ་པར་ཡང་བྱེད་དོ། །དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ཞེས་བྱ་བ་གཡོག་ལྷའི་བུ་བྱེ་བ་ཕྲག་སྟོང་དང་
ལྡན་པ། ལྷའི་བུ་མོ་ཁྲི་བརྒྱད་སྟོང་དང་ལྡན་པ། ལྷའི་བུ་མོ་ཁྲི་བརྒྱད་སྟོང་གིས་བསྐོར་བ། ལྷའི་རྣམ་པར་འཕྲུལ་བའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྩིག་པ་བརྩིགས་པའི་ཁང་བཟངས་སྐྱེད་མོས་ཚལ་སྣ་ཚོགས་དང་། ལྷའི་མེ་ཏོག་གིས་མཛེས་པར་བྱས་པའི་རྫིང་གིས་ལེགས་
པར་བརྒྱན་པ་དང་ལྡན་པ་ཞིག་ཡོད་དེ། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལྷའི་བུ་མོའི་མཆོག་མེ་ཏོག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་དང་ལྷན་ཅིག་དགའ་བ་ཆེན་པོ་དང་ལྡན་ཞིང་ལྷའི་བདེ་བ་ལ་ནི་ཆགས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་བཞི་དང་ལྡན་
པའི་ཁང་བཟངས་ཀྱི་ནང་ན་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་རྒྱགས་པ་དང་། ང་རྒྱལ་གྱིས་དྲེགས་ཏེ་སྙེམས་ཤིང་ཉལ་ལོ། །དེ་ནས་ནམ་ཕྱེད་ཙམ་ན་ལྷའི་བུ་དེ་གཉིད་ཀྱིས་ལོག་ཅིང་ལྷའི་བུ་མོའི་ཚོགས་ཐམས་ཅད་ཀྱང་སྒྲ་བསྐྱུངས་ཏེ་ཉལ་བར་གྱུར་ཏོ། །དེ་ནས་གནས་
མཆོག་དེ་ན་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་ཞེས་བྱ་བ་ཞིག་གནས་པ་དེས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལ་བསྐུལ་བ། ཀྱེ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལོངས་ལོངས། ཁྱོད་གཉིད་ལ་དགའ་ཞིང་ཆགས་པས་ཅི་ཞིག་བྱ། དགའ་བ་ལ་གོམས་
པར་བྱེད་ཅིང་ཆགས་པར་གནས་པས་ཅི་ཞིག་བྱ། ལྷའི་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་པས་ཅི་ཞིག་བྱ། ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། ལྷའི་ལོངས་སྤྱོད་དང་བྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་ན། ཁྱོད་ཀྱི་གནས་
གཞལ་མེད་ཁང་དམ་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཅི་དགོས། ཁྱོད་ཀྱི་སྲོག་ནི་ཡོད་མེད་ཀྱིས། །ཐབས་ནི་མྱུར་དུ་རྣམ་པར་སོམས། །ཞེས་དེ་སྐད་སྨྲས་ནས། ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་མི་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་ནོར་

བུའི་སྙིང་པོ་དྲི་མ་མེད་པས་ཚིག་མི་སྙན་པ་དེ་ཐོས་ནས་བརྒྱལ་ཏེ་མལ་ནས་ཁས་བུབ་ཏུ་ས་ལ་ལྟུང་ངོ་། །དེ་ནས་ལྷའི་བུ་མོའི་ཚོགས་དེ་དག་ཀྱང་སྐྲ་ནི་བཤིག །རྒྱན་རྣམས་ནི་ལྷུང་། གོས་ནི་བསྙིལ། ཁ་ནས་ཁྲག་དང་གཤེར་བག་ནི་ཆང་ནས་མཆུ་
དང་རྐན་དང་མིད་པ་དང་ལྕེ་ནི་སྐམས་ལ། སྨྲེ་སྔགས་སྟོང་ཕྲག་དུ་མ་ནི་སྨྲ་སྟེ་ངུ་ཞིང་ཆོ་ངེས་འདེབས་ལ། ཀྱི་ཧུད་ཀྱི་ཧུད་ཅེས་འཛེར་ཅིང་ལྷའི་རིན་པོ་ཆེའི་སྣོད་ནས་སྤོས་ཆུ་དང་། ཙནྡན་གྱི་ཆུ་གྲང་མོས་འཐོར་ཞིང་། ཁ་ཅིག་ནི་མགུལ་ནས་འཇུ། ཁ་ཅིག་ནི་ལག་
པ་ནས་འཇུ། ཁ་ཅིག་ནི་དེའི་སྐྲ་ལ་འོ་བྱེད། ཁ་ཅིག་ནི་རྐང་པ་ནས་འཇུ། ཁ་ཅིག་ནི་མགོ་ལ་འཇུ། ཁ་ཅིག་ནི་བརྒྱལ་ཏེ་འགྱེལ། ཁ་ཅིག་ནི་སའི་སྟེང་ན་ཆུ་མེད་པའི་ཉ་བཞིན་དུ་འགྲོ་ལྡོག །ཁ་ཅིག་ནི་ལུས་ལ་མེས་ཚིག་པ་བཞིན་དུ་འགྲེ་ལྡོག །ཁ་ཅིག་ནི་སྨྲེ་
