Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 099_རྙིང་རྒྱུད།_ག
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
ས་པའི་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་སྙན་པའི་མདོ་སྡེས་གོ་བར་སྒྲོགས་ཤིང་ཟིལ་གྱིས་གནོན་པའི་ཚུལ་དང་རྣམ་པར་བཤད་དོ། །ཐུགས་ཀྱི་རྔོམ་པ་བཞི་ལ་ཏིང་ངེ་འཛིན་ཕྱག་རྒྱའི་རྒྱན་གྱི་སྐར་ཚོགས་ལྟར་རྔོམ། ཕྲིན་ལས་རྒྱ་ མཚོ་རྒྱན་གྱི་དབའ་རླབས་ལྟར་རྔོམ། ཡོན་ཏན་ས་གཞི་རྒྱན་གྱི་རྩི་ཤིང་ལྟར་རྔོམ། མཛད་པ་རོལ་མོ་རྒྱན་གྱི་གར་ཐབས་ལྟར་རྔོམ་པའོ། །དེ་ཡང་རྒྱ་ཆེན་པོ་བཞི་ནི་རང་བཞིན་དང་རྒྱན་དུ་དབྱེའོ། །ལྷག་མཐོང་གི་རང་བཞིན་ལས་ལྷག་མཐོང་གི་རྒྱན་མ་ གཡོས་པར་སྣང་བའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་ལས་ཞི་གནས་ཀྱི་རྒྱན་ཁྱད་པར་དུ་འབྱུང་བའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་བཟོད་པ་ལས་ལྷག་མཐོང་གི་རྒྱན་གྱིས་ཕན་འདོགས་པའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་མི་ཟད་མ་གོལ་བ་ལས་ ལྷག་མཐོང་གི་རྒྱན་གྱིས་ཅིར་ཡང་འགྱུར་བའི་དགའ་བསྐྱེད་པའི་ཚུལ་ལོ། །མཐུའི་རྔོམ་པ་བཞི་ལ་རུ་ཏྲ་བཅོས་པའི་གནས་རྔོམ། ལྷ་ཆེན་གནོན་པའི་གདན་རྔོམ། ཁམས་གསུམ་སྒྲོལ་བའི་ཞིང་རྔོམ། །རྟོགས་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔོམ། དེ་ ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང་ཅིས་ཀྱང་མི་ཚུགས་པའི་ཚུལ་དང་། གནས་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཚུལ་དང་། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོ་སྒྲོལ་བའི་ཚུལ་དང་། སྤྱོད་པ་ཁྱད་པར་ཅན་སྲིད་པའི་རྟོག་ པ་དུས་གཅིག་ཏུ་བཅོམ་པའི་ཚུལ་ལོ། །རྔོམ་ཚུལ་སུམ་ཅུ་རྩ་གཉིས་བཤད་དོ། །དེ་ལ་བརྗིད་ཆེན་པོ་ལ། སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམ་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ། ཁྱད་ཞུགས་ཡིད་ དང་འཐད་པས་བརྗིད་ཆེ་བ་སྟེ་བཞིའོ། །དེ་ཡང་ཆོས་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས་སྐུ་ཆེ། ཐུགས་རྗེ་དང་མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་རགས། སེམས་འདུ་བྱེད་དང་མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་པ་གྲངས་མང་། །སྨོན་ལམ་གྱི་སྒོ་ནས་རིགས་དང་ མཐུན་པའི་རྐྱེན་དུ་འཚམ། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་སྒོ་ནས་གཙོ་བོར་མཐོང་། རང་བཞིན་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། གསུང་གི་བརྗིད་བཞི་ལ་གདངས་ཆེ་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ ཐེ་ཙོམ་གཅོད་པས་བརྗིད་ཆེ། བདག་ལ་ཆེར་སྟོན་སྙམ་པས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་ཆེ་དེ་ཡང་ཆོས་སྐུས་ཁྱབ་པའི་སྒོ་ནས་སྒྲ་ཆེ། སྒྲ་ཐ་དད་པའི་སྒོ་ནས་སྟོང་གསུམ་གང་། སྒྲ་དབྱངས་སྒོ་ནས་ཀུན་གྱིས་གོ་བས་མྱུར། ཉེ་བར་བསྒྱུར་བའི་སྒོ་ནས་ ཐེ་ཙོམ་གཅོད། བྱམས་པའི་སྒོ་ནས་བདག་ལ་གཟིགས། ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན། ཤེས་པའི་བྱེ་བྲག་གི་སྒོ་ནས་ཁྱད་ཞུགས། ཚིག་གི་ཡོན་ཏན་གྱི་སྒོ་ནས་འདུལ། ཐུགས་ཀྱི་བརྗིད་བཞི་ལ། ཡངས་པ་རེ་དོགས་མེད་པས་བརྗིད་ཆེ། གསལ་བ་མཐའ་ གཉིས་སྤངས་པས་བརྗིད་ཆེ། ཐུགས་རྗེ་ཐུགས་དམ་མཐར་འབྱིན་པས་བརྗིད་ཆེ། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད་ཆེའོ། །དེ་ཡང་གཉིས་མེད་པའི་སྒོ་ནས་ཡངས། སྤང་བླང་མེད་པའི་སྒོ་ནས་རེ་དོགས་མེད། ལྷག་མཐོང་གི་སྒོ་ནས་དབུ་མར་གསལ། ཞི་གནས་ ཀྱི་སྒོ་ནས་མི་འགྱུར་བས་གཉིས་མཐའ་སྤངས། མཛད་པ་རྒྱུན་མི་འཆད་པའི་སྒོ་ནས་ཐུགས་རྗེ་ཆེ། འཁོར་བ་ཅི་སྲིད་བཞུགས་པའི་སྒོ་ནས་ཐུགས་དམ་མཐར་འབྱིན། ཤེས་རབ་ཀྱི་སྒོ་ནས་རྨོངས་པ་སེལ། ཏིང་ངེ་འཛིན་གྱི་སྒོ་རྣམས་ཐབས་ཀྱིས་འདུལ། ཡོན་ ཏན་གྱི་བརྗིད་པ་བཞི་ལ། མེད་པ་ཟད་མི་ཤེས་པས་བརྗིད་ཆེ། གཅིག་ལ་འདོད་དགུར་སྟོན་པས་བརྗིད་ཆེ། གནོད་སྦྱོར་ཕན་པར་འདོད་པས་བརྗིད་ཆེ། ཐབས་མཁས་སྐྱོན་གྱིས་མི་གོས་པས་བརྗིད་ཆེའོ། །དེ་ཡང་བདག་ཏུ་མི་འཛིན་པའི་སྒོ་ནས་མེད། མེད་པའི་སྒོ་ནས་ཟད་མི་ཤེས། ཡེ་ཤེས་ཀྱི་སྒོ་ནས་ གཅིག །སེམས་ཀྱི་སྒོ་ནས་འདོད་དགུར་སྟོན། །སེམས་ཀྱི་སྒོ་ནས་གནོད་པར་སྦྱོར། །གྲུབ་པ་རྒྱུའི་སྒོ་ནས་ཕན་པར་མཛད། །ཤེས་བྱའི་སྒོ་ནས་ཐབས་མཁས། སྤྱོད་པའི་སྒོ་ནས་སྐྱོན་གྱིས་མ་གོས། ཕྲིན་ལས་ཀྱི་བརྗིད་བཞི་ ལ། མི་མཉེལ་ཉམས་ཕག་རོལ་པས་བརྗིད་ཆེ། འཁོར་བ་ཡུན་རིངས་མི་མཉེལ་བར་བརྗིད་ཆེ། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཆེ། དགོངས་པའི་དོན་རྣམས་མཛད་པས་བརྗིད་ཆེའོ། །དེ་ཡང་སྒྱུ་མར་གྱུར་པའི་སྒོ་ནས་མི་མཉེལ། རང་བཞིན་ གཅིག་པའི་སྒོ་ནས་ཕག་ཏུ་རོལ། སྤྱོད་པའི་སྒོ་ནས་འཁོར་བར་ཡུན་རིངས་པོར་བཞུགས། བྱ་བ་མེད་པའི་སྒོ་ནས་མི་མཉེལ། མཐུ་ཡི་སྒོ་ནས་མགོན་སྐྱབས་ཆེ། དམ་བཅས་པའི་སྒོ་ནས་འགྲོ་དོན་རྒྱུན་དུ་མཛད། རྩེ་གཅིག་གི་སྒོ་ནས་མཐའ་གཉིས་ ཀྱི་སྐྱོན་དགོངས། ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ། །བརྗིད་ཉི་ཤུ་དང་སྒོ་བཞི་བཅུ་སྟེ་སྤྱིར་དྲུག་ཅུའོ། །དེ་ལ་རིན་པོ་ཆེ་སྣ་བདུན་ནི་འཁོར་ལོ་རིན་པོ་ཆེའི་དབང་བཅུས་སྐྱེ་བ་བཞི་ལ་དབང་བསྐུར་རོ། །བཙུན་མོ་རིན་པོ་ཆེས་ནི་ཡུལ་གྱི་རྒྱལ་པོ་ལ་མཉེས་པར་དབུལ་ལོ། ། དམག་མི་རིན་པོ་ཆེའི་ཚུལ་དགུས་ཕ་རོལ་གྱི་དཔུང་འཇོམས་སོ། །ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞིས་རྒྱལ་པོའི་ཆབ་སྲིད་འཛིན་ཏོ། །གླང་པོ་རིན་པོ་ཆེའི་སྟོབས་བཅུས་ཕ་རོལ་དུ་བདག་དང་གཞན་གྱི་དོན་བྱེད་དོ། །རྟ་རིན་པོ་ཆེའི་མྱུར་མགྱོགས་རྫུ་འཕྲུལ་གྱི་ རྐང་པ་བཞིས་བགྲོད་པའི་གནས་སླེབ་པར་བྱེད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་རེ་འདོད་སྐོང་ངོ་། །ལུང་རྣམ་པ་གསུམ་ནི་མི་འདའ་བ་རྒྱན་གྱི་ལུང་ལ་སོགས་པ་གོང་དུ་རྩིས་མགོ་སྤྱིར་སྦྱར་བར་ཟད། དེ་ནས་འཁོར་ལོ་རིན་ པོ་ཆེའི་དབང་བཅུ་ནི། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་པ། །ལྷ་མི་སྡིག་སྦྲུལ་མཆེ་བ་བཞི་རུ་སྟོན། །ཡོ་བྱད་བྲིད་པའི་འདོད་ཡོན་ལྔ་དང་ནི། །རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ། །ཅི་ལྟར་མོས་བཞིན་འདོད་དགུ་གཟུགས་སྟོན་ པ། །གར་དབང་འཐད་དགའི་ཚུལ་དུ་རོལ་པ་མཛད། །རྫུ་འཕྲུལ་བ་སྤུའི་དབྱིངས་ནས་ཕྲ་མེན་འཕྲོ། །ལུས་ནི་ཅི་རྫུ་སེམས་ནི་ཆོ་འཕྲུལ་སྟོན། །གད་རྒྱངས་གདངས་ངར་སྒྲོགས་པ་སྣ་ཚོགས་ཀྱིས། །མཆེ་བ་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན། །ཤེས་རབ་ཐབས་ལྡན་ སྤྱན་གཉིས་དབུ་མའི་ངང་། །དབྱིངས་ལས་མ་གཡོས་ཅིར་ཡངས་ལེ་མཁྱེན། །སེམས་ཀྱི་བྱེ་བྲག་ཏིང་འཛིན་ཐ་དད་འཕྲོ། །བསམ་གྱིས་མི་ཁྱབ་བཞི་ལ་རོལ་པ་མཛད། །རྡོ་རྗེ་སྡེར་མོ་པགས་པ་སྤུ་ཕྲེང་བརྒྱན། །འཁོར་བ་ཅི་སྲིད་བཞུགས་པའི་ཚེ་ལ་དབང་། །ལྟ་བ་རྣམ་བཞི་སྤྱན་ ཟུར་གྱིས་བསྐུལ་བས། །ཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད། །སྨོན་ལམ་དབང་གིས་དྲག་པོ་སྐུར་སྟོན་པ། །དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད། །དེ་ལ་བཙུན་མོ་རིན་པོ་ཆེའི་དབང་ནི། མ་ཆགས་རྡོ་རྗེ་གཟུགས་ཀྱི་ཡུམ་གྱིས་འཁྱུད། །ཞི་གནས་ཏིང་ འཛིན་མི་གཡོ་ཡུམ་གྱིས་སྦྱོར། །ཐོགས་མེད་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱོད། །ལྷག་མཐོང་ཡེ་ཤེས་ཡུམ་གྱིས་མཉེས་བྱེད་འབེབས། །འབྱུང་བ་བཞི་པོ་རྡོ་རྗེ་ལྷ་མོ་སྟེ། །བདེ་བ་ཆེན་པོའི་སྐུ་ལ་མཉེས་པར་དབུལ། །དམག་མི་རིན་པོ་ཆེ་ཡི་ཚུལ་དགུ་ནི། །བསྒྲེགས་ པས་འགྲོ་བ་ཤེས་རབ་བསྐྱེད་པའི་ཚུལ། །ཉམ་ང་མེད་པའི་མཛའ་སྤྱོད་དཔའ་བོའི་ཚུལ། །གདུག་རྩུབ་གདོས་བཅད་བརྒྱན་པས་འཇིགས་པའི་ཚུལ། །ལོག་པར་ལྟར་བ་ཞེ་གཅོད་གཤེ་བའི་ཚུལ། །རྨད་དུ་བྱུང་བའི་ཆོས་སྒྲོགས་བཞད་པའི་ཚུལ། །ཤིན་ཏུ་གདུལ་དཀའ་ ལ་ཁྲོ་སྙིང་རྗེའི་ཚུལ། །སྨོན་ལམ་དབང་གིས་མི་ཤོམ་རྔམ་པའི་ཚུལ། །ཉོན་མོངས་གྲུབ་པའི་གྱུར་མཛད་ངོ་མཚར་ཚུལ། །ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ། །དེ་ལ་ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞི་ནི། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་། །བསོད་ཆེན་ སྙིང་རྗེ་བདག་ཉིད་ཆེ། །བསྒྲལ་ཞིང་བསྟབས་པ་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །དེ་ལ་གླང་པོ་རིན་པོ་ཆེའི་སྟོབས་བཅུ་ནི། ཐུགས་རྗེ་ཆེན་པོའི་སྟོབས་ནི་དྲེགས་ཆེན་བསྙེངས་ཕྱིར་གནོན། །ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག །མི་འབྱེད་ སྟོབས་ནི་དངོས་གྲུབ་བདུད་རྩིའི་རྒྱུན། །མ་སྤངས་སྟོབས་ནི་གདོས་བཅས་སྐུ་ལ་བརྒྱན། །མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་བརྒྱན། །སྨོན་ལམ་སྟོབས་ནི་བསྐལ་པར་ཡོངས་གྲོལ་མཛད། །སྤྲུལ་པའི་སྟོབས་ནི་མགོ་བརྙན་ཕྲ་མེན་འཕྲོ། །ཕྲག་དོག་ལོག་ལྟ་འཁོར་ བར་གཅིག་མི་གཏོང་། །འདོད་ཆགས་ཡུད་ཙམ་འཕྲལ་འདོད་སྤྱན་བཟློག་དམར། །དེ་ལ་རྟ་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཆོས་དབྱིངས་མེད་བཞིན་ཅིར་སྣང་བ། །མཁའ་ལ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲམ། །ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ རྟོགས་པ། །མཁའ་ལ་ཉི་ཤར་བཞིན་དུ་གསལ་ལ་སྟོང་། །ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ་བྱེ་བྲག་ནི། །མཁའ་དང་མཉམ་པའི་སྤྲིན་ཕུང་བཞིན་དུ་བདལ། །སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི། །རོ་ལ་ཅིག་ཅར་འབབས་སྣོད་བྱེ་བྲག་ཕྱེ། །དེ་ལ་ནོར་བུ་རིན་པོ་ ཆེའི་རང་བཞིན་ནི། འགྲོ་རྣམས་ཅི་ལྟར་འདོད་པའི་རེ་འདོད་སྐོང་། །མི་ཟད་བདག་ཉིད་གཏེར་ཆེན་ནམ་མཁའི་མདོག །སྲིད་གསུམ་མུན་ནག་སེལ་བའི་ཡེ་ཤེས་སྒྲོན། །དུས་གསུམ་རྒྱུན་མི་འཆད་པའི་རིན་ཆེན་ཕྲེང་། །ལུང་གསུམ་ནི་རྩིས་མགོ་སྤྱིར་སྦྱར་བ་ཡིན་ནོ། །ད་ནི་ ལྷ་རྒྱུད་ཀྱི་རྟོགས་པ་སོ་སོར་བཤད་པར་བྱ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པ་དགའ་རྒྱུད་སྟོན། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ །ཡེ་ཤེས་རྡོ་རྗེས་ཉོན་མོངས་རྡོ་རྗེ་ འཇོམས། །ཐབས་འཛིན་མཆོད་པའི་དངོས་པོ་བཤིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ །རིན་ཆེན་དབྱིག་ལྟར་ཀུན་སྐོང་ཞིང་། །བདག་མེད་ཞི་གནས་ཆུ་ཡི་བསྐལ་པས་འཁྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་ རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ །འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུངས་ཤིང་། །ལྷག་མཐོང་མེ་ཆེན་འབར་བས་ཐམས་ཅད་སྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ །ཕྲིན་ལས་རྒྱ་མཚོས་འགྲོ་ བའི་དོན་མཛད་པའི། །ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ །སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག །ཕྱག་རྒྱ་ གཟུགས་ཀྱི་མཆོད་པས་མཉེས་མཛད་ཅིང་། །ཆོས་དབྱིངས་ནམ་མཁའི་དབང་བསྐུར་ཁྲོ་མོ་རྒྱལ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག །རྟོགས་པ་རེག་བྱའི་མཆོད་པས་མཉེས་མཛད་ཅིང་། །སྲ་ བརྟན་རྡོ་རྗེ་དབང་བསྐུར་ཁྲོ་མོ་རྒྱལ། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་ཅིང་། །ལྷག་མཐོང་ཡེ་ཤེས་དབང་བསྐུར་ཁྲོ་མོ་རྒྱལ། །ཡོན་ཏན་ ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །སྦྱིན་པས་མཐར་ཕྱིན་ང་རྒྱལ་རྣམ་པར་དག །ངར་འཛིན་བྲོ་མཆོག་མཆོད་པས་མཉེས་མཛད་ཅིང་། །བདག་མེད་ཞི་གནས་དབང་བསྐུར་ཁྲོ་མོ་རྒྱལ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བཟོད་པས་མཐར་ ཕྱིན་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་དྲི་མེད་མཆོད་པས་མཉེས་མཛད་ཅིང་། །ཐོགས་མེད་ལས་ལ་དབང་བསྐུར་ཁྲོ་མོ་རྒྱལ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །འགུགས་མཛད་ཡེ་ཤེས་ལྔ་ཡི་དབྱུག་ཏོ་ཅན། །དྲན་པས་རྒྱུད་ལྔ་སྒྲོལ་ མཛད་ཞི་བར་གཟིགས། །སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་གཽ་རིམ། །སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས། །མཐུ་འཕྲོག་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །བདེན་གཉིས་ལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས། །དམ་ཚིག་དབྱིངས་མཆོག་སྐུལ་ བྱེད་ཙཽ་རི་མ། །གསུང་གིས་ཐམས་ཅད་ཟིལ་གནོན་རྨོངས་པའི་ཚོགས། །དབང་མཛད་མཐའ་གཉིས་མི་ཡོང་ཆུ་སྲིན་ནི། །མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་ལྟ། །སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧ། །ཐལ་བ་བྱེད་པས་ཐལ་བྱེད་མ་ཡི་ཚོགས། །ཀུན་གྱི་ དངོས་གྲུབ་རྡོ་རྗེ་རྩེ་དགུ་འཛིན། །ས་དགུ་རྟོག་འཇོམས་ཤི་བ་སློང་བར་གཟིགས། །འཇིག་རྟེན་ཐལ་བྱེད་རྔེའུ་ཐོགས་པེ་ཏཱ་ལི། །འབྱེད་མེད་ཤེས་རབ་མི་རྟོག་ལྦོས་མོའི་ཚོགས། །འཁོར་བའི་རྒྱུད་འཛིན་འཆིང་ཞིང་དབང་འདྲེན་ལས། །ཁྲོ་གར་གཟིགས་ཚུལ་རྒྱུན་གྱིས་ ཐུགས་རྗེས་སྒྲོལ། །བདེ་མཆོག་དབྱིངས་སུ་འདྲེན་མཛད་པུཀྐ་སི། །ཞེ་སྡང་ཚུལ་གྱིས་དོན་མཛད་གཏུམ་མའི་ཚོགས། །མྱོས་མཛད་དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །ཐུགས་རྗེས་དཀྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས། །སྣོད་བཅུད་དཀྲུགས་ནས་སྐོངས་མཛད་ གྷ་སྨ་རི། །ཆགས་པའི་ཚུལ་གྱིས་དོན་མཛད་སྨེ་ཤ་ཅན། །མ་ནི་རྒྱུད་འཕེལ་གཟུང་འཛིན་བྲལ་བའི་རྟགས། །མཐའ་གཉིས་སྤངས་པས་རྣམ་པར་གཡེངས་ཚུལ་བཞུགས། །འབར་བ་སྟོང་གསུམ་སྟོབས་བྱེད་ཙཎྜ་ལི། །ཐམས་ཅད་འབྱུང་བའི་ལྷུན་འགྱུར་མ་ཚོགས་མ། ། ཀུན་གྱི་ལས་མཛད་ཆོས་ཀུན་སྙིང་པོ་འཛིན། །ཀུན་ལ་རོལ་པས་གཟིགས་ཚུལ་ཀུན་དང་ལྡན། །ཐུགས་རྗེ་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི། །འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ། །གཉེན་པོ་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། །ཤེས་རབ་ཐབས་ ལྡན་སྐུ་གསུམ་བདག་གཞན་དོན། །སྡུག་བསྔལ་ཞེ་སྡང་གསོད་བྱེད་སིང་ཧ་མ། །དཔའ་བརྟུན་ཟ་བྱེད་ཡེ་ཤེས་ཐུགས་རྗེའི་ལས། །བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་དུ། །ཐུགས་རྗེ་ཡེ་ཤེས་རྩེ་གཅིག་སོ་སོར་གཟིགས། །ང་རྒྱལ་འཆི་བདག་ འཇོམས་མཛད་བྱ་ཁྲ་མ། །མཛེས་བྱེད་དམ་ཚིག་རྣམ་དག་གསུང་གི་ཡུམ། །ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད། །དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་གཏང་། །འདོད་ཆགས་དུར་ཁྲོད་འཇོམས་མཛད་སྲི་ཀ་མ། །མི་མ་བྱེད་སྤྱོད་པས་ མཆོག་རིགས་ཀྱི་ཡུམ། །གཡེར་བའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་སྲུང་། །ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །ཕྲག་དོག་ལས་གྲུབ་ཟ་བྱེད་ཤྭ་ན་མ། །ཡིད་ཀྱི་ཡེ་ཤེས་སོ་སོ་ཀུན་ལ་རྟོག །རྣམ་ཤེས་ཀྱིས་བསད་གོད་འབྲང་ཚུལ་ཁྲིམས་ སྲུང་། །འཁོར་བའི་རྒྱུན་གཅོད་རྒྱུད་འཛིན་རྒྱུ་གྲི་འཛིན། །མགྱོགས་མས་སྙགས་བྱེད་ཁྲག་འཐུང་གི་གྱ་མ། །རྣམ་ཤེས་མཉམ་ཉིད་ཡིད་འགྲོགས་མཚན་མ་འཇོམས། །གསད་པའི་གོད་རྣམས་སྦྱིན་པས་ཕ་རོལ་ཕྱིན། །མཐའ་འདས་ཆོས་སྐུ་གཟུགས་འཛིན་སྤངས་ ཚུལ་བཟུང་། །འགྲོ་བའི་སྡུག་བསྔལ་ཆེ་འཕྲོག་ཀ་ཀ་མ། །བསླད་པས་མི་འགྱུར་བཀྲུས་པས་མི་འདག་ཅིང་། །མི་མཐུན་གཉེན་པོས་མི་ཤིགས་བཟོད་པའི་མཆོག །ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀང་ཀ་མ། །དབྱིངས་ ལ་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས། །གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས། །མཐའ་གཉིས་སྤངས་པའི་རྔམ་ཚུལ་ཀ། །བཅུ་དྲུག་ཞག་གིས་ཟླ་བའི་དཀྱིལ་འཁོར་རྫོགས། །དཔལ་ཆེན་བཅུ་དྲུག་ས་ ལ་ལྷུན་གྱིས་གྲུབ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་སྐུ། །ཐོག་མ་མེད་ཅིང་ཡོན་ཏན་ཟླ་བ་མེད། །སྦྱིན་པས་རིགས་པའི་ཀླུང་དུ་མཚོ་དྲང་ལྟར། །འཁོར་བས་འཇིགས་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན། །དཔའ་བར་འགྲོ་བའི་ཏིང་འཛིན་དོན་ མཛད་པ། །ཐུགས་རྗེས་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ། །དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད། །བྱམས་པའི་ཞགས་པ་འཁོར་བའི་རྒྱུན་འཛིན་ཅིང་། །རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང་། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ ཞགས་པ་མ། །གཞན་གྱི་དོན་དུ་སྤྱད་པས་བདག་གི་དོན། །ཤེས་རབ་སྒྲོལ་མས་མུན་པའི་སྡུག་བསྔལ་སེལ། །དོན་ཉིད་མི་འདའ་དགའ་བའི་མཆོག །ཀུན་གཉེན་མ་རིག་ནུབ་མཛད་ཉི་ཟླའི་སྤྱན། །སྙན་པར་སྨྲ་བས་ཀུན་ཀྱང་བཀའ་བཞིན་བྱེད། །བཏང་ སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་དུ། །ཕབ་ནས་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འཚོ། །ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་འཁྲོལ་མ། །ད་ནི་སྲིན་མོ་རི་ལྷ་རྒྱུད་བཤད་དེ། བཅྭ་བརྒྱད་སྤྱན་གྱིས་བཅྭ་བརྒྱད་ཁམས་ལ་གཟིགས། །བཅྭ་བརྒྱད་ཤངས་ནས་བཅྭ་ བརྒྱད་སྤྲུལ་པ་འབྱུང་། །བཅྭ་བརྒྱད་ཁམས་ལ་བཅྭ་བརྒྱད་སྐུར་སྟོན་ཅིང་། །བཅྭ་བརྒྱད་ཐུགས་ཀྱིས་བཅྭ་བརྒྱད་འདུལ་ཐབས་མངའ། །བཅྭ་བརྒྱད་སྙན་གྱིས་བཅྭ་བརྒྱད་ཁམས་གསན་ཅིང་། །བཅྭ་བརྒྱད་ལྗགས་ཀྱིས་གསུང་རབ་བཅྭ་བརྒྱད་འཆད། །བརྒྱ་རྩ་བརྒྱད་ ཀྱིས་དགོངས་པ་བསམ་མི་ཁྱབ། །ས་དགུར་ཐུགས་རྗེས་དོན་མཛད་དབུ་དགུར་ལྡན། །བརྗོད་གནོན་ཞབས་བརྒྱད་ཕྱོགས་བརྒྱད་ལྷ་བརྒྱད་གནོན། །ཅི་ལྟར་རོལ་ཡང་སྤྱན་དགུར་དབྱིངས་མི་གཡོ། །འདུལ་བའི་དབང་དུ་བསྐལ་པའི་ཚུལ་སྟོན་ཅིང་། །རྡོ་རྗེ་སྲིན་པོས་ཅི་ འདུལ་ཡིད་བཞིན་རྫོགས། །རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་། །སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས། །རལ་གསིགས་སྤྲུལ་པས་འགྲོ་དོན་རྩེ་གཅིག་རོལ། །བཅྭ་བརྒྱད་སྟོང་པས་མཉེས་མཛད་རྩ་བཏིང་མ། །བརྗིད་པའི་སྟོབས་ ཀྱིས་ཀླུ་རྣམས་ཟིལ་གནོན་ཅིང་། །ཕྲ་མའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། །ཆོས་ལ་དབང་མཛད་ཧ་ཡ་གྲཱི་བ་དཔལ། །འཛིན་ཚུལ་སྟབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་། །ལོག་ལྟའི་ཉེས་སྤངས་ཡང་དག་ལྷ་ དང་ལྡན། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པས་ཚེ། །སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། །ཤུགས་འཆང་སྟབས་ཀྱིས་རླུང་ལྷ་ཚར་གཅོད་ཅིང་། །འཁྱལ་བའི་སྤྱོད་སྤངས་ངག་གི་དབང་ཕྱུག་ཆེ། །འདོད་པ་ཀུན་ལ་སྦྱིན་མཛད་རྒྱལ་པོའི་ཚུལ། ། སེམས་ལ་དབང་མཛད་འདོད་པའི་ཁྲོ་བོ་རྒྱལ། །འཚིར་བའི་སྟབས་ཀྱིས་གནོད་སྦྱིན་ཞབས་ཀྱིས་མནན། །ངག་རྩུབ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྩེ། །ལས་ལ་དབང་མཛད་བདུད་རྩི་ཀུཎྜ་ལི། །གནོན་ པའི་སྟབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང་། །གནོད་སེམས་ཉེས་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །མཉེན་པའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་། །རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། །རྡེགས་པའི་སྟོབས་ཀྱིས་སྲིན་པོ་ཚར་ ཅོད་ཅིང་། །བདེན་དང་བྲལ་བའི་བརྫུན་སྤངས་སྐྱོན་སེལ་བ། །མཚན་མའི་ཐབས་ཀྱིས་མཚན་མ་འདུལ་མཛད་པ། །ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། །འདེབས་པའི་སྟབས་ཀྱིས་ས་བདག་ཚར་གཅོད་ཅིང་། །བརྣབ་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ ཕྱུག་ཆེ། །བཟོད་པས་གཞི་ལྟ་བུ་གཞིར་འགྱུར་བ། །སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜ་ལི། །ཟློས་པའི་སྟོབས་ཀྱིས་བདུད་རྣམས་ཚར་གཅོད་ཅིང་། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ། །སྐྱེ་བཞི་ མོས་པས་དབང་མཛད་ཧཱུྃ་ཀ་ར། །རོལ་པའི་སྟོབས་ཀྱིས་ལྷ་རྣམས་ཚར་གཅོད་ཅིང་། །མ་བྱིན་ལེན་པའི་སྐྱོན་སྤངས་བདག་ཉིད་ཆེ། །རབ་ཏུ་ཤེས་པའི་ཤེས་རབ་མཐར་འབྱིན་པ། །ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ། །འཇིགས་བྱེད་སྟབས་ཀྱིས་ འཆི་བདག་ཟིལ་གནོན་ཅིང་། །སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ། །གཟུང་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས། །ཚེ་ལ་དབང་མཛད་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཐུགས་རྗེས་ཟིན་པས་མཐར་མི་འཆིང་། །ཐུགས་རྗེས་ ཟིན་པའི་སྲིད་ལས་གྲོལ། །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྙེམས། །འདོད་པའི་རྒྱལ་པོ་མཉེས་མཛད་ལ་སེ་ཀི། །རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད་འཛིན། །ཐུགས་རྗེ་ལྕགས་ཀྱུས་འཁོར་བ་མི་གཏོང་ཞིང་། །ཤེས་རབ་ཐབས་ ཀྱི་ལྕགས་ཀྱུས་མཐའ་གཉིས་འཛིན། །གཙོ་བོ་དབྱུག་སྔོན་མཉེས་མཛད་དྲ་ཏི་རུ། །ཡེ་ཤེས་མཚན་སྡུད་ཐུགས་རྗེ་ཁྲོད་འབྱུང་ཞིང་། །སྤྲུལ་པས་འགྲོ་བསྒྲལ་སྐུ་དང་ཡེ་ཤེས་འཕྲོ། །ཤེས་སྙིང་མ་སྐྱེས་དབུ་མའི་རིག་པ་སྐྱེ། །སྟ་ན་པ་ཏིས་ཁྲོ་ རྒྱལ་གཤིན་རྗེ་མཉེས། །དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུངས། །ཐུགས་རྗེས་སེམས་ཅན་ཕྲིན་ལས་མཚན་མ་འཇོམས། །དབུ་མར་ཡེ་ཤེས་སྙིང་རྗེ་མི་རྟོག་དང་། །མི་གཡོ་མགོན་པོ་མཉེས་མཛད་མུ་ཧ་ལ། །རྡོ་རྗེ་གཏུམ་མོ་མཚན་མའི་དངོས་པོ་ བཅོམ། །ཐུགས་རྗེ་རྔམ་ཚུལ་སྲིད་པ་ཐལ་བར་བརླག །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྡིགས། །ཧ་ཡ་གྲཱི་པ་མཉེས་མཛད་ཙཎྜ་ལི། །ཕྲ་མོར་འབིགས་པའི་ཡེ་ཤེས་དབྱིངས་སུ་འཕེན། །འབིགས་པའི་ཡེ་ཤེས་གནད་དུ་ཐུགས་རྗེས་རྡེག །མ་ ཁྱོགས་དབུ་མ་ཆེན་པོའི་དོན་སྟོན་པ། །གཞན་གྱིས་མི་ཐུབ་མཉེས་བྱེད་ཤ་ཡ་ཏི། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །དབྱིངས་ཉིད་རིག་ཤེས་དབྱིངས་ལ་ཉན་པའི་སྒྲ། །དེ་ལ་བསྟན་པ་གསུང་གི་སྒྲ་འབྱིན་པ། །བདུད་རྩིར་འཁྱིལ་བ་ཤ་ ཡ་ཡ་ཏིས་མཉེས། །བདག་རྟོག་ལོག་ལྟའི་མཚན་མ་ཀུན་བཅོམ་ཞིང་། །ཟ་བྱེད་མཆེ་བས་སྐྱེ་བཞི་རྩད་གཅད་དེ། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པ། །པདྨོ་འཁྱིལ་པ་མཉེས་བྱེད་མ་ར་ན། །ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་ རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །གཉིས་མེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབས། །མ་ཧ་ཧ་ལ་མཉེས་མཛད་ཙུན་ད་མ། །བསྐྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཐུགས་རྗེ་ཤུགས་ཀྱིས་འགྲོ་བ་གནས་ནས་སྤོར། །ཐབས་དང་ཤེས་རབ་བསྐྱོད་ པས་མཐའ་གཉིས་སྤོར། །བ་ཡ་བ་ཏིས་ཁམས་གསུམ་ཧཱུྃ་མཛད་གཉིས། །སྡུག་བསྔལ་ཐུགས་རྗེས་མི་བཟོད་ཕྲིན་ལས་དཔའ། །ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟན། །གདོད་ནས་དོན་མཛད་འཁོར་བ་མཐར་ཐུག་སྒྲོལ། །དེ་ཕྱིར་དཔའ་བརྟུལ་ ཟ་བྱེད་བྱ་ཁྲ་མ། །སྡང་མིག་མི་འགྱུར་ཐུགས་རྗེས་ཞི་ལ་གནོན། །མཐུ་རྩལ་རྔོམ་བརྗིད་འགྱུར་མེད་བདུད་དཔུང་བཟློག །ཚམ་ངམ་རལ་གསིགས་གདངས་ངར་འཇིག་རྟེན་འགེངས། །དེ་ཕྱིར་འགྱུར་མེད་ཕྲ་མེན་ཙ་ས་ར། །རྟོག་པའི་དགྲ་སྤངས་དྲན་པའི་ དགོན་པར་གནས། །འཁྲུལ་སྐྱོན་དྲི་མེད་ཤེས་བཞིན་རྫི་མཚོར་སྤོང་། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེས་འཇུག །དེ་ཕྱིར་འཇུག་པར་བྱེད་པའི་ཧ་རི་ན། །ཆོས་དབྱིངས་གནས་མལ་རྟོག་པའི་སྐྱོན་སེལ་ཞིང་། །ཐུགས་རྗེ་སྤུ་རིས་སྤྲུལ་པ་བསམ་མི་ ཁྱབ། །དུག་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་དྷྱ་མ། །ཡང་དག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན། །མི་འདུལ་ཟིང་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལ་བབ་ནས་བརྩོན་འགྲུས་ཤུགས་དང་ལྡན། །དེའི་ ཕྱིར་མཁས་བརྩོན་མཛད་པའི་རྩ་ལ་མ། །ཡེ་ཤེས་དབྱིངས་ལ་འཇུག་པ་ཤེས་བྱ་ཟ། །དབྱིངས་ཉིད་ཤེས་ལ་འཇུག་པ་ཉོན་མོངས་ཟ། །གཉིས་མེད་ཡེ་ཤེས་ཕྲིན་ལས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་བུ་ཀ་མུ་ཀ་བ། །རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། ། ཕྲིན་ལས་རྩལ་གྱིས་བདུད་དཔུང་ཐམས་ཅད་འཇོམས། །སྟོང་ཉིད་སྒྲ་བསྒྲགས་མུ་སྟེགས་ཝ་ཚོགས་འཇིགས། །དེ་ཕྱིར་འཇོམས་བྱེད་རྩ་མཆོག་སིང་ཧ་མ། །དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེ་རྨི། །ལྷིང་ནག་ནག་པོ་དྲག་པོ་སྐུ་སྟོན་པ། །ཐུགས་མཆོག་རྣམ་ དག་ཆོས་ཉིད་དབྱིངས་སུ་མཁྱེན། །དེ་ཕྱིར་རྨི་བྱེད་ཕྲ་མེན་རིཀྵ་མ། །ཡེ་ཤེས་ཐུགས་རྗེ་སྟོབས་ཀྱིས་མཐའ་གཉིས་གནོན། །ཚམ་ངམ་རལ་གསིགས་སྤྲུལ་པས་བདུད་དཔུང་འཇོམས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་ཀྱིས་རོལ། །དེ་ཕྱིར་སྟོབས་ལྡན་ཕྲ་ མེན་ཧ་ཀྵ་མ། །ལྷག་མཐོང་ཆོས་དབྱིངས་ཞི་གནས་རླན་གྱིས་བརྒྱལ། །ཐུགས་རྗེ་འཁོར་བར་སྨོན་ལམ་སྟོབས་ཀྱིས་མྱོས། །རྟོག་འཇོམས་རྫས་ལ་གཙང་སྨེ་མེད་པར་རོལ། །དེ་ཕྱིར་ཕྲ་མེན་མྱོས་བྱེད་ཨུ་ཀ་ར། །ཡིད་གཡོ་ལས་ཅན་སེམས་པར་གྱུར་པ་ནི། ། ཡེ་ཤེས་དབང་གིས་ཐུགས་རྗེས་འགྲོ་ལ་གཡོ། །དོན་མཛད་གོད་འབྲང་ཡེ་ཤེས་དབྱིངས་སུ་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་ཆེན་པོ་ཀྱི་ཀྱ་མ། །བསམ་པའི་དངོས་པོ་འདོད་ལ་འདུན་པ་ནི། །དབྱིངས་ཉིད་མཉམ་ཉིད་ཡེ་ཤེས་མཁྱེན་པ་ཟ། །ཐུགས་རྗེ་ འདུན་པས་འཁོར་བ་བག་ཆགས་སྦྱོང་། །དེ་ཕྱིར་ཕྲ་མེན་ཟ་བྱེད་དོན་ཀ་མ། །དབྱིངས་ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་རྟོགས་དྲངས་པ་ཉིན་མོ་ཉལ། །འགྲོ་མདོངས་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡན། །ཡེ་ཤེས་ཐུགས་རྗེས་དྲངས་ པའི་ཨུ་ལུ་ཀ། །བརྟགས་པའི་དངོས་ལ་རྩེ་གཅིག་ཏིང་འཛིན་འགྱུར། །མཉམ་ཉིད་མཐའ་བྲལ་དབྱིངས་ལས་མི་གཡོ་བ། །རྟོག་གེ་སྤྱོད་ཡུལ་བྱིས་པས་མི་མཐོང་བ། །དེ་ཕྱིར་སྦེད་བྱེད་ཕྲ་མེན་བ་ཡ་ཏ། །ལས་འབྲས་བདེན་ལ་ཡིད་ཆེས་དད་གྱུར་ཏེ། །མཉམ་ཉིད་དབྱིངས་སུ་ཡེ་ ཤེས་ཐུགས་ཀྱིས་མགྱོགས། །ཞི་གནས་སྤྱན་རྫི་ལྷག་མཐོང་བགྲོད་ཚགས་ཆུང་། །དེ་ཕྱིར་ཕྲ་མེན་མགྱོགས་བྱེད་བྷག་ཤི་ཏ། །ངེས་པའི་དངོས་ལ་འཛིན་པའི་མོས་པ་གྱུར། །ལྷག་མཐོང་ཡེ་ཤེས་དབྱིངས་ཉིད་མཉམ་འགྱུར་འཛིན། །ཞི་གནས་གཅེས་པར་འཛིན་པ་མི་འཕྲོགས་ པ། །དེ་ཕྱིར་ཕྲ་མེན་འཛིན་མ་ཙ་ཏ་མ། །འདྲིས་པའི་དངོས་པོ་མ་བརྗེད་དྲན་པར་གྱུར། །དབྱིངས་དང་ཡེ་ཤེས་གཉིས་མེད་མ་བརྗེད་དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །གཉིས་ལ་མ་རྨོངས་ཟིན་མ་ཏི་ཏི་ལ། །ཆོས་རྣམས་འབྱེད་པའི་བྱེད་པར་གྱུར་པ་ ནི། །མཉམ་ཉིད་ངང་དུ་ལོག་ལྟ་སེལ་བྱེད་ཅིང་། །རིག་པ་སྐྱེད་པས་སོམ་ཉི་ཐེ་ཚོམ་གཅོད། །དེ་ཕྱིར་ཕྲ་མེན་གསོད་བྱེད་ན་ཀུ་ལ། །འཇུག་པ་རང་དབང་མེད་པའི་གཉིད་གྱུར་པ། །བསྟན་པའི་ཆོས་སྒྲོགས་ལོག་ལྟ་མྱོས་བྱེད་ཅིང་། །མཉམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཕྱིར། ། ཐམས་ཅད་མྱོས་བྱེད་ཕྲ་མེན་འུ་ཤི་ཀ །གསུམ་འདུས་གཅོད་པའི་རེག་པ་གྱུར་པ་ནི། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཅིང་། །ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་བྲོས། །དེ་ཕྱིར་ཕྲ་མེན་འབྲོས་བྱེད་ཀ་སི་ཀ། །འཁོར་བའི་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེ་བརྗོད་ པས་མཐའ་གཉིས་སྤངས། །རྗོད་བྱེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། །དེ་ཕྱིར་རྗོད་བྱེད་བཛྲ་བ་ཤ་མ། །ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་བཤིག །ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེགས། །ཕྱག་མཚན་རྡོ་རྗེས་དྲེགས་པའི་ལྷ་བདུད་བཅོམ། །དེ་ཕྱིར་འཇོམས་བྱེད་ བཛྲ་བེ་ར་བེ། །འཆི་མེད་བདུད་རྩི་ཡུལ་སེམས་སྐྱེ་འགག་མེད། །གྲུབ་པའི་བདུད་རྩི་བསམ་པའི་འབྲས་བུ་ཐོབ། །ཐུགས་རྗེས་འགྲོ་བདུད་རྩི་གཏོང་བླ་མེད་བསྒྲུབ། །རྩི་མཆོག་ཡེ་ཤེས་བཛྲ་ཨ་མྲྀ་ཏ། །ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་བསྒྲུབ། །ཐུགས་ རྗེས་འཕྲོག་བྱེད་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་གཉིས་མེད་དབང་དུ་འུབ། །དེ་ཕྱིར་བརླབ་བྱེད་བཛྲ་མ་ར་ན། །ད་ནི་པདྨ་དབང་ཆེན་དང་། དབང་ཕྱུག་མ་ལྷ་རྒྱུད་བརྗོད་པར་བྱའོ། །བཅྭ་ལྔ་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བཅུ། །ཡེ་ཤེས་ལྔ་དང་སོ་སོ་ཅིས་འདུལ་མཁྱེན། ། སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་གསན། །ཤངས་ལྔ་ནས་བྱུང་རིགས་ལྔའི་སྤྲུལ་འཕྲོས་པས། །རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ་དབུ་ལྔ། །དུག་ལྔ་ཞལ་དུ་ཤར་ཏེ་རྔུབ་མཛད་ཅིང་། །ལྗགས་ལྔ་ཐེ་ཚོམ་གཅོད་ཕྱིར་ཐེག་ལྔ་འཆང་། །སྐྱེ་བཞི་ལས་བཞིས་སྒྲོལ་ མཛད་ཤོག་བཞིས་སྐྱོད། །བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན། །ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་ཁྲོ་བརྒྱད་བཅོམ། །རིགས་བཞི་སྣོད་བཅུད་ཉི་ཟླ་འོད་དང་བརྫིས། །ཕྱོགས་བཞི་རྩལ་དྲུག་དབང་ཕྱུག་ཡང་ཆེས་མནན། །ཆེ་བ་ཆེ་བ་ཡང་ཆེ་བླ་ན་མེད། །བཅུ་ དྲུག་ཞག་གིས་ཟླ་དཀྱིལ་རྫོགས་པ་ལྟ། །ཚོགས་གཉིས་རྫོགས་པས་བཅུ་དྲུག་ས་ལ་ཞུགས། །ཕྱོགས་བཞི་དབུ་ལྔར་འབར་ལྟར་རིགས་ལྔའི་དབུ། །མཁྱེན་པའི་ཡེ་ཤེས་ཐུགས་རྗེས་གཟིགས། །ཚོགས་ཆེན་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། །དབང་ཆེན་ཡོངས་ སུ་འདུས་པའི་དཀྱིལ་འཁོར་དང་། །ཚོགས་ཆེན་གཉིས་རྫོགས་ཡེ་ཤེས་ལྷུན་གྲུབ་པ། །དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་བོ་རྒྱལ། །ཐུགས་རྗེ་འདམ་སྐྱེས་སྤྱོད་པ་སྐྱོན་མི་གོས། །མཐའ་གཉིས་དབང་མཛད་པདྨ་ཧེ་རུ་ཀ །རྔམ་པའི་ཚུལ་གྱིས་སྲིན་མོ་གཟུགས་ འཛིན་ཅིང་། །ཐོད་རུས་གདུག་པ་འབུམ་མར་ཟས་སུ་ཟ། །སྲིད་པའི་སེམས་ཅན་ཆགས་པའི་སྙིང་ཁྲག་གསོལ། །དབང་དྲག་ལས་མཛད་མ་བུ་རཀྵ་སི། །སྡུག་བསྔལ་མྱ་ངན་འདས་རྟོགས་ཚངས་པའི་གཟུགས། །ཚད་མེད་བཞི་རྫོགས་རྟགས་ཀྱི་དབུ་བཞིར་ལྡན། ། ཞབས་བཞིས་སྨྲ་འདོན་གླིང་བཞིར་བཀྲ་ཤིས་བརྗོད། །གཏི་མུག་ཡིད་བཞིན་རིན་ཆེན་པྲ་མ་ཏི། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས། །བུད་མེད་ཆགས་ཚུལ་དབང་མཛད་བཀའ་ཟློག་མ། །ཆགས་ པའི་སྐྱོན་བྲལ་ཏེ་ཆེན་རེའུ་ཏྲི་མ། །ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ། །འབྲེལ་བའི་ཐུགས་རྗེས་སེམས་ཅན་ཀུན་ལ་གཏོགས། །ཕྲིན་ལས་རྒྱ་མཚོ་སྒྲོལ་བའི་བཞེད་ཆེན་ཅན། །འཁོར་བའི་རྒྱུད་གཅོད་དྲག་མོ་པོ་སྣ་བེ། །འདུ་ཕྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་ མཁྱེན། །རྟག་པར་གཞོན་ཚུལ་འཁོར་བ་ཇི་སྲིད་བཞུགས། །ཉོན་མོངས་ཐ་བ་འབིགས་པའི་མདུང་ཐུང་འཕེན། །གཞོན་ཚུལ་ཆགས་པས་དབང་མཛད་གོའུ་རི། །རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད། །ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་ཞིང་། །མཚོན་སྦྱིན་བརྒྱ་ མཛད་མི་དམིགས་སྐུ་དཀར་མདོག །གསོད་བྱེད་རྡོ་རྗེ་འབེབས་བྱེད་ཨིན་དྲ་མ། །བྱམས་དང་ཐུགས་རྗེས་དབང་མཛད་སྐུ་མདོག་དམར། །བྷན་དྷ་སྣོད་ཡངས་བཅུད་ཀྱི་ཁྲག་མཚོ་ལ། །རྔམ་པའི་ཞལ་དུ་དུག་གསུམ་ཟ་བྱེད་མ། །སྡུག་བསྔལ་དབྱིངས་སུ་སྐྱོངས་མཛད་ པི་ཀ་ལམ། །སེམས་ཅན་གདུལ་ཐབས་ཁྲོ་བོ་མཆོག་ཏུ་མཁྱེན། །མུན་སེལ་སྒྲོན་འབར་བདུད་ཀྱི་ནད་གསོས་མཛད། །འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང་། །ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲྀ་ཏ། །ཞི་བའི་ལས་ནི་གསོད་པའི་མཆོག་ཏུ་ མཁྱེན། །ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ། །གདུང་བའི་ནད་སེལ་འཇིག་རྟེན་སྒྲོལ་མཛད་ཅིང་། །གཏན་མཆོག་ཐམས་ཅད་སྟོབས་བྱེད་སེའུ་མྱ་ལ། །དབྱུག་པ་འཚོག་པ་འདྲ་བ་གཞན་མེད་མཁྱེན། །ཐབས་ཀྱིས་མ་རྨོངས་ཕྲིན་ལས་ལྗང་གུའི་ མདོག །ནན་དབང་དྲག་ཤུལ་འཚོག་པའི་དབྱུག་ཏོ་བསྣམས། །དྲེགས་བྱེད་སྤྱི་ནས་འཇོམས་མཛད་ད་ན་ཧམ། །ལོག་པར་ལྟ་བ་འཇིགས་བྱེད་སྤྱན་གྱི་མཆོག །སྐྱེ་བ་འཕྲོག་བྱེད་སྐྱེ་རྒྱུན་ཁྲག་མཚོ་གསོལ། །ལས་མཛད་ཆགས་པ་གསེར་གྱི་རྐེད་ཆིངས་ཅན། །དྲག་མོ་རྔམ་ ཚུལ་གློག་འགྱུ་རཀྵ་སི། །ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས། །སྙིང་རྗེ་རྒྱུན་སྐད་བ་སུ་ཞགས་པ་ཡིས། །ཆགས་མེད་ཞིང་དུ་ཁམས་གསུམ་ཀུན་འདྲེན་མ། །རྒྱུན་གྱིས་ཐུགས་རྗེས་སྒྲོལ་མཛད་བཀྵ་སི། །འཚོག་པ་དབྱུག་པས་འཆང་བའི་མཆོག་ཏུ་མཁྱེན། ། གཏུན་བུས་གདུག་པ་མ་ལུས་འཇོམས་མཛད་མ། །ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ། །སྟོང་གསུམ་ནོར་གྱིས་རྒྱས་མཛད་རལ་གྲི་མ། །ར་རོ་འདྲ་བར་དཔའ་བོ་གཞན་མེད་མཁྱེན། །ཆོས་རྣམས་གཉིས་མེད་དོན་རྟགས་རྟག་ཏུ་མྱོས། །ཉོན་མོངས་ཐ་བ་བཟློག་པའི་གཤོལ་ བསྣམས་ཤིང་། །དགེ་བའི་ལོ་ཏོག་སྐྱེད་མཛད་རུ་ཏི་རམ། །བརྟན་པ་ཙམ་གྱིས་གཞན་ཕམ་དཔའ་བོ་མཆོག །མ་ལུས་གསོད་བྱེད་ལས་ལ་འཇུག་མཛད་ཅིང་། །བསྙེངས་པ་མི་མངའ་འགྲོ་དོན་གཅིག་པུ་སྤྱོད། །གསོད་བྱེད་འདྲ་མཛད་ཨེ་ཀ་ར་ཙ་མ། །བུད་མེད་ཆགས་པས་འགྲོ་བ་ དབང་དུ་བྱེད། །ཐམས་ཅད་མ་ལུས་མགུ་བྱེད་དགེ་བའི་ལས། །འདོད་ལྷའི་མདའ་འཕེན་སྲིད་གསུམ་ཡིད་འཕྲོག་མ། །ཐུགས་རྗེས་ཞེན་པའི་མ་ནོ་ཧ་ར་མ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང་། །གདོན་རྣམས་བསྒྱུར་བའི་ལས་མཛད་སྒོ་གཏོང་ཅན། །མི་ཟད་ནོར་ གྱི་གཏེར་ལྡན་བུམ་པ་འཛིན། །སྡུག་བསྔལ་རེ་སྐོང་ཐག་ཐུག་སི་ཏི་ཀ། །རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག །སྲིད་གསུམ་དབུགས་ཀྱི་སྲོག་སྦྱིན་ཚེ་འཕེལ་མ། །བདེར་གཤེགས་རས་རྒྱུས་སེམས་ཅན་སྒྲོལ་མཛད་ཅིང་། །ཁམས་གསུམ་གནས་ནས་སྐྱོན་མཛད་པ་ ཡ་བེ། །སྙིགས་མ་ལྔ་ལྡན་ལྔ་བརྒྱའི་ཐ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ། །གསད་པ་ཉིད་ལ་ལས་ཀྱིས་འདུལ་བར་མཛད། །སྡུག་བསྔལ་དབྱིངས་སུ་གསོལ་མཛད་མ་ར་ན། །གཟི་བརྗིད་ཅན་དེ་མེ་ཡི་ཁམས་ཏེ་མཆོག །འབར་བ་མཆོག་གིས་ གདུག་པ་མ་ལུས་བསྲེགས། །ཟ་བྱེད་བསྐལ་བ་དུས་མཐའི་ཚུལ་སྟོན་པ། །ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨག་ན་ཡེ། །མཆེ་བ་དག་པས་སྐྱེ་བཞི་རྩད་གཅོད་བཞུགས། །ཉན་ཐོས་ཐ་བ་ཟློག་མཛད་ཕག་གི་དབུ། །འོག་གི་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྤོར། ། སྐྱེ་བཞི་རྩད་གཅོད་ཟ་བྱེད་བ་ར་ཏི། །འཆི་བདག་ཐམས་ཅད་གནས་ནས་མ་འཕོས་མཁྱེན། །ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད། །དམ་ཚིག་བསྲུང་བའི་འཆི་བདག་ཟློག་མཛད་ཅིང་། །ལུང་གི་དུར་ཁྲོད་དབང་མཛད་ཛ་མུན་ཏི། །འཇིགས་ལས་ལྷགས་པའི་ གྲགས་ནི་གཞན་མེད་མཁྱེན། །སྟོང་ཕྲག་བརྒྱད་ཅུ་གྲགས་ལ་མངའ་མཛད་ཅིང་། །སྣ་ཆེན་གླང་སྣ་བདུད་རྩི་གིའུ་ཝང་མཐོང་། །སྡུག་བསྔལ་ནད་གསོས་མཛད་པའི་བུ་ཏ་མ། །ཆུ་ལས་ལྷག་པའི་ནོར་ནི་གཞན་མེད་མཁྱེན། །ནོར་གྱི་ཚོགས་རྣམས་མ་ལུས་འཕྲོག་མཛད་ཅིང་། ། གདུག་པ་འདུལ་ཕྱིར་དུག་གཏོང་སྦྲུལ་ཞགས་བསྣམས། །ཞི་གནས་ཏིང་འཛིན་དབང་སྡུད་བ་རུ་ན། །འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག །སྲིད་གསུམ་འཇོམས་མཛད་ཏྲི་ཤཱུལ་གདེངས་པོ་བསྣམས། །ཐུགས་རྗེ་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་ བསྣམས། །འཁོར་བར་ཐུགས་རྗེས་ཤར་བའི་ཀ་མ་ལ། །ཆགས་པའི་ཐུགས་རྗེས་དོན་མཛད་ར་མགོ་ཅན། །བྱམས་པའི་ཞགས་པ་འཁོར་བའི་རྒྱུད་འཛིན་ཅིང་། །གང་ལ་ཅི་འདུལ་དེ་ལ་དེས་སྟོན་པ། །ཡོན་ཏན་ཚོགས་རྫོགས་རེ་སྐོང་ཙ་ཀ་ལམ། །སྟོན་པའི་བཀའ་དང་ རང་གི་དམ་བཅའ་གཉིས། །མི་འདའ་མ་གྲུབ་རབ་ཏུ་བརྟན་པར་བཞུགས། །དམ་ཚིག་སྒྲོག་གིས་སེམས་ཅན་འདུལ་མཛད་ཅིང་། །མ་རིག་ནུབ་མཛད་ཀུམ་པ་ཀ་རྣམ་འཕྲུལ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་མཐའ་ཀླས་པ། །སྟོང་པའི་སྒྲས་བསྐུལ་འགྲོ་བའི་ རྒྱུད་ལ་འབེབས། །སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་པ། །མ་ཆགས་བྱང་མཛད་ལམ་པོ་དྷ་ར་མ། །དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་བཟླས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང་ གསུང་དང་ཐུགས་རྡོ་རྗེ་ལས་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དབང་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པདྨ་འདབ་མ་བརྒྱད། པདྨའི་ལྟེ་བ་ལ་རག་ཏའི་མཎྜལ་བྱས་ཏེ། དབུས་སུ་བཛྲ་ཧེ་རུ་ཀ །ཤར་དུ་བུད་ དྷ་ཧེ་རུ་ཀ །ལྷོར་རད་ན་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །མཚམས་བཞིར་ཁྲོ་མོ་དབང་ཕྱུག་མ་བཞི། །དེའི་ཕྱི་རིམ་སྣམ་བུ་ལ་གོའུ་རི་མ་བརྒྱད། །དེའི་ཕྱི་རིམ་ལ་སིང་ཧ་མ་བརྒྱད། །སྒོ་བཞི་དང་སྒོ་ཁྱུད་དང་བཅས་པ། །ཞིང་གི་རྒྱལ་ མཚན། །རས་ཆེན་གྱི་འཕན་གདུགས། ཙིཏྟའི་ཐོག །མཾ་སའི་བླ་རེས་དེ་ནས་བཅོམ་ལྡན་འདས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམས་ཏེ། །ཡུམ་ཀུན་དུ་བཟང་མོས་རང་གིས་མཐའ་ལ་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཉིད་ལས་མི་ གཞན་པའི་འཁོར་རྣམས་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བྱང་ཆུབ་སེམས་ཉིད་སྒོམ་པའི་དབང་། །དབྱིངས་དང་དབྱིངས་ཀྱི་དཀྱིལ་འཁོར་འདིར། །སེམས་ཉིད་རྟོགས་པའི་ཐིག་བཏབ་སྟེ། །དེ་རུ་སློབ་མ་བསྐུར་བར་བྱ། ། ཆོས་རྣམས་ཐམས་ཅད་བརྟག་པར་དཀའ། །བརྗོད་པའི་ཐ་སྙད་ཀུན་ལས་འདས། །ད་ལྟར་ས་གསུམ་གནོན་པ་ནི། །སེམས་ཅན་ནང་ན་མི་ཡིན་ཏེ། །སངས་རྒྱས་མིས་ནི་བསྒྲུབ་ཐག་ཉེ། །བྱང་ཆུབ་སེམས་དེའི་དོན་རྟོགས་ནས། །འབྲས་བུ་ཡང་དག་མངོན་དུ་འཆར། །དེ་ལས་ཀྱང་ནི་མ་གཏོགས་པ། ། དེ་ལས་སངས་རྒྱས་གཞན་ན་མེད། །སེམས་ཉིད་དངོས་པོ་དེ་ལས་མེད། །བསྟན་ཅིང་ཡང་ནི་རྟོགས་པར་དཀའ། །བསྒོམ་པའི་དངོས་གཞིའང་དེ་ལས་མེད། །སེམས་ཀྱིས་བརྟག་པར་དཀའ་ན་ཡང་། །ཚིག་གིས་འདི་ཡིན་བསྟན་དཀའ་ཞེས། །སངས་རྒྱས་བྱང་ཆུབ་སེམས་ཉིད་འདི། ། དེ་རིང་ཁྱོད་ལ་བསྐུར་བར་བྱ། །བོ་དྷི་ཙིཏྟ་ཧཱུྃ། ཕྱི་ཡི་ཚུལ་དུ་རྟོགས་འགྱུར་ན། །སེམས་ལ་སྲིད་པ་ཐམས་ཅད་ཆུབ་པར་འགྱུར། །ནང་གི་ཚུལ་དུ་རྟོགས་འགྱུར་ན། །སེམས་ལ་སྐུ་གསུང་ཐུགས་ཀྱང་འཕྲུགས་པར་གནས། །གསང་བའི་ཚུལ་དུ་སྣང་བ་ཐམས་ཅད་ནི། །ཡུམ་ ཆེན་ཀུན་དུ་བཟང་མོ་ཞེས་ཀྱང་བྱ། །སེམས་ནི་སྣང་བ་ཤར་བའི་ཡེ་ཤེས་ཡིན། །གཉིས་སུ་མེད་པར་རྟོགས་ན་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །བཛྲ་ཙིཏྟ་ཧཱུྃ། མངོན་པའི་སངས་རྒྱས་ཆེ་བ་ཡུམ་ཆེན་ཀུན་དུ་བཟང་། །བདག་ཉིད་ཆེན་པོ་སངས་ རྒྱས་ཀུན་དུ་བཟང་པོ་ནི། །ཡབ་ཡུམ་གཉིས་སུ་མེད་པར་གྱུར་པ་ལས། །བྱང་ཆུབ་སེམས་ཉིད་བདེ་བ་ཆེན་པོ་ཡིན། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་བདེ་བ་ཆེན་པོ་ནི། །ཡུམ་དང་སེམས་ཉིད་གཉིས་སུ་མེད་པ་ཡིན། །རྡོ་རྗེ་སེམས་ནི་ཡེ་ནས་མི་འགྱུར་ཏེ། །སྐྱེ་འགག་མེད་པའི་སེམས་ ཉིད་དོན་ཡིན་ཏེ། །སེམས་དཔའ་ཡི་ནི་བདུད་བཞི་མེད་པའི་དོན། །ཀུན་དུ་ཁྱབ་ཅིང་བདལ་བ་དཔག་ཏུ་མེད། །ཐམས་ཅད་མན་ངག་ལ་ནི་ཐམས་ཅད་རྟེན། །གདོད་ནས་འཚང་ནི་རྒྱ་བའི་ཆེ་བར་གསུངས། །ཕྱི་ནི་སྣོད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །འབྱུང་བ་ལྔ་ལས་ སངས་རྒྱས་གཞན་ན་མེད། །ནང་ནི་བཅུད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །སེམས་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བསྡུ་བའི་གནས་སུ་ངེས་པ་མེད་ཅེས་བྱ། །རང་འབྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་ལས་འདས། ། སེམས་ལ་དངོས་པོ་མེད་ཅིང་གཟུང་དུ་མེད། །གནས་ནི་ཡུམ་གྱི་བྷ་ག་ཡ་ཏི་སྟེ། །རྣམ་པར་མི་རྟོག་ཆོས་ཉིད་སྟོང་པར་གསལ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རིག་པ་རྙེད་པ་དག་ལ་ཤིན་ཏུ་གསལ། །བྱང་ཆུབ་སེམས་ཀྱི་དངོས་གཞི་མ་གཏོགས་ པ། །སངས་རྒྱས་གཞན་ན་མེད་ཅེས་འབྱུང་བ་ཡང་། །མི་རྟོག་པའི་ལྟ་བ་མི་བསླད་པའི་ཡེ་ཤེས་ཏེ། །མི་གཏོང་བའི་སྤྱོད་པ་མི་འགྱུར་བའི་སེམས་ཉིད་ཡིན། །མི་འདའ་བའི་དམ་ཚིག་མི་འབྲལ་བའི་གཟུངས། །མི་གཡོ་བ་ཡི་ཆོས་ཉིད་དབྱིངས་དག་པས། །བྱང་ཆུབ་ སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེ། །མཐོ་རིས་སྲིན་མོ་ན་རག་དམྱལ་བ་ཀུན། །མཉམ་པའི་དོན་དང་རིག་པ་གཉིས་མེད་པས། །འདི་དང་ཕྱི་མའི་དོན་དུ་བསྒོམ་པར་བྱ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་ རོ། །མཛོད་གསུམ་སྟོན་པ་སངས་རྒྱས་ཀུན་གྱི་རྗེ། །ཕྱི་མའི་དོན་དུ་སྲིད་པའི་གནས་འགྲོ་བས། །ནང་གི་ཚུལ་དུ་གནས་ནི་རྟོགས་འགྱུར་ན། །སྐུ་གསུང་ལུས་ངག་ཡིད་གསུམ་གནས་གྱུར་ན། །དེ་ཡང་གསང་བའི་གནས་སུ་རྟོགས་པར་བྱ། །ཀུན་གཞི་ཡིད་དང་རྣམ་ཤེས་ ཡིད་དང་གསུམ། །གསང་བའི་མཛོད་གསུམ་ཡིན་པས་བསྐུར་བར་བྱ། །དེ་ལ་སེམས་ཀྱི་གཟུགས་ནི་ཅི་འདྲ་བ། །ཙིཏྟའི་དབྱིངས་ནས་འོད་ནི་ཚོན་གང་འཕྲོ། །དཀར་སེར་སྣུམ་ལ་འདྲིལ་བ་གཅིག་ཏུ་གནས། །ལས་འཕྲོ་ལེན་ལས་གཞན་ནི་ལེན་པའི་ ཚེ། །སེམས་ནི་རྟ་དགུག་ཉིད་རྒྱུ་བ་ཡིས་འདུས། །མི་ཆགས་མི་འཁོར་བ་ཡི་དོན་དེ་ནི། །འོད་དང་བཅས་པ་ཚོན་གང་གསལ་བར་བསྒོམ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རྟག་པ་ཆེན་པོ་རྣམ་སྣང་མཛད། །མི་བསྐྱོད་པ་ནི་སེམས་ཀྱི་མཆོག ། བདག་གི་ལུས་ནི་རྟག་པ་སྟེ། །བདག་གི་གསུང་ནི་འགྱུར་བ་ཡིན། །བདག་གི་སེམས་ནི་མི་བསྐྱོད་པ། །སེམས་ཉིད་དུས་གསུམ་འགྱུར་བ་མེད་པར་གསུངས། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཐིག་ལེ་ཆེན་པོ་དགུ་ཡི་ལུང་བསྟན་པ། །མན་ངག་ གཉེར་ཆེན་རྣམ་ཤེས་ཚོགས་དགུ་སྟེ། །ཡིད་ཀྱིས་རྣམ་ཤེས་ལས་འཕྲོ་ལེན་པའི་དོན། །རྣམ་པར་ཤེས་པའི་བྱང་ཆུབ་སེམས་ཉིད་འདི། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །མེད་པའི་ཕྱལ་པ་དང་ནི་གཅིག་པུ་ལྷུན་གྱིས་རྫོགས། །སངས་རྒྱས་ཀུན་གྱི་རྗེ་ བཙན་བསྐལ་པར་མི་ཉམས་རྡུལ་ཙམ་མེད། །རིག་པའི་རྒྱལ་པོ་རྡོ་རྗེ་རང་དབང་ལས། །གཞན་ནས་སངས་རྒྱས་བཙལ་གྱུར་ཀྱང་། །བཙལ་ཀྱང་རྒྱལ་བ་མི་རྙེད་དོ། །ཐམས་ཅད་འགྱུར་མེད་བྱང་ཆུབ་སེམས་དཔའ་ལས། །མ་གཏོགས་གཞན་ན་མེད་ཅེས་བྱ་བར་ གསུངས། །བྱང་ཆུབ་སེམས་ཉིད་མཉམ་པར་ཁྱབ་བདལ་ཏེ། །བདག་དང་གཞན་དུ་མེད་པར་རྟོགས་པ་ལ། །དེ་ལྟར་སུས་རྟོགས་སྐྱེས་བུ་གཅིག་པུ་ཡིན། །ལྷུན་གྱིས་རྫོགས་པ་ཞེས་ཀྱང་དེ་ལ་བྱ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །དྲན་པའི་སེམས་ ཅན་སེམས་ཀྱི་རང་བཞིན་ནི། །དཀར་འཚེར་སྣུམ་ལ་འདྲིལ་བས་བྱང་ཆུབ་སེམས། །མཛངས་པ་ཟིན་པོ་སེམས་ཤེས་དེ་ལ་བྱ། །བླུན་པོ་བྱོལ་སོང་སེམས་ནི་ན་བུན་དུད་པས་འདྲེས། །སེམས་གནས་ཕུང་པོ་ཙིཏྟའི་དབྱིངས་དཀྱིལ་ན། །འོད་ཀྱི་ཐིག་ལེ་དཀར་འཚེར་ གནས་པ་ནི། །ང་དང་བདག་ཏུ་འཛིན་པའི་སེམས་དེ་ནི། །ཏི་དང་ར་དང་ནས་བཏགས་ཞབས་འཁྱུད་རྣམས། །གུ་གུ་ཟླ་ཚེས་དག་ཏུ་གནས་གྱུར་ཏེ། །མི་ལས་སངས་རྒྱས་དག་ཏུ་གནས་བསྒྱུར་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ས་བོན་འདི། །བདག་གིས་མ་ ཡེངས་བརྗེད་བྲལ་མེད་པར་འདི་བསྒོམས་ན། །སངས་རྒྱས་འབྲས་བུ་ཡང་དག་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་ཆུན་དེ་ལས་གཞན་མེད་དོ། །རྣལ་འབྱོར་དམ་ཉམས་གཞན་གྱིས་མི་སྐོངས་ ཀྱིས། །བདག་གི་སེམས་ཉིད་ཀུན་ཏུ་བཟང་པོའི་ངང་གྱུར་ན། །བྱ་ཙ་དང་ནི་བྲལ་ཞིང་འདས་པ་ཡིན། །འཁོར་བ་དང་ནི་མྱ་ངན་འདས་པ་ཡང་། །ང་དང་བདག་ཏུ་འཛིན་པ་དབྱེར་མེད་མཉམ་པ་ཆེན་པོ་དང་། །དེ་ལ་སངས་རྒྱས་གང་ནས་བཙལ་ཀྱང་རྒྱལ་བས་རྙེད་པར་མ་ གསུངས་སོ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །གླང་པོ་དཔལ་གྱི་ཐུགས་ཀ་ནས། །ལྕགས་ཀྱི་ཟེར་ཆེན་བཞི་འཕྲོས་ཏེ། །གླང་པོ་དཔལ་ཆེན་ཧེ་རུ་ཀའི། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། །འོད་ཟེར་དགུ་འཕྲོས་ གདུག་པ་མ་ལུས་བཅོམ། །འགྲོ་བ་མཐའ་དག་རྣམས་ཀྱི་དོན་བྱས་ཏེ། །བདག་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་། །ཀུན་གཞི་སྙིང་ལ་འདུས་པའི་ཧེ་རུ་ཀ། །དེ་ལྟར་ལགས་པས་རྟོགས་ན་བྱང་ཆུབ་སེམས། །གང་ནས་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ། །བྱང་ ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །བདག་མེད་ཁམས་ཀྱི་སྣོད་གང་དུ། །རྒྱ་ཆེ་གསལ་བའི་ཁམས་བཀང་སྟེ། །རེ་དོགས་མེད་པར་ཕུང་འགྲོ་ཡང་། །ཉམ་ང་མེད་པར་ལམ་གྱི་མཆོག །གཟའ་གཏད་མེད་པས་དོན་དུ་བདེ། །དེ་བས་རང་སེམས་བགྲོད་ པའི་ས། །བྱང་ཆུབ་སེམས་ནི་ཡངས་ཤིང་རྒྱ་ཆེ་སྟེ། །དེ་བས་བདག་གིས་ལུས་རྟོགས་ན། །སྣོད་བཅུད་ལ་སོགས་རྟོགས་པའི་སྐྱེས་མཆོག་རྣམས། །ཤེས་གསལ་བློ་ལྡན་རྣམས་ལ་ཡེ་ནས་རྙེད་པ་གསལ། །བླ་མའི་རྒྱུད་མཆོག་དེ་ལ་ཡོད་ཅེས་གསུངས་ཏེ་རྫོགས། ། རྫོགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བསྒོམས་པས་རྙེད་པར་མི་འགྱུར་མ་བསྒོམས་སྟོང་བྲལ་མེད། །ཐུགས་ནས་ཞལ་དུ་བྱུང་བ་འགྲོ་བའི་དོན་དུ་གསུངས། །རྣ་རྒྱུད་སྟོན་པས་ཐུགས་བརྟོལ་ཏེ། །ལུས་དང་སེམས་ལས་མ་གཏོགས་ བསྒོམ་དུ་མེད། །བསྒོམས་ནས་སེམས་ཉིད་གཞན་ནས་བཙལ་ཡང་རྙེད་པར་མ་གསུངས་སོ། །དུས་གསུམ་རྒྱལ་བས་ཡེ་ནས་མ་བཅོས་ཏེ། །རང་སེམས་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ། །ཆོས་ཉིད་བསྒོམ་པར་བྱ་བ་གང་ཡང་མེད། །མན་ངག་ཤེས་རབ་སྦྱིན་ ཆེན་དེས་གསུངས་པས། །ལུས་དང་སེམས་ལས་མ་གཏོགས་ན། །བདག་གི་སྐུ་གསུང་ཐུགས་ལ་ཚང་བར་གནས། །གལ་ཏེ་བརྗོད་པའི་མཐའ་བཞི་ཡོད་ན་ནི། །དོན་རྫོགས་སྒོམ་པ་པོ་ཡང་ཡོད་པར་གྱུར། །ལུས་སེམས་སྐྱེ་བ་མེད་བདེན་པས། །བསྒོམ་དུ་མེད་པར་ འཇོག་པ་གང་། །དོན་ཀུན་རྫོགས་ཤིང་ཆུབ་པར་དེར་གནས་སོ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཟླ་གསང་དཀར་དམར་རླུང་ཀ་ལྕི། །ཟླ་བ་ཤེས་རབ་གསལ་བ་ཐབས་ཆེན་ཏེ། །ཐིག་ལེ་བྱང་ཆུབ་སེམས་ཉིད་དཀར་ལ་འཚེར་བ་ཡི། །དམར་ བ་ཡུག་གི་རཀྟ་བྱང་ཆུབ་སེམས། །རླུང་ལ་ཤོར་དུ་མི་རྩལ་ཐིག་ལེ་སྒྲོམ་དུ་སྦ། །དེ་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །མན་ངག་ཚུལ་དུ་ཟླ་བའི་གཟུགས་ཡིན་ཏེ། །གསང་བའི་ཚུལ་དུ་ཡིད་ཀྱི་རྣམ་ཤེས་ཉིད་ཀྱང་ཟླ་བ་ཡིན། །ཐིག་ལེ་སེམས་ཀྱི་ རང་བཞིན་སྣུམ་ལ་འདྲིལ། །མན་ངག་ལེན་པར་བྱེད་པས་སེམས་ཀྱི་ཐིག་ལེ་ཡིན། །སེམས་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རང་འབྱུང་ཆེ་བའི་ཡེ་ཤེས་མི་འགྱུར་ལ། །ཆོས་ཉིད་རང་གིས་ གནས་པའི་རང་བཞིན་ལ། །དམིགས་བྲལ་ཏིང་འཛིན་རྒྱ་མཚོར་རབ་སྤྲུལ་ཏེ། །ཡིད་ནི་འཕགས་པའི་ལམ་ནི་གནས་པ་ནི། །ཕྲ་ཞིང་ཟབ་པ་བསྟན་དཀའ་རྒྱལ་བའི་སྐུ། །དྲན་པ་བྱེད་པའི་རྩོལ་དང་སྲོག་ཆགས་གསུམ། །ཀུན་གཞི་པདྨའི་ཡིག་འབྲུ་གསལ་བར་བྱེད། ། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རྒྱུ་ནི་སྐྱེ་བ་མེད་པས་རྣམ་པར་དག །འབྲས་བུ་འགགས་པ་མེད་པས་བྱང་ཆུབ་སེམས། །བྱང་ཆུབ་སེམས་དེ་སྐྱེ་མེད་ཡེ་ཤེས་དབྱིངས། །སྐྱེ་མེད་མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སེམས་ལ་རྡོ་རྗེ་སེམས་དཔའ་རབ་ཏུ་ བསྒོམ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ནམ་མཁའ་རྡོ་རྗེ་སྣང་བ་སྟོན་པའི་སངས་རྒྱས་སོ། །ས་རྡོ་རྗེ་ཆོས་ཉིད་ཡེ་ནས་གནས་པའི་སངས་རྒྱས་སོ། །མེ་རྡོ་རྗེ་ཆོས་ཉིད་རིན་པོ་ཆེའི་སངས་རྒྱས་སོ། །ཆུ་རྡོ་རྗེ་སྙིང་རྗེ་ ཆེན་པོས་བརླན་པའི་སངས་རྒྱས་སོ། །རླུང་རྡོ་རྗེ་འདོད་པ་སྒྲོལ་བའི་སངས་རྒྱས་སོ། །འབྱུང་བ་བཅོམ་ལྡན་འདས་ཀྱིས་དབང་བསྐུར་རོ། །དངོས་གྲུབ་སྩོལ་བ་རྣམ་གཉིས་ཏེ། །ངེས་པའི་ལུང་དང་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ལས་མངའ་བརྙེས་ནས། །གང་ལྟར་བསྒྲུབ་ ཀྱང་དབྱིངས་ཀྱི་དོན། །ཆོས་ཀྱི་དབྱིངས་ལ་འཆར་བ་དང་། །དབང་ཆེན་དབང་སྒྱུར་འཆི་བ་མེད། །སྤྲུལ་པ་ཀུན་དུ་བཟང་པོ་ཉིད། །སྒྲིབ་དང་འཆི་བར་མི་འགྱུར་རོ། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །ལྷུན་གྱིས་གྲུབ་པའི་དབང་ཆེན་ནི། །དེ་ཡང་ས་གསེར་ཟླ་བ་མེད། ། གསེར་དང་འདྲ་བའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ས་ཞེས་བྱ། །ཟླ་བ་མེ་དང་འདྲ་བ་ཡིན། །བྱང་ཆུབ་སེམས་ཉིད་ཀུན་དུ་བཟང་། གསལ་ཞིང་དྲོ་ལ་ཉོན་མོངས་སྲེག །བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །དོན་ནི་དབྱིངས་དང་ཡེ་ཤེས་ཡིན། །ཡབ་ཡུམ་ གཉིས་མེད་རོལ་པ་ཡི། །རཀྟ་བྱང་ཆུབ་སེམས་དཀྱིལ་ན། །མ་སྐྱེས་རྫོགས་པའི་ཧེ་རུ་ཀ །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཡོན་ཏན་ཕྲིན་ལས་རྫོགས་མཛད་པ། །གསང་བའི་དོན་གྱིས་དབང་བསྐུར་རོ། །གསང་བ་ཡུམ་ཆེན་ཀུན་དུ་བཟང་། །རཀྟ་བྱང་ཆུབ་སེམས་ དཀྱིལ་ན། །མ་ཧཱ་སུ་ཁའི་དཀྱིལ་འཁོར་དབྱིངས། །སེམས་ཀྱི་ཐིག་ལེས་ཐིག་བཏབ་སྟེ། །དཀྱིལ་འཁོར་ཟླུམ་པོ་འཁྱིལ་བ་ལ། །ཆོས་ཀྱི་དབྱིངས་ལས་སྤྲོས་པའི་སྐུ། །དོན་གྱི་དབྱིངས་ནས་ལྷ་དང་ལྷ་མོ་དགོད། །ངེས་པའི་དོན་གྱིས་དབང་བསྐུར་རོ། །ང་དང་རང་བཞིན་བདག་ ཉིད་ཆེན་པོ་སྟེ། །ལྷུན་གྱིས་རྫོགས་དང་སྤྲོས་པ་མེད་པ་ཡི། །ཐུགས་ཀྱི་དཀྱིལ་ནས་འབྱུང་བ་རིགས་ཀྱི་སྲས། །ཀུན་དུ་བཟང་པོ་ཡུམ་དང་དོན་གྱི་ཐབས་ཆེན་ལས། །མན་ངག་དང་བཅས་པ་ཡི་ཡེ་ཤེས་སྙིང་པོའི་དོན། །བཅོམ་ལྡན་གསང་བའི་མཆོག་གི་དཀྱིལ་ འཁོར་ན། །དཔལ་ཆེན་ཀུན་དུ་བཟང་པོ་ཡེ་ཤེས་ཏེ། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །དཀྱིལ་འཁོར་མ་ཧཱ་ས་ཁའི་གནས། །མ་ཧཱ་སུ་ཁའི་དབྱིངས་ཉིད་ན། །བྱང་ཆུབ་སེམས་ཉིད་དེ་ཁོ་ན། །ཡེ་ཤེས་ཆེན་པོ་ལྷུན་གྱིས་རྫོགས་ནས་གནས། །མ་ཧཱ་སུ་ཁ་ གསང་བ་ཆེན་པོ་འདི། །དོན་དང་ལྡན་ཏེ་ཀུན་དུ་བཟང་པོ་ཡིན། །ངང་ལས་མ་གཡོས་ཀུན་དུ་བཟང་པོ་ནི། །གཉིས་སུ་མེད་པར་རྣམ་པར་དག་པའི་ཕྱིར། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །ཡུམ་གྱི་ནགས་ཚལ་ཆེན་པོ་འདུལ་མེད་དུ། །རྟག་ཏུ་ མཉམ་པ་ཉིད་ཀྱི་ངང་དུ་བཞུགས། །ངང་ནི་དུས་གསུམ་བཞུགས་ཤིང་རང་བཞིན་འགྱུར་བ་མེད་པ་ཡིན། །བདག་ཉིད་འདུས་མ་བྱས་པས་སྐྱེ་བ་མེད་པར་ལྷུན་གྱིས་གྲུབ། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །སྲིད་པ་བྱང་ཆུབ་སེམས་སུ་མ་བཅོས་ ཐིག་ལེར་ཟླུམ། །སྔར་འདས་དང་ལྡན་བཞུགས་དང་ཕྱིས་འབྱུང་བའི། །སེམས་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས། །ཉོན་མོངས་དྲི་མ་ཡེ་ནས་མེད་པའོ། །ཡེ་ནས་སངས་རྒྱས་མ་སྐྱེས་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཉིད་གསང་བའི་དབང་བསྐུར་ རོ། །དཔལ་ཆེན་ཀུན་དུ་བཟང་པོ་དབྱེ་བ་མེད་པའི་དོན། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས་སྤྲུལ་པ་མང་པོ་འཕྲོ། །ལྷག་པའི་ཡེ་ཤེས་བྱེ་བྲག་གཅིག་འདུའོ། །ཕྱག་རྒྱ་འགྱུར་བ་མེད་པ་རྒྱན་གྱི་ཕྱག་རྒྱའོ། །སྐུ་ནི་ཐམས་ཅད་ཆོས་ཀྱི་སྐུ་རུ་འདུས། །ལམ་ནི་ཐམས་ཅད་ རོལ་པས་ཆུབ་པའོ། །ཡུམ་གྱི་དབྱིངས་ཆེན་རང་བཞིན་རྣམ་པར་དག །ཟས་ནི་ཐམས་ཅད་བདུད་རྩི་ལྔ་ཡི་དོན། །སྤྱོད་པ་བྱ་བ་མེད་པ་ཆེན་པོའོ། །ཐུགས་ནི་རྟོག་པ་མི་མངའ་ས་ལེ་བའོ། །ལྡེམ་དགོངས་དོན་དམ་བྱང་ཆུབ་སེམས་ཀྱི་དོན། །བྱང་ཆུབ་སེམས་ཀྱིས་ དེང་འདིར་དབང་བསྐུར་རོ། །རྣར་བརྒྱུད་སྟོན་པས་ཐུགས་བརྟོལ་ཏེ། །ངེས་པའི་ལུང་དང་དོན་ཡང་སངས་རྒྱས་ཡིན། །སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ་བ་ཞེས། །བྱང་ཆུབ་སེམས་ནི་ཀུན་དུ་རྟག་པའི་དོན། །རྫོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད། །དབང་ མཆོག་འདིས་ནི་དབང་བསྐུར་རོ། །སྐུ་རྒྱན་འཁོར་ལོ་ལུང་ཆེན་ཟབ་མོ་ནང་ནས་གསལ། །ལྔ་བཞི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །ལྟ་བ་འདི་ལ་གནས་ཤིང་རྣལ་འབྱོར་སྐལ་བ་བཟང་། །བདེར་གཤེགས་ཀུན་གྱི་ཐུགས་དམ་ བྱང་ཆུབ་སེམས་ཀྱི་དོན། །དོན་དམ་དབང་མཆོག་འདིས་ནི་དབང་བསྐུར་རོ། །དབྱིངས་ནས་གསལ་ཤར་བདལ་བ་ལ། །ཐུགས་ཀྱི་དཀྱིལ་འཁོར་འབྱམ་རེ་ཡས། །རྫོགས་པའི་དཀྱིལ་འཁོར་ཡིད་ལ་ཐིམ། །འགྲེང་ལྡོག་སྤྱིའུ་ཚུགས་གར་འགྱུར་ཡང་། །གང་ ལྟར་བྱས་པ་བྱང་ཆུབ་སེམས་ཀྱི་དོན། །ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ། །མུན་ནག་ལངས་ཀྱང་ཁམས་གསུམ་གསལ། །ཡེ་ཤེས་ཁྲུས་ཀྱི་རྫིང་བུ་རུ། །དྲི་ལ་དག་པས་རྡུལ་མི་འགོ། །དབང་མཆོག་འདིས་ནི་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཉིད་ལས་ གཞན་པའི་འཁོར་རིགས་བཞིས་འཁོར་བའི་ཕྲ་མེན་མ་དང་། ཁྲོ་བོ་རྡོ་རྗེ་བཀའི་ཕོ་ཉ་རྣམས་ལ་བཀའ་སྩལ་ཏོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་རྣམས་སུ་གྲུབ་བྱའི་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཤེས་རབ་ཐབས་ ཀྱི་ཕྱག་རྒྱ་འཛིན། །རྣམ་གྲོལ་དག་པས་གསུང་སྐད་སྒྲོགས། །དྲིལ་བུ་འདི་ནི་སྒྲ་སྙན་གྱིས། །ཕྱོགས་བཅུ་ཀུན་དུ་སྒྲོགས་པར་བྱེད། །དབང་མཆོག་འདིས་ནི་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །རཀྟའི་མགོ་མ་ཡིན་གྱི་ས་བྱུགས་ལ། །དེ་རུ་ དཔལ་ཆེན་དགོད་པར་བྱ། །ཕྲ་མེན་འཁོར་དང་ཕོ་ཉས་བསྐོར། །དེ་རུ་སློབ་མ་གཞུག་པར་བྱ། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་ མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་དང་གསང་བ་གསུམ་གྱིས་བཀའ་སྩལ་ཏོ། །ཕྱིའི་དབང་རིན་པོ་ཆེ་སྣ་བདུན་ལ་སོགས་ཏེ་དབང་རྫས་ལྔ་བཅུ་རྩ་ལྔས་དབང་བསྐུར་རོ། །ནང་དབང་དཔལ་ཆེན་པོ་ ཡབ་ཡུམ་དང་། ཁྲོ་བོ་དང་ཕྲ་མེན་རྣམས་ཀྱི་ཕྱག་མཚན་གྱིས་དབང་བསྐུར་རོ། །གསང་དབང་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོ་ལས་དབང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱིས་ཀྱང་མཁྱེན་པའི་ཡེ་ཤེས་ལ་སྐུ་གསུང་ཐུགས་མངའ་བའི་རྟགས་སུ་དང་པོ་ཕྱག་རྒྱ་ཆེན་པོ་དྲུག་དང་ལྡན་པར་བསྒོམ་མོ། །དེ་ནས་ ཀུན་མཁྱེན་ཡེ་ཤེས་ཀྱིས་ཐབས་མཁས་པའི་ཐུགས་རྗེས་གོ་ཤག་གིས་བྱེ་ལ་ཀུན་དུ་སྣང་གི་ཏིང་ངེ་འཛིན་དུ་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་དུ་ཡི་གེ་ཧཱུྃ་མཐིང་ནག་ལས་སྐུ་སྨུག་ནག་འཇིགས་པའི་སྐུ། གསུང་གི་དྲག་ཤུལ་སྤྱོད་པའི་སྔགས། ཐུགས་ཏིང་ ངེ་འཛིན་ཧཱུྃ་མཐིང་ནག་ལས་འཕགས་པའི་སྐུར་བསྒོམ་མོ། །དེ་ནས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། འཁྱིལ་པའི་ཏིང་ངེ་འཛིན་དང་། མཉེས་ པ་ཆེན་པོའི་ཏིང་ངེ་འཛིན་དང་། གྲུབ་པ་རྫས་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ཚོགས་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་བཟའ་བའི་ཏིང་ངེ་འཛིན་དང་། བདུད་རྩི་བཏུང་བའི་ཏིང་ངེ་འཛིན་དང་། ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དང་། རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་གསལ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་དང་། བླ་ན་མེད་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་གསང་བའི་ཏིང་ངེ་འཛིན་དང་། དགྱེས་པ་ཆེན་པོའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་ཏིང་ ངེ་འཛིན་དང་། ཉོན་མོངས་པ་དང་བྲལ་བའི་ཏིང་ངེ་འཛིན་དང་། ཀུན་དུ་འདུས་པའི་ཏིང་ངེ་འཛིན་དང་། རྟོག་པ་འཇོམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཆེན་པོའི་ཏིང་ངེ་འཛིན་དང་། དབུ་མ་ཆེན་པོའི་ཏིང་ངེ་འཛིན་དང་། བདེན་པ་ཉིད་ཀྱི་ཏིང་ངེ་འཛིན་ དང་། སྒྲ་སྒྲོགས་པའི་ཏིང་ངེ་འཛིན་དང་། དམ་ཚིག་གི་ཏིང་ངེ་འཛིན་དང་། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང་། ཀུན་དུ་བཟང་པོའི་ཏིང་ངེ་འཛིན་དང་། འབར་བ་ཆེན་པོའི་ཏིང་ངེ་འཛིན་དང་། གཏུམ་པོ་རྔམ་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ ངེ་འཛིན་དང་། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་འགུགས་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལས་ཀྱི་ཏིང་ངེ་འཛིན་དང་། ཁྲག་འཐུང་ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྦོས་པའི་ཏིང་ངེ་འཛིན་དང་། སེང་གདོང་ཆེན་པོའི་ཏིང་ངེ་འཛིན་དང་། བཞད་གདོང་ ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་མཚོན་ཆའི་ཏིང་ངེ་འཛིན་དང་། རྡོ་རྗེའི་དུར་ཁྲོད་ཀྱི་ཏིང་ངེ་འཛིན་དང་། དྲེགས་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་ངོ་མཚར་གྱི་ཏིང་ངེ་འཛིན་དང་། བསྙེན་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་གཤེགས་པའི་ཏིང་ངེ་འཛིན་ དང་། འཐོར་བའི་ཏིང་ངེ་འཛིན་དང་། བརྒྱལ་བའི་ཏིང་ངེ་འཛིན་དང་། རྔམ་པར་བྱེད་པའི་ཏིང་ངེ་འཛིན་དང་། གློ་སྙིང་ནང་གྲོལ་འདྲེན་ཅིང་ཟ་བའི་ཏིང་ངེ་འཛིན་དང་། སྤྲུལ་པའི་ཏིང་ངེ་འཛིན་དང་། ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དང་། བྱིན་གྱིས་བརླབས་ཀྱི་ཏིང་ངེ་འཛིན་ དང་། མཆོད་པའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་རྒྱུད་གསང་བ་ཟབ་མོ་ལས་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་མཉེས་པ་ཆེན་ པོའི་མཆོད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ལ་མཆོད་པ་དམ་པ་ནི། ཐོག་མར་རྟོག་བསྒོམས་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་བའི་ འཇིག་རྟེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཆོད་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཏུང་དང་བཅའ་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་ དབུལ་བར་བྱ། །མཉེས་པའི་མཆོད་པ་ཆེན་པོས་རབ་ཏུ་མཆོད། །ཤ་ཆེན་དང་ནི་དྲི་ཆེན་དང་། །ག་བུར་རཀྟ་དྲི་ཆུ་དང་། །མ་ཧེ་རྟ་དང་ཁྱི་ཤ་དང་། །ན་གེ་གེ་རྒྱ་གཤོག་པ་ཅན། །འདི་དག་འཕགས་པའི་ཚོགས་ལ་དབུལ། །པདྨ་ཅན་དང་དུང་ཅན་དང་། །བ་ལང་ཅན་དང་རི་མོ་ཅན། ། འདི་དག་མཉེས་པའི་མཆོད་པར་དབུལ། །ཞིང་གི་རྒྱལ་མཚན་ཤ་ཆེན་ཏོག །རས་ཆེན་དག་གི་བླ་རེས་དང་། །ཞིང་གི་དབྱུག་པ་ཙིཏྟའི་ཏོག །ཏིལ་མར་དག་ཏུ་བཅས་པ་རྣམས། །འདི་དག་མཆོད་པར་དབུལ་བར་བྱ། །མཉེས་པའི་མཆོད་པས་རབ་མཆོད་ན། ། ཐམས་ཅད་མ་ལུས་མངོན་སངས་རྒྱས། །ཕྱི་ཡི་མཆོད་པ་དང་ནང་གི་མཆོད་པའོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་མཆོད་པ་གསང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ ཕྱུང་ངོ་། །བླ་མེད་མི་སྤང་བ་དང་། བླ་མ་བཀུར་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་འཆད་པ་དང་། ཡང་དག་པའི་ལམ་ལ་ཞུགས་པ་དང་། གསང་བའི་དོན་དུ་མི་སྨྲ་བ་དང་། རྩ་བ་ལྔ་དང་སྒྲུབ་པ་དང་། བསྲུང་བ་དང་། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་དག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཆེན་ཤ། །དག་པའི་སྣོད་བཅུད་མི་འདོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་མ་ཉམས་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ནི། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤོང་མི་ འདོར་གཉིས་པོ་ན། །ཡན་ལག་དམ་ཚིག་འདའ་དཀའ་བའོ། །མཉམ་ལ་མཉམ་པར་སྦྱོར་བ་ནི། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་གྱུར་ནས། །འདས་ན་སངས་རྒྱས་མ་ཡིན་ནོ། །རྩ་ཉམས་པ་ཡི་ཕྱལ་བ་དག །གསོ་ལ་ཉེ་བར་ མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །རྩ་བའི་དམ་ཚིག་ཉམས་འགྱུར་ན། །བསྒྲུབ་པ་ཐམས་ཅད་ཉམས་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་འགྲོར་ལྟུང་། །དམ་ཚིག་རྣམས་ནི་རྡོ་རྗེ་སྟེ། །སངས་རྒྱས་རྣམས་ཀྱི་བདག་ཉིད་ཡིན། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལ་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལ་བཅུ་ ཕྲག་གཉིས་སུ་མེད། །བསྲུང་བར་བྱ་བ་དང་མི་སྤང་བ་བརྒྱ་ཉི་ཤུ། དང་དུ་བླང་བ་བརྒྱ་ཉི་ཤུ། སྤྱད་པར་བྱ་བ་བརྒྱ་ཉི་ཤུ། སྤྱིར་སུམ་བརྒྱ་དྲུག་ཅུའོ། །དམ་ཚིག་འདི་རྣམས་མ་ཉམས་ན་འཚང་རྒྱའོ། །ཉམས་ན་དམྱལ་བ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་ འདས་ཧེ་རུ་ཀ་རོལ་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །བླང་བར་བྱ་བའི་སྣོད་ནི་གང་། །སྦང་བར་བྱ་བ་ཅི་ལྟ་བུ། །མཚན་ཉིད་རྣམ་ པ་དུ་ཞིག་མཆིས། །སྤྱད་པར་བྱ་བ་དུ་ཞིག་མཆིས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཧེ་རུ་ཀ་རོལ་པའི་དོན་བཀའ་སྩལ་པ། དུམ་བུ་གཅིག་དང་དུམ་བུ་གཉིས། །གསུམ་དང་བཞི་དང་ལྔ་པ་དང་། །དྲུག་པ་དང་ནི་བདུན་པ་དང་། །དུམ་བུ་བརྒྱད་པ་རབ་ ཏུ་གྲགས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་བུད་མེད་རིགས་མ་ངེས། །དཀར་དང་དམར་དང་དཀར་སྔོ་དང་། །སྔོ་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོག་དང་མདོག་མི་སྡུག །ཁ་དོག་བདུན་དུ་རབ་ཏུ་གྲགས། །ཉི་རིམ་དང་ནི་ གླང་པོའི་རྒྱབ། །འཁོར་བ་དེ་བཞིན་བྱ་རོག་རྗེས། །དུང་སྔོ་གཅིག་དང་དུང་གཉིས་དང་། །ཆག་པ་དང་ནི་མཚམས་གྱེས་པ། །འདི་དག་ཐམས་ཅད་རབ་བརྟགས་ཏེ། །རབ་ཏུ་བརྟགས་ཏེ་སྤྱད་པར་བྱ། །ཤིན་ཏུ་མཉམ་པའི་ས་ཕྱོགས་སམ། །སྙི་བའམ་ ཡང་ན་དུལ་བའི་སར། །སྔགས་ཀྱིས་བཏབ་སྟེ་གནམ་དུ་བསྐྱུར། །ལྟུང་བའི་མཚན་ཉིད་འདི་རིག་བྱ། །ལྷོ་ཕྱོགས་ཁ་བལྟས་བྲམ་ཟེ་མེད། །སྲིན་པོའི་ཕྱོགས་བལྟས་གླང་པོ་སྙོལ། །ནུབ་ཀྱི་ཕྱོགས་བལྟས་རིགས་ངན་ཏེ། །རླུང་གི་ཕྱོགས་བལྟས་ གསང་མི་ཐུབ། །བྱང་གི་ཕྱོགས་བལྟས་ཕྱུག་པོར་འགྱུར། །དབང་ལྡན་ཕྱོགས་བལྟས་སྔགས་གྲུབ་སྟེར། །ཤར་དུ་བལྟས་ན་བདག་ཉིད་གསོད། །མེ་ཡི་ཕྱོགས་བལྟས་ཤེའུ་ཤིང་མེད། །འོག་ཏུ་བལྟས་ན་རྐུན་པོར་སྤྱོད། །སྟེང་དུ་བལྟས་ན་བུད་མེད་གསོད། །གློར་ བལྟས་དེ་ནི་རིགས་ངན་ཏེ། །སྣོད་ཀྱི་མཚན་ཉིད་འདི་རྣམས་སོ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །དགེ་བ་སྤྲུལ་པའི་སྣོད་དག་ནི། །དུམ་བུ་གཅིག་པ་ས་ལ་དབང་། །གཉིས་པ་དེ་ནི་རྒྱལ་ཕྲན་འགྱུར། །གསུམ་པ་དེ་ཡང་ནོར་ལ་དབང་། །བཞི་པ་དེ་ཡང་སྔགས་ སྒྲུབ་འགྱུར། །ལྔ་པ་དེ་ཡང་ཆོས་ཀྱང་སྒྲུབ། །དྲུག་པ་དེ་ནི་སློང་བ་ཡིན། །བདུན་པ་དེ་ནི་བརྟུལ་ཞུགས་སོ། །བརྒྱད་པ་ཡོངས་སུ་སྤང་བར་བྱ། །དུམ་བུ་གཅིག་པ་བྲམ་ཟེའི་རིགས། །གཉིས་པ་དེ་ནི་རྒྱལ་པོའི་རིགས། །གསུམ་པ་རྗེའུ་རིགས་ཡིན་པ་སྟེ། །བཞི་ པ་དེ་ནི་དམངས་རིགས་སོ། །བུ་གུ་མེད་དང་མང་བ་ནི། །མཁས་པས་ཤིན་ཏུ་སྤང་བར་བྱ། །བོང་ཆུང་བ་དང་སྲབ་པ་དང་། །གང་དག་སེར་པོར་འགྱུར་བ་ནི། །བུད་མེད་ཡིན་པར་ཤེས་པར་བྱ། །བུད་མེད་རབ་ཏུ་སྨད་པས་ན། །དེ་དག་རབ་ཏུ་སྤང་བར་བྱ། །སེར་སྐྱ་དང་ ནི་དཀར་བ་དང་། །ཁ་དོག་སྣ་ཚོགས་སྤང་བར་བྱ། །དུང་མེད་པ་དང་དུང་གཉིས་དག །ལྷ་མོ་སྤྲུལ་པས་མི་བླང་ངོ་། །དུང་སྔོ་བ་དག་སྡུག་བསྔལ་ཏེ། །བྱ་རོག་རྗེས་ནི་འཐབ་རྩོད་འགྱུར། །ཉི་རིམ་གྱིས་ནི་གསོད་པར་འགྱུར། །གླང་པོ་རྒྱབ་ནི་ནད་དུ་འགྱུར། །འདི་ལས་ གཞན་ཡང་བཤད་བྱ་སྟེ། །གསང་བ་སྒྲུབ་ཐོད་མཚན་ཉིད་ནི། །ཡན་ལག་ཆེ་ཕྲ་མང་བའི་བདག །དཔག་བསམ་ཤིང་ནི་ཡོད་གྱུར་ན། །འདོད་པའི་འབྲས་བུ་ཐོབ་འགྱུར་ཏེ། །སྔགས་པ་དེ་ལ་ཐེ་ཚོམ་མེད། །དབུས་ན་གཤོང་བུ་བཞི་ཡོད་ན། །འདི་ནི་འདོད་འཇོ་བ་ཞེས་བྱ། ། མདུན་ན་གཤོང་བུ་གཉིས་ཡོད་ན། །ཡིད་བཞིན་ནོར་བུ་ཞེས་བྱའོ། །དེ་ཡི་མཚན་ཉིད་ལྡན་པའི་སྣོད། །སུ་དག་རྟག་ཏུ་འཆང་བ་ནི། །ལོངས་སྤྱོད་ཐར་པ་ཐོབ་འགྱུར་ཏེ། །དེ་ལ་ལྷ་མོ་ཐེ་ཚོམ་མེད། །དེ་ནས་རིགས་ནི་རྣམ་བཤད་དེ། །སྣོད་རྣམས་ཀྱི་ནི་བྱེ་བྲག་དང་། །དུང་དང་ཀུན་ ཟླ་འདྲ་བའི་མདོག །སྣུམ་ལ་མཉམ་དུ་སྡུག་པ་ནི། །སྔགས་རྣམས་ཐམས་ཅད་འགྲུབ་སྟེར་ཡིན། །དབང་ཕྱུག་ཆེན་པོར་ཤེས་པར་བྱ། །ཐལ་བའི་མདོག་ལ་བོང་ཡང་ཆེ། །པདྨའི་དབྱིབས་སུ་འདབ་མར་བརྒྱན། །ཚངས་པའི་སྐུད་པ་གསལ་བ་ཡོད། །འདི་དང་ཚངས་པར་རིག་ པར་བྱ། །སྦྲང་རྩི་སེར་སྐྱའི་མདོག་འདྲ་བའི། །ཞི་བའི་ཐིག་ལེས་རྣམ་པར་བརྒྱན། །ཁྱབ་འཇུག་པ་ཡི་སྣོད་ཡིན་ཏེ། །ཟུག་རྔུ་དགྲ་རྣམས་འཇོམས་པར་བྱེད། །ཁ་དོག་དམར་ཞིང་ལྔ་པ་ལ། །པདྨོ་དམར་བས་བརྒྱན་པ་དང་། །ཟླུམ་པ་ཤིན་ཏུ་རྣམ་པ་སྟེ། །སྣོད་འདི་གཞོན་ནུ་ མ་ཞེས་བྱ། །ཅུང་ཟད་སེར་ཞིང་ཟླུམ་ལ་ཟབ། །གང་དག་རྡོ་རྗེ་མཚན་ཡོད་པ། །དེ་ཡི་མཚན་ལྡན་གང་ཡིན་པ། །དབང་ཕྱུག་ཆེན་མོ་རིགས་ཆེན་ཡིན། །ཕག་མོའི་གདོང་དབྱིབས་འདྲ་བ་ལ། །རབ་ཏུ་མཁྲེགས་ཤིང་མུ་ཏིག་འཕྲོ། །ཤ་ཡི་དྲི་དག་མནམ་པ་ཡི། །སྣོད་ནི་ ཕག་གདོང་མ་ཞེས་བྱ། །ཐལ་བའི་མདོག་ལ་བོང་ཡང་ཆེ། །ཐིག་ལེ་ཆེན་པོས་རྣམ་པར་བརྒྱན། །ཁྲག་འཛག་པ་ཡི་དྲི་མནམ་པ། །འཇིགས་བྱེད་མ་ཡི་སྣོད་ཅེས་བྱ། །སྣོད་ཀྱི་ཁྱད་པར་ཤེས་བྱས་ནས། །སྔགས་པས་འདི་དག་རྟག་འཆང་ན། །བདག་བཀའ་བྱེད་ན་བཞིན་ བཟངས་མ། དེ་ལ་བགེགས་ཀྱིས་ཚུགས་མི་འགྱུར། །དེ་ནས་གཞན་ཡང་བཤད་པར་བྱ། །སྣོད་ཀྱི་དངོས་པོ་ཁྱད་པར་ནི། །ཚངས་པ་བྲམ་ཟེ་བཅང་བར་བྱ། །རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད། །སྒྲུབ་པ་ཆེན་པོའི་དུས་དག་ཏུ། །ཁྱབ་འཇུག་དང་ནི་འབྱོར་ཀུན་ལ། །རྟག་ ཏུ་ལས་རྣམས་འགྲུབ་པར་བྱེད། །རྒྱལ་རིགས་ཀྱིས་ནི་གཞོན་ནུ་མ། །ཕ་རོལ་ཡུལ་ནི་རྣམ་པར་འཇོམས། །རྗེའུ་རིགས་ཀྱིས་ནི་དམ་ཆེན་མོ། །བློ་དང་ལྡན་པས་བཟློག་ཕྱིར་བཤད། །གསད་དང་བསྒྲལ་དང་བསྟབས་པའི་ཕྱིར། །དམངས་རིགས་ཀྱིས་ནི་ཕག་གདོང་ བཅང་། །ལས་དང་རིགས་རྣམས་ཐམས་ཅད་དང་། །འཇིགས་བྱེད་མས་ནི་དངོས་གྲུབ་སྟེར། །རེ་བ་མེད་པས་བདག་ཉིད་མས། །གྲུབ་པའི་ཁྱད་པར་འདི་ཤེས་པས། །འདུ་བ་མེད་པས་བདག་བསམས་ཏེ། །རྟག་ཏུ་འདི་དག་སྤྱད་ཅིང་བཅད། །བདག་གི་ དངོས་གྲུབ་སྐྱེ་བ་ཡི། །སྔགས་པས་དེ་ནས་བཤད་པར་བྱ། །ཨོྃ་ན་བ་བ་ཏོ། བ་དུ་བ་ཡ་སྨ་ཤ་ན། བ་སི་ནི་ཨི་ཏང་ཀ་པཱ་ལ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། །ཧཱུྃ་ཕཊ་སྭཱ་ཧཱ། ཐལ་བ་དང་། མེ་ཏོག་དང་། ཆུ་ལ་ལན་བརྒྱ་རྩ་བརྒྱད་སྣོད་ལ་བཏབ་སྟེ་བླང་བར་བྱ། རི་མོ་རྡོ་རྗེ་འཁོར་ལོ་དང་། །མཆོད་རྟེན་དང་ནི་རིན་པོ་ཆེ། །པདྨ་དང་ནི་ལྗོན་ཤིང་དང་། །དབུས་ན་བུ་ག་གཉིས་ཡོད་པ། །མདུན་ན་གཤོང་བུ་གསུམ་དང་གཉིས། །གང་དག་རྡོ་རྗེ་མཚན་ཡོད་པ། །དཔལ་དང་ལྡན་པའི་སྣོད་གནས་སོ། །སྲུབས་གཅིག་པ་དང་སྲུབས་ གཉིས་དང་། །སྲུབས་གསུམ་པ་དང་སྲུབས་བཞི་པ། །ལྔ་དང་དྲུག་དང་བདུན་དང་བརྒྱད། །དགུ་དང་བཅུ་དང་བཅུ་གཉིས་དག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །བཅུ་དྲུག་པ་དང་ཉི་ཤུ་དྲུག །འདི་དག་རབ་ཏུ་སྤང་བར་བྱ། །བཅོམ་ལྡན་འདས་ཧེ་རུ་ཀ་ རོལ་བ་ལས་ཀུན་དུ་བཟང་པོ་ཧེ་རུ་ཀ་རོལ་པ་སྣོད་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དབང་ཕྱུག་ཆེན་པོ་བསྒྲལ་བའི་ཐབས་འདི་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །མ་ཧཱ་རུ་དྲའི་ རྒྱུད་དུར་ཁྲོད་མ་ཧཱ་རུ་དྲ་བརྒྱུད་པའི་དབང་དུ་བསྡུ་བའི་མཆོག །ཕྱི་རོལ་ཕྱོགས་གར་བདེ་བའི་སར་ཞིང་ཆེན་སྟན་གར་འོས་པ་གཅིག་ཏུ་མཎྜལ་བྱུགས་ཏེ། གནས་ཆེན་པོ་དུར་ཁྲོད་ཀྱི་བདག་པོ་ཆེན་པོའི་ཆ་ལུགས་ཅི་ལྟར་ཉལ་ཚིགས་བཅད་ལས་བྱུང་བ་ བཞིན་ཚོན་གྱིས་བྲིས། ཡང་ན་ཐལ་རིས་དང་། ཡིད་ཀྱིས་བཀོད་ཀྱང་རུང་། སྟ་ནའི་དཀྱིལ་འཁོར་བཤམ། དེའི་དབུས་སུ་ཧོམ་ཁུང་གྲུ་གསུམ་པ་ཞིག་བཀོད། རྡོ་རྗེ་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅའ་སྟེ། མཉམ་པ་ཉིད་དུ་བསྒོམ་པའི་ སྔགས་ལ། ཨ་ས་མ་ཧཱ་ཙ་ལ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱདྨ་ཀོ྅་ཞེས་ཅུང་ཟད་བསྒོམས་པའི་རྗེས་ལ། །མི་གཡོ་ཕྱག་རྒྱ་ཆེན་པོ་དང་། །ཆོས་ཀྱི་སྐུ་ལས་བཞེངས་པ་ཡི། །གཉིས་མེད་ཕྱག་རྒྱ་རོལ་པ་ཡིས། །དུས་ལ་བབ་པོ་ས་མ་ཡ་ཞེས་བརྗོད་ནས། རྣལ་འབྱོར་གཞན་གྱིས་ འདི་ལྟར་བྱིན་གྱིས་བརླབས་ནས་མཁས་པ་གཅིག་གིས་ལས་འདི་བགྱི། དབང་གི་གཏམ་རྒྱུད་བཤད། རྒྱུད་ཀྱི་གཙུག་ལག་ཆེན་པོ་དང་བདེན་པའི་ཚིག་གིས་བསྒྲགས་ནས། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །ཐུགས་རྗེ་ངང་དང་ ཤེས་རབ་དང་། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་སྤྱོད་པར་མཛད། །འགྲོ་བའི་བདག་པོ་ཚེ་དང་སྲོག །གསོན་པོ་བདེ་བའི་བར་གཅོད་པ། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །བཅོམ་ཞིང་གསང་བའི་གཉེན་པོ་ནི། །འཇམ་དཔལ་ འཕྲུལ་གྱི་ཁྲོ་བོ་དེས། །སྲིད་གསུམ་མཐར་བྱེད་རྔམ་པ་དང་། །ཐོད་དབྱུག་དྲག་པོ་མི་མཛད་པས། །གཤིན་རྗེ་བཅོམ་སྟེ་བསད་ནས་ཀྱང་། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞི་དུར་ཁྲོད་ཀྱི། །བདག་པོ་གདོལ་པ་དྲག་པོ་ཡིས། །རོ་ཡི་ཉལ་ཐབས་གན་ རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །དེ་ཡང་ཅུང་ཟད་བསྣོལ་བའོ། །ལག་པ་གཡས་གཡོན་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དོ། །ཐལ་བའི་མདོག་ལ་སྐུ་སྒྲེང་བ། །དེ་ཡི་ལུས་སྙིང་ཡན་ལག་ནི། །མ་མོ་ཆེན་ མོ་རྣམས་ཀྱི་གནས། །དུར་ཁྲོད་ཆེན་པོ་འདི་དག་གོ། །དེ་ཡི་སྙིང་ནི་མ་ཧཱའི་ལྟོ། །དུར་ཁྲོད་ཆེན་པོ་བསིལ་ཚལ་ན། །མ་མོ་ཆེན་མོ་གཽ་རི་མ། །མཁས་མ་སྙིང་སྟོབས་ཆེ་བའི་གནས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །སིང་ག་ལ་ཡི་གླིང་ཕྲན་ན། །མ་མོ་ཆེན་མོ་ཙཽ་རི་མ། ། མཐོང་ཐོས་རྔམ་པའི་རྫུ་འཕྲུལ་མངའ། །ལག་པ་གཡས་ནི་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུཀྐ་སི། །འཁོར་དང་ལོངས་སྤྱོད་སྣ་ཚོགས་ལྡན། །ལྷག་པར་ཟས་ཀྱི་འབྱོར་པ་ཆེ། །ལག་པ་གཡོན་ནི་ལྷོ་ནུབ་མཚམས། །ས་ཡི་ཚལ་ན་བེ་ཏ་ལི། །ཕྱག་ན་རྡོ་རྗེ་དབང་གི་ གནས། །དེ་ནས་མཐུ་དང་དབང་ཡང་ཆེ། །རྐང་པ་གཡས་པ་བྱང་ཤར་མཚམས། །ལི་ཡུལ་ན་ནི་ཙཎྜ་ལི། །ཤང་ཀ་ན་ཞེས་གྲགས་པ་དེ། །དེ་ཡང་འཁོར་དང་ལོངས་སྤྱོད་ལྡན། །རྐང་པ་གཡོན་པ་ནུབ་བྱང་མཚམས། །སྐད་ནི་སྐད་སྣ་མཐུན་པས་ན། །མ་མོ་ཆེན་མོ་ པྲ་མོ་ཧ། །བདེ་སྐྱིད་ལྡན་པའི་ས་ལ་གནས། །ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །ཨུ་རྒྱན་ཡུལ་ན་གྷསྨ་རི། །སྦྱོར་བས་ལོངས་སྤྱོད་འཇུག་པས་ན། །དངོས་གྲུབ་ཅན་ཡང་དེ་ན་མང་། །དེ་ནས་སྟ་ནའི་དཀྱིལ་འཁོར་འདིར། །བྲིས་ཏེ་བསམས་ནས་དགོངས་པ་ནི། །དུར་ཁྲོད་ བདག་པོས་འདུས་པ་དང་། །དབང་དུ་སྡུད་པའི་ལས་བརྩམ་གྱིས། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཞེས་བརྗོད་དོ། །དེ་ནས་འགེང་ལ་རྡོ་རྗེ་ཁུ་ཚུར་དཀུ་གཡས་སུ་གཞག་ཅིང་། མིག་གིས་ཕྱོགས་བཅུར་བལྟས་ཏེ། །འཛམ་བུ་གླིང་གི་འཇིག་རྟེན་འདི། ། སྐྱེ་ཤི་གནས་ནི་དུར་ཁྲོད་ཀྱི། །རང་བཞིན་ཡིན་ནོ་རྣམ་གཟིགས་ནས། །ས་གཞི་དུར་ཁྲོད་གནས་སུ་བསྟན། །བདག་གིས་ཡིད་ཆེས་པར་བྱ་ཞིང་། སྟ་ནའི་དཀྱིལ་འཁོར་བསམས་ལ་གར་བྲིས་པའི་སར་བལྟས་ཏེ། དེའི་བདག་པོ་ལ་སྡིགས་པའི་ཕྱིར་ལྡན་པ་ གཡས་བྱོ་ཞིང་སྡང་མིག་དྲག་ཏུ་བགྲད། །མིག་གི་འབྲས་བུ་དྲིལ་ལ། སརྦ་པ་པ་ཀ་ར་ཧེ་རུ་ཀ །བྱི་སྟ་ན་མ་ཧྃ་ཀ་རུ་དྲ་ཧཱུྃ་ཕཊ། རིགས་ལྔའི་འཁོར་དང་བཅས་པ་ཁྲོ་བའི་ངང་དུ་གྱུར་ཏེ། བདག་དང་འདྲ་བར་བསམས་ལ། དེ་ནས་འགྱིང་རྔམ་པ་ལས་རལ་པ་ བསིགས་ལ། ལག་པ་གཡས་པ་བསྒྲེང་སོར་མོ་གྱེན་དུ་བགྲད་ལ་བ་ཡ་ཀེ་རྩི་ཏ་ཛ་ལ་ཧཱུྃ་ཕཊ་ཅེས་བརྗོད་ནས་ལག་པ་སྟ་ཟུར་དུ་བཞག་ཅིང་ལག་པ་གཡོན་པ་རྔམ་པ་བཞིན་དུ་སྐྲ་གྱེན་དུ་བཏེག་ལ། །པྲཛྙཱ་ཀེ་ཤི་ཙི་ཏ་ཛྭ་ལ་ཧཱུྃ་ཕཊ་ཅེས་བརྗོད་ལ་རྔམ་པའི་ང་ རོ་བགྱི། མཆེ་བ་འདར་རྐན་སྒྲ་དྲག་ཏུ་གཏོགས་ལ་རྔོམ་བརྗིད་ཆེན་པོའི་ཚུལ་དང་ལྡན་པར་བསམ། །ཨོྃ་པཛྙཱ་སུ་པ་ཡ་ན་ཧཱུྃ་ཕཊ། རྐང་པ་གཡས་པ་བསྐུམ། །ཨོྃ་བཛྲ་ཀྲོ་དྷ་ཨེ་ཤ་ཡ་ཧཱུྃ། །དེ་ནས་སླར་གོ་ཆའི་ཕྱག་རྒྱ་སྙིང་གར་བཅིངས་ལ་བཏང་སྟེ། ཨོྃ་ བཛྲ་ཀ་བ་ཙ་ཞེས་བརྗོད་ནས་གོ་བགོ་བར་བསམས་ཏེ། གནས་ལྔར་བསྲུང་ཞིང་། །ཨོྃ་ན་མ་དྷུ་བ་བི། །སྤྱི་བོར་ཐལ་མོ་སྦྱར་ཏེ། །སརྦ་བུདྷ་མུ་དྲ་སྃ་ཧ་ར་ན།