Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ
Văn bản gốc(Tây Tạng)
Trang 7 / 17 (50.000 ký tự/trang)
་པས་ཀྱང་མངོན་སྤྱོད་ཀྱི་ལས་འདི་བྱེད་དེ། ཕྱག་འཚལ་བའི་ཡི་གེ་སྤངས་ནས། རིག་པ་འབའ་ཞིག་གི་སྭཱ་ཧཱའི་གནས་སུ་ཧཱུྃ་ཕཊ་སྦྱིན་པར་བྱའོ། ། རྟོག་པ་གཞན་གྱི་ཆོ་གས་ཀྱང་ངོ་། །གང་འདོད་པ་དེ་དབང་དུ་བྱེད་པར་འགྱུར་རོ། །ཡང་ན་ཉེ་བར་འཇོམས་པར་བྱེད་པར་འགྱུར་རོ། །མདོར་ན་གང་འདོད་པ་དེ་སྒྲུབ་པར་བྱེད་དོ། །དེ་ནས་སེམས་དཔའ་ཆེན་པོ་དེ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། བསམ་པ་རྣམ་པར་དག་པས་སེམས་དཔའ་ཆེན་པོ་རྣམས་ལ་སྨྲས་པ། གང་རྟོག་པའི་རྒྱལ་པོ་འདིར་སྒྲུབ་པར་འགྱུར་བ་དང་། མཆོད་པར་འགྱུར་བ་དང་། ཡི་གེར་འདྲི་བར་འགྱུར་བ་དེ་རྣམས་དོན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་བྱམས་ པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཀུན་ནས་དགའ་བ་ཡང་འབྱུང་བར་འགྱུར་རོ། །སྲུང་བར་བྱེད་པར་འགྱུར་རོ། །གང་དུ་རྟོག་པའི་རྒྱལ་པོ་འདི་ཡང་འབྱུང་བར་འགྱུར་བ་མཆོད་རྟེན་དུ་འགྱུར་བ་དང་། ས་ཕྱོགས་དེ་གང་ཉིད་ཀྱིས་ལག་མཐིལ་དུ་ཕྱིན་པར་འགྱུར་རོ། ། མཆོད་པ་འདི་ལྷ་དང་བཅས་པའི་འཇིག་རྟེན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པ་དེས་ཐམས་ཅད་དུ་རྣལ་འབྱོར་དུ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་སྟོབས་མེད་པ་ཤེས་ནས་རབ་ཏུ་གསལ་བར་བྱའོ། །འདི་ཡང་གཙང་མའི་ཕྱོགས་ སུ་ཐམས་ཅད་ཀྱིས་རབ་ཏུ་སྤྱོད་པར་འགྱུར་གྱིས་གཞན་དུ་མ་ཡིན་ནོ། །གང་ཞིག་བྱེད་པ་དེ་མངོན་པར་འདོད་པ་མེད་པ་སེམས་ཅན་གྱི་བསམ་པ་སྤང་བ་དང་། ཆོས་དང་ཆོས་སྨྲ་བ་པོ་ལ་མ་གུས་པ་ལ་མི་འཇུག་པའི་རབ་ཏུ་སྦྱོར་བས་རབ་ཏུ་སྦྱར་བར་བྱའོ། །རྟོག་པའི་རྒྱལ་པོ་འདིར་སྒྲུབ་པ་ པོ་ཐམས་ཅད་ཀྱིས་སྲུང་བའི་དོན་དུ་ལྷག་མ་དང་། ལྷག་མ་མེད་པ་ཡང་རུང་སྟེ་གཙང་སྦྲ་བྱས་པས་སྲུང་བའི་དོན་དུ་རིག་པའི་རྒྱལ་པོའི་སྔགས་སུ་འགྱུར་བ་ནི། ན་མོ་རེཏྣ་ཏྲ་ཡཱ་ཡེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཨོཾ་ཨ་མྲྀ་ཏ་ཨུད་བྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་རྟ་མགྲིན་ཞེས་བྱ་བའི་རིག་པའི་རྒྱལ་པོ་སྟེ། ཐལ་བ་ལ་ལན་བདུན་མངོན་པར་བསྔགས་པས་བདག་ཉིད་སྲུང་བ་དང་། གཡོག་སྲུང་བ་ལ་མདུད་པའི་སྤྱོད་པ་བྱའོ། །རྟོག་པའི་རྒྱལ་པོ་འདི་ཡང་རྒྱལ་ལམ། ཐ་སྐར་ཡང་རུང་སྟེ་དགེ་བའི་སྦྱོར་བ་ལ་མཆོད་པ་དང་། གཏོར་མའི་ཚོགས་ མཆོད་པ་རྒྱ་ཆེན་པོ་བྱས་ནས་ཆོས་དང་། ཆོས་ཡང་དག་པར་སྡུད་པ་པོ་ལ་ཡང་བསོད་སྙོམས་དང་། ཐེག་པ་ཆེན་པོ་ལ་བཟའ་བ་གྱ་ནོམ་པ་དང་། ཁྱད་པར་དུ་ཡོན་དང་བཅས་པའོ། །དེ་ནས་འདི་རྫོགས་པར་བྱའོ། །དེ་བཞིན་དུ་བྱ་སྟེ་རྟོག་པའི་རྒྱལ་པོ་ཇི་ལྟ་བ་བཞིན་དུ་ རྟོག་པའི་རྒྱལ་པོའི་རིག་པའི་གསང་སྔགས་བཀླག་པར་བྱ་སྟེ་དེ་བཞིན་དུ་དམན་པར་མི་འགྱུར་རོ། །ཇི་ལྟར་མྱུར་དུ་དངོས་གྲུབ་ཉིད་ཀྱང་སྩོལ་བར་བྱེད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་དགའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཤིན་ཏུ་རྒྱས་པ་ཆེན་པོ་ཉིད་ཀྱི་རྟོག་པའི་རྒྱལ་པོ་རལ་པ་གྱེན་བརྫེས་ཞེས་བྱ་བ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྟོག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་ འདས་རིའི་རྒྱལ་པོ་གྲུ་འཛིན་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་རལ་པ་གྱེན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་བཤད་དོ། ། ད་ནི་ཕྱི་མའི་རྒྱུད་གསང་བ་དེ་གསང་ཆེན་ཕྱི་མ་དང་བཅས་པ་ཐབས་སླ་བ་བདེ་བླག་ཏུ་སྒྲུབ་པ། ཆོ་ག་དང་བཅས་པ་སྔོན་དུ་འགྲོ་བས་བརྗོད་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཆེད་དང་། སྡུག་བསྔལ་གྱིས་གདུངས་བ་རྣམས་ ལ་སྙིང་བརྩེ་བའི་ཆེད་དང་། སྔོན་གྱི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ། སྒྲོལ་མ་ཐམས་ཅད་ཀྱི་ཐུན་མོང་བའི་རིག་པ། རལ་པ་གྱེན་བརྫེས་རྟོག་པའི་རྒྱལ་པོ་ཉིད་ཀྱི་སྦྱོར་བ་རྣམས་ཤོད་ཅིག །བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་རྗེས་སུ་གནང་བ་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བར་མཛད་ན་བཤད་པར་བགྱིའོ། །དང་པོ་ཁོ་ནར་སྒྲུབ་པོས་རེ་ཞིག་སྐྱབས་གསུམ་ཡོངས་སུ་བཟུང་བ་དང་། བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་། རལ་པ་གྱེན་བརྫེས་སུ་ཇི་སྐད་གསུངས་པའི་དཀྱིལ་འཁོར་མཐོང་ཞིང་། དམ་ཚིག་དང་། སློབ་དཔོན་གྱིས་རྗེས་སུ་གནང་བ་དང་། སྒྲུབ་པའི་ཐབས་དང་། མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བ་བླ་མ་ལ་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་ནང་དུ་རིག་པ་བླངས་ ཏེ་རས་རིས་ཀྱི་སྤྱན་སྔར་རམ། སྐུ་གཟུགས་ཀྱི་དྲུང་དུ་སླར་ཡང་སྒྲོལ་མ་གང་ཡང་རུང་བའི་རིག་པ་བླང་པར་བྱས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འབུམ་བཟླས་པར་བྱའོ། །དུས་ཕྱིས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཟླ་བ་ཉ་ལ་སྐུ་གཟུགས་སམ། རས་རིས་ ཀྱི་སྤྱན་སྔར་མཆོད་པ་དང་གཏོར་མའི་ཆོ་ག་བྱས་ནས་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་སེང་ལྡེང་ངམ། ཨ་ག་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ནམ་ལངས་ཁར་མཚན་མོ་མཆོད་པ་ཆེས་རྒྱ་ཆེན་པོ་དང་། གཏོར་མའི་ཆོ་ ག་ཇི་ལྟར་འབྱོར་པ་བྱས་ནས་སློང་མོའི་ཟས་ཟོས་ནས་དངོས་གྲུབ་སྩལ་བར་བྱའོ། །དེ་ནས་རིག་པ་འགྲུབ་པར་འགྱུར་རོ། །དེ་ནས་ལས་ཐམས་ཅད་བྱའོ། །ཡང་འདིར་མཆོག་ཏུ་གསང་བའི་སྒྲུབ་པའི་ཆོ་ག་གཞན་འབྱུང་སྟེ། བཅོམ་ལྡན་འདས་མའི་དཀྱིལ་འཁོར་ཆེན་ པོ་མཐོང་ནས་དཀྱིལ་འཁོར་དེ་ཉིད་དུ་དམ་ཚིག་དང་མེའི་བྱ་བ་གནས་པར་ཇི་སྲིད་གསུངས་པའི་ཆོ་གས་རིག་པ་སྒྲུབ་པར་འདོད་པས་སྒྲུབ་ཐབས་ཀྱི་ཆོ་ག་རིག་པ་རྣམ་པར་གསང་བའི་ཇི་སྐད་གསུངས་པས་དཀྱིལ་འཁོར་གཞན་གསུམ་བྲི་སྟེ། བླ་མ་ལ་ཡོན་རབ་ཏུ་ཕུལ་ནས་ དཀྱིལ་འཁོར་གྱི་དབུས་སུ་རིག་པ་བླངས་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས། དང་པོར་རེ་ཞིག་ཏུ་ཊིའི་ཚད་ཀྱི་གསེར་གྱི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཨ་ག་རུ་ནག་པོའི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་དང་མར་ རྣམས་ཀྱིས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །ཙནྡན་དཀར་པོའི་ཡམ་ཤིང་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་སླར་ཡང་གསེར་གྱི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་དངུལ་གྱི་ཕྱེ་མ་ལ་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་ བྱའོ། །དེ་ནས་ར་གན་གྱི་ཕྱེ་མ་ལ་འོ་མས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཟངས་ཀྱི་ཕྱེ་མ་ལ་ཞོས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་མུ་ཏིག་གི་འབྲས་བུའི་ཕྱེ་མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཙནྡན་དམར་པོའི་ཕྱེ་ མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཙནྡན་དམར་པོའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་འབྲུ་དང་བཟའ་བ་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱིས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་དཀར་པོར་རྣམ་པར་ བཏགས་པ་ལེགས་པར་བཀྲུས་ཤིང་དྲི་ཞིམ་པོའི་གོས་སྐྲ་དང་བྲལ་བའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །རེ་རེ་ལ་ལན་རེ་ཡོངས་སུ་བཟླས་ནས་དེ་ནས་གུ་གུལ་དང་། ཤྲི་བ་ས་དང་། གནྡྷ་རས་དང་། ཀུན་ཏུ་རུ་ཀ་དང་། ག་བུར་རྣམས་གཅིག་ཏུ་བྱས་ནས་མར་གྱིས་བཏགས་པའི་ སྲེག་བླུགས་བདུན་དབུལ་བར་བྱའོ། །དེ་ནས་ཇི་ལྟར་རྙེད་བའི་འབྲས་བུ་ལ་སོགས་པ་རྣམས་ཀྱིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དྲི་བཟང་པོའི་མེ་ཏོག་རྣམས་ཀྱིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་བཟའ་བ་མཆོག་གི་སྲེག་བླུགས་བདུན་སྦྱིན་ སྲེག་བྱའོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་ཆ་དང་བཅས་པར་བྱས་པ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ཀ་ར་བཱི་རའི་མེ་ཏོག་གིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་མར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་ཐལ་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྡོང་བུ་ཅན་འབྲས་བུ་མེད་པ་རྣམས་ལ་བར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་མར་སར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་གེ་སར་གྱི་ཕྱེ་མའི་སྲེག་བླུགས་ བདུན་སྦྱིན་སྲེག་བྱའོ། །དེ་ནས་དར་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ཡུང་བའི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་རྒྱམ་ཚ་དང་། ལན་ཚྭ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་བུ་རམ་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྲ་རྩི་བོག་གི་ཕྱེ་མའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ལྕགས་ཀྱི་ཕྱེ་མ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བ་ལ་མར་གྱིས་བཏགས་ བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་བིལ་བའི་འབྲུ་ལ་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ཏིལ་ནག་པོ་དང་འབྲས་ཡོས་ལྷན་ཅིག་པ་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་དང་། གསེར་དང་ དངུལ་གྱི་ཕྱེ་མ་ཕན་ཚུན་བསྲེས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །བར་སྐབས་འདིར་སྒྲུབ་པ་པོ་ལྷ་ཐམས་ཅད་ཀྱིས་ཀུན་ཏུ་གཟིགས་པར་བྱེད་དོ། །དེ་དང་འདི་ཡང་བདག་གི་མཆོག་ཏུ་གསང་ཆེན་གྱི་གསང་བའི་སྒྲུབ་པ་ཉེ་བར་སྤྱོད་པའི་ཆོ་གའོ། །དེ་ལངས་ནས་དཀྱིལ་འཁོར་ ལ་བསྐོར་བར་བྱས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་བླ་མ་ལ་ཡོན་གྱི་མཆོག་ཕུལ་ཏེ། གང་གིས་སམ། དེའི་ཐད་ཀར་ཡང་རུང་སྟེ་ཞུ་བར་བྱའོ། །དཀྱིལ་འཁོར་བྲིས་པར་ལྷ་རྣམས་མཐོང་ནས་བླ་མ་ལ་ཕྱག་བཙལ་ཏེ་མངོན་པར་ དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྗེས་སུ་གནང་བ་ཡང་ཞུ་བར་བྱའོ། །དེ་ནས་ལས་གྲུབ་པའི་ཆོ་ག་འདིས་མཆོག་ཏུ་ཚུལ་ཁྲིམས་འཆལ་པས་ཀྱང་བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་རོ། །སྒྲུབ་ཐབས་ཀྱི་ཉེ་བར་སྤྱོད་པའི་ཆོ་ག་འདི་མཆོག་ཏུ་གསང་བ་ཤིན་ཏུ་གསང་ ཆེན་ཏེ། མདོར་ན་ལས་གང་ཡང་ཅི་ཡིན་པ་འདིས་བྱེད་པའང་བྱེད་པར་འགྱུར་རོ། །དེའི་ཐམས་ཅད་ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་པར་མཛེས་པའི་ལས་རྣམས་ནི་ཇི་ལྟ་ཇི་ལྟར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་སྒྲུབ་པ་ཉེ་བར་འགྲོའོ། །དེ་ལྟར་ཡང་རིག་པ་རབ་ཏུ་སྦྱར་བ་དེ་ ལྟ་དེ་ལྟར་ལེགས་པར་རབ་ཏུ་སྦྱར་བར་འགྱུར་རོ། །ཇི་ལྟར་ཡང་སྒྲུབ་པར་བྱེད་པ་དེ་ལྟར་སྒྲུབ་པར་བྱེད་དེ་ལས་དེ་དང་འདི་རིག་པ་ཐམས་ཅད་དགའ་བ་ཞེས་པ་དེ་དང་འདིས་ལས་རྣམས་མཆོག་ཏུ་སྒྲུབ་པ་ཉེ་བར་སྐྱེའོ། །མདོར་ན་བདག་གི་སེང་གེའི་སྒྲ་འདི་གང་ལ་ལ་རིག་པ་ལ་དགའ་ བ་འདིས་ལས་བྱེད་པར་འགྱུར་རོ། །དེ་དང་འདི་ཁོ་ནའི་ལག་མཐིལ་དུ་དངོས་གྲུབ་སོ་སོར་གནས་པར་རྗེས་སུ་རྟོགས་པར་བྱའོ། །ལས་འདི་ཡང་གསོ་སྦྱོང་ཅན་གྱིས་སྔོན་བཟླས་པ་བྱས་པ་དག་འཕགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །གསང་བའི་ཉེ་བར་སྤྱོད་ པའི་ཆོ་གའོ། །སྒྲུབ་ཐབས་གཞན་གྱི་ཆོ་ག་ནི་རྒྱ་མཚོའི་འགྲམ་དུ་སོང་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་མཆོད་རྟེན་སྟོང་ཕྲག་བརྒྱད་བྱས་ནས། རེ་རེའི་སྤྱན་སྔར་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ཏེ། སྟོང་ཕྲག་བརྒྱད་དུ་བཟླས་པར་བྱའོ། །རྫོགས་པའི་དུས་སུ་ཡང་ སློང་མོ་བཟའ་བར་བྱ་སྟེ་ཡོན་དབུལ་བར་བྱའོ། །དེ་ནས་རིག་པ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་ཆུ་བོའི་འགྲམ་དུ་ཆོ་གས་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་འདི་ཡང་ཡོད་དེ། རིའི་རྩེ་མོར་འབུམ་བཟླས་པར་བྱ་སྟེ། འགྲུབ་པར་འགྱུར་རོ། ། འདི་ནི་ཆོ་ག་གཞན་ཏེ་མར་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་འབུམ་བྱ་སྟེ། འགྲུབ་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་ཏིལ་ནག་པོ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱ་སྟེ། འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་ཨ་ག་རུ་ནག་པོའི་ཡམ་ཤིང་གིས་ སྦྱིན་སྲེག་འབུམ་བྱ་སྟེ། འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་མེ་ཏོག་ཐམས་ཅད་ཀྱིས་སྦྱིན་སྲེག་འབུམ་བྱའོ། །འདི་ནི་ཆོ་ག་གཞན་ཏེ་ཐང་ཆུ་ཐམས་ཅད་ཀྱིས་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་མཆོད་རྟེན་ཆེན་པོ་རྣམས་ལ་མངོན་པར་ཕྱག་འཚལ་ཞིང་ འབུམ་བཟླས་པར་བྱ་སྟེ། འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྒྲུབ་པའི་ཐབས་འདི་རྣམས་ནི་དེ་ནས་ལས་སུ་འགྱུར་རོ། །དྲན་པ་ཙམ་གྱིས་བདག་ཉིད་སྲུང་བར་འགྱུར་རོ། །བཟླས་པ་ཙམ་གྱིས་ཞི་བར་བྱེད་དོ། །ཡུངས་ཀར་དཀར་པོའི་སྦྱིན་སྲེག་རྒྱས་པར་འགྱུར་རོ། །བོང་བུ་ དང་རྔ་མོའི་སྦངས་ཀྱིས་མངོན་སྤྱོད་ཅན་དུ་འགྱུར་རོ། །སྐེ་ཚེའི་འབྲུ་དང་མེ་ཏོག་གི་རྒྱལ་པོའི་གཟུགས་བརྙན་བྱས་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ཉིད་ལ་མར་གྱི་སྲེག་བླུགས་ཉིན་ཞག་བདུན་དུ་ཐུན་གསུམ་ དུ་བརྒྱད་བརྒྱ་བྱའོ།། །།ཐུན་གཅིག་གམ། ཕྱོགས་སམ། ཟླ་བ་ལ་རྒྱལ་པོ་འབངས་སུ་འགྱུར་བས་དབང་དུ་འགྱུར་རོ། །འཁོར་ལོས་སྒྱུར་བ་ལ་ཡང་ལན་ཚྭ་སྲང་བཅྭ་བརྒྱད་ཀྱིས་གཟུགས་བྱས་ནས་རྒྱལ་པོའི་མེ་ལ་དེའི་རྐང་པ་གཡོན་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་ སྦྱིན་སྲེག་བྱའོ།། །།ཟླ་བ་གཅིག་གིས་རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་དགྲ་མངོན་པར་མ་ལྷུང་བའི་རྐང་མཐིལ་གྱིས་མནན་པའི་རྡུལ་ཡོངས་སུ་བླངས་ནས་གླང་ཆེན་སྡོང་པོའི་ཤིང་གིས་མེ་རབ་ཏུ་སྦར་ནས་གཡས་པ་ལས་ཅིག་ཤོས་ཀྱི་ལག་པ་བླངས་ནས་ལན་ ཅིག་ཡོངས་སུ་བཟླས་པའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་རྒྱལ་པོའི་རྐང་འཐུང་གི་ཤིང་གིས་མེ་སྦར་ནས་ཡུངས་ཀར་རྒྱལ་པོ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་ བརྒྱད་བྱ་སྟེ། ཟླ་བ་གཅིག་ལ་སའི་བདག་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་ཐོག་མར་ཡང་ལྗོན་པའི་རྒྱལ་པོའི་ཤིང་གིས་མེ་སྦར་ནས་སྲ་རྩི་པོག་དང་ལན་ཚྭ་ལྷན་ཅིག་པ་ལ་མར་གྱིས་བསྲེས་པའི་སྦྱིན་སྲེག་བརྒྱད་ལྷག་པའི་སྟོང་ཕྲག་གཅིག་བྱས་ན་སའི་དབང་པོ་བསྒོ་ བ་བཞིན་བྱེད་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་མ་བླངས་པའི་ཀ་ར་བཱི་རའི་མེ་ཏོག་དམར་པོ་བཏགས་ནས་གཟུགས་བརྙན་བྱས་ཏེ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲིས་གཏུབ་ཅིང་གཏུབ་ཅིང་ཀ་ར་བཱི་རའི་ཡམ་ཤིང་གི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ། ཟླ་བ་ རེ་རེ་ལ་གཟུགས་བརྙན་སྲང་སུམ་ཅུ་སོ་དྲུག་པ་བྱའོ། །དེ་ནས་རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་མེ་ཏོག་དམར་པོ་དང་ལན་ཚྭ་ཕན་ཚུན་བསྲེས་ཏེ་བཏགས་ནས་སྲང་བརྒྱད་ཀྱིས་གཟུགས་བརྙན་བྱས་ནས་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་ གཏུབ་ཅིང་སྦྱིན་སྲེག་བྱའོ། །དེ་ནས་ཤིང་བྱས་པ་དེ་བཞིན་དུ་ཟླ་བ་གཅིག་ལ་ཉི་མ་རེ་རེ་ལ་བྱས་ན་སའི་བདག་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་སྐེ་ཚེ་དང་། ཨུཏྤ་ལ་སྔོན་པོ་བསྲེས་ཏེ་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་ཀྱི་གཟུགས་བརྙན་བྱས་ནས་མནན་ཏེ་ སེང་ལྡེང་ཀོ་བི་དཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་མགོ་བོ་ནས་བརྩམས་ཏེ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་ཟླ་བ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་རེ་རེ་ལའོ། །དེ་ནས་གཟུགས་བརྙན་གཅིག་ནི་རྒྱལ་པོའི་འབངས་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དོ། །ཆོ་ག་ གཞན་འབྱུང་སྟེ་རྒྱ་མཚོ་ལས་བྱུང་བའི་ཚ་དང་། ལན་ཚྭ་བསྲེས་ཏེ་ཀ་ར་བཱི་རའི་མེ་ཏོག་དམར་པོ་དང་བཏགས་ནས་གཟུགས་བརྙན་རྫོགས་པར་བྱ་སྟེ་ཤིང་གི་རྒྱལ་པོའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ ཕྲག་བརྒྱད་བྱའོ། །ཉི་མ་སོ་སོ་ལ་གཟུགས་བརྙན་རེ་རེ་མཉམ་ཞིང་མཉམ་པ་རེ་རེའོ། །རྒྱལ་པོ་གླང་པོ་བཞིན་དུ་བཀའ་བསྒོ་བ་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་མྱ་ངན་མེད་པའི་མེ་ཏོག་ཡུངས་ཀར་དང་། ནཱ་ག་གེ་སར་བསྲེས་ནས་ཀོ་མེ་དང་། ནཱ་བྷཱ་ས་བཏགས་པ་སྲང་ བཅུ་དྲུག་གིས་གཟུགས་བརྙན་བྱས་ནས་གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་པ་གཡོན་པས་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དེའི་ཤིང་ཁོ་ནས་མེ་རབ་ཏུ་སྦར་ཏེ་སྟོང་ཕྲག་བརྒྱད་བརྒྱར་སྦྱིན་སྲེག་བྱའོ། །གཞན་རྣམས་གཡས་པས་ཉི་མ་སོ་སོར་ཟླ་བ་ གཅིག་ཏུ་གནས་ཏེ་ཉི་མ་གུང་ལ་གཞན་རྣམས་ཇི་ལྟར་འདོད་པས་འབངས་བཞིན་དུ་མྱུར་དུ་དབང་དུ་བྱེད་དོ། །ཆོ་ག་གཞན་ནི་སོ་མ་རཱ་ཛའི་འབྲས་བུ་དང་བསྲེས་པའི་དྲིའི་རྫས་རྣམས་ཐམས་ཅད་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་བརྙན་བྱས་ནས་འོ་མ་ཅན་གྱི་ཡམ་ཤིང་གིས་ མེ་རབ་ཏུ་སྦར་ཏེ་ལྟེ་བ་ནས་བརྩམས་ནས་རྐང་མཐིལ་ལ་ཐུག་གི་བར་དུ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །དེ་ནས་མགོ་བོ་ནས་བརྩམས་ཏེ་སླར་ཡང་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་བྱས་ན་རྒྱལ་པོ་ཅི་བགྱི་དང་མཚུངས་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་བླ་ན་ མེད་པ་སྟེ་ཙནྡན་དམར་པོ་དང་། ལན་ཚྭ་དང་མཉམ་པར་འགྲོ་བ་རྣམས་བཏགས་པ་སྲང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས་ཉི་མ་སོ་སོའི་སྔ་དྲོའི་དུས་ཚོད་ལ་ཙནྡན་དམར་པོའི་ཤིང་གི་མེ་ལ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ ཕྲག་བརྒྱད་བྱའོ། །ལས་འདི་ནི་ལག་པ་གཡས་པས་སྲེག་བླུགས་དབུལ་ཞིང་གཡོགས་ཀྱང་ངོ་། །ཟླ་བ་གཅིག་ཙམ་ལ་རྒྱལ་པོ་འབངས་བཞིན་དུ་བཀའ་བསྒོ་བ་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་ས་ལ་མ་ལྷུང་བའི་བ་བྱུང་ཚྭ་དང་ཡང་དག་པར་བསྲེས་ནས་བཏགས་པར་བྱའོ། ། དེ་ནས་སྲང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས་ཕྱི་དྲོའི་དུས་ཚོད་ལ་ཡང་དག་པར་ཤེས་པས་གཟུགས་བརྙན་སོ་སོ་རེ་རེ་པ་ལཱ་ཤའི་མེ་ལ་གཟུགས་བརྙན་གྱི་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བརྒྱད་བརྒྱའོ། །ལས་ལྷག་མ་འདི་ནི་ དང་པོ་དང་མཚུངས་པར་དེ་ཡང་ཟླ་བ་ཙམ་ལ་རྒྱལ་པོ་བཀའ་བསྒོ་བ་རྗེས་སུ་སྒྲུབ་པར་བྱེད་པ་ཅི་བགྱིད་འགྱུར་རོ། །ཆོ་ག་གཞན་ནི་བ་ལང་གི་གཅིན་དང་གནས་དང་། གྲོག་མཁར་གྱི་ས་དང་སྦྲང་རྩི་མཉམ་པར་འགྲོ་བ་ཡིས། སྲང་ཉི་ཤུ་ཆའི་གཟུགས་བརྙན་བསྐྱེད་ནས་ཟླ་བ་གཅིག་ ཏུ་ཉི་མ་སོ་སོ་ལ་ལན་གསུམ་དུ་ཉི་མ་གུང་ལ་ཤིང་གི་རྒྱལ་པོའི་སྲེག་ཟ་རྣམ་པར་གནས་པ་ལ་གཟུགས་བརྙན་གྱི་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །འབངས་བཞིན་དུ་འགྱུར་རོ་ཞེས་སྒྲུབ་ཐབས་འདི་ རྣམས་ནི་དུས་ཐམས་ཅད་སྟོན་དང་། དཔྱིད་དང་། སོ་ག་དང་། དགུན་གྱི་དུས་ཚོད་ལ་ཡང་རབ་ཏུ་སྦྱར་ན་མཚུངས་པ་མེད་པའི་ནོར་ཆེན་པོ་འདི་རྣམས་རྟག་ཏུ་ངེས་པར་ཐོབ་བོ། །དེ་ནས་སོ་གའི་སྒྲུབ་པ་འབྱུང་སྟེ། རིགས་དང་ཁ་དེག་མཐུན་པའི་ཞོ་དང་མར་ལྷན་ཅིག་པ་ ཀ་ར་བཱི་རའི་མེ་ཏོག་དང་གཅིག་ཏུ་བྱས་ཏེ་བཏགས་ནས་སྲང་སུམ་ཅུའི་ཚད་ཀྱིས་གཟུགས་བརྙན་བྱས་ནས་ཉི་མ་སྔ་དྲོ་འམ་ཕྱི་དྲོ་པ་ལཱ་ཤའི་ཡམ་ཤིང་གིས་མེ་སྦར་ནས་གཟུགས་བརྙན་གྱི་གཡས་ཀྱི་མགོར་བཞག་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་ པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཡུངས་ཀར་དཀར་པོ་དང་། གུར་གུམ་བསྲེས་ཏེ་ལེགས་པར་བཏགས་ལ་སྲད་བུ་བཅུ་པ་བྱས་ནས་འདི་འདིའི་ལྷག་མ་སྔར་བཞིན་ནོ། །འདི་ལ་ཁྱད་ནི་ ལག་པ་གཡོན་པས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཆོ་ག་གཞན་ནི་རྒྱ་མཚོའི་ལན་ཚྭ་དང་། ནས་དང་གྲོ་རྣམས་གཅིག་ཏུ་བཏགས་པ་སྲང་སུམ་ཅུ་པས་གཟུགས་བརྙན་བྱས་ནས་དེའི་ཁར་ཚ་བ་གསུམ་གྱིས་བཀང་ནས་ཟངས་ཀྱི་ཐུར་མ་དུ་སྟི་རའི་མེ་ལ་བཟླས་ པ་བྱས་ནས་རྐང་པའི་འོག་ནས་ཕུག་སྟེ་སྤྱི་བོར་འཐོན་པར་བྱེད་དོ། །དེ་ནས་མགོ་བོའི་གཡས་བཞག་སྟེ་པ་ལཱ་ཤའི་འདབ་མ་ལ་རང་གི་རལ་གྲིའི་སོས་བཅད་ནས་ཇི་ལྟར་འདོད་པའི་དུས་ཚོད་ལ་སེང་ལྡེང་གི་མེར་ལག་པ་གཡས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་གཅིག་ལ་ རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །ཞེས་པ་འདི་རྣམས་ནི་སོ་གའི་དུས་ཀྱི་སྒྲུབ་ཐབས་སུ་འགྱུར་བ་རྣམས་སོ། །ཡང་འདིའི་དབྱར་གྱི་ལས་རྣམས་འབྱུང་བར་འགྱུར་ཏེ། དབྱར་གྱི་དུས་ཚོད་ལ་ངེས་པར་སྒྲུབ་པར་བྱེད་དོ། །པུ་ཤེལ་ཙེ་དང་། བཱ་ལ་ཀཾ་དང་། སཽ་བ་ཙ་ ལ་དང་། ལན་ཚྭ་དང་གཟུགས་བརྙན་གཅིག་ཏུ་བྱས་པ་ལ་ནམ་མཁའི་ཆུས་བཏགས་ནས་སྲང་ཉི་ཤུ་རྩ་ལྔས་རྒྱལ་པོའི་གཟུགས་བརྙན་བྱས་ནས་གཡས་པ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་ བྱའོ། །ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལའོ། །ཟླ་བ་གཅིག་ཏུའོ། །རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་པུ་ཤེལ་ཙེ་དང་། པྲི་ཡང་ཀུ་དང་། ཊཱཾ་པ་ཎ་དང་། འགྱུར་བྱེད་རྣམས་གཅིག་ཏུ་བྱས་ཏེ་ནམ་མཁའི་ཆུས་བཏགས་ནས་སྲང་སུམ་ཅུ་པའི་ རྒྱལ་པོའི་གཟུགས་བརྙན་བྱ་སྟེ། མགོ་བོ་ནས་བརྩམས་ནས་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དོང་ཀའི་ཤིང་གིས་མེ་སྦར་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །འདི་ནི་ངེས་པར་མངག་ གཞུག་པ་བཞིན་དུ་ཀུན་ཏུ་སྤྱོད་དོ། །འདི་ནི་ཆོ་ག་གཞན་ཏེ། སརྫི་ཀ་དང་། འོ་མ་དང་། ནས་ཀྱི་འགྱུར་བྱ་དང་། ཤུ་དག་དང་། སྲན་མ་མཱ་ཤ་དང་། ཏིལ་རྣམས་གཅིག་ཏུ་བསྲེས་ནས་ལུས་ཀྱི་ཆུས་བཏགས་ཏེ་མི་བདག་གི་གཟུགས་བརྙན་སྲང་སུམ་ཅུ་པ་བྱས་ཏེ། ཨ་མྲའི་ ཤིང་གིས་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་ལག་པ་གཡས་པས་མགོ་བོ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་མཆོག་སྟེ་རྒྱ་མཚོའི་ལན་ཚྭ་དང་ས་ལ་མ་ ལྷུང་བའི་བ་བྱུང་གཅིག་ཏུ་བྱས་ནས་ནས་ཀྱི་འགྱུར་བྱེད་དང་ལྷན་ཅིག་ནམ་མཁའི་ཆུས་བཏགས་ཏེ། སྲང་སུམ་ཅུའི་ཚད་ཀྱིས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་ཨུ་དུམ་བཱ་རའི་ཤིང་གི་མེ་ལ་ལག་པ་གཡས་པས་རལ་གྲི་ རྣོན་པོས་རྐང་པ་གཡས་པ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཞེས་པ་འདི་རྣམས་ནི་དབྱར་གྱི་དུས་ཀྱི་སྒྲུབ་པའི་ཐབས་རྣམས་ཏེ་འདི་ཁོ་ན་ལ་དངོས་གྲུབ་ཉེ་བར་འགྱུར་རོ། །ཡང་འདིར་གཞན་འབྱུང་སྟེ་དགུན་སྨད་ཀྱི་དུས་ཀྱི་སྒྲུབ་པ་ནི་ གང་དུ་དུས་གཅིག་ཏུ་སྒྲུབ་པར་བྱེད་དོ། །འབྲུའི་ཕུབ་མ་དང་། ནས་ཀྱི་ཚིགས་དང་། ག་བི་ན་དང་། ཤུ་དག་རྣམས་གཅིག་ཏུ་བཏགས་ནས་སྲང་ལྔ་བཅུའི་ཚད་ཀྱིས་སའི་བདག་པོའི་གཟུགས་བརྙན་བྱས་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་ནིམ་པའི་ཤིང་གི་མེ་ལ་ ནུབ་ཏུ་མགོ་བཞག་ནས་རྐང་པ་ཤར་དུ་ཕྱོགས་པའི་གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཨ་རུ་ར་དང་། སྐྱུ་རུ་རའི་འབྲས་བུ་དང་། ཤྲི་བཱ་ ས་ཀ་དང་། ཀུན་ཏུ་རུ་ཀ་དང་། བ་ལས་བྱུང་བའི་མར་རྣམས་ལྷན་ཅིག་བཏགས་པ་སྲང་སུམ་ཅུའི་མི་བདག་གི་གཟུགས་བརྙན་བྱས་ནས་ནུབ་ཏུ་མགོ་བཞག་སྟེ་སྔར་བཞིན་དུ་པ་ལཱ་ཤའི་མེ་ལ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལམ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་ བྱའོ། །རྒྱལ་པོ་མངག་གཞུག་པ་བཞིན་དུ་རྟག་ཏུ་དབང་དུ་འགྱུར་རོ། །ཆོ་ག་བཞིན་བ་རུ་རའི་འབྲས་བུ་དང་། ནས་དང་། ཙི་ཀ་སེང་འདབ་མ་དང་། རྩ་བ་དང་བཅས་པ་དང་། ཏིལ་དང་ཡུངས་ཀར་དཀར་པོ་རྣམས་གཅིག་ཏུ་བྱས་ཏེ་བ་ལས་བྱུང་བའི་མར་ལྷན་ཅིག་བཏགས་ནས་སྲང་ སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནུབ་ཏུ་བསྟན་ནས། སྔར་བཞིན་ཨུ་དུམ་བཱ་རའི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སའི་བདག་པོ་གདོན་མི་ཟ་བར་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་རྒྱ་མཚོ་ནས་བྱུང་ བའི་ལན་ཚྭ་དང་། བུ་རམ་དང་། སྐྱུ་རུ་རའི་འབྲུ་རྣམས་དང་། ཡུངས་ཀར་དཀར་པོ་གཅིག་ཏུ་བྱས་ཏེ་ཡང་དག་པར་བཏགས་པ་སྲང་སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནུབ་ཏུའོ། །སྔར་བཞིན་དུ་འོ་མ་ཅན་གྱི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ་སོར་ཇི་ལྟར་འདོད་པའི་དུས་ ཚོད་ལ་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་བཀའ་བསྒོ་བ་རྗེས་སུ་སྒྲུབ་པར་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་རྒྱ་ཚྭ་དང་། རྒྱ་མཚོའི་ལན་ཚྭ་དང་། ནས་དང་། ཏིལ་དང་། བུ་རམ་རྣམས་གཅིག་ཏུ་བྱས་ཏེ་བའི་མར་གྱིས་ཀུན་ཏུ་བཏགས་པ་སྲང་ལྔ་བཅུས་རྒྱལ་པོའི་ གཟུགས་བརྙན་བྱས་ནས་ནུབ་ཏུ་མགོ་བོ་བཞག་སྟེ་སྔར་བཞིན་དུ་ཇི་ལྟར་མངོན་པར་འདོད་པའི་དུས་ཚོད་ལ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྟག་ཏུ་མངག་གཞུག་པ་བཞིན་དུ་ཉེ་བར་འགྲོའོ། །ཞེས་པ་འདི་རྣམས་ནི་དགུན་གྱི་དུས་ཀྱི་སྒྲུབ་པ་རྣམས་གྲུབ་ པར་བྱེད་པའོ། །དེ་ཉིད་ལའོ་འདི་རྣམས་ནི་མཆོག་ཏུ་གསང་བའོ། །ཞེས་པ་སྟེ་སླར་ཡང་རིག་པ་འཛིན་པར་གྱུར་ཅིག །གསང་བའི་སྒྲུབ་པ་ལ་སྒྲུབ་པའི་སྦྱོར་བའི་དུས་ཅན་གྱི་དངོས་གྲུབ་གཡོ་བར་བྱེད་དེ། ཇི་སྐད་གསུངས་པའི་དུས་ངེས་པར་གྱུར་པ་སོ་ག་ལ་སོགས་པ་རྣམས་ལ་ལས་ བྱས་པའོ། །དེ་ནས་གང་གི་རྒྱལ་པོ་འདི་རྟག་ཏུ་ཀུན་ཏུ་བཅིངས་པར་འགྱུར་རོ། །དངོས་གྲུབ་ཉམས་པ་ཡང་མེད་དེ། ལས་གཞན་དང་ལྷན་ཅིག་དེ་ཡོད་པའོ། །ཡང་ཆོ་ག་གཞན་ནི་གྲུབ་པ་གང་གིས་འཕོ་བར་འགྱུར་བ་གང་ཡིན་པ་དེ་རྣམས་ནི་སེམས་ཅན་གྱི་བྱེ་བྲག་ལས་སམ། ཆོ་ག་ མེད་པའམ། འབྱུང་བ་ཉིད་ལས་སམ། དབང་པོ་མ་ཚང་བ་ཉིད་ལས་སམ། སློབ་དཔོན་གྱི་མན་ངག་མེད་པར་རང་གི་རིག་པ་བཟུང་སྟེ་སྟོན་པའི་བཀའ་སོ་སོར་འབྲང་བས་མང་པོ་མི་ཤེས་ཏེ་བླ་མ་དམ་པ་མེད་པ་ལས་སམ། ནུས་པ་དང་བྲལ་བ་ལས་སས་རྫས་མ་མཐོང་བས་རྟོག་པའི་དཀྱིལ་ འཁོར་གྱི་སློབ་དཔོན་ལ་ཕུལ་བ་དང་། བླ་མ་དམ་པ་སྦྱིན་པའི་འོས་སུ་གྱུར་པ་ལ་བདག་ཉིད་ཤེས་པ་མེད་དོ་ཞེས་མ་ཞུམ་པ་དང་ལྡན་པས་རྟོགས་པ་ཡང་མེད་ཅིང་མཐོང་བ་ཡང་མེད་པར་ལས་ཆེན་པོའི་སྒྲུབ་པ་རྣམས་ཤེས་པར་བྱེད་པ་བསོད་ནམས་མ་ཡིན་པ་སྨྲ་བ་ཚུལ་ཁྲིམས་འཆལ་པའམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ་རང་གི་བསླབ་པའི་མཚམས་ཞིག་པ། ཕམ་པར་གྱུར་པའི་ལྟུང་བ་ལ་ཞུགས་པའམ། བྱང་ཆུབ་ཀྱི་སེམས་དང་བྲལ་བའམ། མཚམས་མེད་པ་བྱས་པའམ། སློབ་དཔོན་ལ་བརྙས་པའམ། མཆོད་ རྟེན་གྱི་གནས་ལ་རྡོག་པས་བརྫིས་པའམ། སློབ་དཔོན་གྱི་གྲིབ་མ་ལ་འགོམ་པར་བྱེད་པའམ། ཐེག་པ་ཆེན་པོ་ལ་ཡང་བརྙས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་བར་གྱུར་པའམ། ལྷ་ཐམས་ཅད་ལ་བརྙས་པ་སྟེ། ཉེས་པ་འདི་རྣམས་ཀྱིས་ལས་གཞན་ བྱས་པ་དེ་ཡང་དག་པར་བྱས་པ་མ་ཡིན་རྣམ་པ་གཞན་དུ་བྱས་པར་འགྱུར་ཏེ། དེ་དངོས་གྲུབ་དང་བྲལ་བ་ནི་དེ་ཉིད་ཀྱི་ཆོ་ག་ལས་འདས་པའི་ཕྱིར་རོ། །གང་ལ་ལ་འདི་རྣམས་བྱེད་པ་དེའི་དངོས་གྲུབ་དེ་སྐད་ཅིག་མ་གཅིག་ལ་འཇིགས་པར་བྱེད་དེ་རིག་པ་ཅུང་ཟད་བཟླས་པ་ནི་དུས་གཞན་ དུ་ཀུན་ཏུ་གནས་ཏེ་གང་ཡང་སྒྲུབ་པའི་དུས་ཅན་གྱི་དངོས་གྲུབ་མ་ཡིན་པ་དེ་འདིར་འགྱུར་རོ། །སླར་ཡང་རིག་པ་འཛིན་པ་གང་ཞིག་གསང་བའི་སྒྲུབ་པའི་ཆོ་གས་རྒྱལ་པོའི་རྐང་རྗེས་ཀྱིས་ལ་བར་སྐབས་འདིར་བརྒྱད་བརྒྱའམ། ལྔ་བརྒྱར་སྲེག་བླུགས་མར་གྱིས་བཏགས་པའི་སྦྱིན་ སྲེག་བྱེད་དོ། །དེ་ཉིད་དུ་ཐམས་ཅད་དུ་བྱེད་པའི་རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །འཁོར་ལོས་སྒྱུར་བ་ལ་ཡང་ཇི་སྐད་གསུངས་པའི་དུས་ཀྱི་སྒྲུབ་པ་བྱེད་པ་ལ་ངེས་པར་དངོས་གྲུབ་མེད་པར་མི་འགྱུར་ཏེ་དངོས་གྲུབ་ཉམས་པར་ཡང་མི་འགྱུར་རོ། །དེ་ནས་ཡང་ སེམས་དཔའ་ཆེན་པོ་སྟོང་ཕྲག་བརྒྱད་ཅི་ཡང་མི་གསུང་བར་གནས་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྐྱེ་བོ་དུ་མའི་ནང་དུ་ལྷུང་བ་དགེ་བའི་སྤྱོད་པའི་མཆོད་པ་ཆུང་ངུ་དེ་ སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་མངོན་པར་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཏེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སེམས་དཔའ་ཆེན་པོ་དེ་ལ་འདི་ སྐད་ཅེས་སྨྲས་སོ། །སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ལྟ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུངས་ཤིག །སེམས་དཔའ་ཆེན་པོ་གསུངས་ཤིག །དེ་སྐད་ཅེས་སྨྲས་པ་དང་། སེམས་ དཔའ་ཆེན་པོ་དེས་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་ཞིང་འཛུམ་པའི་བགེགས་དང་བྲལ་བས་བཅོམ་ལྡན་འདས་ལ་ཀུན་ཏུ་ལྟ་ཞིང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། གང་ཁྱོད་སྙིང་རྗེ་ཆེན་པོ་དོན་དམ་པ། མཆོག་ཏུ་གསང་ བ། ལྷན་ཅིག་པའི་རྒྱུད་ཐམས་ཅད་ཀྱི་རྗེས་སུ་སོན་པ་གང་ཡིན་པ་འདི་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་བྱ་བར་འགྱུར་ཏེ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ ཅད་ཀྱི་དཔལ་ཡང་གང་ལ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པ་ཐོབ་པར་འགྱུར་བ་དང་། ཤེས་པར་འགྱུར་བ་དང་། ཁ་ཏོན་བྱེད་པར་འགྱུར་བ་དང་། འདྲི་བར་འགྱུར་བ་དང་། སྒྲུབ་པར་འགྱུར་བ་དང་། མཆོད་པར་འགྱུར་བ་དང་། གླེགས་བམ་དུ་བྲིས་ནས་རང་ གི་ཁྱིམ་དུ་འཇོག་པར་འགྱུར་བ་དང་། ཉལ་བའི་དུས་དང་། མལ་ནས་ལྡང་བའི་དུས་སུ་མགོ་ལ་འཇོག་པར་བྱེད་པར་འགྱུར་བ་དེའི་ཕུང་ཁྲོལ་ཆེན་པོ་ཐམས་ཅད་ཡོངས་སུ་སྤངས་ཏེ་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ཚེ་རིང་པོ་ཉིད་དུ་ཡང་འགྱུར་རོ། །མདོར་ན་གང་ཡང་བདག་ གི་རྒྱུད་མ་ལུས་པ་ཤེས་པར་འགྱུར་རོ། །སེམས་དཔའ་ཆེན་པོ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས་ཤེས་པར་འགྱུར་རོ། །དེ་རྣམས་འདིས་ཟིལ་གྱིས་གནོན་པར་འགྱུར་བ་དེས་ན་བཤད་པར་བྱེད་དོ། །དེ་ནས་སེམས་དཔའ་ཆེན་པོ་སྐད་ཅིག་ ལ་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་ཞིང་རབ་ཏུ་འཛུམ་པའི་རང་བཞིན་དུ་གྱུར་པས་རལ་པ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཕྱག་བཞི་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཉམ་པར་གསུང་བ་པདྨའི་ཕྱག་ཅན། ལྷའི་ལུས་ཆེན་པོ། ལྟ་བར་མི་ དཔོག་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་གྲོལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ལྟེ་བ་གང་ཅུང་ཟད་རྟོག་པར་ནུས་པར་མཐོང་ནས། བཅོམ་ལྡན་འདས་མ་སྒྲོལ་མ་ཡིད་ལ་བྱས་ཏེ་སངས་རྒྱས་ཐམས་ཅད་ལ་རབ་ཏུ་བཏུད་དེ་རིན་པོ་ཆེའི་པདྨ་ལ་ཉེ་བར་འདུག་སྟེ་སྨྲས་ པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། སྒྲུབ་པ་སོ་སོ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་མྱུ་གུ་རྣམས་ལ་ངེས་པར་ཕན་པ་དང་བདེ་བའི་ཆེད་དུ་སངས་རྒྱས་ཉིད་ཀྱིས་ཐབས་མཁས་པའི་བྱ་བ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པའི་ཆེད་དང་། ས་དང་པོར་སོ་སོར་ཐོབ་པའི་ཆེད་དང་། བླ་ན་མེད་པའི་སངས་རྒྱས་ཐོབ་པའི་ཆེད་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱུན་དུ་ ཉེ་བར་བསྐྱེད་པ། དེ་བཞིན་ཁོ་ནར་བསོད་ནམས་ཀྱི་མཐུས་སེམས་ཅན་རྣམས་ཀྱི་གོང་དུ་ཡོངས་སུ་བསྔགས་པའི་མཚན་བཟང་པོས་བརྒྱན་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་རིགས་གང་གིས་སྔོན་བྱས་པའི་ལས་ རྣམས་ཀྱིས་དེ་བཞིན་དུ་བྱ་བ་ཡང་རྟག་ཏུ་རང་ཉིད་འཁོར་ལོས་སྒྱུར་བ་དེ་ཡང་དབང་དུ་བྱ་སྟེ་སྔོན་བརྗོད་པའི་ལས་རྣམས་ཁོ་ནས་སོ། །དེ་ལས་ཀྱང་ས་ཐམས་ཅད་པའི་བདག་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་མ་དང་བ་རྣམས་རབ་ཏུ་དང་ བ་ཉིད་ཀྱིས་དཀྱིལ་འཁོར་བར་ཡང་འགྱུར་རོ། །ཡུལ་གྱི་དཔོན་པོའམ། ཇི་ལྟ་བུའི་བསོད་ནམས་དེས་སེམས་ཅན་རྣམས་ཀྱི་གོང་དུ་རྒྱལ་པོ་བྱེད་དུ་འཇུག་གོ། །ཉེ་བར་ལོངས་སྤྱོད་ཡོངས་སུ་ལོངས་སྤྱད་པས་བྱ་བ་ཡང་རབ་ཏུ་བྱེད་དོ། །དེ་ཡང་གལ་ཏེ་སྔར་བརྗོད་པའི་ ལས་ཁོ་ནས་དེ་འབངས་སུ་འགྱུར་རོ། །དེ་ནས་རྒྱལ་པོ་དང་བློན་པོ་ལ་སོགས་པའི་སེམས་ཅན་རྣམས་དབང་དུ་བྱེད་པའི་སྒྲུབ་པར་འགྱུར་ཏེ། སྟོན་དང་། སོ་ག་དང་། དབྱར་གྱི་དུས་རྣམས་སུ་ངེས་པར་སྒྲུབ་པར་བྱེད་དོ། །རྒྱལ་པོའི་བློན་པོ་དབང་དུ་བྱེད་ པ་ལ་ནི་དེའི་རྐང་པའི་རྗེས་ཀྱི་རྡུལ་དང་། སྐེ་ཚེ་མཉམ་པར་བྱས་པ་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་དུས་ཚོད་ལ་དུས་གཅིག་ཏུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་སྣ་མའི་མེ་ཏོག་དང་ཏིལ་བསྲེས་པས་སྔར་བཞིན་དབང་དུ་འགྱུར་རོ། །ཆོ་ག་ གཞན་ནི་དུར་བྷའི་མྱུ་གུ་དང་ལྷན་ཅིག་པའི་སྐེ་ཚེས་ཟླ་བ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་མ་པའི་ས་བོན་རྣམས་པ་ཤཱི་དང་། ཀ་ཀྟུ་ཀཱ་མ་དང་། ཕྱེ་མ་རྣམས་ལན་ཚཱ་དང་བསྲེས་པས་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཏིལ་དང་ཨརྫུ་ནའི་མེ་ཏོག་བསྲེས་པ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས་དབང་དུ་འགྱུར་རོ། །ཆོ་ག་གཞན་ནིམ་པའི་ས་བོན་རྣམས་དང་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་ སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །རྒྱལ་པོའི་མདུན་ན་འདོན་དབང་དུ་བྱེད་པར་འདོད་པས་སྐེ་ཚེ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཟླ་བ་གཅིག་ལ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ཏུ་སྦྱིན་སྲེག་ སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་སྲན་མ་ཙ་མེད་ཀ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཨིརྒུ་དའི་ཏིལ་མར་གྱིས་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །དེ་རྣམས་ ཐམས་ཅད་ལ་དོང་ཀའི་ཡམ་ཤིང་གིས་མེ་སྦར་ལ་སྦྱིན་སྲེག་གམ། པ་ལཱ་ཤའི་མེ་ལ་ཡང་རུང་ངོ་། །བྲམ་ཟེ་དབང་དུ་བྱེད་པ་ལ་འོ་མ་ཅན་གྱི་ཤིང་གི་མེ་ལ་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་སེང་ལྡེང་གི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན། སྔར་བཞིན་དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་འབྲས་སཱ་ལུའི་ཟན་ཞོ་དང་ལྷན་ཅིག་པ་ཨ་མྲའི་ཤིང་གི་མེ་ལ་སྦྱིན་ སྲེག་བྱ་སྟེ། སྔར་བཞིན་དབང་དུ་འགྱུར་རོ། །དམན་པ་ཐམས་ཅད་དབང་དུ་བྱེད་པ་ལ་ཚེར་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་སྐེ་ཚེ་དང་། དུག་དང་། ནིམ་པ་ལྷན་ཅིག་པའི་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ལ་བརྩམས་ནས་དུས་གཅིག་ལ་སྟོང་ཕྲག་བརྒྱད་བྱས་ ན་དེ་དབང་དུ་འགྱུར་རོ། །གཞན་ཡང་འདིར་འབྱུང་བ་ནི་ཐུན་མོང་དུ་མཆོག་དང་། །འབྲིང་དང་ཐ་མ་སྒྲུབ་པའི་ལས་ནི་ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱད་གང་བསྟན་བྱའི་སྦྱིན་སྲེག་བྱེད་པ་དེ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱེད་པ་ལ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ བྱ་སྟེ་དབང་དུ་འགྱུར་རོ། །ནག་པོའི་བཅུ་བཞི་པ་ལ་ཡུངས་ཀར་དཀར་པོ་ལ་མར་དང་། ཞོ་དང་སྦྲང་རྩིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །གང་བསྟན་བྱ་ཉི་མ་གསུམ་ལ་དབང་དུ་འགྱུར་རོ། །གཞོན་ནུ་མ་དབང་དུ་བྱེད་པར་འདོད་པས་རམ་ག་ ནའི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་དབང་དུ་འགྱུར་རོ། །སྤྲ་ཚིལ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་བདག་ཉིད་ཀྱི་ལག་པར་བཞག་སྟེ་སྟོང་ཕྲག་བརྒྱད་བཟླས་ན་གང་བསྟན་པ་དེ་དབང་དུ་འགྱུར་རོ། །རས་ རིས་ཀྱིས་སྤྱན་སྔར་མེ་ཏོག་དཀར་པོ་བརྒྱད་བརྒྱ་དབུལ་བར་བྱ་སྟེ། གང་འདོད་པ་དེ་དབང་དུ་འགྱུར་རོ། །དུང་དང་གླ་རྩི་དང་། ཤུ་དག་དང་གི་ཝང་དང་། རྒྱ་སྤོས་རྣམས་གཅིག་ཏུ་བྱས་ནས་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་ འདི་བཏུངས་པས་སམ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །བྲམ་ཟེ་མོ་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་བིལ་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དུར་ཁྲོད་དུ་ལན་བདུན་བཟླས་པས་བུད་མེད་གང་ལ་སྐྱེས་བུ་གང་གིས་མདུན་དུ་ འདུག་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱས་པས་དབང་དུ་འགྱུར་རོ། །སོར་མོ་གཅིག་པའི་ཤིང་བླངས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ་གང་དང་གང་ཀུན་ཏུ་འགུགས་པར་བྱེད་པ་དེ་དབང་དུ་འགྱུར་རོ། །མེ་ཏོག་བརྒྱ་པ་སྟོང་ཕྲག་བརྒྱད་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དབུལ་བར་བྱའོ། །འདི་ལ་མེ་ཏོག་གཅིག་བླངས་ནས་བུད་མེད་ལ་བལྟས་ནས་བསྐོར་བར་བྱ་སྟེ་འོང་བར་བྱེད་ཅིང་དབང་དུ་འགྱུར་རོ། །འོ་མ་དང་ནས་ཟན་ཟ་ཞིང་ཕྱོགས་གཅིག་ཏུ་བཟླས་པ་བྱའོ། །དེ་ནས་གྲོག་ མཁར་གྱི་ས་ལས་བྱུང་བའི་ནོར་རྒྱས་ཀྱི་བུ་བྱས་ནས་དེ་ལ་ཉེ་བར་འདུག་སྟེ། ཇི་སྲིད་གཡོ་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ལྟ་བུས་གྲུབ་པར་འགྱུར་རོ། །ནོར་རྒྱས་ཀྱི་བུ་བདག་ཉིད་མ་ཤ་བཅུ་གཉིས་ཀྱི་བཟའ་བ་སྦྱིན་པར་བྱེད་དོ། །འདས་པ་དང་མ་འོངས་ པ་དང་། ད་ལྟར་བྱུང་བའི་དོན་སྟོན་པར་བྱེད་དོ། །འོ་མ་དང་ནས་ཟན་ཟ་ཞིང་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་པས་ལོངས་སྤྱོད་སོ་སོར་རྙེད་དོ། །ཟླ་བ་གཅིག་ཏུ་བསོད་སྙོམས་བཟའ་ཞིང་དཀར་པོའི་བཅུ་གཅིག་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་ པས་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྐུ་གཟུགས་ཀྱི་ཞབས་དག་ལ་འཇུས་ནས་ཇི་སྲིད་དུ་སྐུ་གཟུགས་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །གཡོས་པས་གང་མཐོང་བར་འགྱུར་རོ། ། དངོས་གྲུབ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ཡིད་ཀྱིས་གང་སྐྱེད་པར་བྱེད་དུ་འཇུག་གོ། །ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ། །གང་གཱར་ཞུགས་ཏེ་འབུམ་ཕྲག་གཅིག་བཟླས་པར་བྱའོ། །ཕྱི་ནས་དེ་སྲིད་དུ་སྐུ་གཟུགས་ཀྱི་སྤྱན་སྔར་བྱེ་མ་ལས་བྱུང་བའི་ མཆོད་རྟེན་བྱས་ནས་སྦྲང་རྩི་དང་འོ་མ་གཅིག་ཏུ་བྱས་ཏེ་སྦྱིན་སྲེག་བྱའོ། །ཀླུ་ཐམས་ཅད་འོང་བར་འགྱུར་རོ། །གང་སྨྲས་པ་དེ་ཐམས་ཅད་བྱེད་དོ། །རིའི་རྩེ་མོར་འཛེགས་ཏེ་རས་རིས་རབ་ཏུ་བཞུགས་ནས་ཏིལ་མར་གྱིས་བཏགས་པའི་ཙནྡན་གྱི་ཞོགས་མའི་སྦྱིན་སྲེག་བྱ་ སྟེ། གནོད་སྦྱིན་འོང་བར་འགྱུར་རོ། །གང་སྨྲས་པ་དེ་ཐམས་ཅད་བྱེད་དོ། །ནགས་སུ་རས་རིས་རབ་ཏུ་བཞུགས་ནས་སྦྲང་རྩི་དང་པི་པི་ལིང་གཅིག་ཏུ་བྱས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་རིག་པ་འཛིན་པ་ཐམས་ཅད་འོང་བར་བྱེད་དོ། །བཀའ་བསྒོ་བ་ཐམས་ཅད་ བྱེད་པར་འགྱུར་རོ། །ཤིང་གཅིག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རབ་ཏུ་བཞུགས་ནས་འབུམ་ཕྲག་བཟླས་པར་བྱའོ། །འབུམ་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ཅན་གྱིས་གཟུགས་ཀྱི་རྣམ་པས་བྱང་ཆུབ་ཤིང་ལས་བྱུང་བ་རྩེ་གསུམ་མཚན་ ཉིད་དང་ལྡན་པ་བྱེད་དུ་བཅུག་ནས་སྟོང་ཕྲག་རྫོགས་པའི་སྦྱིན་སྲེག་བྱ་སྟེ། ཟླ་བ་ཉ་ལ་དྲི་བཟང་པོས་རབ་ཏུ་བྱུགས་ནས་རས་རིས་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ལག་པ་གཡས་པས་བླངས་ཏེ། མཚན་ཐོག་ཐག་ཏུ་བསྒྲུབ་པར་བྱ་སྟེ། ཇི་སྲིད་འབར་ གྱི་བར་དུའོ། །འབར་བས་འབྱུང་པོའི་བདག་པོ་གཉིས་པ། གདུལ་དཀའ་འདུལ་བ་པོ་སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པའི་ལྷ་ཆེན་པོར་འགྱུར་རོ། །རྒྱ་མཚོར་ཞུགས་ཏེ་འབུམ་བཟླས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་གང་འདོད་པའི་ཀླུ་དེ་མཐོང་བར་ བྱེད་དོ། །ནོར་བུ་རིན་པོ་ཆེ་ཡང་འདི་ལ་རབ་ཏུ་སྩོལ་ལོ། །དེ་བླངས་པས་རིག་པ་འཛིན་པར་འགྱུར་ཏེ། ཀླུའི་རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ། །དེ་ནས་གསོ་སྦྱོང་ཅན་གྱིས་ལས་ བྱེད་པས་ཟངས་ཀྱི་སྣོད་བྱེད་དུ་བཅུག་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་འབྲུ་དང་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བར་བྱས་ནས་རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ། ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་དང་ལག་པ་བཅུག་ནས་གང་འདོད་པ་ དེ་དང་དེ་འབྱུང་བར་འགྱུར་རོ། །སྣོད་བཟང་པོའི་སྒྲུབ་ཐབས་སོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་འབུམ་བཟླས་པར་བྱའོ། །ཕྱི་ནས་ཟླ་བ་ཉ་ལ་ནོར་བུའམ་ས་ལས་བྱུང་བའི་མཆོད་རྟེན་བྱས་ཏེ་དེ་ཉིད་དུ་རས་རིས་བྱེད་དུ་བཅུག་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ ཉ་ལ་འབྲུ་དང་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་བྱས་ནས་རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ་མཆོད་པ་ཆེན་པོ་བྱས་ནས་བཞག་པའི་ནོར་བུའམ། ས་ལས་བྱུང་བ་ལག་པ་གཡས་པས་བླངས་ཏེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་ཇི་སྲིད་འབར་ བ་དེ་སྲིད་དུ་བཟླས་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་འཆང་བའི་རིག་པ་འཛིན་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་འབུམ་བཟླས་པར་བྱའོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་མཆོད་པ་སྣ་ཚོགས་པ་བྱས་ནས་ མར་མེའི་ཕྲེང་བ་ཡང་རྒྱ་ཆེར་བྱས་ཏེ་ལག་པ་གཡས་པས་རྒྱལ་མཚན་གོས་དཀར་པོ་འཕྱང་བ་བཟུང་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །རྒྱལ་མཚན་གྱི་རིག་པ་འཛིན་པར་འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པར་འགྲོའོ། །ཆོ་འཕྲུལ་གྱི་ཕྱོགས་ ཀྱི་ཟླ་བ་ཉ་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ལ་དྲི་བཟང་པོའི་དྲི་ཡིས་སོ་སོར་བྱུགས་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དཀྲིས་ཏེ་ལག་པ་གཡོན་པས་བཟུང་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ སྟེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །གང་དུ་འདོད་པ་དེ་རུ་འགྲོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་གཞོན་ནུ་མ་རབ་ཏུ་མཛེས་པ་ལེགས་པར་ཁྲུས་བྱས་པ་རྒྱན་གྱིས་བརྒྱན་པར་བྱས་ནས་རས་རིས་ ཀྱི་སྤྱན་སྔར་ཇི་ལྟར་འབྱོར་པའི་མཆོད་པ་བྱ་སྟེ། ལག་པ་གཡོན་པས་རབ་ཏུ་བཟུང་སྟེ་གཡས་པ་ཇི་སྲིད་དེ་དང་ཐབས་ཅིག་ཏུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཇི་ལྟ་བ་བཞིན་དུ་ཐབས་ཅིག་ཏུ་རིག་པ་འཛིན་པར་འགྱུར་རོ། །མཚན་མ་གཅིག་པའི་སྟེང་ དུ་ལག་པ་བཞག་ནས་ཇི་སྲིད་འཁོར་རྣམས་མི་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ། །མ་མཐོང་བ་ན་སེམས་ཅན་ཐམས་ཅད་འོངས་ནས་གྲུབ་པ་གསུམ་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་བཟུང་བ་ན་བ་བླ་བྱང་ཆུབ་ཤིང་གི་ འདབ་མའི་ནང་དུ་བཏུམས་པར་བྱས་ནས་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེས་ཐིག་ལེ་བྱས་ནས་མི་སྣང་བར་འགྱུར་རོ། །འོ་མ་དང་ནས་ཟན་བཟའ་ཞིང་རྒྱ་མཚོའི་འགྲམ་ དུའམ། ཤིང་དྲུང་དུ་ཐུན་གསུམ་དུ་སྟོང་ཕྲག་བཟླས་པར་བྱའོ། །མཚན་མོ་བདུན་དུ་རྒྱ་མཚོར་གནས་པའི་ཏིལ་རྣམས་མཐོང་བར་བྱེད་དོ། །ཇི་ལྟར་འདོད་པ་བླང་བར་བྱའོ། །མོན་སྲན་སྡེའུ་ཟ་ཞིང་རི་བོ་ལ་འཛེགས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མཚན་མོ་ ཉི་ཤུར་རི་བོ་ལ་གནས་པའི་གསེར་དང་ནོར་བུ་རིན་པོ་ཆེ་སྟོན་ཅིང་སྨྲ་བར་བྱེད་དོ། །ཇི་ལྟར་འདོད་པ་བླང་བར་བྱའོ། །རྒྱ་མཚོར་འགྲ་བའི་ངོགས་སམ་ཤིང་གི་འགྲམ་དུ་ཟླ་བ་གཅིག་ཏུ་ཉིན་མཚན་དུ་བཟླས་པར་བྱའོ། །ཐམས་ཅད་ཆུ་ཀླུང་གི་འགྲམ་དུ་མཐོང་བར་བྱེད་དོ། ། ཇི་ལྟར་འདོད་པ་བླང་བར་བྱའོ། །སྐྱེས་པ་དང་བུད་མེད་དབང་དུ་བྱེད་པ་ལ་སོལ་བས་ས་ལ་གཟུགས་བརྙན་བྲིས་ཏེ། དེའི་སྟེང་དུ་ཉེ་བར་འདུག་ནས་སྟོང་ཕྲག་བརྒྱད་ཉིན་ཞག་གསུམ་ཐུན་གསུམ་དུ་བཟླས་པར་བྱའོ། །དབང་དུ་འགྱུར་རོ། །རྒྱལ་པོའམ་རྒྱལ་པོའི་གོས་ འདོད་པས་མེ་ཏོག་དཀར་པོ་ཡོངས་སུ་མཉེས་པ་རྣམས་ལ་ལན་ཅིག་ཡོངས་སུ་བཟླས་པའི་ཆུར་གཞུག་པར་བྱའོ། །མཚན་མོ་བདུན་ལ་གོས་རྣམས་རྙེད་དོ། །བའི་མར་ལ་སྟོང་ཕྲག་བརྒྱད་བཟླས་པ་ཙམ་གྱིས་སྐལ་བ་བཟང་པོར་འགྱུར་རོ། །བཟླས་པས་བརྟན་པ་ དང་གཡོ་བ་རྣམས་ཁྱད་པར་དུ་འཕོ་བར་བྱེད་དོ། །ལྕགས་ལས་བྱུང་བའི་མཛུབ་གང་ཙམ་གྱི་རལ་གྲི་བྲངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། ཨ་ཤྭཏྠའི་འདབ་མས་གཡས་ནས་བསྐོར་ཏེ་རལ་གྲི་ རབ་ཏུ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པས་འཁོར་དང་བཅས་པ་འཕུར་བར་འགྱུར་ཏེ་རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར་བ་རིག་པ་འཛིན་པ་རྣམས་ཐམས་ཅད་ཀྱིས་ཤེས་ནས་བར་གྱི་བསྐལ་བར་གནས་པར་འགྱུར་རོ། །འོ་མ་དང་ ནས་ཟན་བཟའ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་པས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་དགེ་འདུན་གྱི་བསྟན་པ་ཅན་ནམ་སློང་མོ་ཟོས་ནས་དཔའ་བོའི་རིན་གྱིས་ཉོས་པའི་ལྡོང་ རོས་བླངས་ཏེ་དེས་ཇི་སྐད་གསུངས་པ་བཞིན་དུ་ས་ལ་པདྨ་འདབ་མ་བརྒྱ་པ་བྲིས་ནས་པདྨའི་འདབ་མ་ལ་ཉེ་བར་འདུག་སྟེ་ཉི་མ་སོ་སོར་ཇི་སྲིད་དུ་ས་ཟོས་ནས་པདྨ་གྱེན་དུ་འགྲོ་བ་དེ་སྲིད་དུ་བཟླས་པར་བྱའོ། །པདྨའི་འདབ་མ་ལ་ཉེ་བར་འདུག་པའི་རིག་པ་འཛིན་པ་ཉི་ཤུ་འབྱུང་བར་འགྱུར་ རོ། །ལྷའི་གཞལ་མེད་ཁང་ཡང་འབྱུང་ངོ་། །དེ་ནས་དེ་འཁོར་དང་བཅས་པ་དེ་གཞལ་མེད་ཁང་ལ་འཛེགས་ནས་འབུར་བར་བྱེད་དོ། །དེ་ཡང་པདྨ་རིན་པོ་ཆེ་དུ་མས་བརྒྱན་པའི་ལྷའི་གཞལ་མེད་ཁང་དུ་འགྱུར་རོ། །བད་གྱི་བསྐལ་པར་འཚོ་བར་བྱེད་དོ། །བདེ་བ་ཅན་དུ་ ཡང་འགྲོ་ཞིང་སླར་ཡང་འོང་བར་བྱེད་དོ། །ལུས་ཐ་དད་པ་དག་ཏུ་སྐྱེ་བ་སོ་སོར་རྙེད་དོ། །སྟོང་ཕྲག་བརྒྱད་མངོན་པར་བསྔགས་པའི་ཆུས་ཤིང་སྐམ་པོ་ལ་གཏོར་ན་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ཆུ་ཀླུང་བསྐམས་པར་ཞུགས་ནས། འབུམ་ བཟླས་པར་བྱ་སྟེ་ཆུ་སྐྱེའོ། །ཆུ་ཀླུང་རྒྱས་པར་འཛགས་པར་བཟླས་ན་ཐང་དུ་འགྱུར་རོ། །རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་རྙེད་པའི་མེ་ཏོག་རྣམས་ནག་པོའི་བརྒྱད་པ་ལ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ལན་ ཚྭའི་སྲེག་བླུགས་ཀྱང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ངེས་པར་རྒྱལ་པོ་དབང་དུ་འགྱུར་རོ། །དེ་ཉིད་ཀྱིས་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་བཅུ་གཅིག་པའི་བར་དུ་གི་ཝང་ལ་ཐུན་གསུམ་དུ་བརྒྱད་བརྒྱར་བཟླས་པ་དེས་ཐིག་ལེ་བྱས་ན་གང་འདོད་པ་དེ་དབང་དུ་ འགྱུར་རོ། །ཁྱེའུ་འམ་བུ་མོ་དབང་དུ་བྱེད་པར་འདོད་ན་གཟུགས་བརྙན་གྱི་སྤྱན་སྔར་ཡུངས་ཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །གནས་ཀྱི་ཐལ་བ་བླངས་ཏེ་གཟུགས་བརྙན་བྱས་ན་གང་གི་མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །གཙང་མའི་དོན་དུ་བའི་མར་བླངས་ཏེ་ཟླ་བ་ གཟས་བཟུང་བའམ། ཉི་མ་གཟས་བཟུང་བའི་དུས་སུ་ཟངས་ཀྱི་སྣོད་དུ་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འགྲོ་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་བཅུད་ཀྱིས་ལེན་ནོ། །འབར་བས་མི་སྣང་ བ་དང་། སྐྱེ་བ་དྲན་པར་འགྱུར། ཨརྒའི་མེ་ཏོག་འབུམ་གྱིས་སྦྱིན་སྲེག་བྱས་ན་དོང་ཙེ་འབུམ་སྦྱིན་པར་བྱེད་དོ། །སྐུ་གཟུགས་ཀྱི་སྤྱན་སྔར་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་དོང་ཙེ་བརྒྱད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་འབྲས་སཱ་ལུ་དང་། འབྲས་ཐུག་པོ་ཆེ་ལ་ མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དོང་ཙེ་ལྔ་བརྒྱ་རྙེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དོང་ཙེ་སུམ་བརྒྱ་རྙེད་དོ། །གཟུགས་བརྙན་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། དོང་ཙེ་བརྒྱ་ལྷག་པར་རྙེད་དོ། །རིགས་ཀྱི་བདག་པོ་དང་རིགས་ཀྱི་བདག་མོ་དབང་དུ་བྱེད་པར་འདོད་པས། གཟུགས་བརྙན་གྱི་སྤྱན་སྔར་ཨརྒའི་ཡམ་ཤིང་གིས་མཚན་མོ་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རིགས་པའི་བདག་པོ་དབང་དུ་འགྱུར་རོ། །རིགས་ པའི་བདག་པོ་ཉིད་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི་སྤྱན་སྔར་མཚན་མོ་བདུན་དུ་ཐུན་གསུམ་དུ་དུར་བྷའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ། རིགས་ཀྱི་བདག་པོ་ཉིད་དུ་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་འཕགས་པའི་དགེ་འདུན་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་ ཨརྒའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། མཚན་མོ་བདུན་དུ་འདོད་ཅིང་དོན་དུ་གཉེར་བའི་དོན་གང་ཡིན་པ་སྨྲ་བར་བྱའོ། །རྟག་ཏུ་བཟླས་པས་ནོར་རྣམས་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །གསེར་སྟོང་རྙེད་དོ། ། སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཀུན་དུ་རུའི་བདུག་པའི་སྦྱིན་སྲེག་སྟོང་བྱའོ། །གཏེར་སོ་སོར་རྙེད་དོ། །སྐུ་གཟུགས་ཀྱི་སྤྱན་སྔར་ཨརྒའི་ཤིང་གི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དོང་ཙེ་སྟོང་རྙེད་དོ། །དགྲ་ བོ་དབང་དུ་བྱེད་པར་འདོད་པས་གསོ་སྦྱོང་ཅན་གྱིས་ཐུན་གསུམ་དུ་གཟུགས་བརྙན་གྱི་སྤྱན་སྔར་པཱ་ཤཱའི་མེ་ལ་སྐེ་ཚེའི་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། །དགྲ་བོ་དབང་དུ་འགྱུར་རོ། །ཟླ་བ་གཅིག་གི་དུས་ལ་རྒྱ་སྐྱེགས་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འབྲས་སཱ་ལུ་དང་། ཐུག་པོ་ཆེའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཐུན་གསུམ་དུ་ཀཱ་ར་ཥཱ་པ་ཎ་བརྒྱ་རྙེད་དོ། །འོ་མ་དང་ནས་ཟན་བཟའ་ཞིང་འབུམ་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་པས་ནག་པོའི་བརྒྱད་པའམ་ནག་པོའི་བཅུ་ གཅིག་པ་ལ་སྐྱེས་བུའི་རོ་མ་ཉམས་པ་བླངས་ནས་བཀྲུས་ཏེ་རྒྱན་གྱིས་བརྒྱན་པ་བག་མར་བླངས་པའི་འདོད་མའི་གཟུགས་ཀྱི་ཆ་བྱད་འཛིན་པ་བྱས་ནས་དྲི་དང་མེ་ཏོག་དང་བདུག་པ་རྣམས་ཀྱིས་མངོན་པར་མཆོད་པ་དེ་རྐང་པ་གཡོན་པས་བྲང་ཁར་ཡང་དག་པར་མནན་ནས་སྤྱི་བོར་ཡང་ དང་ཡང་དུ་རིག་པ་བཟླས་ཏེ་ཐལ་ལྕག་གིས་བསྣུན་པར་བྱས་ཏེ་ལངས་པ་དེ་སྲིད་དུའོ། །ལངས་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟོན་པར་བྱེད་དོ། །དེ་ནས་རྒྱལ་གྱི་ལྕགས་ལས་བྱུང་བའི་རལ་གྲིས་བསྣུན་པར་བྱའོ། །དངུལ་དང་གསེར་གྱི་རང་བཞིན་དུ་ འགྱུར་རོ། །དེ་ནས་མི་འདོད་དོ་ཞེས་བརྗོད་པར་བྱའོ། །འདོད་པ་བྱིན་ཅིག་ཅེས་སོ། །དེ་ནས་ཡིད་བཞིན་གྱི་ནོར་བུ་སྐྱུག་པར་བྱེད་དོ། །དེ་བླངས་ནས་ཡིད་བཞིན་གྱི་ནོར་བུའི་རིག་པ་འཛིན་པར་འགྱུར་ཏེ། ཡིད་ལྟར་མགྱོགས་པའི་བར་གྱི་བསྐལ་པའི་བར་དུ་གནས་སོ། ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་རྒྱ་མཚོར་འགྲོ་བའི་ཆུ་བོར་ཞུགས་ནས་ཟླ་བ་ཙམ་མམ། མཱ་ཥའི་ཚད་ཀྱི་སྣ་མའི་མེ་ཏོག་འབུམ་རབ་ཏུ་འབབ་པར་བྱ་སྟེ། ཡུལ་གྲུ་བཅུ་རྙེད་དོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་རྒྱ་མཚོར་ འགྲོ་བའི་ཆུ་ཀླུང་དུ་པདྨ་འབུམ་དབུལ་བར་བྱ་སྟེ་གཏེར་སྦྲག་མ་རྙེད་དོ། །སྔོན་སྤྱད་པ་བྱས་པ་དེ་ཉིད་ཆུ་ཀླུང་དུ་ཞུགས་ནས་སྣ་མའི་མེ་ཏོག་འབུམ་དབུལ་བར་བྱའོ། །མཐར་ཏིལ་ནག་པོའི་སྦྱིན་སྲེག་འབུམ་བྱའོ། །ཡུལ་གྲུར་བ་དང་བཅས་པ་བཅུ་རྙེད་དོ། །མྱ་ངན་མེད་པའི་ཤིང་ལ་སྲན་ མ་ཙམ་དཀའི་ཚད་ཙམ་གྱི་རིལ་བུ་བྱས་ནས་སྐུ་གཟུགས་ཀྱི་སྤྱན་སྔར་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱས་ན་གང་ཅུང་ཟད་ཚོལ་བ་དེ་རྙེད་དོ། །ཨ་པཱ་མརྒའི་ཡམ་ཤིང་ལ་ཆོ་ག་འདི་ཁོ་ནས་གསེར་སྟོང་རྙེད་དོ། །མྱ་ངན་མེད་པ་དང་། ཌེ་ཌེ་ཀ་བསྲེས་ལ་ཨ་པཱ་ མརྒའི་དང་། ཏན་ཏུ་ལ་གསུམ་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོའི་བུ་མོ་དང་བཙུན་མོ་རྙེད་དོ། །རྒྱལ་པོ་རྣམས་བློན་པོ་དང་བཅས་པ་དབང་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི་མདུན་དུ་མྱ་ངན་མེད་པའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་མྱ་ངན་ མེད་པའི་མེ་ཏོག་རྣམས་ཁོ་ན་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་རང་གི་ཁྱིམ་དུ་གཏེར་མཐོང་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་རྐེད་པའི་ཚད་ཀྱིས་ཆུར་ཞུགས་ནས་མེ་ཏོག་བརྒྱ་པ་འབུམ་དབུལ་བར་བྱའོ། །དེ་ནས་མེ་ཏོག་ བརྒྱ་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ནས་གང་གིས་བསྣམས་པའམ་མཐོང་བར་བྱིན་ན་དེ་དབང་དུ་འགྱུར་རོ། །རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་པས་ཟླ་བ་གཅིག་ཏུ་སྐེ་ཚེ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ དབང་དུ་འགྱུར་རོ། །གང་བརྗོད་པ་དེ་བྱེད་རྒྱལ་པོ་ཉེ་བར་དབང་དུ་བྱེད་པ་ལ་སྐུ་གཟུགས་ཀྱི་སྤྱན་སྔར་སྐེ་ཚེ་ཞོ་དང་སྦྲང་རྩི་དང་ལྷན་ཅིག་པ་རྣམས་དང་། དེ་ནས་ཀྱང་ལི་ཏ་དང་ལྷན་ཅིག་དང་། དེ་ནས་ཀྱང་སྦྲང་རྩི་དང་ལྷན་ཅིག་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཇི་ལྟར་ ན་གསུངས་པའི་རིམ་པས་བརྒྱད་བརྒྱར་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །རྒྱལ་པོའི་མདུན་ན་འདོན་དབང་དུ་བྱེད་པར་འདོད་པས་མར་དང་ལྷན་ཅིག་པའི་འབྲས་ཡོས་ཀྱིས་སྦྱིན་སྲེག་བྱའོ། །རྒྱལ་རིགས་ལ་འོ་ཐུག་དང་བསྲེས་པས་སོ། །རྗེ་རིགས་ལ་འོ་མ་དང་ལྷན་ཅིག་ པས་སོ། །དམངས་རིགས་ལ་ཏིལ་མར་གྱིས་བཏགས་པ་རྣམས་ཀྱིས་སོ། །གསུམ་པོ་ཐམས་ཅད་ལ་ལན་ཚྭའི་སྦྱིན་སྲེག་གིས་སོ། །ཡུགས་ས་མོ་ལ་མ་ཤའི་སྦྱིན་སྲེག་གིས་སོ། །སེམས་ཅན་ཐམས་ཅད་ལ་ཚའི་ཏིལ་མར་གྱིས་བཏགས་པའི་ཏིལ་རྣམས་ཀྱིས་དབང་དུ་ བྱེད་དོ། །ཐམས་ཅད་ལ་ཟླ་བ་གཅིག་ཏུ་དུས་གཅིག་ཏུ་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་པའོ། །གཙང་མར་གྱུར་པས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་གཟུགས་བརྙན་གྱི་སྤྱན་སྔར་བིལ་བའི་ཡམ་ཤིང་གིས་མེ་སྦར་ནས་བིལ་བའི་སྦྱིན་སྲེག་འབུམ་བྱའོ། ། གཏེར་མཐོང་བར་འགྱུར་རོ། །མཚན་མོ་ཉི་ཤུར་འོ་མ་དང་ནས་ཟན་ཟ་ཞིང་པ་ལཱ་ཤའི་མེ་ལ་ཡུངས་ཀར་དཀར་པོའི་སྦྱིན་སྲེག་བྱ་སྟེ་ནོར་རྙེད་དོ། །འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་ལྔར་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཡུངས་ ཀར་དཀར་པོ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ནོར་གྱི་རྒྱུན་གང་དུ་འདོད་པ་དེར་ལྟུང་བར་བྱེད་དོ། །ཟས་བཞིན་སྨྱུང་བར་གནས་པས་ཡུངས་ཀར་གྱིས་སྦྱིན་སྲེག་བྱའོ། །རྒྱུ་སྐར་གྱི་གནོད་པ་ཉེ་བར་ཞི་བར་བྱེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་མཚན་ བརྒྱད་དུ་བིལ་བའི་ཤིང་གིས་མེ་སྦར་ནས་ཏིལ་གྱིས་སྦྱིན་སྲེག་འབུམ་བྱའོ། །གཏེར་མཐོང་བར་བྱེད་དོ། །ཡང་ན་དབང་ཕྱུག་ཉིད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཟླ་བ་གཅིག་ཏུ་པ་ལཱ་ཤའི་ མེ་ལ་མེ་ཏོག་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །ཇི་ལྟར་འདོད་པའི་ནོར་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་པ་ལཱ་ཤའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ཡུལ་གྲུ་བཅུ་ལ་སྤྱོད་པ་རྙེད་དོ། ། གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འོ་མ་དང་ནས་ཟན་ཟ་ཞིང་པདྨ་འབུམ་དབུལ་བར་བྱའོ། །གཏེར་རྙེད་དོ། །ཡང་ན་དབང་ཕྱུག་རྙེད་དོ། །འདི་རྣམས་ཁོ་ན་ཀུ་མུ་དའི་ཆོ་ག་སྟེ་རྒྱལ་པོ་ལ་གང་ཚོལ་བ་དེ་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་ བིལ་བ་དང་ཏིལ་ཕན་ཚུན་བསྲེས་པས་འབུམ་སྦྱིན་སྲེག་བྱའོ། །གཏེར་མཐོང་བར་བྱེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་པྲི་ཡང་ཀུའི་ཞོགས་མ་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་བིལ་བའི་མེ་ལ་འབུམ་སྦྱིན་སྲེག་བྱའོ། ། ལོངས་སྤྱོད་ཆེན་པོར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཉིན་མཚན་དུ་སྨྱུང་བར་གནས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་པདྨ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་གྱིས་སྦྱིན་སྲེག་བྱའོ། །དབང་ཕྱུག་ཉིད་སོ་སོར་རྙེད་དོ། །རས་རིས་ ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་བུ་རམ་གྱི་ཡམ་ཤིང་སོར་གཅིག་པའི་ཚད་འབུམ་ཕྲག་གསུམ་སྦྱིན་སྲེག་བྱའོ། །རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །མེ་ཏོག་ཆུན་པོ་གཡོ་བར་བྱེད་པ་དང་། དེ་ནས་རྒྱལ་རིགས་སོ་སོར་རྙེད་ པ་འམ་ཡང་ན་གང་ཡིད་ཀྱིས་བསམས་པའོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་སྣ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གཅིག་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དབང་དུ་འགྱུར་རོ། །ཡུལ་ དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཀ་ར་བཱི་རའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ཡུལ་སོ་སོར་རྙེད་དོ། །ཡུལ་གྱི་དཔོན་པོ་བྱེད་པར་འདོད་པས་དོང་ཀའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་ཕྲག་གསུམ་ སྦྱིན་སྲེག་བྱའོ། །ཡུལ་གྱི་རྗེ་བོར་འགྱུར་རོ། །པ་ལཱ་ཤའི་མེ་ལའོ། །སྡེ་དཔོན་བྱེད་པར་འདོད་པས་གཟུགས་བརྙན་གྱི་སྤྱན་སྔར་ཀུནྡའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་སྡེ་དཔོན་ཉིད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་པ་ལཱ་ཤའི་ མེ་ལ་བཏང་བཟུང་གི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱའོ། །ཡུལ་གྲུའི་རྗེ་བོར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཀར་བཱི་རའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ཏེ་ཅོད་ པན་གསུམ་བཅིངས་པར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཉི་མ་སོ་སོ་ལ་མཆོད་པ་སྔོན་དུ་འགྲོ་བས་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ཏེ་དེ་ནས་ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་དྲིའི་ཏིལ་མར་གྱིས་བཏགས་པའི་ཤིང་གསེར་གྱི་ཕྱེ་མ་ཚོན་གང་ཙམ་ གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཟླ་བ་དྲུག་གིས་རྒྱལ་སྲིད་སོ་སོར་རྙེད་དོ། །མ་སྐྱེས་པའི་ལོངས་སྤྱོད་སྐྱེ་བར་འགྱུར་རོ། །ལོ་གསུམ་གྱིས་རྒྱལ་སྲིད་ཆེན་པོར་སོ་སོར་རྙེད་དོ། །ཆོ་ག་འདི་ཉིད་ཁོ་ནས་ལྕགས་ལས་བྱུང་བའི་ཕྱེ་མའི་སྦྱིན་སྲེག་བྱ་སྟེ་ ལོ་གསུམ་གྱིས་མཚོན་ཆ་བཅིངས་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གུར་ཀུམ་གྱི་སྲེག་བླུགས་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དྲི་ཐམས་ཅད་ཀྱི་སྲེག་བླུགས་དང་། མར་གྱིས་སྲེག་བླུགས་ འབུམ་སྦྱིན་སྲེག་བྱའོ། །ཇི་ལྟར་འདོད་པའི་གནས་སུ་དཔོན་པོ་བྱེད་དོ། །ཡང་ན་ཇི་ལྟར་མངོན་པར་འདོད་པའི་ཡུལ་སོ་སོར་རྙེད་དོ། །པ་ལཱ་ཤའི་མེ་ཉིད་ལ་ག་པུར་གྱི་སྲེག་བླུགས་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དགའ་བར་འགྱུར་རོ། །པ་ལཱ་ཤའི་མེ་ ལ་སྦྱིན་སྲེག་ཙནྡན་གྱིས་ཡམ་ཤིང་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ཡུལ་ཆེན་པོའི་དཔོན་པོར་འགྱུར་རོ། །གསེར་གྱི་ངང་ཚུལ་གྱིས་སྲེག་བླུགས་འབུམ་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཨ་ ག་རུའི་ཡམ་ཤིང་ལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་ཐོས་པ་འཛིན་པར་འགྱུར་རོ། །པཱ་ཤ་ཀའི་ཡམ་ཤིང་ལ་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ། ནད་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །ནིམ་པའི་འབྲས་བུ་ལ་དྲིའི་ཏིལ་མར་གྱིས་བཏགས་ པ་འབུམ་སྦྱིན་སྲེག་བྱ་སྟེ། གང་འདོད་པའི་བཅིངས་པ་དེ་གྲོལ་བར་བྱེད་དོ། །རྒྱུད་མཚུངས་པའི་བའི་མར་བླངས་ཏེ་འབུམ་མངོན་པར་བསྔགས་ཏེ་འཐུངས་ཤིག་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །ཨརྒའི་མེ་ལ་ཨརྒའི་མེ་ཏོག་དྲིའི་ཏིལ་མར་གྱིས་བཏགས་པ་ འབུམ་སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གནང་ཆེན་པོར་འགྱུར་རོ། །དེ་རྣམས་ཐམས་ཅད་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་གཟུགས་བརྙན་གྱི་མདུན་དུ་སྦྱིན་སྲེག་བྱའོ། །མེ་ཏོག་གམ་འབྲས་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ན་དེ་གང་ ལ་བྱིན་པ་དེ་དགའ་བར་འགྱུར་རོ། །གསོ་སྦྱོང་ཅན་གྱིས་དཀར་པོའི་བཅྭ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་གཟུགས་བརྙན་གྱི་ སྤྱན་སྔར་ཨུ་དུམ་བཱ་རའི་ཤིང་གིས་མེ་སྦར་ནས་ཟླ་བ་གཅིག་གི་དུས་གཅིག་ལ་ཙཱ་རུ་བཟའ་ཞིང་ཚངས་པའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཡིད་གཞུངས་པར་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་མདུན་དུ་ཟླ་བ་གཅིག་ཏུ་འོ་མའི་སྦྱིན་ སྲེག་བྱའོ། །དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཙཱ་རུའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་ནས་དང་ཞོ་བསྲེས་པའི་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ། །དམངས་རིགས་དབང་ དུ་བྱེད་པ་ལ་ནས་ལ་དྲིའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ། །གཞན་རྣམས་ལ་གཞན་གྱིས་མི་ཐུབ་པ་ལ་དུག་གིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །དགྲ་ལ་བལྟས་ནས་བཟླས་པས་འཇིགས་པར་འགྱུར་རོ། ། བརྒྱད་བརྒྱར་མངོན་པར་བསྔགས་པའི་ཆུས་རིག་པ་ལན་ཅིག་མངོན་པར་བསྔགས་པས་སམ། ལན་བདུན་མངོན་པར་བསྔགས་པས་ཀྱང་རུང་སྟེ་རྒྱལ་པོའི་ཕོ་བྲང་དུ་ངག་འཛིན་པར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་གཟུགས་བརྙན་གྱི་མདུན་དུ་ སེང་ལྡེང་གི་མེ་ལ་གུ་གུལ་གྱི་རིལ་བུ་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་ཐུན་གསུམ་དུ་སྦྱིན་སྲེག་བྱའོ། །གང་འདོད་པ་དེ་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འོ་མ་དང་ནས་ཟན་བཟའ་ཞིང་འབུམ་ཟློས་ཤིག་དེ་ནས་བུ་རམ་གྱི་ཡམ་ཤིང་སོར་གཅིག་པའི་ ཚད་འབུམ་སྦྱིན་སྲེག་བྱའོ། །ཅོད་པན་གསུམ་བཅིངས་པར་འགྱུར་རོ། །རིལ་བུ་སྒྲུབ་པར་བྱེད་པར་འདོད་པས། དོང་ཀའི་མེ་ཏོག་གི་གེ་སར་དང་། ནཱ་ག་གེ་སར་དང་། ཙནྡན་དཀར་པོ་རྣམས་གཅིག་ཏུ་བྱས་ནས་རྒྱ་ཤུག་གི་ཚིག་གུའི་ཚད་ཀྱི་རིལ་བུ་བྱ་སྟེ་མི་མཉམ་ པའི་ལྕགས་གསུམ་གྱིས་དཀྲིའོ། །དང་པོར་ཟངས་ཀྱིས་སོ། །དེ་ནས་དངུལ་གྱིས་སོ། །དེ་ནས་གསེར་གྱིས་སོ། །དེ་ནས་རིལ་བུ་ཟ་མ་ཏོག་ཏུ་བཅུག་སྟེ། བཅོམ་ལྡན་འདས་མའི་སྤྱན་སྔར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཉིན་མཚན་དུ་སྨྱུང་ བར་གནས་པས་ཟླ་བ་གཟས་བཟུང་བ་ན་མཆོད་པ་དང་གཏོར་མའི་ཆོ་ག་བྱས་ནས་མདུན་དུ་བཞག་སྟེ་ཇི་སྲིད་ཁ་ཊ་ཁ་ཊ་ཞེས་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གཅིག་ལུང་སྟོན་པའི་ལྷ་ལ་དབུལ་བར་བྱའོ། །གཞན་རྣམས་གཡོག་པོ་རྣམས་ལ་སྦྱིན་པར་ བྱའོ། །བླ་མའི་བླ་མར་གྱུར་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །དེ་ནས་དེ་རྣམས་རིན་གྱིས་ཉོ་བར་བྱའོ། །གང་གང་གི་ཚེ་བདག་ཉིད་ཀྱི་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །མཆོག་སྒྲོགས་པར་བལྟ་བར་བྱའོ། །ལོ་སྟོང་ཕྲག་ བཅུར་འཚོ་བར་འགྱུར་རོ། །གཟུགས་བརྙན་གྱི་མདུན་དུ་ཀ་དམ་པའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་གང་བསམས་པ་དེ་དབང་དུ་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་སྨྱུང་བར་གནས་པས་ནཱ་ག་གེ་སར་གྱི་མེ་ ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གོས་ཅུང་ཟད་རྙེད་དོ། །གཟུགས་བརྙན་གྱི་མདུན་དུ་སྣ་མའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །འདི་ཁོ་ན་ཀུ་མུ་ད་རྣམས་ ཀྱིས་རྒྱལ་པོ་དགའ་བར་འགྱུར་རོ། །རྒྱལ་པོ་དབང་དུ་བྱེད་པ་ལ་ཐམས་ཅད་དུ་ཙནྡན་གྱི་ཕྱེ་མ་ལ་བཏགས་པས་ཟླ་བ་གཅིག་ཏུ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དབང་དུ་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་ཀུ་རུཎྜ་ཀིའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །རྗེ་རིགས་དབང་ དུ་བྱེད་པ་ལ་སཽ་གནྡྷི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དམངས་རིགས་དབང་དུ་བྱེད་པ་ལ་ཀིཾ་ཀ་ར་ཊའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །བུ་མོ་དབང་དུ་བྱེད་པ་ལ་ཡུ་ཐི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཞེས་པ་འདི་རྣམས་ གཟུགས་བརྙན་གྱི་མདུན་དུ་བེ་ཀངྐ་ཏའི་ཡམ་ཤིང་གི་མེ་ལ་སྦྱིན་སྲེག་བྱའོ། །ཡུགས་ས་མོ་ལ་བེ་ཀངྐ་ཏའི་ཡམ་ཤིང་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ལན་བདུན་མངོན་པར་ བསྔགས་པའི་གི་ཝང་གིས་ཐིག་ལེ་བྱས་ནས་རྒྱལ་པོའི་ཁབ་ཏུ་འགྲོ་བར་བྱའོ། །ཐམས་ཅད་དགའ་བར་འགྱུར་རོ། །གདོང་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་རྒྱལ་པོའི་ཁབ་ཏུ་འགྲོ་བར་བྱའོ། །ཐམས་ཅད་དགའ་བར་འགྱུར་རོ། །གཟུགས་བརྙན་གྱི་མདུན་ དུ་སྔོན་དུ་མྱུ་གུ་རྣམས་ལ་མར་གྱིས་བཏགས་པ་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་བྱའོ། །མཚན་མོ་བདུན་གྱིས་ཕ་རོལ་ཞིང་བར་འགྱུར་རོ། །བདག་ཉིད་ཞི་བ་ལ་པ་ལཱ་ཤའི་མེ་ཉིད་ལ་ཐུན་གསུམ་དུ་མར་དང་ལྷན་ཅིག་པའི་འོ་མས་སྦྱིན་སྲེག་བྱའོ། །མཚན་མོ་བདུན་གྱིས་ཞི་བར་ འགྱུར་རོ། །གཟུགས་བརྙན་གྱི་མདུན་དུ་ཟངས་ཀྱི་སྣོད་དུ་མར་བཞག་ནས་ཉི་ཟླ་གཟས་བཟུང་བའི་དུས་སུ་གཏོར་མའི་ཆོ་ག་བྱས་ནས་བཟླས་པར་བྱའོ། །སྣོད་གཡོ་བར་བྱེད་དོ། །མར་ཡང་གྲུབ་པར་འགྱུར་རོ། །དཔྲལ་བར་ཐིག་ལེ་བྱའོ། །སྐྱེ་བོ་ཐམས་ཅད་ དགའ་བར་འགྱུར་རོ། །འཐུངས་ཤིག་ཡིད་གཞུངས་པར་འགྱུར་རོ། །ནུས་པ་བྱེད་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དངུལ་དང་ཟངས་ཀྱི་སྣོད་དུ་བ་ལས་བྱུང་བའི་མར་བཞག་ནས་ཆོ་གས་འབུམ་ཟློས་ཤིག །དེ་ནས་གཟས་ཟིན་པའི་དུས་སུ་བསྒྲུབ་ པར་བྱ་སྟེ་གྲུབ་པར་འགྱུར་རོ། །འཐུངས་ན་ནུས་པ་སྐྱེ་སྟེ་མགྱོགས་པ་དང་། ལྡིང་བ་དང་། མ་ཆོད་བ་ལ་སོགས་པ་ནུས་པར་འགྱུར་རོ། །མར་དེ་ཉིད་ཀྱིས་ལུས་ལ་མངོན་པར་བྱུགས་ནས་མེར་རབ་ཏུ་ཞུགས་ན་མི་འཚིག་གོ། །ཆུ་ལ་རབ་ཏུ་ཞུགས་ན་ཐམས་ཅད་ཆུ་ལ་ རྐང་པ་མི་འབྱིང་བར་འགྱུར་རོ། །ལག་པ་ལ་མངོན་པར་བྱུགས་ན་ལྕགས་ཚིག་པ་ཉམས་པར་བྱེད་དོ། །པདྨའི་རྩ་བ་ཟ་བར་བྱེད་ཅིང་གཟུགས་བརྙན་གྱི་མདུན་དུ་ལྡོང་རོས་བླངས་ནས་ལག་པ་ཁ་སྦྱར་བཞག་ནས་ཇི་སྲིད་གཟའ་ལས་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེས་ ཐིག་ལེ་བྱས་པས་སྲོག་ཆགས་ཐམས་ཅད་དགའ་བར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་མ་ཤ་གཅིག་ཁར་བཅུག་སྟེ་ཇི་སྲིད་མྱུ་གུ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །མྱུ་གུའི་ཕྱེ་མས་དབང་དུ་བྱེད་དོ། །ཕ་རོལ་འགུགས་པ་ལ་མྱུ་གུས་རྣམ་པར་སྟང་བར་ བྱེད་དོ། །ལྡོང་རོས་སྒྲུབ་པར་འདོད་པས་གཟུགས་བརྙན་གྱི་མདུན་དུ་ཨ་ཤྭཏྠའི་འདབ་མར་བཞག་ནས་འབུམ་ཡོངས་སུ་བཟླས་པར་བྱའོ། །ཉི་ཟླ་གཟས་བཟུང་བ་ན་ཆོ་གས་བསྒྲུབ་པར་བྱ། གྲུབ་པ་ལ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །ཚིམ་པར་བྱེད་པར་འདོད་ པས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་རིག་པ་དང་བཅས་པ་ཚིམ་པར་འགྱུར་རོ། །གང་གཅིག་ཏུ་མཉམ་པའི་གནས་གང་དུ་ཚངས་པའི་ སྲིན་པོ་འམ་གཞན་སེམས་ཅན་གང་ལ་ལ་སོ་སོར་གནས་པ་དེར་སོང་ནས་འབུམ་ཟློས་ཤིག་དེས་འདིར་འགྲུབ་པར་འགྱུར་རོ། །གཏེར་སྩོལ་བར་བྱེད་དོ། །འོ་མ་དང་ནས་ཟན་བཟའ་ཞིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་རས་རིས་བཞུགས་སུ་གསོལ་ནས་ལོ་གཅིག་ བཟླས་སོ། །དེ་ནས་ནག་པོའི་བརྒྱད་པའམ་བཅུ་གཅིག་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་དབུལ་བར་བྱའོ། །གནོད་སྦྱིན་རྣམས་ལ་གནོད་སྦྱིན་གྱི་གཏོར་མ་སྲན་ཚོད་དང་། ཀ་ཀ་མོ་ཊི་ཀ་དང་། ཞོ་དང་། ཆུར་བ་དང་། འཁུར་བ་ཅན་ སོ་ཁ་བ་དྷི་ལ་སོགས་པ་ཕྱི་རོལ་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ནས་རས་རིས་ཀྱི་སྤྱན་སྔར་འོ་མ་ཅན་གྱི་ཡམ་ཤིང་གི་མེ་ལ་འོ་མའི་ཤིང་གི་ཡམ་ཤིང་གི་ཁྲུ་གང་གི་ཚད་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་ འདུག་སྟེ་ནོར་བྱིན་ཅིག་གནོད་སྦྱིན་འོང་བར་འགྱུར་རོ། །མདུན་དུ་གནས་པ་ལ་དྲིའི་ཆུས་མཆོད་ཡོ