སྔགས་དུ་མ་འདོན་ཅིང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཞིང་ངུའོ། །དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་སངས་ཏེ་དྲན་པ་ཐོབ་ནས། ཁ་ནས་ཁྲག་སྐྱུག་ཅིང་སྡུག་བསྔལ་ཆེན་པོ་དྲག་པོ་ཉམས་སུ་མྱང་ནས་ཤུགས་རིང་དུ་ཕྱུང་སྟེ་ལུས་འདར་ཞིང་ཤིང་རླུང་གི་ཤུགས་ཀྱིས་
བཏབ་པ་བཞིན་དུ་གཡོ་བར་གྱུར་ལ། སྒྲ་བསྐྱུངས་བའི་སྙིང་གིས་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ཏེ། རྐང་པ་གཉིས་ལ་འཇུས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་
བདག་ལ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ལྷའི་རྒྱལ་པོ་ཆེ་བའི་བདག་ཉིད་ཅན་བསྐྱབ་ཏུ་གསོལ། ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་གིས་བསྒོ་བ་ཐོས་ན་བདག་དགུང་བདུན་ན་འགུམ་པའི་དུས་བགྱིད་དོ་ཞེས་མཆི་ཞིང་། སེམས་ཅན་དམྱལ་བའི་ཚོར་བ་
སོམས་ཤིག་ཅེས་མཆི་ན། ལྷའི་དབང་པོ་ཐབས་གང་གིས་བདག་འཆི་བདག་གི་དབང་དུ་མཆི་བར་མི་འགྱུར་བ་དང་། ངན་འགྲོར་མཆི་བར་མི་འགྱུར་བར་འཇིགས་པ་མ་མཆིས་པའི་གཉེན་པོ་བཀའ་སྩལ་དུ་གསོལ། ལྷའི་དབང་པོ་ཅི་ནས་ཀྱང་བདག་འཆི་བདག་གི་སྒོ་ནས་ཐར་

བའི་ཚོགས་བདག་ལ་བསྐྱབ་ཏུ་གསོལ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་སྙིང་རབ་ཏུ་སྡུག་བསྔལ་བས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་མ་འཇིགས་ཤིག །གང་གིས་འཆི་བདག་ཕམ་པར་འགྱུར་ཞིང་། སེམས་
ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་བ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་མྱ་ངན་ལས་རྒལ་བ་བླ་ན་མེད་པའི་སྨན་པ་ཡོད་དེ། དེ་ནི་ཁྱོད་ཀྱི་སྐྱབས་དང་རྩ་ལག་བཟང་པོ་དང་།
དཔུང་གཉེན་དང་། ཕ་མ་ལྟ་བུར་གྱུར་བ་ཡིན་ནོ། །དེ་ནི་ངན་འགྲོ་ཐམས་ཅད་འཇིག་པར་མཛད་པ་ཡིན་གྱིས་འདྲེན་པ་དེ་གང་ན་བཞུགས་པ་དེར་བདག་ཅག་མྱུར་དུ་འདོང་ངོ་། །དེ་ནས་དེའི་ཐོ་རངས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། ལྷ་དང་
ལྷའི་བུ་མོ་སྟོང་ཕྲག་དུ་མ་དང་ལྷན་ཅིག་དགའ་ལྡན་ག་ལ་བ་དེར་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་ལྷའི་དབང་པོ་
བརྒྱ་བྱིན་གྱིས་དམན་པའི་ཚིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ལ་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའི་གདོང་གིས་བསྐུལ་ཏེ། དེ་དགུང་བདུན་གྱི་གདུགས་ལ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་
འཆི་བདག་གི་སྒོའི་དབང་དུ་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་གསན་ནས་འཛུམ་པ་མཛད་དེ། འཛུམ་པ་བསྟན་པ་དེས་ཞལ་ནས་ཁ་དོག་དུ་
མ་དང་ལྡན་པའི་འོད་ཟེར་བྱུང་སྟེ། འོད་ཟེར་བྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་གྱི་སྣང་བ་དེས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།

སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱས་ནས་བསྐུལ་ཏེ། བསྐུལ་ནས་ཀྱང་འོད་ཟེར་དེ་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །ཞུགས་མ་ཐག་ཏུ་ལྷའི་
དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཞག་བདུན་གྱི་ཉིན་པར་འཆི་བདག་གི་སྒོའི་འཇིགས་པར་འགྱུར་བ་དེ་ཉོན་ཅིག །འདི་གལ་ཏེ་འཆི་བའི་དུས་བྱས་པར་གྱུར་ན་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཆེན་པོ་དྲག་པོའི་ཚོར་
བ་སེམས་ཅན་དམྱལ་བའི་ཚོར་བ་རྣམས་མྱོང་བར་འགྱུར་རོ། །ཐོག་མར་ནི་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱིར་སྨྱིག་མ་མཁན་གྱི་ཕྱིས་ཁུང་གི་འདམ་རྫབ་ཀྱི་ནང་དུ་ཤ་ཟ་མོ་ཕག་མགོ་ཅན་དུ་སྐྱེ་བར་འགྱུར་ཏེ། ཕྱིས་ཁུང་དེ་ན་བཤང་གཅི་ཟའོ། །ཕྱི་ས་ཁུང་དེ་ཉིད་ཀྱི་ནང་ན་སྲོག་ཆགས་བྱེ་བ་
བརྒྱ་སྟོང་གནས་ཏེ། དེ་དག་དུས་གསུམ་དུ་ཕག་མོ་དེའི་ཤ་ཟ་ཞིང་ཀེང་རུས་འབའ་ཞིག་ལུས་པར་བྱེད་དོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་ཀུན་རྫོགས་པར་འགྱུར་ཏེ་ལོ་བདུན་འཚོ་བར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་ནས་དགོན་པར་རུས་
སྦལ་གྱི་སྐྱེ་གནས་སུ་སྐྱེ་ལ། དེ་ན་ཆུའི་མིང་ཡང་མི་གྲག་ཅིང་ཤིང་གྲིབ་ཀྱང་མེད་དེ། ཉི་ཚན་གྱིས་ལུས་གདུངས་ཤིང་ཚིག་ལ་བྱེ་ཚན་ཟ་ཞིང་བྱ་རོག་དག་གིས་ལུས་བཏོགས་ནས་ལུས་དུམ་བུར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ནས་ཞིག་པར་འགྱུར་ཏེ། ལོ་ལྔ་ཚང་
བར་དེ་ལྟར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། བཱ་རཱ་ཎ་སཱི་དེ་ཉིད་དུ་འབབ་ཆུ་ཆེན་པོར་ཉ་ཆེན་པོར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་གང་ན་ཆུ་མེད་པ་དེར་འཕངས་ནས་ལུས་ཆེན་པོ་དེ་ལ་སྦྲུལ་གདུག་པ་དང་། བྱ་རོག་དང་། སྲེ་མོ་དང་། ཁྱི་དང་། གཟིག་
དང་། དྲེད་དང་། ཅེ་སྤྱང་ལ་སོགས་པས་ཟའོ། །སྲོག་ཆགས་སྣ་ཚོགས་པ་གཞན་དག་གིས་ཀྱང་ཟའོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ཞིང་ཟད་པར་འགྱུར་ཏེ། ལོ་གསུམ་དུ་དེ་ལྟར་འགྱུར་རོ། །དེ་ནས་ཡང་འཆི་བའི་དུས་བྱས་ནས་ཁྱིམ་བདུན་དུ་སྐྱེ་ཞིང་འཛམ་བུའི་གླིང་གི་སྡུག་

བསྔལ་མྱོང་བར་འགྱུར་ཏེ། མཛེ་ཅན་གྱི་ཁྱིམ་དང་། དབུལ་པོའི་ཁྱིམ་དང་། གཡུང་པོའི་ཁྱིམ་དང་། ཤན་པའི་ཁྱིམ་དང་། རིགས་ངན་གྱི་ཁྱིམ་དང་། གདོལ་པའི་ཁྱིམ་དང་། དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ་ལོ་དྲུག་ཅུའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སྡུག་
བསྔལ་དེ་དག་མྱོང་ནས་དེ་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་བསྐལ་པ་བརྒྱད་ཅུ་རྩ་བཞིར་སྡུག་བསྔལ་མྱོང་བར་འགྱུར་རོ། །ལྷའི་དབང་པོ་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཅི་སྟེ་བརྒྱ་ལ་མིའི་ལུས་ཐོབ་ན་ཡང་དབུལ་བ་དང་།
