Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ
Văn bản gốc(Tây Tạng)
Trang 12 / 17 (50.000 ký tự/trang)
་ཅད་དུ་ཐམས་ཅད་བྱས་ན་འདི་མྱུར་དུ་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་མ་ལ་རབ་ཏུ་དད་པར་བྱེད་དོ། །སེང་གེའི་ཁྲི་ལ་གནས་པ་ལྟ་བུའི་རྒྱལ་སྲིད་འདོད་པས་མངོན་པར་དབང་བསྐུར་བར་བྱའོ། ། ལོངས་སྤྱོད་འདོད་པས་རྒྱ་སྐྱེགས་ཀྱི་འདབ་མ་ལ་གནས་པའོ། །ལོག་པར་འདྲེས་པ་ཉེ་བར་ཕྱུང་བ་བདག་གིས་སོ་ཕག་ལ་ཀུན་ཏུ་གནས་པའོ། །ཚེ་འདོད་པས་ཐུང་ངུ་བཅུ་ལ་གཡོ་བའི་སའི་སྙིང་པོ་ལ་གནས་པའོ། །སློབ་དཔོན་རྒྱས་པར་འདོད་པས་ཨ་རིཥྚ་དང་། ཐོད་ པ་ལ་ཀུན་ཏུ་གནས་པ་ཅན་ཉེ་བར་ཕྱུང་བ་མངོན་པར་དབང་བསྐུར་བར་བྱའོ། །ལན་བདུན་དུ་མངོན་པར་དབང་བསྐུར་བས་ནི་དཔལ་མེད་པ་རབ་ཏུ་ཞི་བར་བྱེད་དོ། །ལན་བཅུ་གཉིས་མངོན་པར་དབང་བསྐུར་བས་ནི་རྒྱལ་པོར་འགྱུར་རོ། །ལན་ལྔར་མངོན་པར་དབང་བསྐུར་ བས་ནི་དབུལ་པོ་ནོར་དང་ལྡན་པར་འགྱུར་རོ། །ཕྱི་ནས་སླར་ཡང་མཆོད་དེ་གཤེགས་སུ་གསོལ་བར་བྱའོ། །འདི་ནི་འཕགས་མ་སྒྲོལ་མའི་རྣམ་པར་རྒྱལ་བའི་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ། །དཀྱིལ་འཁོར་འདི་ཀུན་ཏུ་བྲིས་ནས་རིང་པོར་མི་ཐོགས་པ་ཉིད་ དུ་བཅོམ་ལྡན་འདས་མ་རབ་ཏུ་དགྱེས་པར་བྱེད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མ་དང་བཅས་པ་འདི་སངས་རྒྱས་ཀྱི་ཞིང་དུ་རྗེས་སུ་བརྩེ་བས་རྡོ་རྗེའི་རིགས་ཐམས་ ཅད་ཀྱི་བསྟན་པ་ཀུན་སྲུང་བ་དང་། ཡོངས་སུ་བསྐྱང་བའི་ཆེད་དུ་རྡོ་རྗེའི་རིགས་ཐམས་ཅད་ཉིད་དུ་དངོས་གྲུབ་བྱེད་པ་སྙིགས་མ་ལྔས་ཉོན་མོངས་པ་འདི་ལ་ཡང་ཆོས་ཀྱི་ཚུལ་ཐམས་ཅད་ལྷག་པར་གནས་པའི་ཆེད་དུ་སྒྲོལ་མས་ནོན་པ་དང་མཚུངས་པ་ལས་བྱེད་པ། ཕྱི་མ་འདིའི་ ལམ་རབ་ཏུ་གནས་པའི་ཆེད་དུ་འདི་སྐད་དུས་ཀྱང་སྨྲས་སྨྲས་སོ། །བཅོམ་ལྡན་འདས་རབ་ཏུ་གནས་པ་དང་། སྨོན་ལམ་བརྗོད་པར་བགྱིའོ། །སྔགས་ཀྱི་སྤྱོད་པ་དེ་ལྟ་བུ་འདི་ནི་ཅི་ནས་དེ་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་ཡོངས་སུ་འགྱུར་བ་ དང་། ཅི་ནས་དེ་ཐམས་ཅད་འཐབ་པ་དང་། རྩོད་པ་དང་། མུ་གེ་དང་། ནད་ཀྱིས་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་ཆར་ལྷུང་བ་དང་། སྡིགས་པའི་ཆར་བྱེད་པའི་མི་དང་། མི་མ་ཡིན་པ་དང་། དུད་འགྲོའི་འཇིགས་པ་ ཐམས་ཅད་དང་། དེ་ལ་ཡང་བཀྲ་མི་ཤིས་པ་དང་། རྨི་ལམ་དང་། མཚན་མ་ངན་པ་དང་། གདུག་པའི་གནོད་སྦྱིན་དང་། སྐྱེས་བུ་དང་། རོ་དང་བྲལ་བ་དང་། ཁ་བ་དང་། ཚ་བ་དང་། དྲི་ངན་པ་དང་། རེག་པ་ངན་པ་དང་། དུག་བསལ་བར་བགྱིའོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་བུད་མེད་ཀྱི་གཟུགས་དང་། ཆ་བྱད་ཀྱིས་དེ་ལ་ཆོམ་རྐུན་དང་། ཆུ་དང་། མུ་གེ་དང་། རྣམ་པར་འཚེ་བ་སེལ་བར་བགྱིའོ། །རྒྱལ་པོ་དང་། སེང་གེ་དང་། སྟག་དང་། མ་ཧེ་དང་། སྤྱང་ཀི་དང་། དུག་དང་། ཆོམ་ རྐུན་དང་། མི་དང་། མི་མ་ཡིན་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་སྔགས་སྒྲུབ་པའི་ཆོ་ག་ལ་མཁས་པ་ཡོངས་སུ་ལོངས་སྤྱོད་པ་རྣམ་པ་སྣ་ཚོགས་པའི་འབྲས་བུ་དང་། སྨན་དང་། མེ་ཏོག་དང་། འབྲས་བུའི་རོ་བཟའ་ བ་དང་། བཏུང་བ་དང་། གོས་དང་། གནས་དང་། མལ་ཆ་དང་། སྟན་རྣམས་རྫོགས་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་ཆོས་འདོད་པ་ཉིད་དང་། དགེ་བའི་ཆོས་ཀྱི་སྤྱོད་པ་ལ་སྦྱར་བར་བགྱིའོ། །འདི་ནི་བདག་གིས་སངས་རྒྱས་ཐམས་ཅད་ ཀྱི་སྤྱན་སྔར་སྨོན་ལམ་མཐར་ཐུག་པ་སྟེ། གང་དུ་བདག་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གནང་བར་གྱུར་ཅིག །བདག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལས་ཀྱི་དངོས་གྲུབ་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པ་དང་། བདག་དང་སྐྱེས་བུའི་རྣམ་པ་འདི་ངེས་པར་ སྒྲོལ་བའི་ཆེད་དུ་དེ་ལྟ་བུའི་གཟུགས་ཀྱིས་བདག་དང་། ཕྱག་ན་རྡོ་རྗེ་བུད་མེད་ཀྱི་གཟུགས་ཀྱིས་དང་། སྣ་ཚོགས་པའི་གཟུགས་དང་། ཆ་བྱད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ ཕྱུག་ལ་རྗེས་སུ་བརྩེ་བས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཞན་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ དགུག་པར་བྱས་ནས་དེ་ལྟ་བུའི་གཟུགས་ཀྱིས་སྐྱེས་བུ་ཆེན་པོའི་རྣམ་པ་བྱེད་པར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གྲུབ་པར་འགྱུར་རོ། །དེ་ ནས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་བདུད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཞན་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་། དྲི་ཟ་དང་། ལྷ་མ་ཡིན་དང་། གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཆེ་བའི་མི་རྣམས་ཡོང་བར་བྱེད་ཅིང་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ། ཁྱེད་ཀྱི་རིག་པ་དང་། སྔགས་ཀྱི་ཚིག་རྣམས་ནི་གང་ཁྱོད་ཀྱིས་ནུས་པ་དེ་ལྟ་བུའི་གཟུགས་ དང་སྐྱེས་བུའི་རྣམ་པར་བྱས་པའོ། །རིགས་ཀྱི་བུ་ཁྱོད་ཀྱང་སྐད་ཅིག་གིས་ཚངས་པའི་ཆ་བྱད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་སྦྱོར་བར་བྱེད་དོ། །ཡུད་ཙམ་གྱིས་དགེ་སློང་གི་ཆ་བྱད་ཀྱིས་དང་། སྐད་ཅིག་གིས་སྨན་དང་། རྩིའི་གཟུགས་ཀྱིས་དང་། ཡུད་ཙམ་གྱིས་བརྒྱ་བྱིན་གྱི་གཟུགས་ཀྱིས་འཕགས་པའི་ལམ་དུ་འཇུག་པར་བྱའོ། །སྐད་ཅིག་གིས་བདུད་ཀྱི་གཟུགས་ཀྱིས་གཞན་གྱི་གཟུགས་སྤྲུལ་ཏེ་དབང་སྒྱུར་གྱི་ལྷའི་དབང་པོ་དང་། དགའ་ལྡན་དང་། མཚེ་མ་དང་། འོག་མིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། འབྱུང་ པོ་ཐམས་ཅད་པ་དང་། དུར་ཁྲོད་དང་། དྲག་པོ་དང་། ཁྱབ་འཇུག་དང་། ནོར་ལྷའི་བུ་དང་། ནོར་སྦྱིན་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། སེང་གེ་དང་། གླང་པོ་ཆེ་དང་། མ་ཧེ་དང་། སྤྲེའུ་དང་། ཕག་སྣ་ཚོགས་པའི་གཟུགས་ཀྱི་འདབ་ཆགས་དང་། རི་དང་། ཤིང་དང་། འབྲས་བུ་དང་། གོས་དང་། ཆོས་གོས་དང་། བཞོན་པ་དང་། མལ་སྟན་དང་། རྔ་པ་ཊ་ཧ་དང་། དུང་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་གྱིས་བརྒྱན་པའི་གཟུགས་ཀྱིས་སྤྲས་པ་དང་། སངས་རྒྱས་ཀྱི་གཟུགས་དང་མཚུངས་པར་འགྱུར་ ཏེ། རིགས་ཀྱི་བུ་འདི་ནི་ཁ་དོག་དང་། གཟུགས་དང་། རྟགས་དང་། དབྱིབས་བརྒྱད་ཅུ་རྩ་བཞིའི་གཟུགས་དང་མཚུངས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུ་ཆེན་པོས་འདིར་འོངས་པ་སྟེ། བདུད་དཔུང་དང་བཅས་པའི་ཡུལ་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། གང་དུ་བདུད་དཔུང་དང་བཅས་པའི་ཡུལ་དུ་གནས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་གི་རིག་པ་དང་། སྔགས་ཀྱི་སྤྱོད་པའི་ཐབས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྤྱོད་པར་བྱེད་དོ། །ཇི་འདྲ་བའི་སེམས་ཅན་ཕྱོགས་བཅུ་རྣམས་སུ་ཚད་མེད་ཅིང་གྲངས་མེད་པ་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་ རྣམས་སུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་འགྱུར་རོ། །བསམ་པ་ཇི་ལྟ་བའི་གཟུགས་ཀྱིས་རང་དང་ཇི་ལྟ་བུས་གདུལ་བར་བྱ་བའི་སེམས་ཅན་རྣམས་གནས་ལ་གསུམ་པ་ཕྱིར་མི་ལྡོག་པ་ལ་འཇོག་པར་བྱེད་དོ། །ཇི་སྲིད་སངས་རྒྱས་ཀྱི་གཟུགས་ཀྱིས་གང་ཡང་སེམས་ ཅན་གྱི་ཆགས་པ་ཟིལ་གྱིས་མནན་ཏེ་རྣམ་པ་སྣ་ཚོགས་པའི་ཡོ་བྱད་དང་། ཡོངས་སུ་ལོངས་སྤྱོད་པར་འདོད་པ་དེ་རྣམས་ཀྱི་ཞེན་པ་སྤང་བའི་ཆེད་དུ་དེ་རྣམས་ལ་ཡོ་བྱད་རྣམས་བྱིན་ནས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་འཇོག་པར་བྱེད་དོ། །ངེས་པར་སླར་ཡང་དམ་ཚིག་དེས་བྱང་ཆུབ་སེམས་ དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། རིགས་ཀྱི་བུ་ཁྱེད་རྣམས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཡིད་ཀྱིས་བཤད་པ་ལ་བདག་རབ་ཏུ་སྤྲོ་བ་ཆེན་པོ་བགྱིད་དོ། །བདག་རྟ་མགྲིན་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྨྲས་པ་ཡང་བཅོམ་ལྡན་འདས་དང་ཕན་ཚུན་ཕན་པ་དང་། འཇམ་པའི་སེམས་སུ་གྱུར་ཅིག །འདི་ནི་བདག་ གི་གསང་སྔགས་འབྲས་བུ་ཆེན་པོ་གཟི་བརྗིད་ཆེན་པོ་ལས་ཀྱི་དོན་ཐམས་ཅད་སྒྲུབ་པ་པོར་འགྱུར་ཏེ། ཡང་འདིར་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་སཏྭཱ་ཡ། ཨ་ནུ་ཀཾ་པ་ཀཱ་ཡ། སརྦྦ་སཏྭཱ་བྱ་ས་ན་གྷཱི་ཏེ་ནི། སརྦ་སཏྭཱ་མ་ཀྵ་ཀ་རཱ་ཡ། སརྦྦ་བཱིརྱ་རཱ་ཛ་ཨ་དྷི་བྷི་ཀྲཱཾ་ཏཱ་ཡ་མ་ཧཱ་རཱ་ཛཱ་པྲོཀྟེ། འདི་རྣམས་ལ་ཕྱག་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་གསུངས་པ་སེམས་ཅན་ཐམས་ཅད་ ཀྱི་དོན་སྒྲུབ་པ། བགེགས་ཐམས་ཅད་གསོད་པར་བྱེད་ཅིང་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་བརྗོད་པར་བགྱིའོ། །ཨོྃ་ཧུ་ཧུ་ཧུ། ཏ་རུ་ལེ། བི་ཏ་རུ་ལེ། སརྦྦ་བི་ཥ། གྷཱ་ཏ་ཀ །ཛྭ་ལི་ཏ་བི་ཕུ་ལིངྐ། ཏྲི་ཧཱ་ས། ཀེ་ཤ་རཱ་ཊེ་པ། བཛྲ་ཁུར་ནིར་གྷཱ་ཏ། ཀ་ཙ་ལི་ཏ། བ་སུ་དྷཱ་ཏ་ལ། ནི་ཤྭཱ་ས། མཱ་རུ་ཏི་ཏྐྵིཔྟི། དྷ་ར་ཎཱི་དྷ་ར། བྷཱི་ཥ་ཎཱ། ཏྲི་ཧ་ས། ཨ་པ་རི་མི་ཏ་བཱ་ལཱ་ཀྲ་མ་བྷཱི་ཏ་བྷུ་ཏ་ག་ནི། བུ་གྷྣ་བུ་གྷྣ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མནྟྲཾ་སིདྡྷི་མེ་དི་ན། ཨཱ་བེ་ཤཱ་ཡ། ཛྭ་ལ་ར་པི་ཤཱ་ཙ་གྲ་ཧེ་ཥུ། ཨ་པྲ་ཏི་ཧ་ཏོ། བྷ་བ། བཛྲ་ ཀིཉྩ་རཱ་ཡ་སི། ཨི་མཾ་དུཥྚ་གྲ་ཧ་དུཥྚ་སརྦྦཾ་བཱ། དྷུ་ན་དྷུ་ན། པ་ཊ་པ་ཊ། པནྡྷ་བནྡྷ། བུདྡྷ་དྡྷརྨྨ་སྃ་གྷ། ཨ་ནུ་ཛྙཱ་ཀཱ་ར་ཤཱི་གྷྲཾ། ཧ་ཡ་གྲཱི་བ་ཕཊ། བཛྲ་ག་ཏྲཱ་ཡ་ཕཊ། བཛྲ་ནེ་ཏྲཱ་ཡ་ཕཊ། བཛྲ་དཾཥྚཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཨཱརྱ་ཁུ་རཱ་ནི་གྷཱ་ཏ་ནཱ་ཡ་ཕཊ། པ་ ར་མནྟྲ་བི་ནཱ་ཤཱ་ནཱ་ཡ་ཕཊ། ཏྲཻ་ལོཀྱ་བྷ་ཡཾ་ཀཱ་རཱ་ཡ་ཕཊ། སརྦྦ་ཀརྨྨེ་ཥུ་ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལོ་ཏྲ་ས་ནཱ་ཡ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ་ཡིག་གསུམ་དང་། ཕཊ་ཡིག་བཞིས་བཅོ་བརྒྱད་ཀྱིས་ལྷག་པའི་བཅུ་བཞི་ལ་བརྟེན་པའི་རྟ་མགྲིན་གྱི་ཞལ་གྱི་ སྔགས་རྫོགས་སོ།། །།ཨོྃ་བཛྲ་ཁུ་ར་བི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོྃ་ཧ་ཡ་གྲཱི་བ་ཧྲྀ་ད་ཡ། མཱ་བརྟ་ཡི་ཥྱ་མི། ཨེ་ཧི་ཨེ་ཧི། མ་ཧཱ་བཱ་ལ། བཛྲ་ན་ཁ། བཛྲ་རོ་མ། བཛྲ་ཀོ་ཊ། བཛྲ་ཀོ་ཥ། བཛྲ་ཁུ་ར། བཛྲ་དཾཥྚ། ཧ་ན་ཧ་ན། ད་ ཉ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། རངྒ་རངྒ། ས་ཧ་ས་ཧ། ཛལྤ་ཛལྤ། ཏུ་རུ་ཏུ་རུ། རུ་ཊུ་རུ་ཊུ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། མ་ཐ་མ་ཐ། ཀམྤ་ཀམྤ། ཀཊ་ཀཊ། སརྦྦ་དེ་བཱཾ། སརྦྦ་ཡཀྵ། སརྦྦ་བི་ཧེ་ཋ་ཀཱ། སརྦྦ་བི་ཥཱི་པྲ་བི། པྲ་ བེ་པྲ་བི་ཤ། །ཧ་ཡ་གྲཱི་བ་པྲི་ཡ་ཛྭཱ་ལ་ཨ་བི་ཤ །ཨཱ་བི་ཤ །བཛྲ་ཁུར། མཱ་བི་ལམྦ། བུདྡྷ་དྷརྨྨ་སཾ་གྷ་བ་ཙ་ན། མ་ནུ་སྨ་ར། ཛ་ཏི་མ་ནུ་སྨ་ར། ཧྲྀ་ད་ཡམ་ནུ་སྨར། པི་ཀིར་པི་ཀི་ར། ག་ཛ་ག་ཛ། ནནྡ་ནནྡ། གུ་ལུ་གུ་ལུ། མུ་ལུ་མུ་ལུ། ནི་ཧ་ན་ ནི་ཧ་ན། ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། འདི་ཡང་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་རིག་པའི་རྒྱལ་པོ་ཆེན་པོ་ལུས་ཀྱི་མཆོག་གི་གཟི་བརྗིད་རྣམ་པར་འཇིག་པར་བྱེད་པ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྗེས་སུ་འཇུག་ཅིང་མཆོད་པའི་རྗེས་སུ་གནང་བ། རྣམ་པར་འཚེ་བ་ཐམས་ཅད་རྣམ་པར་གནོན་པ། རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོས་ཡང་དག་པར་བསྟོད་པ། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་གྱིས་མཆོད་པ། རྣམ་པར་འགྱུར་བ་ཆེན་པོ་མཆེ་བ་གཙིགས་པ། རྟ་མགྲིན་གྱི་རྒྱལ་པོའི་ཆོ་གར་འགྱུར་རོ། །སྡིག་པ་བྱང་བར་བྱས་ནས་མཆོད་ རྟེན་དུ་འབུམ་ཕྲག་གསུམ་བཟླས་སོ། །དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། དཀར་པོའི་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། ཁ་ཚར་གྱི་རྩེ་མོ་མ་བཅད་པ་སྐྲ་དང་བྲལ་བའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་པིར་ གཙང་མ་སར་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་པདྨའི་གདན་ལ་གནས་པ། ཆོས་སྟོན་པར་མཛད་བཞིན་པ་འདྲིར་གཞུག་པར་བྱའོ། །གཡོན་གྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོད་ཕྱིར་ཐོགས་དཀར་པོ་ཅན་སྟོན་ཀའི་སྤྲིན་ལྟར་ དཀར་བ། པདྨའི་ལུས་དང་། རལ་པའི་ཅོད་པན་འཆང་བའི་དབུས་སུ་འོད་དཔག་མེད་དཀར་པོ་སྦྱངས་པའི་སྣོད་ཀྱི་ནང་དུ་གནས་པ། ཕྱག་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཡོན་པས་པདྨ་རབ་ཏུ་སྦྱིན་པས་ཕྱག་བྲེལ་བའོ། །སྒྲུབ་པ་པོ་ཡང་ ངེས་པར་རྟོག་བཞིན་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་གི་གཡོན་དུ་སྟོན་ཀའི་སྤྲིན་ལྟར་དཀར་བའི་རྟ་མགྲིན་རིག་པའི་རྒྱལ་པོ་བྲི་བར་བྱའོ། །རྣམ་པར་འགྱུར་བའི་ཞལ་སྤྱན་དམར་པོ། སྐྲ་སེར་སྐྱ། ཨེ་ནེ་ཡའི་ཕྱག་ཆེན་པོ། རས་ཡུག་གིས་དཀྲིས་པ། དྲག་པོ་གསུས་པ་འཕྱང་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། འབར་བའི་ཞལ་པདྨའི་ཕྲེང་བ་དྲུག་ཅུས་དབུ་ལ་བརྒྱན་པའོ། །དེའི་ཉེ་ལོགས་སུ་བརྩོན་འགྲུས་དང་ལྡན་ པའི་རིག་པ་འཛིན་པ་ལག་ན་སྤོས་ཕོར་གྱིས་བྲེལ་བ་པུས་མོ་གཉིས་བཙུགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་ཁྲོ་བོ་ལ་ངེས་པར་རྟོག་བཞིན་པ་ཅུང་ཟད་འཛུམ་པའི་བཞིན་རྡོ་རྗེ་ལ་ཉུག་པར་བྱེད་བཞིན་པ། འབར་བའི་ཕྲེང་བས་འཁྲུགས་ པའོ། །བཅོམ་ལྡན་འདས་ཀྱི་འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཉིས་སུ་པདྨའི་སྟེང་དུ་གནས་པ་པདྨ་དེ་ཡང་ཀླུ་གཞོན་ནུས་ཡོངས་སུ་ཟིན་པའོ། །དེ་ནས་རིག་པ་འཛིན་པས་རི་མོའི་ལས་རྫོགས་པ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མཚན་མོ་གསུམ་ དུ་སྨྱུང་བར་གནས་པས་བགྲང་ཕྲེང་བཞག་ནས་མར་གྱི་མར་མེ་རྒྱ་ཆེན་པོ་དང་། དཀར་པོའི་གཏོར་མ་ཕུལ་ནས། དེ་ནས་རིག་པ་འཛིན་པས་སྔོན་སྤྱད་པ་བྱས་པས་མཚན་མོ་གཅིག་ཏུ་རབ་ཏུ་བཅུག་སྟེ་གཞག་པར་བྱའོ། །དེ་ནས་ཕྱུང་སྟེ་རྒྱལ་གྱི་ལྕགས་ལས་བྱུང་ བའི་འཁོར་ལོ་གསོ་སྦྱོང་ཅན་གཙང་མ་དབང་པོ་མ་ཚང་བ་མ་ཡིན་པའི་ལས་བྱེད་པས་བྱེད་དུ་བཅུག་ནས་སོར་བརྒྱད་པ་རྒྱས་པ། ཡོངས་སུ་ཟུམ་པ། རྡོ་རྗེ་འབར་བའི་ཕྲེང་བས་འཁྲུགས་པའོ། །དེ་ནས་རིག་པ་འཛིན་པས་འཁོར་ལོ་དེ་ཡང་བ་བྱུང་ལྔར་མཚན་མོ་གཅིག་ཏུ་ བཅུག་ནས་གཞག་པར་བྱའོ། །དེ་ནས་བཏོན་ནས་ཁྲུས་དང་རྗེས་སུ་མཐུན་པར་བྱས་ཏེ། གོས་དཀར་པོས་ཀུན་ནས་དཀྲིས་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་སྟེ། བདུག་པ་དང་། གཏོར་མ་དང་། མཆོད་ཡོན་གྱི་སྣོད་བླངས་ནས་ལྷ་ཐམས་ཅད་ སྤྱན་དྲང་བར་བྱའོ། །མཆོད་ཡོན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་བ་ཡང་བདག་ལ་བྱས་ནས། རྩ་བའི་སྔགས་ཀྱིས་ཡན་ལག་བདུན་བཟླས་པའི་ཐལ་བས་ཐལ་བའི་ར་བ་དང་། སྒྲོན་མེ་ལ་ལན་བདུན་བཟླས་པས་སྒྲོན་མེའི་ར་བ་དང་། དེ་ནས་སྲུང་བའི་ཆོ་ག་བྱས་ ནས་ཡུངས་ཀར་ལ་ལན་བདུན་བཟླས་པས། ས་གཞི་བཅིང་པ་དང་། ཆུ་ལ་ལན་བདུན་མངོན་པར་བསྔགས་པས་ནམ་མཁའ་བཅིང་བའོ། །དེ་ནས་རིག་པ་འཛིན་པས་དྲིའི་ཆུས་ཡོངས་སུ་བཀང་བ་མེ་ཏོག་དཀར་པོ་དང་ལྷན་ཅིག་པ་པུས་མོ་གཉིས་བཙུགས་པའི་རིག་པ་ འཛིན་པས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱས་ནས་མཆོད་ཡོན་ཕུལ་ཏེ་སྟན་དེ་ལ་ལྷ་རྣམས་ཚིམ་པར་བྱའོ། །མར་དང་སྦྲང་རྩི་དང་། འོ་མས་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀྱིས་འཁོར་ལོ་བླངས་ནས་ཇི་སྲིད་དུ་ འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །རྔ་བོ་ཆེའི་སྒྲ་ཐོས་པ་དང་སྤྲིན་ལས་གོ་ལུ་གོ་ལུ་སྒྲོགས་པ་དང་མར་མེའི་རྩེ་མོ་འཕེལ་བ་དང་། རས་རིས་འགུལ་བ་དང་། དུང་གི་སྒྲ་ཐོས་པ་དང་། དྲིལ་བུའི་སྒྲ་སྒྲོགས་པ་དང་། ཧ་ཧའི་སྒྲ་སྒྲོགས་པ་དང་། རིགས་ཀྱི་བུ་དེ་རྣམས་ གྲུབ་པ་ལེགས་སོ་ལེགས་སོ། །འཁོར་ལོ་འདི་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ། སྲིད་པའི་རྒྱ་མཚོ་ཆེན་པོ་སྒྲོལ་བར་བྱེད་དོ། །དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མ་བྱོན་གྱི་བར་དུ་བཟླས་པར་བྱའོ། །བྱོན་པ་ན་ཡང་ མཆོད་ཡོན་དབུལ་བར་བྱའོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ནས་དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲུབ་པ་པོ་ལ་གསུངས་པ། བུ་བདུད་ཀྱི་ཕྱོགས་དེ་རྣམས་ངེས་པར་ཐུལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་དེ་རྣམས་བགྲོད་པ་ཅི་བྱ་ཞེས་སོ། །དེ་ནས་ བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོ་ལ་ཕྱག་གཡས་པས་སྤྱི་བོར་ཉུག་པར་མཛད་དོ། །ཉུགས་པའི་སྐད་ཅིག་དེ་ཉིད་ལས་དཔག་ཚད་སྟོང་དུ་རྒྱ་ཆེ་བའི་བླ་རེ་གཡེར་ཁའི་དྲ་བ་འཕྱང་བ་གསེར་གྱི་འདབ་མས་རབ་ཏུ་འཕྱང་བཞིན་པས་སྒྲོལ་མ་བཅིངས་པ། ཨིནྡྲ་ ནཱི་ལ། པདྨ་རཱ་ག །སཽ་གནྡྱི་ཀ་དང་། རྒྱན་གྱི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་རྡོ་རྗེའི་ནུས་པས་རྣམ་པར་སྤྲས་ཤིང་ཉེ་བར་སྤྲས་པ། བཀྲ་ཤིས་པ་གཞན་གྱིས་ཀྱང་རིག་པ་འཛིན་པའི་བུ་མོ་གཟུགས་བཟང་ཞིང་མཛེས་པ་གླུ་ལེན་བཞིན་པ་སྙན་པའི་སྒྲ་དབྱངས་སྒྲོགས་པ། པི་ཝང་ དང་། རྫ་རྔ་དང་། གླིང་བུ་དང་། ཕེག་རྡོབ་རྗེས་སུ་སྒྲུབ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པ་པོའི་བླ་རེ་འདི་རང་ཉིད་རིག་པའི་རྒྱལ་པོ་དེའི་མཐུས་ཇི་སྲིད་ཟླ་བ་དང་ཉི་མ་དང་སྐར་མ་རྣམས་ཡོད་ཀྱི་བར་དུ་འཁོར་དང་བཅས་པ་རོལ་པར་བྱེད་པ་དང་། རིག་པའི་རྒྱལ་པོ་འདིའི་མཐུས་ རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་མངའ་བདག་གོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱ་བ་བྱས་ནས་ཡོངས་སུ་སྤྱོད་པར་བྱེད་པ་པོ་དང་། ལྷན་ཅིག་གཞལ་མེད་ཁང་ལ་འཛེགས་ནས་འགྲོ་བར་བྱེད་དོ། །འཁོར་ལོ་དེ་ཡང་འབར་བཞིན་པ་ གཞལ་མེད་ཁང་གི་རྩེ་མོར་རིག་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རྣམ་པར་འགྲོ་བའི་ཡིད་ཀྱིས་བདེ་བ་ཅན་དུ་འགྲོ་བར་བྱེད་དོ། །གང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་བཞུགས་པ་དེར་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་པ་འཛིན་པས་ཀྱང་བསྟོད་པར་བྱ་བཞིན་པ། མེ་ཏོག་གི་ཆར་རབ་ཏུ་འབབ་པ་རྣམས་ཀྱིས་བསྐལ་པར་གནས་ཤིང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་མངའ་བདག་སྟེ། གང་གི་ཚེ་འཆི་བ་ན་བྲམ་ཟེ་རྣམས་སུ་སྐྱེ་བར་འགྱུར་ཞིང་སྐྱེ་བ་དྲན་པ་དང་། མཚན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དུས་ཐམས་ཅད་མངོན་པར་ཤེས་པ་དང་། ནོར་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་དང་། བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང་། སྙིང་རྗེ་ཅན་དང་། སངས་རྒྱས་ལ་མངོན་པར་དང་ བ་དང་། ཡིད་གཞུངས་པ་དང་། ཐོས་པ་འཛིན་པ་དང་། བཟོ་དང་། ཡི་གེ་དང་། རི་མོ་ཐམས་ཅད་ལ་མཁས་པ་དང་། བསམ་གྱིས་མི་ཁྱབ་པ་གང་སེམས་པར་བྱེད་པ་དེ་ཡིད་ཀྱིས་རྟོགས་པར་བྱའོ། །ནད་ཐམས་ཅད་རྣམ་པར་སྤངས་པའི་བྲམ་ཟེའི་རིགས་སུ་སྐྱེའོ་ཞེས་སོ། ། ལན་བདུན་མངོན་པར་བསྔགས་གཙུག་ཕུད་བཅིངས་པ་དང་། ཧཱུྃ་ཡིག་གིས་འཕེལ་བ་དང་། གནོན་པ་དང་། རྨོངས་པར་བྱེད་དོ། །ཛ་ཡིག་གིས་གཤེགས་སུ་གསོལ་ལོ། །གྷ་ཡིག་གིས་གསོད་པའོ། །སྭཱ་ཧཱའི་ཡི་གེས་ཞི་བའི་དོན་དང་། འཚོ་བར་བྱེད་པའོ། །མདོར་བསྡུས་ ན་སྟོན་པར་བྱེད་དེ། རིག་པ་འཛིན་པ་གསང་ཆེན་མཆོག་སྒྲུབ་པར་འདོད་པ་དེ་གཅོད་པ་དང་། གསོད་པ་དང་། དབྱེ་བ་དང་། རླག་པར་བྱེད་པ་དང་། བསྡིགས་པ་དང་། གསོད་པར་བྱེད་པ་གཞན་ཐམས་ཅད་ཀྱང་འདིར་བྱའོ། །ཐམས་ཅད་སྙིང་རྗེའི་བདག་ཉིད་ཀྱིས་ཏེ་ དྲག་པོ་ཡིས་ནི་མ་ཡིན་པ་ཁོ་ནའོ། །ཇི་སྲིད་དུ་རིག་པའི་རྒྱལ་པོ་རབ་ཏུ་སྦྱར་བར་མི་བྱ་བའི་གནས་སུ་རབ་ཏུ་སྦྱར་བར་མི་བྱ་སྟེ། གང་རབ་ཏུ་སྦྱོར་བར་བྱེད་པ་དེའི་མཆོག་གི་སྒྲུབ་པ་མི་འགྲུབ་བོ། །དམ་ཚིག་ཤེས་པ་མེད་པར་ཡང་འགྱུར་རོ། །དངོས་གྲུབ་འདི་ནི་སྒྲུབ་ཐབས་ཐམས་ཅད་དང་། རྒྱུད་ ཐམས་ཅད་དུའོ། །སོར་མོ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་སྤྲིན་གནོན་པར་བྱེད་དོ། །མགོ་རེག་བྱས་ནས་རྒྱན་པོ་རྒྱལ་བར་བྱེད་དོ། །ཐ་སྙད་ཐམས་ཅད་ཉིད་ལ་ཡང་ངོ་། །ཡུངས་ཀར་ལ་ལན་བདུན་བསྔགས་པ་བྱས་ནས་རིལ་བསྣུན་པར་བྱས་ཏེ་རྣམ་པར་རྙིལ་བར་བྱེད་དོ། །མཱ་ ལ་རེའི་མེ་ཏོག་ལ་ལན་བདུན་མངོན་པར་བསྔགས་ཏེ་བུད་མེད་གང་གིས་བསྣམས་པར་སྦྱིན་པའམ། མགོ་བོར་བླུགས་ན་དེ་དབང་དུ་འགྱུར་རོ། །རུ་རྟ་དང་། ཤིང་ཚ་དང་། ཨ་ག་རུ་ནག་པོ་དང་། ཙནྡན་དང་། གུར་གུམ་དང་། ས་ཧཱ་ཀ་རའི་སྙེ་མ་དང་། ཚ་བ་གསུམ་གྱི་འདབ་མ་དང་། ན་ ལི་ཤམ་དང་། བ་ཀུ་ལའི་མེ་ཏོག་དང་། པྲི་ཡང་ཀུའི་མེ་ཏོག་རྣམས་ཕྱེ་མ་ཞིབ་མོར་བྱས་ནས་སྦྲང་རྩིས་སྦྱར་ཏེ་ཙ་ན་ཀའི་འདབ་མར་རིལ་བུ་བྱེད་དུ་གཞུག་པར་བྱའོ། །འདི་རྣམས་ལན་ལྔར་ཡོངས་སུ་བཟླས་ཏེ་བྱིན་པ་དེ་དབང་དུ་འགྱུར་རོ། །རྩ་བའི་སྔགས་ཀྱིས་སྐྱེས་པ་དང་ལྷན་ཅིག་བུད་ མེད་དབང་དུ་འགྱུར་རོ། །སྒྲུབ་པ་ལ་ཞུགས་པས་གང་དང་དེར་གནས་པ་དེ་ཉིད་ཀྱིས་ཕྱེ་མས་ཡང་དག་པར་བརྩམ་པར་བྱ་སྟེ་ལོག་འདྲེན་རྣམས་ཀྱིས་ཟིལ་གྱིས་མི་ནོན་ནོ། །འདི་ཉིད་ཀྱིས་སྲིན་པོ་དང་ཡི་དགས་ལ་སོགས་པ་རྣམས་ཀྱིས་སོ། །ཀུ་ཏྱཛའི་ས་བོན་དང་། ནཱ་ག་གེ་སར་དང་ པདྨའི་འདབ་མ་དང་། ཤྲཱི་ཥའི་མེ་ཏོག་དང་། སྤང་སྤོས་དང་། རྒྱ་སྤོས་དང་། རུ་རྟ་དང་། ལག་སྐྱེས་ཀྱི་ས་བོན་དང་། ཙནྡན་དམར་པོ་དང་། གཞན་གྱིས་མི་ཐུབ་པ་དཀར་པོའི་མེ་ཏོག་དང་། ས་བོན་རྣམས་གཅིག་ཏུ་བྱས་ནས་བ་སེར་སྐྱའི་གཅིན་གྱིས་བུ་མོའི་ལག་པར་བཏགས་པར་ བྱའོ། །དེ་ནས་རིལ་བུ་བྱས་ནས་གྲིབ་མ་ལ་མཱ་ལ་ཏཱིའི་མེ་ཏོག་དཀར་པོས་བསྒོ་བར་བྱའོ། །འདི་རྣམས་ཀྱིས་ལུས་བྱུགས་ན་ལོག་པར་འདྲེན་པ་དང་། ཡི་དགས་དང་། གྲུལ་བུམ་དང་། ཤ་ཟ་ལ་སོགས་པ་རྣམས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །གལ་ཏེ་མི་སྦྱིན་ན་བ་ ལང་གི་གཅིན་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་ནད་རབ་ཏུ་འཇོམས་པར་བྱེད། །གུ་གུལ་དང་པི་ཙུ་མར་ཏའི་ས་བོན་དང་། ཙནྡན་དང་། ཏུ་ཏུཥྐ་དང་། ཤྲཱི་བཱ་ལ་ས་ཀ་འདི་རྣམས་ཕྱེ་མར་བྱས་ནས་གོས་ལ་བདུག་པར་གྱིས་ཤིག །གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། ། ལྡོང་རོས་དང་། གི་ཝང་དང་། ལག་སྐྱེས་དང་། བ་རུ་ར་དང་། ཀ་དམ་པའི་མེ་ཏོག་དང་། ཤིང་མངར་དང་། སེ་ཕ་ལི་ཀའི་མེ་ཏོག་དང་། ཤིང་ཙ་དང་། ན་ལེ་ཤམ་དཀར་པོའི་ས་བོན་དང་། ཡུང་བ་གཉིས་དང་། ཤུ་དག་རྣམས་བ་སེར་སྐྱའི་གཅིན་གྱིས་བྲམ་ཟེའི་བུ་མོའི་ལག་པར་ གསོ་སྦྱོང་ཅན་གྱེས་བཏགས་པར་བྱའོ། །རིལ་བུ་བྱས་ནས་ཨུཏྤ་ལས་བསྒོ་བར་བྱའོ། །ཨ་ཏི་མུཀྟ་ཀ་དང་། སཱ་ལ་དང་། མེ་ཏོག་སྔོན་པོས་བསྒོས་པར་བྱའོ། །ལོག་པར་འདྲེན་པ་རྣམས་སམ། གཞན་རྣམས་སམ། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲིན་པོ་ལ་ སོགས་པ་རྣམས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །ནད་མེད་པའི་ལེའུ་རྫོགས་སོ།། །།དེ་ནས་རོ་ལངས་སྒྲུབ་པ་འབྱུང་སྟེ་སྐྱེས་པའི་རོ་མ་ཉམས་པ་རབ་ཏུ་མཛེས་པ་ལ་དཀར་པོའི་བཅོ་ལྔ་ལ་རྗེས་སུ་བྱུགས་པ་བྱས་ནས་སྦྱངས་པའི་སྣོད་དུ་བཞག་ནས་གསོ་ སྦྱོང་ཅན་དེས་ཀྱང་སྐྲ་བཞོར་དུ་བཅུག་ནས་མེ་ཏོག་གི་ཕྲེང་བ་མགྲིན་པ་ལ་བཅིངས་ཏེ་ཁྲོན་པ་སྐམ་པོར་ཞུགས་ནས་སེར་སྐྱའི་བ་བྱུང་གི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དེ་ཉིད་དུ་ཁྲོན་པར་བཞག་ནས། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མ་དང་། སེང་ལྡེང་གི་ཕུར་བུ་བཞི་རྣམས་ཀྱིས་ བཅིང་བ་དང་། ཕྱོགས་སྐྱོང་བ་རྣམས་གཞག་པར་བྱའོ། །རོ་དེ་ལ་འབྲས་ཡོས་དང་། ཕྱེ་བ་སེར་སྐྱའི་འོ་མ་དང་སྦྱར་ཏེ་ཇི་སྲིད་དུ་རོ་དེའི་ལྕེ་བྱུང་གི་བར་དེ་སྲིད་དུ་ཁར་སྲེག་བླུགས་གྱིས་ཤིག །དེ་བཅད་ནས་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དཔའ་བོ་ཆེན་པོ་ཕ་རོལ་ གནོན་པར་འགྱུར་རོ། །ཉི་མ་འཆར་བ་དང་། མཉམ་པའི་འོད་དུ་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །རོ་ལངས་ཀྱི་སྒྲུབ་པ་གཉིས་པ་འབྱུང་སྟེ་དུར་ཁྲོད་ཀྱི་ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་དང་། གཏོར་མ་བྱས་ཏེ་དེའི་མདུན་དུ་ཀུ་ཤའི་ཁྲེས་ ལ་ཉེ་བར་འདུག་ནས་སེང་ལྡེང་གི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པས་ཇི་སྲིད་རོ་ལངས་ལངས་ཀྱི་བར་དེ་སྲིད་དུ་སྦྱིན་སྲིག་བྱའོ། །གང་ཡིད་ཀྱིས་སེམས་པར་བྱེད་པ་དེ་མྱུར་དུ་འགུགས་པར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །དེ་ལ་ཞོན་ནས་སྦྱིན་སྲེག་གིས་འགྲོ་བར་བྱེད་ དེ། ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། །རོ་ལངས་སྒྲུབ་པ་གསུམ་པ་འབྱུང་སྟེ། སེར་སྐྱའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ནས་མེ་ལ་སྦྱིན་སྲེག་བྱས་པའི་ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་དེ་བཞིན་དུ་ཡང་དག་པར་བཞག་ནས་བེ་ཀངྐ་ཏའི་ སྲེག་བླུགས་ཀྱིས་སྦྱིན་སྲེག་བྱེད་ཅིང་རིག་པ་འཛིན་པས་བེ་ཀངྐ་ཏས་ཀུན་ནས་བསྣུན་པར་བྱའོ། །རྩ་བའི་སྔགས་དྲན་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ལོངས་ཤིག་ལོངས་ཤིག་དུ་བར་བྱེད་པ་དང་། དྲག་ཏུ་དགོད་པས་གྲོལ་བར་བྱེད་ན་འཇིགས་པར་བྱེད་དོ། །ཇི་སྲིད་རང་ཉིད་ ལས་ཀྱི་བར་དུ་རྒྱབ་ན་རྗེས་སུ་འགྲོ་བར་བྱེད་དེ་དབང་པོའི་ཆུང་མ་ཡང་མྱུར་དུ་འགུགས་པར་བྱེད་དོ། །བཅུད་ཀྱིས་ལེན་དུ་འགྱུར་རོ། །དེ་ཟོས་ནས་ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་ འགྱུར་རོ། །རོ་ལངས་སྒྲུབ་པར་འགྱུར་བའོ། །རྨ་བྱ་དང་ནམ་མཁའ་ལྡིང་དང་། གླང་པོ་ཆེ་དང་། རྟ་དང་གྲོག་མཁར་གྱིས་དང་། འོ་མས་དཀར་པོའི་བཅོ་ལྔ་ལ་ལེགས་པར་བཙགས་པ་བྱས་ནས་ཆུ་རྣམ་པར་དབྱེ་བ་གསུམ་རྣམས་རྩ་བའི་སྔགས་ཀྱིས་ཡོངས་སུ་བཟླས་ནས་དེ་ སེར་སྐྱ་སྤྱོད་དུ་གཞུག་གོ། །དེ་ནས་རིག་པ་འཛིན་པས་རྣམ་པར་དབེན་པའི་བ་བྱུང་གིས་གསོ་སྦྱོང་ཅན་གྱིས་སེར་སྐྱ་དེའི་འོ་མ་བླངས་ནས་སའི་གོང་བུ་དེ་མཉེ་བར་བྱའོ། །དེ་ནས་རྨ་བྱ་དང་། ནམ་མཁའ་ལྡིང་དང་། གླང་པོ་ཆེ་དང་། རྟ་གང་ཡང་རུང་བར་རི་མོ་འམ་གང་ཡང་རུང་བ་བྱས་ ནས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་འདྲིར་གཞུག་པར་བྱའོ། །རས་རིས་ཀྱི་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མར་མེ་རྣམས་དང་། སྲུང་བའི་ཆོ་ག་བྱས་ནས་ཨུ་དུམ་བཱ་རའི་ཡམ་ཤིང་གིས་སྲེག་བླུགས་བདུན་གྱིས་སྦྱིན་སྲེག་བྱའོ། །དྲིའི་ཆུས་ལྷ་ རྣམས་སྤྱན་དྲངས་ནས་སླར་ཡང་རྣམ་པར་ཕྱེ་སྟེ་མཆོད་ཡོན་ཕུལ་ཏེ་རྨ་བྱ་དེ་རས་རིས་ཀྱི་མདུན་དུ་བཞག་ནས་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ་གལ་ཏེ་རྨ་བྱ་སྒྲུབ་པར་བྱེད་ན་དེའི་དངོས་གྲུབ་ཀྱི་མཚན་མར་ འགྱུར་བ་ནི་རྨ་བྱ་སྐད་འབྱིན་པ་དང་། གླང་པོ་ཆེ་གུ་ལ་གུ་ལ་སྒྲོགས་པ་དང་། རྟ་འཚེར་བ་དང་། ནམ་མཁའ་ལྡིང་གཤོག་པ་གཡོ་བ་སྟེ། དངོས་གྲུབ་ཀྱི་མཚན་མ་འདི་རྣམས་སུ་གྱུར་ན་རྨ་བྱའི་རྒྱལ་པོ་སྨིན་དྲུག་གཉིས་པར་འགྱུར་ཏེ། བརྩོན་འགྲུས་ཆེན་པོས་སྟོབས་ དང་ཕ་རོལ་གནོན་པར་འགྱུར་རོ། །ལྷ་རྣམས་ཀྱི་རྒྱགས་པ་གནོན་པར་བྱེད་དོ། །བར་གྱི་བསྐལ་པར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། འདི་ནི་དངོས་གྲུབ་བོ། །དེ་ནས་རྡོ་རྗེ་རྣམ་པར་བྱེད་པ་དེས་ཨ་ཀ་རུ་ལས་བྱུང་བའམ། ཙནྡན་ལས་བྱུང་བའམ། ལྷའི་ཤིང་ལས་བྱུང་བའམ། སེང་ལྡེང་ལས་བྱུང་བའམ། དྲི་ལས་བྱུང་བའམ། ནིམྦའི་ཤིང་ལས་བྱུང་བའམ། རྒྱལ་གྱི་ལྕགས་ལས་བྱུང་བའམ། གྲོག་མཁར་ལས་བྱུང་བའམ། ཤེལ་ལས་བྱུང་བའམ། སར་ལས་བྱུང་བའི་འཁོར་ ལོ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་ཐུང་དང་། རྡོ་རྗེ་དང་། རྩེ་གསུམ་ཁ་གདེང་སྒྲུབ་པར་བྱེད་དོ། །རྡོ་རྗེ་རྩེ་བཞི་པ་སོར་བཅུ་དྲུག་པ་ལས་བྱེད་པ་གསོ་སྦྱོང་ཅན་གྱིས་ཆ་མ་ཚང་བ་མེད་པ་བྱེད་དུ་བཅུག་ནས་སེར་སྐྱའི་བ་བྱུང་ལྔས་རབ་ཏུ་བཀྲུ་བར་བྱས་ནས་དཀར་པོའི་བཅོ་ ལྔ་ལ་རས་རིས་ཀྱི་སྤྱན་སྔར་གཏོར་མ་དང་། མར་མེ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། རྡོ་རྗེ་དྲིའི་ཆུས་འཁྲུར་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀོད་པའི་གཟུགས་བརྙན་བྱས་ཏེ་དྲིའི་ཆུ་དང་། རྩ་བའི་སྔགས་བརྗོད་དོ། །རང་གི་ལྷ་རྣམས་སྤྱན་ དྲང་བ་བྱས་ནས་མཆོད་ཡོན་ཡང་དང་ཡང་ཕུལ་ཏེ། སླར་ཡང་གཤེགས་སུ་གསོལ་ནས་མར་གྱི་སྲེག་བླུགས་སྦྱིན་སྲེག་གྱིས་ཤིག །དེ་ནས་རིག་པ་འཛིན་པས་ལག་པ་གཡས་པས་རྡོ་རྗེ་ཐོགས་ཏེ་ཇི་སྲིད་འབར་བ་དང་། ཙི་ཊི་ཙི་ཊིའི་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པར་ བྱའོ། །དེ་ནས་རིག་པ་འཛིན་པས་རིངས་པ་ཉིད་དུ་བཟླས་པར་བྱ་སྟེ་ཇི་སྲིད་ཤར་གྱི་ཕྱོགས་སུ་མཐོང་བ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་བྱང་ཆུབ་སེམས་དཔའི་སྒྲོལ་བ་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་། རྟ་མགྲིན་རྒྱལ་པོ་རིག་པ་བྱེ་བས་ཡོངས་ སུ་བསྐོར་བ་དང་། འཕགས་པ་ཁྲོ་གཉེར་ཅན་དང་། སྒྲོལ་མ་དང་། གོས་དཀར་མོ་དང་། རི་ཁྲོད་ལོ་མ་ཅན་དང་། བྱང་ཆུབ་སེམས་དཔའི་སྙིང་པོ་རེ་རེ་ལ་བྱེ་བ་ལྔ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་རྗེས་སུ་འབྲངས་པས་འོང་བར་བྱེད་དོ། །དེ་ནས་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་གྱི་ཆར་འབེབས་པས་མཆོད་པ་བྱ་བཞིན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིལ་བ་སྤྱི་བླུགས་དང་དབྱུག་གུའི་ཤིང་བསྣམས་པ། གཡས་པས་སྒྲུབ་པ་པོ་ལ་དབུགས་འབྱིན་པར་མཛད་བཞིན་པ་སྟོན་ཀའི་ སྤྲིན་ལྟར་དཀར་བ་སྦྱངས་པའི་སྣོད་དཀར་པོ་ངེས་པར་གནས་པ། གཡང་གཞི་ནག་པོ་འཆང་བ། རལ་པའི་ཅོད་པན་འཆང་བའི་དབུས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཉི་མ་ལྟར་འབར་བ་གསེར་གྱི་སྲང་བུའི་མཆོད་ཕྱིར་ཐོགས་པ་ཅན་སྒྲུབ་པ་པོ་ལ་རྔ་བོ་ཆེའི་སྒྲ་ཟབ་མོའི་ཚིག་ གིས་དབུགས་འབྱིན་པར་མཛད་བཞིན་པའོ། །དེ་ནས་སྒྲུབ་པ་པོས་བྱོན་ཅིང་བྱོན་པ་རྣམས་ལ་མཆོད་ཡོན་དང་གདན་ཕུལ་ཏེ། སྨོན་ལམ་གདབ་པ་བྱས་ནས་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་ལ་རྗེས་སུ་བརྩེ་བ་ཉེ་བར་བླངས་ནས་གསུངས་ཤིག །སྡིག་པ་བྱེད་པ་དང་བསོད་ ནམས་དང་དངོས་གྲུབ་གཞན་པ་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཡོངས་སུ་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གསུངས་ཤིག །བདག་གི་སྡིག་པ་བྱས་པ་ལ་ནོར་གྱི་དངོས་གྲུབ་དང་། སྒྲུབ་པ་ པོས་ལན་བཅུ་གསུམ་དུ་སྨོན་ལམ་བཏབ་པ་བྱས་ནས་བཅོམ་ལྡན་འདས་ལ་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོའི་སྤྱི་བོར་ཕྱག་གཡས་པ་རེག་པར་མཛད་དོ། །འདི་སྐད་ཅེས་གསུངས་སོ། །བུ་ཅི་བྱ། དེ་ནས་མཆོད་ཡོན་ དང་། མེ་ཏོག་གི་ཆུན་པོ་ཕུལ་ནས་པུས་མོ་གཉིས་བཙུགས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེའི་དངོས་གྲུབ་བདག་ལ་སྩོལ་ཅིག །ཁྱེད་ཀྱིས་ཕྲིན་ལས་བརྩོན་འགྲུས་ཆེན་པོ་དང་། སྟོབས་ཆེན་པོས་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་ བདག་ཕྱག་ན་རྡོ་རྗེ་དང་འདྲ་བའི་ལུས་སུ་མཛོད་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་བུ་དེ་རྣམས་གྲུབ་བོ། །རྡོ་རྗེ་འདི་ནི་བརྩོན་འགྲུས་ཆེན་པོའི་སྟོབས་དང་། ཕ་རོལ་གནོན་པ། རིག་པ་འཛིན་པའི་རྒྱལ་པོ་ཐོགས་པ་མེད་པར་འགྲོ་བ་མཐུ་ཆེན་པོ་ཕྱག་ན་རྡོ་རྗེ་དང་འདྲ་བའི་ ལུས་སོ། །དེ་ནས་རིག་འཛིན་པས་རྡོ་རྗེ་བླངས་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། རིག་པའི་རྒྱལ་པོར་འགྱུར་རོ། །རིག་པ་འཛིན་པ་བྱེ་བ་ལྔས་ཡོངས་སུ་བསྐོར་བ་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རོལ་པར་བྱེད་པ། གཟུགས་བཟང་པོ་རབ་ཏུ་མཛེས་ པ། མཚན་ཐམས་ཅད་ཡང་དག་པར་རྫོགས་པ། བར་གྱི་བསྐལ་པར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་ཏེ་འདི་ནི་དངོས་གྲུབ་བོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་ཉི་མ་གུང་ལ་དཔའ་བོའི་རིན་གྱིས་རྣ་བའི་ མིག་སྨན་བླངས་ནས་བ་སེར་སྐྱའི་འོ་མས་ལན་བདུན་དུ་བཀྲུ་བར་བྱས་ནས་བ་སེར་སྐྱའི་བ་བྱུང་ལྔ་པོ་དེ་ཉིད་ཀྱིའོ། །དེའི་འོག་དེ་ནས་མིག་སྨན་ཟངས་ཀྱི་སྣོད་དུ་བྱས་ནས་བཏགས་པར་བྱའོ། །དེ་ནས་མེ་ནས་བཏོན་ཏེ་རས་རིས་མཆོད་པ་རྒྱ་ཆེན་པོ་དང་། གཏོར་མ་བྱས་ནས་མིག་སྨན་ ཁར་བཅུག་སྟེ་དཀར་པོའི་བརྒྱད་པའམ། ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཇི་སྲིད་དྭོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བའོ། ། འབར་བས་ནི་ནམ་མཁའ་ལ་འགྲོ་བར་བྱེད་དོ། །མིག་ལ་བསྐུས་པས་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཕྱུག་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་ནོ། །དེ་ནས་གནོད་སྦྱིན་མོ་སྒྲུབ་པར་འདོད་ན་སྐྲ་དང་བྲལ་ བའི་རས་གཞི་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་གཟུགས་བརྙན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཅུང་ཟད་འཛུམ་པའི་ཞལ། ཕྱག་གཡས་པས་མྱ་ངན་མེད་པ་འཆང་བཞིན་པ་ བསྣམས་པ་འདྲིར་གཞུག་པར་བྱའོ། །རིག་པ་འཛིན་པས་དཀར་པོའི་བརྒྱད་པ་ལ་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་ནས་གཏོར་མ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རང་གི་ལྷ་སྤྱན་དྲངས་ནས་ མཆོད་ཡོན་དང་གདན་ཕུལ་ཏེ་སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ནས་རྩ་བའི་སྔགས་ཀྱིས་འོ་མའི་སྲེག་བླུགས་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་ཀྱི་བར་དུ་བཟླས་པ་བྱའོ། ། འོངས་པ་དང་མཆོད་ཡོན་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སོ་སོར་བཞེས་ཤིག་སོ་སོར་བཞེས་ལ་བཞུགས་ཤིག་ཅེས་སོ། །རབ་ཏུ་འཛུམ་པའི་བཞིན་གྱིས་ལེགས་སོ་ཞེས་སྨྲས་ཏེ་བཀའ་སྒོ་བར་བྱེད་པ་ཅི་ཞིག་བགྱི་ཞེས་སོ། །དེ་ནས་སྒྲུབ་པ་པོས་ཆུང་མའོ་ཞེས་བརྗོད་ པར་བྱའོ། །གལ་ཏེ་སྲིང་མོའོ་ཞེས་རྗོད་པར་བྱེད་ན་དེ་ནས་སྒྲུབ་པ་པོ་འཚོ་བ་ལས་བྲལ་བར་བྱེད་དོ། །དེ་ནས་ཆུང་མའོ་ཞེས་རྗོད་པར་བྱེད་ན་དེ་ནས་སྒྲུབ་པ་པོ་ལག་པས་བཟུང་ནས་འཛུམ་པའི་བཞིན་གྱིས་རང་གི་གནས་སུ་འགྲོ་བར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། ། ཟོས་པས་སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་བ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཉི་མ་འཆར་བའི་ཁ་དོག་འདྲ་བ་ལྷའི་གཟུགས་བརྙན་གཟུགས་བཟང་པོ་རབ་ཏུ་མཛེས་པ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །དེ་དང་ལྷན་ཅིག་རོལ་པར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ཆེན་པོའི་ རིགས་སུ་སྐྱེ་བར་འགྱུར་ཏེ། སྐྱེ་བ་དྲན་ནོ། །ཆོ་ག་དེ་ཉིད་ཀྱིས་ཁ་ཚར་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ག་པུར་པྲི་ཡང་ཀུའི་ཤིང་ལ་འཕྱང་བ་གོས་གཅིག་པ་ཟར་མའི་མེ་ཏོག་དང་མཚུངས་པའི་གནོད་སྦྱིན་ མོ་འདྲིར་གཞུག་པར་བྱའོ། །དེ་ནས་སྒྲུབ་པ་པོས་དཀར་པོའི་བརྒྱད་པ་ལ་མཚན་མོ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་མཆོད་པ་དང་གཏོར་མ་དང་མར་མེ་བྱས་ནས་རང་གི་ལྷ་སྤྱན་དྲང་བར་བྱས་ཏེ་མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་གཤེགས་སུ་ གསོལ་ཏེ་པྲི་ཡང་ཀུའི་ཡམ་ཤིང་བ་སེར་སྐྱའི་མར་གྱིས་བཏགས་པ་སྲེག་བླུགས་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་རིག་པ་འཛིན་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་བཟླས་པར་བྱའོ། །འོངས་པ་ལ་མཆོད་ཡོན་དབུལ་བར་བྱའོ། །འདི་སྐད་ཟེར་ཏེ་བཀའ་བསྒོ་བ་ ཅི་བགྱི། དེ་ནས་སྒྲུབ་པ་པོས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གི་ཆུང་མ་མཛོད་ཅིག་ཅེས་སྒྲུབ་པ་པོས་སྨྲས་པ་དང་རབ་ཏུ་འཛུམ་པའི་བཞིན་གྱིས་ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན་དུའོ་ཞེས་ཟེར་རོ། །སྒྲུབ་པ་པོས་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་དོ། ། བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །ཆོ་ག་དེ་ཉིད་ཀྱིས་ཁ་ཚར་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་གནོད་སྦྱིན་མོ་འདྲིར་གཞུག་པར་བྱའོ། །གསེར་ལྟར་ སེར་བ་གོས་གཅིག་པ། སྐྲ་གྲོལ་བ་ཀུན་ཏུ་ཆགས་པའི་སེམས་ཀྱིས་སྒྲུབ་པ་པོ་ལ་ངེས་པར་རྟོག་བཞིན་པ་ཨ་ཏི་མུཀྟའི་ཤིང་ལ་འཕྱང་བཞིན་པ་ཅུང་ཟད་འཛུམ་པའི་བཞིན་ཅན་ཕྱག་གཡས་པའི་སོར་མོས་སྒྲུབ་པ་པོ་ལ་སྡིགས་པར་བྱེད་པའོ། །དེ་ནས་སྒྲུབ་པ་པོས་རིང་བསྲེལ་དང་ བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ཏེ་གོས་གཙང་མ་བགོས་ནས་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་སྨྱུང་བར་གནས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཆོད་ཡོན་དང་རི་མོ་བྱ་བ་དང་སླར་ཡང་མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ་ཏེ་འོ་མའི་སྲེག་བླུགས་ ཉི་ཤུ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་སྒྲུབ་པ་པོས་རྩ་བའི་སྔགས་ཀྱིས་ལན་བདུན་བསྔགས་པའི་མཱ་ལ་ཏིའི་མེ་ཏོག་རེ་རེས་ཇི་སྲིད་རང་ཉིད་འོངས་ཀྱི་བར་དུ་གནོད་སྦྱིན་མོ་ལ་བསྣུན་པར་བྱའོ། །སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་ བར་བྱེད་དོ། །གནས་སུ་སོང་ནས་བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོར་འགྱུར་ཏེ། དེ་ཡིས་ལྷན་ཅིག་རོལ་པར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་ རོ། །སྐྱེ་བ་དྲན་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ཙནྡན་དང་། རྒྱ་སྤོས་དང་། རུ་རྟ་དང་། ཤིང་རྩ་དང་། པ་རི་པཱ་ལ་པཱ་དང་། གུར་གུམ་དང་། ལྡོང་རོས་དང་། གི་ཝང་དང་། པདྨའི་འདབ་མ་དང་། པདྨའི་ས་བོན་རྣམས་གཅིག་ཏུ་བྱས་ནས་དྲིའི་ ཁུ་བ་དང་། ནམ་མཁའི་ཆུས་བྲམ་ཟེའི་བུ་མོ་གསོ་སྦྱོང་ཅན་གྱི་ལག་པར་བསྟབས་པར་བྱའོ། །དྲི་དཀར་པོའི་གཟུགས་བརྙན་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀར་པོའི་བརྒྱད་པ་ལ་མཆོད་པ་བྱས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་ གཟུགས་བརྙན་དེ་མཆོད་རྟེན་གྱི་སྤྱན་སྔར་བཞུགས་ནས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱ་སྟེ་མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་པདྨ་གེ་སར་ལ་བ་སེར་སྐྱའི་མར་གྱིས་ བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་གྱིས་ཤིག །དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་དུ་བཟླས་པར་བྱའོ། །འོངས་པ་ལ་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་དེ་ན་རེ་བཀས་བསྒོ་བ་ཅི་ཞིག་བགྱི་ཞེས་ཟེར་རོ། །འདི་ སྐད་ཅེས་བརྗོད་པར་བྱའོ། །ཆུང་མ་མཛོད་ཅིག་ཅེས་སོ། །དེ་ནས་དེས་སྨྲས་པ་དེ་བཞིན་བྱའོ་ཞེས་སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་ཅིང་བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །ལྷའི་གཟུགས་ཅན་དུ་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་ བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་བ་སེར་སྐྱའི་མར་སར་པ་ལ་གཟུགས་བརྙན་བྱས་ནས་རས་རིས་ཀྱི་སྤྱན་སྔར་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཇི་སྲིད་གནོད་སྦྱིན་མོ་བྱུང་བའི་བར་དུའོ། ། ཆོ་ག་འདི་ཉིད་ཀྱིས་ཙནྡན་དམར་པོ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་རྩ་བའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཆུ་ཀླུང་དུ་གཞུག་གོ། །སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོའི་གནོད་སྦྱིན་མོ་འོང་ཞིང་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ། །ནིམྦའི་ཤིང་ལས་ བྱུང་བའི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་གནོད་སྦྱིན་མོ་བྱེད་དུ་བཅུག་ནས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཆོ་གས་གཏོར་མ་དང་། མར་མེའི་མཆོད་པ་རྒྱ་ཆེན་པོ་བྱས་ནས། དེ་ནས་སྒྲུབ་པ་པོས་རྣམ་པར་དབེན་པར་སྦྱངས་པའི་སྣོད་དང་གོས་ཀྱི་རྩ་བའི་སྔགས་ཀྱིས་ལྷ་རྣམས་སྤྱན་དྲང་བར་བྱ་སྟེ་མཆོད་པ་དང་གདན་ཕུལ་ནས། སླར་ཡང་གཤེགས་སུ་གསོལ་ཏེ་ཇི་སྲིད་དུ་གནོད་སྦྱིན་མོ་རང་ཉིད་ཀྱིས་གཟུགས་གསལ་བར་བྱེད་བཞིན་པ་མེ་ཏོག་གི་ཕྲེང་བ་བྱས་ ནས་འོང་བར་བྱེད་དོ། །དེ་སྲིད་དུ་བཟླས་པར་བྱའོ། །དེ་སྨྲ་བ་དང་དེ་ནས་སྒྲུབ་པ་པོས་ཆུང་མ་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དེ་རབ་ཏུ་འཛུམ་པའི་བཞིན་གྱིས་སྒྲུབ་པ་པོ་ལ་མེ་ཏོག་ཕྲེང་བ་སྦྱིན་པར་བྱེད་དོ། །རང་གི་ལག་པས་བཟུང་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ འགྲོ་བར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །སྐད་ཅིག་དེ་ཉིད་ལ་ལྷའི་གཟུགས་ཅན་དུ་འགྱུར་རོ། །གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར་རོ། །དེའི་ལྷན་ཅིག་རོལ་པར་བྱེད་ཅིང་དགའ་མགུར་ཡོངས་སུ་སྤྱོད་པར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ་ ལྷའི་ཚེའོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །རབ་ཏུ་མཛེས་པ་དང་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང་། ལོངས་སྤྱོད་ཆེན་པོ་དང་། ནོར་ཆེན་པོ་དང་། འདོད་པ་ཆེན་པོ་དང་། སྙིང་རྗེ་ཅན་དང་། ཐམས་ཅད་སྦྱིན་པ། བརྩོན་འགྲུས་ཆེན་པོ་སྐྱེ་བ་དྲན་པའོ། །གནོད་སྦྱིན་མོའི་ལེའུ་རྫོགས་སོ།། །།པདྨའི་མཚོར་སོང་ནས་སྒྲུབ་པ་པོས་དཔལ་མོ་འོངས་ཀྱི་བར་སྦྱིན་སྲེག་བྱའོ། །རུ་རྟ་དང་། རྒྱ་སྤོས་དང་། པདྨའི་ས་བོན་དང་། པདྨའི་གེ་སར་དང་། ཙནྡན་སྦྲང་རྩིས་ལྷན་ ཅིག་བཏགས་པར་བྱའོ། །གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །རྩ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དེ་ནས་རྩལ་བྱེད་པར་འདོད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་མཆོད་རྟེན་ཇི་སྲིད་དུ་མཆོད་རྟེན་ཕྱི་ མ་རབ་ཏུ་གཡོ་བ་བྱེད་པ་དེ་སྲིད་དུ་བྱའོ། །དེ་ནས་ལས་ཀྱི་སྒྲིབ་པ་ཟད་པར་བྱས་ནས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་ཏེ། རྣམ་པ་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་བསྒྱིངས་པའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་བསྒྲུབ་པར་འདོད་ན། ཁ་ཚར་མ་བཅད་པའི་རས་སྐྲ་དང་བྲལ་བ་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་པིར་སར་པས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ་རལ་པ་འཕྱང་བ། འོད་ དཔག་མེད་དབུ་ལ་འཛིན་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་འདྲིར་གཞུག་པར་བྱའོ། །འོག་ཏུ་སྒྲུབ་པ་པོ་སྤོས་ཕོར་ལག་ན་ཐོགས་པས་པུས་མོ་གཉིས་བཙུགས་པ་བྱང་ཆུབ་ལ་ངེས་པར་རྟོག་བཞིན་པའོ། །དེ་ནས་རིག་པ་འཛིན་པས་དཀར་པོའི་ ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རས་རིས་ཀྱི་སྤྱན་སྔར་ཉི་མ་རེ་རེ་ཞིང་རྒྱུན་མི་འཆད་པའི་མཆོད་པ་དང་། གཏོར་མ་དང་། མར་མེ་ཡང་ཇི་སྲིད་དུ་ཟླ་བ་ཉ་བའི་བར་དུ་བྱའོ། །ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་དང་། གཏོར་མ་དང་། མར་མེ་ཡང་བྱས་ནས་སྨོན་ལམ་བཏབ་ པར་ཡང་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་མཱ་ལ་ཏིའི་མེ་ཏོག་གིས་ཡོངས་སུ་བཀང་བའི་དྲིའི་ཆུའི་སྣོད་ལག་པ་གཉིས་ཀས་བླངས་ནས་པུས་མོ་གཉིས་བཙུགས་ཏེ་རྩ་བའི་སྔགས་ལན་བདུན་བརྗོད་ནས་རང་གི་ལྷ་རྣམས་སྤྱན་ དྲང་བར་བྱ་སྟེ་མཆོད་ཡོན་དང་གདན་ཕུལ་ནས་སླར་ཡང་བྱབས་ཏེ་བ་སེར་སྐྱའི་མར་ལ་བཏགས་པའི་མཱ་ལ་ཏིའི་མེ་ཏོག་གིས་སྦྱིན་སྲེག་བྱའོ། །ལྷ་རྣམས་ཚིམ་པར་བྱས་ནས་སྲུང་བ་བྱས་པ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ང་རྒྱལ་དང་བྲལ་བ་མི་སྨྲ་བས་གཡོ་བཅོམ་སྟེ། དྲན་པ་མཆོག་གིས་དམིགས་པར་བྱས་ལ་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་ཉིད་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་བྱོན་པ་དེ་སྲིད་དུ་བཟླས་པར་བྱའོ། །སེམས་དཔའ་ཆེན་པོ་བྱོན་པ་དང་། ས་གཡོ་བ་དང་། རིའི་རྩེ་མོ་ཉིལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། ལྷ་ཐམས་ཅད་མེ་ཏོག་གི་ཆར་རབ་ཏུ་འབེབས་པར་བྱེད་པ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱང་ཙནྡན་གྱི་ཕྱེ་མའི་ཆར་འབེབས་པ་དང་། གནས་གཙང་མའི་ལྷ་རྣམས་རིན་པོ་ཆེ་ཆེན་པོའི་ཆར་ རབ་ཏུ་འབེབས་པ་དང་། ལྷ་མ་ཡིན་ཐམས་ཅད་ཨུཏྤ་ལའི་ཆར་རབ་ཏུ་འབེབས་པར་བྱེད་དོ། །དྲག་པོ་ཐམས་ཅད་ཁྲོ་བ་དང་བྲལ་བར་འགྱུར་རོ། །དམྱལ་བ་པ་རྣམས་ཀྱང་སྐད་ཅིག་དེ་ལ་བདེ་བ་སྐྱེས་ཏེ། མཆོག་ཏུ་འཇིགས་པ་སྨྲ་བར་བྱེད་དོ། །དྲི་ཟ་རྣམས་གླུ་ སྙན་པའི་སྒྲ་ཐོས་པར་བྱེད་དོ། །རིག་པ་འཛིན་པ་ཐམས་ཅད་ཀྱང་རང་གི་རིག་པས་ཡོངས་སུ་བསྐོར་ཏེ་ཇི་ལྟར་རྣམ་པར་འཕྲུལ་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོང་བར་བྱེད་དོ། །ལོག་འདྲེན་ཐམས་ཅད་དང་། བགེགས་ཐམས་ཅད་དང་། སྲིན་པོ་ཐམས་ ཅད་དང་། ཡི་དགས་ཐམས་ཅད་དང་། ཇི་སྲིད་དུ་དྲག་པོ་སྣ་ཚོགས་པ་རྣམས་བྱང་ཆུབ་སེམས་དཔའ་བྱོན་པ་མཐོང་ནས་ཞི་བའི་སེམས་སུ་འགྱུར་རོ། །སྤྲིན་ལས་གུ་ལུ་གུ་ལུའི་སྒྲ་སྒྲོགས་པ་དང་ས་རྣམ་པ་དྲུག་ཏུ་གཡོ་བ་དང་། ཕྱོགས་བཞི་སྐྱོང་བ་རྣམས་བྱང་ ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོང་བར་བྱེད་དོ། །ལོག་པར་འདྲེན་པ་ཐམས་ཅད་དང་བགེགས་ཐམས་ཅད་འོངས་ཏེ་ཕྱོགས་བཞི་རབ་ཏུ་ཞི་བར་འགྱུར་རོ། །རླུང་འགྲོ་བ་དང་། དྲག་པོ་རབ་ཏུ་འགྲོ་བར་བྱེད། དུས་མ་ཡིན་པར་ཤིང་ལ་མེ་ཏོག་ཏུ་འགྱུར་རོ། །འཇིག་ རྟེན་པའི་རིག་པ་འཛིན་པ་ཐམས་ཅད་འོངས་ཏེ་ཕྱོགས་གང་དུ་རིག་པ་འཛིན་པ་སྒྲུབ་པ་བྱེད་པ་དེར་སེམས་དཔའ་ཆེན་པོའི་དགའ་སྟོན་ལ་ཐམས་ཅད་ཉིད་འདུས་སོ། །སྒྲུབ་པ་པོས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ནས་མཆོད་ཡོན་ཕུལ་ནས་ ཕྱག་བྱའོ། །ལྷ་ཐམས་ཅད་དང་། རིག་པ་འཛིན་པ་ཐམས་ཅད་ལ་མཆོད་ཡོན་དང་གདན་ཕུལ་ནས་དེ་ནས་ལྷ་ཐམས་ཅད་དང་། རིག་པ་འཛིན་པ་ཐམས་ཅད་ཀྱིས་སྒྲུབ་པ་པོ། །བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་སྲིད་པ་གསུམ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་ བར་བྱས་པ་དེ་རྣམས་ངེས་པར་རྒྱལ་བ་ཀུན་ཏུ་སྣང་བས་མནན་པ་བྱང་ཆུབ་སེམས་དཔའི་ལམ་དང་ལྷན་ཅིག་འཚོ་བའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའི་ཕྱག་གཡས་པ། སྒྲུབ་ པ་པོའི་སྤྱི་བོར་ཉུག་པར་མཛད་དོ། །དེ་ནས་སྒྲུབ་པ་པོས་གང་ཡིད་ལ་སྙིང་པོ་བསམ་པ་དེར་འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་དང་། རིག་པ་འཛིན་པའི་རྒྱལ་པོ་ལྷ་ཉིད་གང་འདོད་པ་དེ་རྣམས་ཆེས་གཞན་དུ་སྣང་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གྲུ་འཛིན་དེང་མཐོང་བར་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ཕྱག་གཡས་པས་བཟུང་སྟེ་རིག་པའི་རྒྱལ་པོ་རྟ་མགྲིན་ལ་ཡང་དག་པར་གཏད་པར་གྱུར་ཏོ། །གྲུ་འཛིན་དུ་སོང་ཤིག །གང་འདོད་པ་དེ་ སྦྱིན་པར་འགྱུར་རོ། །དེ་ནས་རིག་པའི་རྒྱལ་པོ་རིག་པའི་རྒྱལ་པོའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་སྒྲུབ་པ་པོའི་ལག་པ་གཡས་བཟུང་ནས་རྒྱ་མཚོའི་དབུས་སུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོའི་རིག་པའི་ཚོགས་ལ་མེ་ཏོག་གི་ཆར་འབེབས་པ་དང་། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། རྔ་དང་། རྫ་རྔ་ཁ་གཅིག་པ་དང་། རྫ་རྔ་རྣམས་སྒྲ་འབྱིན་བཞིན་དུ་གྲུ་འཛིན་དུ་འགྲོ་བར་བྱེད་དོ། །རྒྱ་མཚོའི་སྟེང་དེར་རྒྱ་ མཚོ་ཆེན་པོ་རིག་པའི་རྒྱལ་པོས་མཐོང་ནས་སྐྱེས་བུ་དམ་པ་དེ་ཡང་ཆུ་ཀླུང་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་རིན་པོ་ཆེའི་མཆོད་ཡོན་རབ་ཏུ་སྩོལ་བར་བྱེད་པར་འགྱུར་རོ། །ལེགས་སོ་ཞེས་བྱ་བ་ཡང་གནང་བར་མཛད་དོ། །རིགས་ཀྱི་བུ་ལེགས་སོ་ལེགས་པར་འཚོ་བ་ དང་། གཟི་བརྗིད་དང་ལྡན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སོ། །དེ་ནས་རྒྱ་མཚོ་ཆེན་པོ་བསྒྲལ་ནས་གྲུ་འཛིན་དུ་སོང་སྟེ། མཐོང་བ་དང་དེར་གང་རིག་པ་འཛིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་ མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཐམས་ཅད་མཆོད་ཡོན་གྱིས་སྣོད་ཀྱི་མེ་ཏོག་གི་ཆར་ཆེན་པོས་སྒྲུབ་པ་པོ་ལ་བསུ་བ་ལ་འོང་བར་བྱེད་དོ། །དེ་ནས་གྲུ་འཛིན་མཐོང་ནས་སྣ་ཚོགས་པའི་ནོར་བུ་དང་སྨན་གྱིས་བསྐུས་པ། མུ་ཏིག་གི་དོ་ཤལ་རབ་ཏུ་འཕྱང་བཞིན་པ། གསེར་དང་། ཤེལ་ལས་བྱུང་བ་དང་། བཻཎཱུརྱ་ལས་བྱུང་བ་དང་། ཨིནྡྲ་ནཱི་ལ་ལས་བྱུང་བ་དང་། མཐོན་ཀ་ཆེན་པོ་ལས་བྱུང་བའི་ཐེམ་སྐས་དང་། སྣམ་བུ་རྣམས་ཀྱིས་སྣ་ཚོགས་པའི་མེ་ཏོག་ཉེ་བར་མཛེས་པས་ རིག་པའི་རྒྱལ་པོ་དང་། སྒྲུབ་པ་པོ་དེ་ལ་མངོན་པར་དབང་བསྐུར་བ་བྱས་ནས་སྒྲུབ་པ་པོ་ལ་སྨྲས་པ་གནས་འདི་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རིན་པོ་ཆེ་སྣ་བཞི་ལས་བྱུང་བ་ཁང་པ་དབུས་མར་ཇི་སྲིད་དུ་བྱང་ཆུབ་ཀྱི་བར་དུ་རང་གི་གནས་ བཞིན་དུ་ཀུན་ཏུ་སྤྱོད་ཅིང་གནས་སོ། །དེ་ནས་རིག་པ་འཛིན་པའི་རྒྱལ་པོ་ལ་མངོན་པར་དབང་བསྐུར་ཏེ་རིག་པའི་རྒྱལ་པོ་རབ་ཏུ་བགྲོད་པར་གྱུར་ཏོ། །འདི་ནི་དངོས་གྲུབ་སྟེ། བཅོམ་ལྡན་འདས་འདིའི་མཐུ་རྣམ་པར་བསྒྱིངས་པས་མཚམས་མེད་པ་བྱེད་པས་ཀྱང་། འདི་འགྲུབ་པར་བྱེད་དོ། །རྟ་མགྲིན་རྒྱལ་པོས་རིག་པའི་རྒྱལ་པོ་ཐམས་ཅད་ལ་སྨྲས་པ། བཅོམ་ལྡན་འདས་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རིན་པོ་ཆེ་སྣ་བཞི་ལས་བྱུང་བ་དབུས་མའི་ཁང་པར་རང་གི་གནས་བཞིན་དུ་གཞི་ལ་གནས་པའི་རིག་པ་ སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། གཞན་རིག་པ་ཐམས་ཅད་ཕ་རོལ་གནོན་པ་ཆེན་པོའོ། །རིག་པའི་རྒྱལ་པོ་འདི་ནི་མ་བསྒྲུབས་པ་ཉིད་དུ་ལས་བྱེད་དེ་གཏན་པ་གཅོད་པར་བྱེད་པ་དང་། ཧཱུྃ་ཡིག་གིས་རྒྱ་མཚོ་སྐེམས་པར་བྱེད་པ་དང་། སོར་མོའི་སྡིགས་ མཛུབ་ཀྱིས་ཐམས་ཅད་རེངས་པར་བྱེད་པ་དང་། ཨོྃ་ཡིག་གིས་འགུགས་པར་བྱེད་པ་དང་། ཕཊ་ཡིག་གིས་ལྷུན་པོ་རྣམས་ཡང་རྣམ་པར་འཇོམས་པར་བྱེད་པ་དང་། ཡིད་ཀྱིས་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་། ཨོཾ་ཡིག་གིས་སྤྱན་དྲངས་པ་དང་། ཧཱུྃ་ ཡིག་གིས་གཤེགས་སུ་གསོལ་བ་དང་། ཕཊ་ཡིག་གིས་གསོད་པ་དང་། སྭཱ་ཧཱའི་ཡི་གེས་འཚོ་བར་བྱེད་པ་སྟེ། མདོར་ན་རིག་པ་རྣམས་ཀྱི་ཆོ་ག་ཇི་སྙེད་ཡོད་པ་དེ་ཐམས་ཅད་རིག་པ་འདི་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་བསྒྲུབ་པར་བྱའོ། །འདི་ནི་སྔགས་ ཐམས་ཅད་ཀྱི་ཆོ་ག་ཐུན་མོང་བ་སྟེ། གང་ལ་ཆོ་ག་མེད་པ་དང་། སྡིག་པ་བྱེད་པས་ཀྱང་ལན་གསུམ་དུ་བཟླའོ། །རྟ་མགྲིན་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྟོབས་དང་ཕ་རོལ་གནོན་པ་ཆེན་པོ་འདི་ལན་གསུམ་གྱིས་མཚམས་ མེད་པ་བྱེད་པས་ཀྱང་འགྲུབ་པར་བྱེད་དོ། །དད་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་འདོད་པ་ཆེན་པོ་དང་། སྙིང་རྗེའི་བདག་ཉིད་ཅན། སེར་སྣ་མེད་པ་དང་། བྱས་པ་གཟོ་བ་དང་། སངས་རྒྱས་དང་ཆོས་ལ་མངོན་པར་དད་པ་དང་། མ་དང་། ཕ་དང་། མ་དང་ཕར་ཤེས་པ་དང་། མྱུར་བ་ཁོ་ནར་བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་སྦྱིན་པར་བྱེད་པ་མ་བསྒྲུབས་པར་འགྲུབ་པར་ཡང་བྱེད་དོ། །མདོར་ན་ལས་ཐམས་ཅད་པ་ནི་བརྗོད་ནས་རིག་གཅོད་པར་འདོད་པ་དང་། སེལ་བར་འདོད་པས་འདི་བརྗོད་ནས་ཏེ་འདི་ནི་ལས་ཐམས་ ཅད་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ། རིག་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་རྫོགས་པའི་ཆེད་དུ་རྟ་མགྲིན་རྒྱལ་པོའི་མགུལ་དུའོ། །བྱང་ཆུབ་སེམས་དཔའི་མཐུ་རྣམ་པར་ བསྒྱིངས་པ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།དེ་ནས་འོད་དཔག་མེད་མཐོང་བར་འདོད་ན་ཁ་ཚར་མ་བཅད་ཅིང་སྐྲ་དང་བྲལ་བའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འཕགས་པ་འོད་དཔག་མེད་གསེར་ ལྟར་སེར་པ། པདྨ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཡོན་དུ་རྟ་མགྲིན་རྒྱལ་པོ་ཞལ་རྣམ་པར་འགྱུར་བ་འཇིགས་པར་བྱེད་པ་གསུས་པ་འཕྱང་བ་པདྨ་ལ་བཞུགས་པ་འདྲིར་གཞུག་པ། མེ་དམར་སེར་འབར་བ་འཕྲོ་ བཞིན་པ། རིན་པོ་ཆེའི་ཕྲེང་བའི་མཆོད་ཕྱིར་ཐོགས་པ་ཅན། ལག་འགྲོའི་རྒྱན་གྱིས་བརྒྱན་པ། རལ་པ་འོད་དཔག་མེད་འཛིན་པ། སོར་མོས་ལོག་པར་འདྲེན་པ་ལ་སྡིགས་པར་བྱེད་པ། དེའི་རྒྱབ་ནས་ལོག་པར་འདྲེན་པ་འབྲོས་པར་བྱེད་བཞིན་པའོ། །གཡས་ ཀྱི་གཞོགས་སུ་རྣམ་པར་བརྒྱན་པ་སྦྱངས་པའི་སྣོད་དང་། གོས་དང་ཕྱག་གཡས་པ་སྒྲུབ་པ་པོ་ལ་དབུགས་འབྱིན་པར་མཛད་བཞིན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ་རལ་པའི་ཅོད་པན་འཆང་བའི་དབུས་སུ་འོད་དཔག་མེད་མགོ་བོས་ འཛིན་པར་བྱེད་པ། ཕ་རོལ་གནོན་པའོ། །འོད་དཔག་མེད་ཀྱི་སྟེང་གི་སྤྲིན་དེ་ལ་སྤྲིན་གསེབ་ནས་གནས་གཙང་མ་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་པདྨ་དེ་ཡང་ཀླུ་གཞོན་ནུ་རྣམས་ཀྱིས་འཛིན་པའོ། །འོག་ཏུ་ ལག་ན་སྤོས་ཕོར་ཐོགས་པའི་སྒྲུབ་པ་པོ་པུས་མོ་གཉིས་བཙུགས་པ་འོད་དཔག་མེད་ལ་རྣམ་པར་ལྟ་བཞིན་པའོ། །རི་མོའི་ལས་ཡོངས་སུ་རྫོགས་པ་དང་། སྒྲུབ་པ་པོས་གཏོར་མ་དང་། མར་མེ་དང་། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཟླ་བ་ཉ་ལ་མཚན་མོ་གསུམ་ དུ་སྨྱུང་བར་གནས་པས་སྦྱངས་པའི་སྣོད་དང་གོས་འདི་ཉིད་ཀྱིས་རིག་པའི་རྒྱལ་པོ་རྟ་མགྲིན་བཀུག་ནས་མཆོད་ཡོན་ཕུལ་ཏེ་སྒྲུབ་པ་དང་། སླར་ཡང་གཤེགས་སུ་གསོལ་ཏེ་བ་སེར་སྐྱའི་མར་དང་། པདྨའི་ས་བོན་དང་། ནཱ་ག་གེ་སར་རྣམས་གཅིག་ཏུ་བྱས་ནས། ཉི་མ་བདུན་དུ་ སྦྱིན་སྲེག་གྱིས་ཤིག །དེ་ནས་རིག་པ་འཛིན་པས་ལྷ་རྣམས་ཚིམ་པར་བྱེད་པ་བྱས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་སྨོན་ལམ་གདབ་པར་བྱ་སྟེ། ཇི་སྲིད་དུ་ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། སྤྲིན་ལས་གུ་ལུ་གུ་ལུའི་ སྒྲ་སྒྲོགས་པ་དང་། མེ་ཏོག་གི་ཆར་རབ་ཏུ་འབེབས་པ་དང་། ཙནྡན་གྱི་ཕྱེ་མའི་ཆར་འབེབས་པ་དང་། དྲིལ་བུའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ། ཇི་སྲིད་དུ་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་ པ་རྟ་མགྲིན་རིག་པ་ཐམས་ཅད་ཀྱིས་སྒྲུབ་པ་ས་ལ་འོང་བ་དེ་སྲིད་དུའོ། །དེ་ནས་སྒྲུབ་པ་པོས་མེ་ཏོག་དཀར་པོ་དང་། དྲིའི་ཆུས་ཡོངས་སུ་བཀང་བའི་སྣོད་ཀྱིས་མཆོད་ཡོན་ཕུལ་ནས་སྨོན་ལམ་གདབ་པོ། །འདི་སྐད་ཅེས་སྨྲས་སོ། །ཁྱོད་ལེགས་པར་འོངས་སོ། །འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཆེད་དུ་སླར་ཡང་ལེགས་པར་འོངས་སོ། །རྟ་མགྲིན་འདི་ནི་བརྩོན་འགྲུས་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པའོ། །དེ་ནས་རིག་པ་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་ལ་ལན་གསུམ་ བསྐོར་བ་བྱས་ཏེ་པུས་མོ་བཙུགས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ལ་སྣང་བར་གྱུར་པ་གང་ཡིན་པ་དེ་རྣམས་ལྷན་ཅིག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་གཡས་པ་སྒྲུབ་པ་པོའི་སྤྱི་བོར་ཉུག་པར་མཛད་དེ་འདི་སྐད་ཅེས་ གསུངས་སོ། །སྐྱེས་བུ་དམ་པ་བརྩོན་འགྲུས་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་ཁྱོད་ཀྱིས་གང་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པས་རིག་པའི་རྒྱལ་པོ་བསྒྲུབ་པ་ལེགས་སོ་ལེགས་སོ། །ཁྱོད་ཅག་གིས་མངོན་པར་འདོད་པ་སྨྲོས་ཤིག །མཆོག་སྦྱིན་པར་བྱའོ། །འདི་སྐད་ཅེས་ བརྗོད་པར་བྱ་སྟེ་བཅོམ་ལྡན་འདས་བདེ་བ་ཅན་དུ་འགྲོ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་འོད་དཔག་མེད་དེ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་གྱི་ཁམས་སུའོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་གཡས་ པ་བརྐྱང་སྟེ་སྒྲུབ་པ་པོ་ཕྱག་གཡས་པས་བཟུང་ནས་རྟ་མགྲིན་རྒྱལ་པོ་ལ་ཡང་དག་པར་གཏད་པར་གྱུར་ཏོ། །རིག་པའི་རྒྱལ་པོ་ཆེན་པོ་སྐྱེས་བུ་དམ་པ་འདི་བཟུང་ནས་མེ་ཏོག་གི་ཆར་རབ་ཏུ་འབབ་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་ཞིག །གང་དུ་དེ་བཞིན་གཤེགས་པ་འོད་ དཔག་མེད་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེར་བསྟོད་དུ་བཅུག་ནས་སླར་ཡང་གྲུ་འཛིན་གང་ན་ཡོད་པ་དེར་ཤོག་ཤིག །དེ་ནས་རྟ་མགྲིན་རིག་པའི་རྒྱལ་པོས་སྒྲུབ་པ་པོ་བཟུང་ནས་མེ་ཏོག་གི་ཆར་འབེབས་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ སོང་སྟེ། སྒྲུབ་པ་པོས་སྨྲས་པ། སྐྱེས་བུ་དམ་པ་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པ་ལ་ལྟོས་ཤིག་ལྟོས་ཤིག །དེ་ནས་རིག་པའི་རྒྱལ་པོས་དེ་བསྟོད་དུ་བཅུག་ནས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ གྲུ་འཛིན་པ་དེར་འོང་བར་མཛད་དོ། །དེ་ནས་སྒྲུབ་པ་པོ་འཇིག་རྟེན་གྱི་ཁམས་དེར་འཕགས་པ་འོད་དཔག་མེད་ཀྱི་དྲུང་དུ་ཆོས་ཉན་ནོ། །དངོས་གྲུབ་འདི་ནི་གནས་མ་ཡིན་པ་རྣམས་ལ་གང་སྦྱར་བར་མི་བྱ་སྟེ། གང་ཞིག་བྱེད་ན་དམ་ཚིག་ལས་འདའ་བར་འགྱུར་རོ་ཞེས་བརྗོད་ནས་མཆོག་ གི་སྒྲུབ་པ་རྣམས་ལ་འདི་གནས་མ་ཡིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ཏེ་དེའི་དམ་ཚིག་མེད་དོ། །ལས་དེ་རྣམས་ཐམས་ཅད་རྩ་བའི་སྔགས་ཀྱིས་བྱེད་དུ་གཞུག་གོ། །ཐལ་བས་ཐལ་བའི་ར་བའོ། །སྒྲོན་མེ་གསུམ་གྱིས་མེའི་ར་བའོ། །ཆུ་ལ་ལན་བདུན་མངོན་པར་བསྔགས་ པས་ནམ་མཁའ་བཅིང་བའོ། །ཡུངས་ཀར་དཀར་པོས་ས་གཞི་བཅིང་བའོ། །ཏིལ་གྱི་སྦྱིན་སྲེག་གིས་ལོག་པར་འདྲེན་པ་ཐམས་ཅད་དབང་དུ་འགྱུར་རོ། །སྐྱེ་ཚེའི་སྦྱིན་སྲེག་གིས་ཡི་དགས་དང་། ཤ་ཟ་ཐམས་ཅད་དབང་དུ་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་གི་སྦྱིན་སྲེག་ གིས་ཁྲོ་བོ་ཐམས་ཅད་འགྲུབ་པར་བྱེད་དོ། །མེ་ཏོག་ཐམས་ཅད་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་གིས་འཇིག་རྟེན་པའི་རིག་པའི་རྒྱལ་པོ་ཐམས་ཅད་དབང་དུ་འགྱུར་རོ། །དྷུ་དྷུའི་སྦྱིན་སྲེག་གིས་དབང་ཕྱུག་ཆེན་པོ་དབང་དུ་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་དང་། མཱ་ལཱ་ཏི་ དང་། སཽ་གནྡྷི་དང་། གུ་གུལ་བ་སེར་སྐྱའི་མར་དང་ལྷན་ཅིག་ཏུ་བྱས་ནས་སྦྱིན་སྲེག་བྱེད་ན་རིག་པ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། རྐང་གཉིས་དང་། རྐང་བཞི་པ་ཐམས་ཅད་དབང་དུ་བྱེད་དོ། ། གི་ཝང་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཐིག་ལེ་བྱས་ཏེ། མཆེ་བས་ཐ་དད་པར་ཟ་བར་བྱེད་པ་དང་། ཐ་སྙད་ལས་རྒྱལ་བར་བྱེད་དོ། །སྔར་བརྗོད་པའི་ཆོ་གས་བ་སེར་སྐྱའི་མར་བླངས་ནས་ལུས་ལ་མངོན་པར་བྱུགས་ཏེ་མེར་རབ་ཏུ་འཇུག་པར་བྱེད་དོ། །སེང་ལྡེང་ ལས་བྱུང་བའི་རྡོ་རྗེ་བླངས་ཏེ། ཧཱུྃ་ཡིག་དང་ལྷན་ཅིག་པས་ཕུག་གི་སྒོར་ལྷ་མ་ཡིན་གྱི་བུ་མོ་བྱུང་བ་དང་། རབ་ཏུ་ཞུགས་པ་འཁོར་ལོའི་འཇིགས་པ་མི་འབྱུང་ངོ་། གལ་ཏེ་འཁོར་ལོ་རབ་ཏུ་འཇུག་པར་བྱེད་ན་དམ་ཚིག་དྲན་པས་ཧཱུྃ་ཡིག་གིས་ཕུང་པོས་འཁོར་ལོ་ཕྱེ་མར་བྱས་པར་ འགྱུར་རོ། །དེ་ནས་རིལ་བུའི་སྒྲུབ་པ་འབྱུང་སྟེ། རིག་པ་འཛིན་པ་རིལ་བུ་སྒྲུབ་པར་བྱེད་པས་ཙནྡན་དམར་པོ་དང་། མེ་ཏོག་ལྔ་པ་དང་། པདྨ་གེ་སར་དང་། འབྲས་སཱ་ལུ་དམར་པོའི་ཕུབ་མ་དང་། ཀཏྣི་ཀའི་མྱུ་གུ་དང་། ཎཱུ་ཀའི་ས་བོན་དང་། འབྲུ་དང་། མ་ཤའི་མྱུ་གུ་དང་། རུ་རྟ་དང་། རྒྱ་སྤོས་དང་། ཏུ་རུ་ཥྐའི་ཏིལ་མར་རྣམས་གཅིག་ཏུ་བྱས་ཏེ། ཆ་མཉམ་པ་གཅིག་ཏུ་བྱས་ནས་རྒྱུད་མཚུངས་པའི་བ་སེར་སྐྱའི་འོ་མ་ལ་གསོ་སྦྱོང་ཅན་གྱིས་སེར་སྐྱ་དེ་ལ་རྣམ་པར་དབེན་པར་རྩ་བའི་སྔགས་སུ་བཟླས་ནས་ཁྱིམ་དུ་བཏགས་ཏེ། ལེགས་པར་ བཙགས་པའི་ཆུ་ལ་མངོན་པར་བསྔགས་ནས་ཉི་མ་བདུན་སྤྱད་པར་བྱའོ། །ཁྱིམ་དུ་འམ་རྣམ་པར་དབེན་པའི་ཕྱོགས་སུ་ཡང་རུང་སྟེ། དེ་ནས་སྲུང་བ་བྱས་པའི་བ་ལང་གི་རྫི་དེས་བ་བཞོ་བར་བྱའོ། །དེ་ནས་འོ་མ་དེ་གཙང་མའི་ཕྱོགས་རྣམ་པར་དབེན་པར་བུམ་པ་ལ་བཟླས་ པར་བྱའོ། །དེ་ནས་རིག་པ་འཛིན་པས་བྲམ་ཟེའི་བུ་མོ་ལ་སྲུབ་པར་བྱེད་དུ་གཞུག་གོ། །མར་དེས་རྫས་རྣམས་བཏགས་པ་བྱས་ཏེ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་པ་བྱས་ནས་དེ་ཡང་བ་སེར་སྐྱའི་བ་བྱུང་ལྔར་རིལ་བུར་མཚན་མོ་གཅིག་ཏུ་བཅུག་ནས་གཞག་ པར་བྱའོ། །དེ་ནས་བཏོན་ནས་དྲིའི་ཆུ་ལས་གཞག་པར་བྱའོ། །བཀྲུས་ཏེ་པདྨའི་འདབ་མར་གི་ཝང་གིས་བྱུགས་ལ་གཞག་པར་བྱའོ། །དེ་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་སྲུང་བའི་ཆོ་ག་བྱས་པས་གཏོར་མ་དང་། མར་མེ་དང་། མཆོད་པའི་ཆོ་ག་རྒྱ་ཆེན་པོ་ བྱས་ཏེ། དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀས་པདྨའི་འདབ་མ་རྣམས་ཀྱི་རིལ་བུ་བརྒྱད་བླངས་ཏེ་པདྨ་ཁ་སྦྱོར་དུ་བཞག་ནས་བ་སེར་སྐྱའི་མར་དེ་ཉིད་མཱ་ལ་ཏིའི་མེ་ཏོག་དང་གཅིག་ཏུ་བྱས་ནས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་རྩ་བའི་སྔགས་ཀྱིས་རང་ གི་ལྷ་སྤྱན་དྲང་བ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དུ་དུ་བ་འཐུལ་བར་བྱེད་པ། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དུ་བ་འཐུལ་བཞིན་པས་མི་སྣང་བ་དང་། དབང་དུ་བྱེད་པ་དང་། ནམ་མཁའ་ལ་འགྲོ་བའི་རིག་པ་འཛིན་པར་ འགྱུར་རོ། །ཉི་མ་འཆར་ཀ་དང་མཚུངས་པའི་འོད་ཀྱིས་རིག་པ་འཛིན་པ་མཚན་ཐམས་ཅད་ཡང་དག་པར་རྫོགས་པ་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་རྒྱལ་རིགས་ཀྱི་ཁྱིམ་དུ་ སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །འདི་ཉིད་ཀྱིས་པདྨའི་ས་བོན་དང་། པཎྜཱི་ཏ་ཀ་རའི་ས་བོན་དང་། ཏུ་རུཥྐ་དང་། ཨ་ག་རུ་ནག་པོ་དང་། ཙནྡན་དམར་པོ་དང་། སཽ་གནྡྷི་ཀ་དང་། མཱ་ལའི་མེ་ཏོག་དང་། གུར་གུམ་དང་། ལྡོང་རོས་དང་། གི་ཝང་རྣམས་བ་སེར་སྐྱའི་ བ་བྱུང་རྣམས་གཞོན་ནུ་མ་གསོ་སྦྱོང་ཅན་དབང་པོ་མ་ཚང་བ་མ་ཡིན་པས་བཏགས་པར་བྱའོ། །དེ་ནས་རིག་པ་འཛིན་པས་པྲི་ཡང་ཀུའི་ཤིང་བླངས་ནས་ཁང་པ་བརྩེགས་པ་གཙང་མར་ཤིང་བཟོ་བ་གསོ་སྦྱོང་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དབང་པོ་མ་ཚང་བ་མ་ཡིན་པའི་ལག་པས་ ཟ་མ་ཏོག་བྱེད་དུ་གཞུག་གོ། །ཟ་མ་ཏོག་དེར་རིལ་བུ་ཉི་ཤུ་རྩ་གཅིག་བཅུག་ནས་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མ་ཡང་ཕུལ་ནས་ཟ་མ་ཏོག་བླངས་ཏེ་གོས་གཙང་མས་གཡོགས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་རིག་པའི་ལྷ་རྣམས་སྤྱན་དྲང་ པར་བྱས་ནས་ཇི་སྲིད་དུ་དྲོ་བར་བྱེད་པ་དང་། དུ་བ་འཐུལ་བར་བྱེད་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་དབང་དུ་བྱེད་དོ། །མི་སྣང་བར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་རིག་པ་འཛིན་པ་གཞོན་ནུའི་མཆོག་གཅིག་གོ། ། འབར་བར་བྱེད་པ་ནི་རིག་པ་འཛིན་པ་དྲུག་དང་ལྷན་ཅིག་འགྲོ་སྟེ། རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལྷུན་པོའི་རྩེ་མོར་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་ཡོངས་སུ་སྤྱོད་པར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ ཚེ་ནོར་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །འདི་ཉིད་ཀྱིས་མིག་སྨན་ལྡོང་རོས་སྒྲུབ་པར་བྱེད་དོ། །དཀར་པོའི་བཅོ་ལྔ་ལ་དཔའ་བོའི་རིན་གྱིས་ཉོས་པའི་གི་ཝང་བླངས་ནས་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་ཉི་མ་གུང་ལ་བྲམ་ཟེའི་བུ་མོ་ གསོ་སྦྱོང་ཅན་གྱིས་པདྨའི་འདབ་མ་བ་སེར་སྐྱའི་འོ་མས་བཏགས་པར་བྱའོ། །རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་སྲུང་བའི་ཆོ་ག་བྱས་པས་རང་གི་ལྷ་རྣམས་སྤྱན་དྲང་པར་བྱས་ཏེ། མཆོད་ཡོན་དང་གདན་ཕུལ་ནས་པྲི་ཡང་ ཀུའི་མེ་ཏོག་དང་བ་སེར་སྐྱའི་འོ་མས་སྲེག་བླུགས་བདུན་སྦྱིན་སྲེག་གྱིས་ཤིག་ལྷ་རྣམས་ཚིམ་པར་བྱེད་པ་བྱས་ནས་སླར་ཡང་ལྷ་དེ་རྣམས་མདུན་དུ་པདྨ་ཁ་སྦྱོར་དུ་རིལ་བུ་བཅུག་ནས་ཇི་སྲིད་དུ་དུ་བ་འཐུལ་བ་དང་། དྲོ་བར་བྱེད་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་ པར་བྱའོ། །དྲོ་བཞིན་པ་ལ་ནི་ཐིག་ལེ་བྱས་པའི་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་ནི་མི་སྣང་བར་འགྱུར་རོ། །རབ་ཏུ་འབར་བས་ཐིག་ལེ་བྱས་ནས་རིག་པ་འཛིན་པ་དྲུག་གིས་ཡོངས་སུ་བསྐོར་བའི་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ ལྷན་ཅིག་རྩེ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །ཏིལ་གྱི་སྦྱིན་སྲེག་གྱིས་ཤིག་ཀླུ་དབང་དུ་འགྱུར་རོ། །ཉ་དང་ཤའི་སྦྱིན་སྲེག་གྱིས་ཤིག །ཡི་དགས་དབང་དུ་འགྱུར་རོ། །མཱ་ལ་ ཏིའི་མེ་ཏོག་གི་སྦྱིན་སྲེག་བྱེད་ན་ལྷ་མོ་ཆུས་བྱུང་དབང་དུ་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་གི་སྦྱིན་སྲེག་གྱིས་ཤིག་ལྷ་དབང་དུ་འགྱུར་རོ། །སཽ་གནྡྷི་ཀའི་སྦྱིན་སྲེག་བྱེད་ན་གནོད་སྦྱིན་དབང་དུ་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་པས་ གང་གི་སྤྱི་བོར་བྱིན་པ་དེ་དབང་དུ་འགྱུར་རོ། །གདོན་གྱིས་ཟིན་པ་དང་། རིམས་ཀྱིས་བཏབ་པ་དང་། སྲིན་པོས་ཟིན་པའི་མདུན་དུ་སྐེ་ཚེ་ལ་ལན་བདུན་མངོན་པར་བསྔགས་པས་སྦྱིན་སྲེག་བྱེད་ཅིང་དེའི་ཐལ་བས་སྣུན་པར་བྱེད་ན་གྲོལ་བར་འགྱུར་རོ། །རྟ་ མགྲིན་རྒྱལ་པོའི་ཆོ་ག་ཞིབ་མོ་འདི་ཡང་རྫོགས་སོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུ་བསྒྱིངས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དུ་འགྱུར་བ་དེ་འབྱུང་སྟེ། རིག་པའི་རྒྱལ་པོ་གང་ལ་ཆོ་ག་མེད་པ་དེ་ རྣམས་ཆོ་ག་འདི་ཉིད་ཀྱིས་སྒྲུབ་པ་དང་རྟོག་པའི་རྒྱལ་པོ་དེ་ཉིད་ཀྱིས་ཐམས་ཅད་བྱས་ཏེ་མདོར་ན་མཚམས་མེད་པ་ལྔ་བྱས་པ་ཡང་ལན་གསུམ་གྱིས་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུ་གང་དད་པ་དང་ལྡན་པ་སེར་སྣ་མེད་པ་གཡོ་མེད་པ། ཕྲ་མ་མེད་པ། རིག་པའི་རྒྱལ་པོ་ལ་གུས་པའི་གང་རྟོག་པ་པ་ལ་མཆོད་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། ཁ་ཏོན་བྱེད་པ་དང་། གཞན་ལ་སྟོད་པར་བྱེད་པ་དང་། སེར་སྣ་མེད་པར་གྱུར་ནས་སྐྱེ་བ་དྲན་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་ སུ་ཟིན་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་རྟ་མགྲིན་རྒྱལ་པོའི་ཆོ་ག་ཞིབ་མོའོ། །སླར་ཡང་དུས་དེ་ནས་ཤར་གྱི་ཕྱོགས་ཀྱི་ཆ་ནས་མངོན་པར་དགའ་བའི་འཇིག་རྟེན་ གྱི་ཁམས་ན་སྒྲོལ་མ་མི་འཁྲུགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གཞལ་བར་བྱ་བ་དང་། བགྲང་བར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པ་བྱིན་གྱིས་ བརླབས་པའི་སྟོབས་ཀྱིས་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་འདིར་གསང་སྔགས་ཐོབ་པ་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པ་གླིང་བཞི་པ་བར་མ་འདི་ཉིད་དུ་འོངས་ནས་ ཇི་ལྟར་བྱུང་བའི་པདྨའི་གདན་ལ་གནས་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་འཕེལ་བའི་སྟོབས་དང་སྒྲུབ་པས་པདྨའི་གདན་དེ་ལ་བཞུགས་སོ། །དེ་ལྟ་བུ་ལ་སོགས་པ་གཞལ་དུ་མེད་ཅིང་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ ཕྲ་རབ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་དེ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གླིང་བཞི་པ་བར་མའི་སངས་རྒྱས་ཀྱི་ཞིང་དུའོ། །དེ་ནས་མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་རྟོག་པའི་རྒྱལ་པོ་ཆེན་པོའི་རྒྱུད་ ཕྱི་མ་འདིར་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་སྔགས་ཀྱིས་སྤྱད་པ་ལ་སོ་སོར་རྗེས་སུ་རང་བའི་ཆེད་དང་། བསྲུང་བ་དང་། བསྐྱབ་པ་དང་། སྔ་བའི་ཆེད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པའི་ཆེད་དང་། བཅོམ་ལྡན་འདས་མ་ འཕགས་མ་སྒྲོལ་མའི་དངོས་གྲུབ་ཀྱི་ཆེད་དུ་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབ་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཀྵོ་བྷྱཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨྨ་པ་རཾ་པ་རཱ་ཎི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་སཱུརྱཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཙནྡྲེ། མ་ཏི། ཙནྡྲེ། ཀར་ཎེ། མི་ ལཱ་མི་ལཱ། བུདྡྷ་ཨ་དྷིཥྛི་ཏེ། སི་ལི་སི་ལི། དྷརྨྨ་ཨ་དྷིཥྛི་ཏེ། ཀི་ལི་ཀི་ལི། སཾ་གྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་འདིའི་མཚན་འཛིན་པར་འགྱུར་བ་དང་། ར