ཡན་ལག་མ་ཚང་བ་དང་། ཤེས་རབ་ཆུང་བ་དང་ཡི་གེ་མི་ཤེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་སྨད་པ་དང་རྟག་ཏུ་སྐོམ་པ་དང་བཀྲེས་པ་སེམས་པ་དང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་
ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན་ཐོས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཇིགས་སྐྲག་སྟེ་ཡིད་མི་དགའ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རེ་བ་མ་མཆིས་པར་གྱུར་ཏོ། །བདག་ལ་སྐྱབས་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འཆི་བདག་གི་ཆད་པ་ཆེན་པོའི་གཉེན་པོ་ཡོད་ཀྱིས་དེ་བས་ན་རེ་བ་མེད་པར་མ་བྱེད་ཅིག །དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་དེ་དག་འཆི་བའི་དུས་ཀྱི་ཚེ་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང་དུད་
འགྲོའི་སྐྱེ་གནས་ཐམས་ཅད་ལས་ཐར་བར་འགྱུར་རོ། །དྲན་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །ཤིན་ཏུ་ཡོངས་སུ་དག་པའི་ལུས་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་
འཇུག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རེ་བ་འཕེལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ལྷ་ཐམས་ཅད་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སྐྱེ་དགུའི་འཇིག་

རྟེན་ཐམས་ཅད་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཆི་བའི་འཇིགས་པ་ཞི་བར་མཛད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་སེལ་དུ་གསོལ། བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དགུག་ཏུ་གསོལ། བཅོམ་ལྡན་འདས་གླིང་བཞི་པའི་
འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོས་གདབ་ཏུ་
གསོལ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གཉེན་པོ་སྟོན་པ་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་
པས་དེ་སྐད་ཅེས་གསོལ་བ་ཐུགས་སུ་ཆུད་ནས་རྣམ་པ་ཀུན་དུ་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་རྣམ་པ་ཀུན་ཞེས་བྱ་བའི་འོད་ཟེར་གཙུག་ཏོར་གྱི་དབུས་ནས་བྱུང་ནས། དེས་ཕྱོགས་ཀུན་དུ་སྣང་བར་
བྱས་ཏེ། རིན་པོ་ཆེའི་གདུགས་ལྟ་བུར་ནམ་མཁའ་ལ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་གཟིགས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་སྔགས་ཟུང་ཤིག །ཕྱག་རྒྱ་འདི་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །གཟུངས་སྔགས་
འདི་མཐོང་བ་དང་ཐོས་པ་ཙམ་གྱིས་སྡིག་པ་དང་། སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དམྱལ་བ་

ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། དཔེར་ན་མེ་ཡིས་རྩྭ་བསྲེགས་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་སྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་སྲེག །དཔེར་ན་ཆར་བ་འབབ་འགྱུར་ཏེ། །རི་ལ་འབབ་ཆུ་བབས་པ་ཡིས། །ས་ཡི་སྟེང་གི་ཕྱག་དར་
དང་། །ཉལ་ཉིལ་ཐམས་ཅད་འདེད་བར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང་། །ཐོས་པ་ཙམ་གྱིས་སྡིག་པ་འབྱང་། །དཔེར་ན་མེ་ཡིས་གསེར་སྦྱངས་པ། །སོས་གཅད་རུང་བར་སྙི་བར་འགྱུར། །དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས། །ལུས་སྦྱོང་འགྱུར་ཏེ་ཐེ་ཚོམ་མེད། །དཔེར་ན་ཉི་མ་ཤར་
གྱུར་ན། །འོད་ཟེར་ཀུན་དུ་རབ་ཏུ་འབྱུང་། །དེ་བཞིན་སུ་ཞིག་གཟུངས་འཆང་བ། །དེ་ཡི་ལུས་ཀྱང་རྣམ་པར་མཛེས། །དཔེར་ན་སྐམ་པོར་ཉ་འགྲེ་ལྡོག །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུར་བོར་བས། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས་ཀྱང་། །མི་
རྣམས་ཚེ་ནི་ཟློག་པར་བྱེད། །ལྷའི་དབང་པོ་གཟུངས་སྔགས་བསྟན་གྱིས་ཉོན་ཅིག །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་མ་ཧཱ་ཙིནྟཱ་མ་ཎི་ཛྭ་ལ་ན། སཱ་གར་ག་མྦྷི་རེ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ཨཱ་ཡུནྡྷ་ར། ཨཱ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ།
ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤོ་དྷ་ཡ། མཱཾ་སརྦ་སཏྭཱཾ་ཤྩ། བྷ་ག་བ་ཏི་སརྦ་པཱ་པཾ་བི་མ་ལ། ཛ་ཡ་ཛ་ཡ། ཛ་ཡ་ལབྡྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ར་ཎི། བྷ་ཡ་ཧ་ར་ཎི། ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་ད་ཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞཱི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་
ཏེ། མ་ཧཱ་མཱ་ཡེ། མ་ཧཱ་བཱ་ཤ་དྷ་ར། ཨ་མོ་གྷ་བི་མ་ལེ་ཨཱ་ཀརྵི་ཡ། ཨཱ་ཀརྵ་ཡ། ཨཱ་ཀཎྜྷ་ཡ། ཨཱ་ཀཌྜྷ་ཡ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བི་ཤོདྷ་ནི། བྷཱུ་ཥི་ཏ་བྷཱུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷེ་སིདྡྷེ། བུདྡྷ་བུདྡྷ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནི།
སཾ་ཤོདྷ་ནི་སཾ་ཤོདྷ་ནི། བི་ཤོདྷ་ནི་བི་ཤོདྷ་ནཾ། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ། པྲ་ས་ར་ཏུ་མ་མ་པུཎྱེ། བིན་ཤྱནྟུ་པཱ་པཾ། སརྦ་ཀི་ལྦི་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོདྷ་ཡ་བི་མ་ལ། བི་ཀཱ་སི་ཏ་པདྨེ། ཀ་བ་ཙི་ཏ་བྷུ་ཛེ། ཥཊྦཱ་ར་མི་ཏཱ་པ་རི་བཱུ་ར་ཎི། སརྦ་ཏ་ཐཱ་

ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུཧྱ་ཨ་དྷིཥྵཱ་ན་ཨདྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡུརྡ་དེ་སྭཱ་ཧཱ། པུཎྱད་དེ་སྭཱ་ཧཱ། པུཎྱ་པི་ལོ་ཀི་ཏེ་སྭཱ་ཧཱཾ། པུཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུདཎྜེ་སྭཱ་ཧཱ། ཡམ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏིས་
ར་ཎི་སྭཱ་ཧཱ། ཏེ་ཇོ་བ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨདྷི་ཥྵཱ་ན་ཨ་བྷིཥྵཱི་ཏེ་སྭཱ་ཧཱ། ལྷའི་དབང་པོ་གཟུངས་སྔགས་འདི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་སྟོན་ཅིག །དེས་ནི་ཁྱོད་ཀྱིས་ལྷའི་བུ་དེ་ལ་ཡུན་རིང་པོར་ཕན་པ་དང་། བདེ་བར་འགྱུར་རོ། །ཀུན་ནས་སྒོར་
འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ། །མཆོད་རྟེན་སར་པའམ། རྙིང་བ་བཅོས་པ་ཡང་རུང་སྟེ་དེའི་ནང་དུ་གཞུག་གོ། །སྤོས་
དང་བྱུག་པ་ཡང་ཕུལ་ལ་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བརྒྱད་དྲན་པར་བྱ་ཞིང་ལན་བརྒྱ་རྩ་བརྒྱད་བསྒོམ་པར་བྱའོ། །ཉིན་ཞག་གཅིག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱའོ། །དེ་ནས་ཉི་མ་ཤར་བ་དང་ཤར་ཕྱོགས་སུ་བལྟས་ཏེ་སྤོས་ཀྱི་དཀྱིལ་འཁོར་བྱས་ལ། ཉི་མ་ལོགས་
སུ་མེ་ཏོག་གིས་གཏོར་རོ། །ཨ་ག་རུ་དང་ཏུ་རུཥྐའི་བདུག་པས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིག་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་
སྟེང་དུ་བཞག་ན་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །སྙིང་པོ་འདི་བྲིས་ལ་གཞུག་གོ། །ཨོྃ་ན་མ་སྟྲཻ་ཡདྷྭི་ཀཱ་ནཱཾ་
སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཀརྦྷི་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ། སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་བཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྟཱི་ཥ་བི་མ་ལ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨཾ་བཾ་སཾ་ཛཿསྭཱ་ཧཱ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་དུས་གསུམ་

གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་
བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཅད་ནམ་ཡང་འཆི་བའི་ཚོར་བ་མཐོང་བར་མི་འགྱུར་རོ། །ཕྱིན་ཅད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཅད་སེམས་ཅན་
དམྱལ་བ་པའི་སྒྲ་རྣ་ལམ་དུ་ཡང་གྲག་པར་མི་འགྱུར་ན་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིག་སྔགས་འདི་བཅོམ་ལྡན་འདས་ལས་བཟུང་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷན་ཅིག་ཏུ་ནམ་ནངས་པ་དང་རང་
གི་གནས་སུ་སོང་སྟེ། དེ་བཞིན་གཤེགས་པས་བཀའ་སྩལ་པའི་ལུང་བཞིན་དུ་ཆོ་ག་གོ་རིམས་བཞིན་དུ་མཆོད་རྟེན་གྱི་ལས་བྱས་ནས་བཟླས་བརྗོད་ཀྱི་ཆོ་ག་ཡང་བྱས་པ་དང་། བྱས་མ་ཐག་ཏུ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས་སྡིག་པ་ཐམས་
ཅད་དང་བྲལ་ཏེ། ལུས་རྣམ་པར་དག་ནས་པགས་པའི་མདོག་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། སྐྲ་དང་མིག་ནི་མཐོན་མཐིང་ལྟ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་མངོན་དུ་མཐོང་། ནམ་མཁའི་དབྱིངས་ནས་དེ་བཞིན་གཤེགས་པས་ལེགས་སོ་ལེགས་སོ་
ཞེས་བྱ་བའི་གསུང་ནི་ཕྱུང་ངོ་། །དེ་ནས་ལྷའི་བུ་དེ་སྒྲིབ་པ་དང་བྲལ་བའི་ལུས་སུ་གྱུར་པར