Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ
Văn bản gốc(Tây Tạng)
Trang 9 / 17 (50.000 ký tự/trang)
མོ་གཅིག་ཏུ་ སྨྱུང་བར་གནས་པས་ཨ་ཏི་མུཀྟ་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ཉི་མ་བདུན་བདུན་དུ་དོང་ཙེ་སྟོང་སོ་སོར་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་མཚན་མོ་གཅིག་སྨྱུང་བར་གནས་པས་མཚན་མོ་ཤིང་བཏྱ་ཊ་ཀའི་རྩ་བ་རྣམས་བསྲེས་པའི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་ སྲེག་གྱིས་ཤིག །དངུལ་སྟོང་སོ་སོར་རྙེད་དོ། །དཀར་པོའི་བདུན་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་པདྨ་སྟོང་ཕྲག་བཅུ་དབུལ་བར་བྱའོ། །རྒྱལ་སྲིད་སོ་སོར་རྙེད་དོ། །སྐྱེས་པ་དབང་དུ་བྱེད་པ་ལ་ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་ སྨྱུང་བར་གནས་པས་ནག་པོའི་བརྒྱད་པ་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་བྱང་ཆུབ་ཤིང་གི་ཤིང་ལ་མེ་རབ་ཏུ་སྦར་ནས་ཀུ་མུད་ལ་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱེད་པ་ལ་ནག་པོའི་བཅུ་གཉིས་པ་ ལ་སོའུ་ག་ནྟཱི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་འཕགས་པ་འཇམ་དཔལ་ལ་བསྣུན་ཅིག་དབང་དུ་འགྱུར་རོ། །སྨན་འཆིང་བ་དང་། ཡིད་ཀྱིས་གཉིས་འཐུང་དང་། རྐང་བཞི་པ་རྣམས་ཀྱི་བྲུན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་རྐེད་པའི་ཕྱོགས་ སུ་གཞག་པར་བྱ་སྟེ། ཁུ་བ་འཆིང་བ་བྱས་པར་འགྱུར་རོ། །ཆོས་གོས་ཀྱི་རྣ་བ་ལ་ལན་བདུན་བཟླས་ནས་མདུད་པ་བྱས་ན་དུག་འཆིང་ངོ་། །དུག་གསོ་བ་ལ་ལོ་མས་སོ། །ཕྱག་རྒྱ་དབྱེ་བ་ལ་ཆུས་སོ། །འབེབས་པ་ལ་གུ་གུལ་གྱི་བདུག་པས་སམ། ཆུས་ གདོན་འཆིང་ངོ་། །སོར་མོ་ལ་ཡོངས་སུ་བཟླས་ནས། སྡིགས་པར་བྱེད་པ་དེ་དབང་དུ་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ། །རྨི་ལམ་དུ་ཇི་ལྟར་འབྱུང་བ་བཞིན་སྟོན་པར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ ནས་དེའི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཨ་པཱ་མརྒ་དཀར་པོ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་བིལ་བའི་ཤིང་གིས་མེ་རབ་ཏུ་སྦར་ནས་འབུམ་སྦྱིན་སྲེག་བྱའོ། །རྒྱལ་སྲིད་སོ་སོར་རྙེད་དོ། །མ་གྲུབ་ན་གྲོང་བསྡུས་པ་སྟོང་སོ་སོར་རྙེད་དོ། །རས་རིས་ ཀྱི་སྤྱན་སྔར་གི་ཝང་ངམ། ལྡོང་རོས་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བསྐུས་ཏེ་དགྲ་བོ་རྣམས་ཀྱི་ནང་དུ་ཞུགས་ན་འཇིགས་པར་མི་འགྱུར་རོ། །དགྲ་བོ་རྣམས་ཀྱིས་གནོད་པར་མི་འགྱུར་རོ། །འབེབས་པ་ལ་མེ་ཏོག་དཀར་པོ་དང་བཅས་པའི་ཆུ་དྲོན་ལ་ལན་ གསུམ་བཟླས་པ་དང་། ཀ་ར་བཱི་རའི་མེ་ཏོག་ལ་ལན་གསུམ་བཟླས་པས་འབེབས་པ་ལ་བསྣུན་པར་བྱའོ། །འདས་པ་དང་མ་འོངས་པ་སྟོན་པར་བྱེད་དོ། །འཆིང་བ་ནི་སེ་གོལ་གྱི་ཕྱག་རྒྱས་ཤིས་པར་བྱེད་དོ། །མིག་སྨན་སྒྲུབ་པར་འདོད་པས་དཔའ་བོའི་རིན་གྱིས་ཉོས་བའི་སོའུ་པི་རའི་ མིག་སྨན་སྲང་གཅིག་བླངས་ནས་བྲམ་ཟེའི་བུ་མོ་ཁ་བྱང་དུ་བལྟས་པས་བ་བྱུང་ལྔས་འཐག་ཏུ་གཞུག་པར་བྱའོ། །མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ནས་ཕྱོགས་བརྒྱད་ཀྱིས་རབ་ཏུ་སྤར་ཏེ་ཆོ་ག་འདི་ཉིད་ཀྱིས་མར་དང་སྲ་རྩི་པོག་སྲེག་ཅིང་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །གྲོང་གི་ མཆོག་བཅུ་རྙེད་དོ། །ཆོ་ག་འདི་ཉིད་ཀྱིས་མཆོད་རྟེན་བྱས་ནས་ཙནྡན་གྱིས་བཏགས་པའི་པདྨ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ཡུལ་གྱི་བདག་པོ་ཉིད་སོ་སོར་རྙེད་དོ། །བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ནས་བདག་པ་བསྲེགས་ཏེ་ཙམ་པ་ཀའི་ མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གསེར་སྟོང་སོ་སོར་རྙེད་དོ། །བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ཏེ་མེ་ཏོག་གི་གེ་སར་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གོས་སྟོང་སོ་སོར་རྙེད་དོ། །དེ་བཞིན་དུ་མེ་ཏོག་ཐམས་ཅད་ཀྱི་འདོད་པའི་ཆོ་གའོ། །དུར་ཁྲོད་ནས་ རོ་བསྲེགས་པའི་ཐལ་བ་བླངས་ཏེ་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མིང་མེད་ཀྱི་སོར་མོའི་ཁྲག་གིས་ཟླུམ་པོ་བྱས་ནས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཟློས་ཤིག །རིགས་བརྒྱུད་དང་བཅས་པ་དབང་དུ་བྱེད་དོ། །བདེ་བར་གཤེགས་པའི་མཐོ་གང་ གི་ཚད་ཀྱི་མཆོད་རྟེན་བྱས་ནས་འབྲས་ཡོས་ལ་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །གི་ཝང་ལ་སྟོང་དུ་མངོན་པར་བསྔགས་པས་ཐིག་ལེ་བྱས་ན་གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་རྣམས་དབང་དུ་བྱེད་དོ། །ཐོ་ རངས་ཏུ་རུཥྐའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་གདོང་བཀྲུས་པས་གང་མཐོང་བ་དེ་སྦྱིན་པར་བྱེད་དོ། །ཐམས་ཅད་དེ་ཁོ་ན་བཞིན་དུ་ཏིལ་མར་ཟ་བས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་འཐུངས་ཤིག །དོན་དུ་མ་གཉེར་བར་བཟའ་བ་རྙེད་ དོ། །རྒྱལ་པོའི་ཕོ་བྲང་དུ་རབ་ཏུ་ཞུགས་ཏེ་ཆོས་གོས་དེ་བླངས་ཏེ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་མདུད་པ་བྱས་ན་ཐོགས་པ་མེད་པར་འགྱུར་རོ། །ཆོམ་རྐུན་གྱི་ནང་དུ་དྲན་པར་བྱེད་ཅིང་བཟླས་པས་འཆིང་བ་གྲོལ་བར་བྱེད་དོ། །གཅོད་པ་དང་། འབུགས་ པ་ལག་པའི་སྔགས་རྣམས་ལ་པ་ལཱའི་འབྲུ་དང་། ཀ་ར་བཱི་ར་དཀར་པོ་དང་། ཡུངས་ཀར་རྣམས་ཀྱིས་གཟུགས་བརྙན་བྱས་ནས་རས་རིས་ཀྱི་སྤྱན་སྔར་ལག་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་ཟློས་ཤིག །སྔགས་རྣམས་སློང་བར་བྱེད་པར་འགྱུར་རོ། །རིམས་གཞོམ་པར་འདོད་པས་ གི་རི་ཀཪྞི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཤཱི་རིམས་འཇོམས་པར་འགྱུར་རོ། །སེང་ལྡེང་གི་ཡམ་ཤིང་གིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག །གདོན་ཐམས་ཅད་གྲོལ་བར་འགྱུར་རོ། །ཐལ་བ་ལ་ལན་བདུན་བཟླས་ནས་གཞན་གྱི་ གསང་སྔགས་སྒྲུབ་པར་བྱེད་དོ། །ཆུ་ལ་ལན་ཅིག་བཟླས་པས་གྲོལ་ལོ། །རས་སམ་གྲོ་ག་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་ཕ་རོལ་གྱི་དམག་སྡེ་རེངས་པར་འགྱུར་རོ། །ཆུ་དང་ཕྱེ་ཟ་ཞིང་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ་ དུ་སྨྱུང་བར་གནས་པས་མཚན་མོ་གཅིག་པར་སོང་ནས་ལུས་ཀྱི་གཡས་སུ་རས་རིས་བཞུགས་ཏེ་བཅིང་བར་བྱའོ། །ཁུ་ཚུར་བཅིངས་ནས་ཇི་སྲིད་ཁུ་བ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །འཆིང་བར་བྱེད་དོ། །ཞེས་གསུམ་པ་ལ་ཁུ་ཚུར་སྒྲུབ་པར་འགྱུར་རོ། །ཁུ་ཚུར་ བྱས་ན་མི་སྣང་ངོ་། །ལོ་བདུན་བརྒྱར་འཚོ་བར་འགྱུར་རོ། །དབང་ཕྱུག་ཆེན་པོ་ཡང་ཅི་བགྱིར་འགྱུར་རོ། །ཕྱོགས་གཙང་མར་རས་རིས་བཞུགས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་གཟུགས་བརྙན་བྱས་ཏེ་ཆོ་ག་བཞིན་དུ་མངོན་པར་མཆོད་ནས་བལ་ བའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །བཅོམ་ལྡན་འདས་འཇམ་དཔལ་གྱི་དཔྲལ་བ་ནས་འོད་ཟེར་བྱུང་ངོ་། །དེ་ནས་གྲུབ་པར་འགྱུར་བ་སྟེ་རྫས་སམ་གསེར་དཔག་ཏུ་མེད་པ་རྙེད་དོ། །ཉིན་མཚན་དུ་སྨྱུང་ བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀ་ར་བཱི་རའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་ཀ་ར་བཱི་རའི་མེ་ཏོག་ཅིག་བླངས་ནས་ཀླུའི་གནས་སུ་སོང་སྟེ་མེ་ཏོག་ཀླུ་མཚོ་བྲན་དུ་བཅུག་ལ་སྔགས་བཟླས་པར་བྱའོ། །ཀླུ་མ་དང་བཅས་པ་དབང་དུ་འགྱུར་རོ། ། གང་དོན་དུ་གཉེར་བ་དེ་ཐོབ་པར་བྱེད་དོ། །ཉིན་མཚན་དུ་སྨྱུང་བར་གནས་པས་ནག་པོའི་བཅུ་བཞི་ལ་ལམ་སུམ་མདོར་མཆོད་པ་བྱས་ནས་ཉེ་བར་འདུག་སྟེ་སྲན་མའི་ཚད་ཀྱིས་ལྡོང་རོས་ཀྱི་རིལ་བུ་བྱས་ནས་ཁར་བཅུག་སྟེ་ཇི་སྲིད་ཁ་གས་པ་དེ་སྲིད་དུ་བཟླས་པར་བྱའོ། །ལྡོང་རོས་ གྲུབ་པར་འགྱུར་ཏེ་དཔྲལ་བར་ཐིག་ལེ་བྱས་པས་མི་སྣང་ངོ་། །འདོད་པའི་གཟུགས་ཅན་ལོ་ལྔ་བརྒྱར་འཚོ་བར་བྱེད་དོ། །ནག་པོའི་བརྒྱད་པ་ལ་ཁྲིའི་ཚོགས་ཅན་བླངས་ནས་གཞན་མོའི་བརྒྱད་པ་ལ་ཁྲོ་ཚོགས་ཅན་ལ་རྩེ་གསུམ་བྱེད་དུ་གཞུག་གོ། །གཞན་པའི་ནག་ པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་དུར་ཁྲོད་དུ་སོང་ནས་རྩེ་གསུམ་ལ་མཆོད་པ་ཆེན་པོ་བྱས་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་ལག་པ་གཡས་པས་རྩེ་གསུམ་བླངས་ནས་ཇི་སྲིད་རྩེ་གསུམ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་ པར་འགྱུར་ཏེ་མཚན་མོ་མ་བརྩིགས་པ་རུ་ལྷའི་ཁྱིམ་འབྱུང་སྟེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་བུད་མེད་འབྱུང་ངོ་། །འཁོར་གྱི་སྐྱེས་བུ་མང་པོ་ཡང་དགོད་པ་དང་སྒེག་པ་ལ་སོགས་པ་རྣམས་ཀྱིས་ཀུན་ཁྱབ་པར་ཉེ་བར་གནས་ཏེ་གང་བསམས་པ་དེ་ཐམས་ཅད་རྙེད་དོ། །ཐོ་ རངས་སྟོན་པས་ཐམས་ཅད་འཇོག་གོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཚངས་མའི་ཁུ་བ་ཞོ་གང་ལ་བརྒྱད་བརྒྱར་ཟློས་ལ་འཐུངས་ཤིག་ཉི་མ་བདུན་གྱིས་ཐོས་པ་འཛིན་པར་འགྱུར་རོ། །རས་རིས་ཀྱི་སྤྱན་ སྔར་རྣམ་པ་སྣ་ཚོགས་པའི་སྲུང་བ་བྱས་ཏེ་བཟའ་བའི་ཊི་ཀཱ་ལ་ཇི་སྲིད་ཟན་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་ཕྱི་ནས་ཟན་འཕོ་བར་བྱེད་དོ། །འབྲུ་ལ་སྐྱེས་པ་ཡང་ངོ་། །སྔོན་སྤྱད་པ་བྱས་པས་ལྕགས་གསུམ་ལས་བྱུང་བའི་འཁོར་ལོ་སོར་བཅུ་དྲུག་ པའི་རྣམ་པ་བྱས་ནས་ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རྩ་བའི་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་འཁོར་ལོ་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་སྟེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ཉི་མ་འཆར་ཀའི་མདོག་ཅན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ་གང་རྣམས་ཀྱིས་མཐོང་བ་དེ་རྣམས་དང་ལྷན་ཅིག་འཕུར་བར་འགྱུར་རོ། །འབར་བ་ཅན་ལེགས་པར་མཐོང་བ་བླངས་ནས་ལག་པས་མནན་ཏེ་ལན་བདུན་བཟླས་པ་བྱས་ནས་ གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཀུ་ཤ་ལས་བྱུང་བའི་འཁོར་ལོ་བྱས་ནས་ལན་བདུན་བཟླས་པ་ཆུར་བཅུག་སྟེ་ཀླུ་རྣམས་ལངས་ནས་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །དོང་ཙེ་འབུམ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །སློང་མོ་ཟ་ཞིང་རིའི་རྩེ་མོར་འཛེགས་ཏེ་སྟོང་ ཕྲག་བརྒྱ་བཟླས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་མངོན་དུ་འགྱུར་རོ། །དེ་མཐོང་ནས་འགྲུབ་པར་བྱེད་དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ཨརྒའི་མེ་ཏོག་གིས་སྦྱིན་སྲེག་གྱིས་ཤིག །ཉི་མ་མཆོག་སྦྱིན་པར་འགྱུར་རོ། །ཆུ་ཀླུང་དེ་ཉིད་དུ་རྐེད་པ་ནུབ་ཙམ་ དུ་ཞུགས་ནས་བིལ་བའི་མེ་ཏོག་རབ་ཏུ་ལྷུག་ཅིག །མེས་པོས་མཆོག་སྦྱིན་པར་འགྱུར་རོ། །མནྡཱ་ར་བའི་མེ་ཏོག་གིས་སྦྱིན་སྲེག་གྱིས་ཤིག །དབང་པོས་མཆོག་སྦྱིན་པར་འགྱུར་རོ། །དེ་ཉིད་ཆུ་ལ་མནྡཱ་ར་བའི་མེ་ཏོག་གིས་ནོར་སྦྱིན་མཆོག་སྦྱིན་པར་འགྱུར་རོ། །འབུམ་ཕྲག་ གཉིས་བཟླས་པར་བྱའོ། །རྒྱལ་པོར་འགྱུར་བར་བྱེད་དོ། །འབུམ་ཕྲག་གསུམ་བཟླས་པར་བྱའོ། །སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། །རྒྱས་ཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་མྱ་ངན་མེད་པའི་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱ་བླུག་པར་བྱའོ། །མཚན་ མོ་བདུན་གྱིས་གནོད་སྦྱིན་མོ་རྣམས་འགུགས་པར་བྱེད་དོ། །ཤིང་ལ་མི་སྨྲ་བར་ཟླ་བ་དྲུག་ཏུ་བཟླས་པར་བྱའོ། །མངོན་པར་འདོད་པའི་རྫས་སོ་སོར་རྙེད་དོ། །ཨརྒ་ལས་བྱུང་བའི་རྒྱལ་པོའི་གཟུགས་བརྙན་སོར་དྲུག་པ་བྱས་ནས་ཁ་དོག་མ་འདྲེས་པས་རྒྱན་ཐམས་ཅད་ ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །དཀྱིལ་འཁོར་པའི་རྒྱལ་པོར་འགྱུར་རོ། །ཡང་ན་རིག་པ་འཛིན་པ་ཉིད་དོ། །རས་རིས་ཀྱི་སྤྱན་སྔར་མི་སྨྲ་བར་ཟླ་བ་དྲུག་ཏུ་ལག་པ་གཡོན་པ་ལ་མངོན་པར་བསྔགས་ནས་ཁྲི་ཡོངས་སུ་བཟླས་ཏེ་ཉེ་བར་གྱུར་པའི་གཏེར་ འབུམ་འབྱུང་ངོ་། །འབྲས་ཡོས་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བཅུ་དང་། ཨ་བཱ་མརྒའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བཅུ་སྦྱིན་སྲེག་གྱིས་ཤིག །གསེར་སྟོང་ཕྲག་བཅུ་སོ་སོར་རྙེད་དོ། །གི་ཝང་བླངས་ཏེ་རིལ་ བུ་བྱས་ནས་ལྕགས་གསུམ་གྱིས་དཀྲིའོ། །དེ་ནས་གཙང་ཞིང་དཀར་བའི་གོས་བགོས་ཏེ་དུར་ཁྲོད་དུ་སོང་ནས་དྲི་དང་བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ཏེ་རིལ་བུ་ཐོད་པ་ཁ་སྦྱར་དུ་བཞག་ནས། ཇི་སྲིད་ འཇིགས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །འཇིགས་པར་མི་འགྱུར་གྲོགས་རྣམས་ལ་བགོས་ནས་ཡང་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །ཕག་གི་མིག་བླངས་ནས་ཕྱུགས་དང་ལྷན་ཅིག་གཞོན་ནུ་མའི་ལག་པས་བཏབ་ པར་བྱའོ། །རིལ་བུ་བྱས་ནས་ལྕགས་གསུམ་གྱིས་དཀྲིས་ཏེ་ལག་པ་ཁ་སྦྱར་དུ་བཞག་ནས་དབང་ཕྱུག་ཆེན་པོའི་སྐུའི་གཡས་ཕྱོགས་སུ་ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ་ལག་པ་གཡས་པས་མནན་པས་ཇི་སྲིད་ཤི་ཏའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་བཟླས་ཏེ་གྲོགས་ རྣམས་ལའང་བྱིན་ནས་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །བསྒྲུབ་པར་བྱ་བ་ཐམས་ཅད་ཀུན་ཏུ་དགའ་བ་དང་། ལོ་སྟོང་ཕྲག་ཏུ་འཚོ་བར་བྱེད་དོ། །པདྨ་གེ་སར་དང་། མིག་སྨན་དང་། ལྡོང་རོས་ཀྱང་རུང་སྟེ། ཆ་མཉམ་པར་བྱས་ནས་གསོ་སྦྱོང་ཅན་གྱི་བུ་མོའི་ལག་པས་བཏབ་ པར་བྱའོ། །ལྕགས་གསུམ་གྱིས་དཀྲིས་པ་བྱས་ནས་སྔོན་སྤྱད་པ་བྱས་པ་རྒྱལ་པོའི་སྦྱོར་བས་དབང་ཕྱུག་ཆེན་པོའི་སྐུའི་གཡས་སུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ནས་དྲི་དང་མེ་ཏོག་དང་བདུག་པ་རྣམས་ཀྱིས་མཆོད་པ་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བཞག་ནས། ལག་པ་ གཡས་པས་མནན་ཏེ་ཇི་སྲིད་ཁ་ཊ་ཁ་ཊ་ཞེས་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གཅིག་ཕུལ་ནས་གྲོགས་རྣམས་ལའང་བགོས་ཏེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་དུ་འཚོ་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་འོ་མ་དང་ནས་ཟན་ ཟ་ཞིང་རིའི་རྩེ་མོར་རས་རིས་བཞུགས་ནས་འབུམ་བཟླས་པར་བྱའོ། །དེ་ནས་གསོ་སྦྱོང་ཅན་གྱིས་གྲོག་མཁར་གྱི་ས་རྟག་ཏུ་བླངས་ནས་འོ་མས་སྦྱར་ཏེ་འཇམ་པར་བྱས་ནས། བདེ་བར་གཤེགས་པའི་མཐོ་གང་གི་ཚོད་ཀྱི་དད་པ་བྱའོ། །རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་ འདྲེས་པ་འདྲིར་གཞུག་པར་བྱའོ། །དེ་ནས་རྣམ་པར་དབེན་པའི་ཕྱོགས་སུ་རས་རིས་བཞུགས་ནས་དྲི་དང་མེ་ཏོག་དང་བདུག་པས་མངོན་པར་མཆོད་དེ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ནས་གོས་གཙང་མ་བགོས་པས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་ངང་པ་གཡོ་བར་བྱེད་ པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་སྔར་ཡོངས་སུ་བཟླས་པའི་གཞན་གྱིས་མི་ཐུབ་པའི་མེ་ཏོག་མཆོད་ཡོན་དབུལ་བར་བྱའོ། །སླར་ཡང་བརྒྱད་བརྒྱར་བཟླས་པར་བྱའོ། །ཐམས་ཅད་འོང་བར་བྱེད་དེ་འཇིགས་པར་མི་བྱའོ། །སྔགས་བཟླས་པའི་ རྨ་བྱས་རེག་པར་བྱའོ། །ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ལུས་ཀྱི་ནང་དུ་སོན་པར་གྱུར་ཅིག་ཅས་བརྗོད་པར་བྱའོ། །དེ་ནས་སྒྲུབ་པ་པོའི་ལུས་སུ་མི་སྣང་བར་འགྱུར་རོ། །སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་པ་ལོ་བརྒྱད་གཉིས་ལོན་པ་རྣམ་པ་ཉི་མ་འཆར་ཀའི་མདོག་ལྟར་སྣང་བ་ ཐོགས་པ་མེད་པར་འགྲོ་བར་བྱེད་དོ། །གང་མཐོང་བ་དང་ལྟ་བར་བྱེད་པ་དེ་དང་ལྷན་ཅིག་འཕུར་བར་འགྱུར་རོ། །རིག་པ་འཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ་བསྐལ་པར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་རིང་བསྲེལ་དང་བཅས་ པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་འབུམ་ཕྲག་ལྔ་བཟླས་པར་བྱའོ། །གསོ་སྦྱོང་ཅན་གྱིས་མི་སྨྲ་བར་ཐོག་ཕོག་པའི་ཤིང་བླངས་ནས་འོ་མར་ཉིན་ཞག་བདུན་དུ་གཞུག་པར་བྱའོ། །དེ་ནས་ཕྱུང་སྟེ་ས་དཀར་པོ་དང་ཙནྡན་གྱི་ཆུས་མཉེས་པས་ཇི་སྲིད་རྡོ་རྗེ་ཕོག་པའི་ཤིང་འཁྲུར་ གཞུག་པར་བྱའོ། །དེ་ནས་སྒྲུབ་པ་པོ་གསོ་སྦྱང་ཅན་གྱིས་བཟོ་བོས་སེང་གེ་བྱེད་དུ་གཞུག་པར་བྱའོ། །དེ་ནས་རྒྱུ་སྐར་སྣར་མ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་དགེ་འདུན་གྱིས་བསྟན་པའི་སློང་མོ་བཟའ་བར་བྱའོ། །རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་ བྱས་ནས་རྣམ་པ་སྣ་ཚོགས་པའི་གཏོར་མ་དབུལ་བར་བྱའོ། །དེ་ནས་སྒྲུབ་པ་པོ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལག་པ་གཡས་པས་སེང་གེ་མནན་ཏེ་ཇི་སྲིད་སེང་གེ་གཡོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །གཡོས་པ་དང་། རྣམ་པ་སྣ་ཚོགས་པའི་ མཚན་མ་སྐྱེ་སྟེ་འཇིགས་པར་མི་བྱེད་དོ། །དེ་ནས་རིག་པ་འཛིན་པས་ལན་བདུན་མངོན་པར་བསྔགས་པའི་ཡུངས་ཀར་རྣམས་ཀྱིས་སེང་གེ་ལ་གཞུ་བར་བྱའོ། །སེང་གེ་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ། །སྒྲུབ་པ་པོ་ཡང་མ་བསམས་པར་དགོན་པ་ལས་འདའ་བར་མི་འགྱུར་རོ། ། དེ་ནས་སྒྲུབ་པ་པོས་ལན་བདུན་བརྗོད་ནས་སེང་གེ་ལ་འཛེགས་ཏེ་རིག་པ་འཛིན་པ་ཐམས་ཅད་ཀྱང་འདུས་ནས་སེང་གེ་ལ་ཞོན་ཏེ་འཁོར་དང་བཅས་པ་འཕུར་བར་འགྱུར་རོ། །ཡིད་ཀྱིས་རླུང་ལྟར་འགྲོ་བ་དང་། རིག་པ་འཛིན་པའི་འཁོར་དུ་མ་དང་། བསྐལ་པར་གནས་ཤིང་ གང་གི་ཚེ་འཆི་བ་དེའི་ཚེ་གང་དུ་འདོད་པར་སྐྱེ་བར་འགྱུར་རོ། །སེང་གེའི་སྒྲུབ་ཐབས་སོ། །ནོར་སྒྲུབ་པར་བྱེད་པར་འདོད་ན་དཀར་པོའི་ཟླ་བ་ཉ་ནས་བརྩམས་ཏེ་མི་སྨྲ་བར་འོ་མ་དང་ནས་ཟན་ཟ་ཞིང་ཇི་སྙེད་ཕྱི་མ་ཟླ་བ་གསུམ་གྱི་བར་དུ་རས་རིས་ཀྱི་སྤྱན་སྔར་འབུམ་བཟླས་པར་ བྱའོ། །དེ་ནས་རས་རིས་གཡོ་བར་འགྱུར་རོ། །ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་གཡོ་བར་བྱེད་དོ། །ནོར་གྱི་དངོས་གྲུབ་ཆེན་པོར་འགྱུར་རོ། །ནཱི་ལཱ་ཊ་ཀ་ལ་བརྒྱད་བརྒྱར་མངོན་པར་བསྔགས་ཏེ་མདུད་པ་བྱའོ། །གྱད་གཡུལ་དུ་རྒྱལ་བར་འགྱུར་རོ། ། ཐལ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྤྱི་བོར་བཞག་པར་བྱས་ན་གཡུལ་དུ་རྒྱལ་བར་འགྱུར་ཏེ་གྱད་ཀྱི་དངོས་གྲུབ་བོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་འོ་མ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་སྟེ་བརྒྱད་བརྒྱར་མངོན་པར་བཟླས་པ་བྱས་ནས་འཐུངས་ཤིག །དེ་བཞིན་དུ་ ཉི་མ་བདུན་གྱིས་ཐོས་པ་འཛིན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་འོད་ཟེར་བྱུང་སྟེ་སྒྲུབ་པ་པོས་བསྐོར་བ་བྱས་ནས་སྟེང་དུ་འགྲོ་སྟེ་རིག་པ་འཛིན་པར་འགྱུར་རོ། །འདོད་པའི་གཟུགས་ཅན་ལོ་བརྒྱ་སྟོང་ཕྲག་གསུམ་དུ་འཚོ་བར་བྱེད་དོ། །ནག་ པོའི་བརྒྱད་པ་ལ་མཚན་མོ་གཅིག །བར་གནས་པས་གཟུགས་བརྙན་གྱི་མདུན་དུ་གི་ཝང་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེའི་ཚེ་བླང་བར་བྱ་སྟེ་བླངས་པ་ཙམ་ལ་སྲེད་མེད་ཀྱི་བུའི་སྟོབས་སུ་འགྱུར་ཏེ། གཞན་གྱི་མཚོན་ཆ་རྣམས་མཐུ་མེད་པར་འགྱུར་རོ། །གང་ཕྲེང་བ་ དང་ལྡན་པ་དེ་གནས་པས་ལོ་སུམ་བརྒྱ་འཆོ་བར་བྱེད་དོ། །ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྦྱང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་བིལ་བའི་ཤིང་གིས་མེ་རབ་ཏུ་སྦར་ནས། བེ་ཀངྐ་ཏའི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱར་སྦྱིན་སྲེག་གྱིས་ ཤིག །དོང་ཙེག་ཅིག་རྙེད་དོ། །དཀར་པོའི་བཅུ་གསུམ་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ས་ལས་བྱུང་བའི་འདོད་པའི་ལྷ་བྱས་ནས་དེའི་ཁར་འབྲས་ཐུག་པོ་ཆེའི་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་གང་བུ་མོ་འདོད་པ་དེ་དབང་དུ་འགྱུར་རོ། །ནག་པོའི་བཅུ་ བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་དུར་ཁྲོད་དུ་སོང་སྟེ། ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས་མ་ཉམས་པའི་ཐོད་པ་བླངས་ཏེ་ཙནྡན་དམར་པོའི་ཆུས་བཀྲུས་ནས་མེ་ཏོག་དམར་པོ་དང་། དྲི་དང་མེ་ཏོག་གིས་མངོན་པར་མཆོད་ཅིང་དེ་ ནས་ཐོད་པ་ལ་ཉེ་བར་འདུག་སྟེ། གསང་སྔགས་བཟླས་པས་དགུག་པར་བྱའོ། །ཇི་སྲིད་ཐོད་པ་གཡོ་བར་གྱུར་པ་དེ་སྲིད་དུའོ། །དེའི་ཚེ་གྲུབ་པར་འགྱུར་རོ། །དེའི་ཚེ་སེན་མོས་གང་བཀུག་པ་དེ་འོང་སྟེ། གང་བརྗོད་པ་དེ་བྱེད་དོ། །ཞིབ་བྱེད་པར་འདོད་ན་རས་རིས་ཀྱི་ སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཞི་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་མཱ་ལ་ཏིའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པ་ནག་པོའི་བཅྭ་ལྔ་པ་ལ་རིང་བསྲེལ་དང་བཅས་ པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་རྒྱ་ཆེན་པོ་དབུལ་བར་བྱའོ། །ཕྱི་རོལ་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱན་ཏེ། དེ་ནས་ནཱ་ག་གེ་སར་གྱི་ཕྱེ་མས་གཟུགས་བརྙན་བྲིས་ཤིག །དཀྱིལ་འཁོར་བཅིང་བ་ཡང་བྱས་ནས་ཀུ་ཤའི་ ཁྲེས་ལ་ཉེ་བར་འདུག་སྟེ། ཇི་སྲིད་དུ་སྐར་མདའ་ལྟུང་བ་དེ་སྲིད་དུ་བཟླས་པར་བྱའོ། །སླར་ཡང་ཇི་སྲིད་རས་རིས་འགུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་གཞན་རྣམས་ཀྱང་འབྱུང་སྟེ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ འཕུར་བའི་རིག་པ་འཛིན་པར་འགྱུར་རོ། །འདོད་པའི་གཟུགས་ཅན་དཔག་ཚད་སྟོང་ནས་མཐོང་བར་བྱེད་ཅིང་ཐོས་པར་བྱེད་དོ། །རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་དོ། །སྔོན་སྤྱད་པ་བྱས་པས་ནག་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་ རྒྱ་ཆེན་པོ་བྱས་ནས་མ་ཉམས་པའི་ལུས་བླངས་ཏེ་དྲི་དང་མེ་ཏོག་དང་བདུག་པས་མངོན་པར་མཆོད་ནས་ལག་པ་གཡས་པས་བྱིན་ཏེ་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འབར་བ་ཙམ་གྱིས་རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར་ཏེ་ནམ་མཁའི་མཐིལ་དུ་འཕུར་བར་བྱེད་དོ། ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་སྐྲ་ལི་ཞིང་འཁྱིལ་བ་རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་པའོ། །འབེབས་པ་ལ་འདུག་པས་སོ། །དུག་འཇོམས་པ་ལ་ཡལ་འདབ་ཀྱིས་སོ། །བདག་ཉིད་སྲུང་བ་ལ་བཟླས་པས་སོ། །དཀར་པོའི་བཅུ་བཞི་པ་ནས་བརྩམས་ ཏེ་ཇི་སྲིད་བཅྭ་ལྔའི་བར་དུ་གཟུགས་བརྙན་གྱི་སྤྱན་སྔར་གསོ་སྦྱོང་ཅན་གྱིས་དག་པ་གོས་གཙང་མ་བགོས་པས་བཟླས་པར་བྱའོ། །གང་འདོད་པ་དེ་ཐོབ་པར་བྱེད་དོ། །མར་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་འཐུངས་ཤིག །ཉི་མ་བདུན་གྱིས་ཡིད་གཞུངས་ པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་མལླི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཚན་མོ་བདུན་ལ་རྫས་སྐྱེ་བར་འགྱུར་རོ། །དཀར་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། ཨུ་དུམ་བཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས། ཨུ་དུམ་བཱ་རའི་ ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དོང་ཙེ་ལྔ་བརྒྱ་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ཅན་གྱིས་མར་མེ་སྟོང་ཕྲག་བརྒྱད་སྦར་ནས་མར་མེ་འཁྱིལ་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཕྱི་ནས་བཟླས་པ་ དབུལ་བར་བྱའོ། །དེ་ནས་མིག་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བཞུགས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་ བྱས་ནས། ཉི་མ་གཅིག་ལ་ཐུན་གསུམ་དུ་ཡོངས་སུ་བཟླས་པ་ལན་བཅུ་གཉིས་སུ་བཟླས་པར་བྱའོ། །རྣ་བ་སོ་སོར་རྙེད་དོ། །ནད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་ངེས་པར་སྐྱེས་པའི་ཆོ་གས་རས་སམ་འབྲས་ བུ་ཅན་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །དེའི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་སྟོང་ཕྲག་བརྒྱར་བཟླས་པར་བྱའོ། །ཀུ་ཤའི་སྟན་ལ་འོ་མ་དང་ནས་ཟན་ཟ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མ་བགོས་པས་ཡན་ལག་བརྒྱད་ལྡན་པའི་ གསོ་སྦྱོང་ཅན་གྱིས་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་གཅིག་གི་བར་དུ་བཟླས་པ་དབུལ་བར་བྱའོ། །དེ་ནས་ནད་རབ་ཏུ་ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པའི་འོ་མ་དང་ནས་ཟན་ཟ་བའམ་བ་ལང་གི་གཅིན་དང་ནས་ཟན་ཟ་བས་དུས་གསུམ་དུ་ཁྲུས་བྱ་ཞིང་གསོ་སྦྱོང་ཅན་ གྱིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མར་མེ་བརྒྱད་སོ་སོར་སྦར་ཏེ་པདྨ་སྟོང་གིས་མཆོད་པར་བྱའོ། །ནག་པོའི་ཕྱོགས་ལ་བཟླས་པར་བྱའོ། །དཀར་པོའི་ཚེས་གཅིག་ནས་བསྒྲུབ་པར་བྱའོ། །ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྨྱུང་བར་ གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །གལ་ཏེ་རྒྱལ་པོར་གྱུར་ན། སྒྲུབ་པ་པོའི་ཁང་པ་འབར་བར་བྱེད་ཅིང་མེ་ཏོག་གི་ཆུན་བུ་གཡོ་བར་བྱེད་ན་དཀྱིལ་འཁོར་བའི་རྒྱལ་པོར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ཙནྡན་དཀར་པོས་དཀྱིལ་ འཁོར་བྱས་ནས་དྲི་དང་། མེ་ཏོག་དང་བདུག་པ་ལ་སོགས་པ་དང་གཏོར་མ་ཡང་ཕུལ་ནས་མེ་ཏོག་གི་གེ་སར་བརྒྱ་ཕྲག་གསུམ་བླངས་ཏེ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་མར་གྱི་མར་མེ་གསུམ་སྦར་ཏེ་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་རེ་རེ་ལ་བརྒྱད་ བརྒྱར་མངོན་པར་བསྔགས་པར་བྱས་ནས་མར་གྱིས་བྱུགས་ཏེ་སྦྱིན་སྲེག་བྱའོ། །གང་འདོད་པ་དེ་དབང་དུ་འགྱུར་རོ། །མཚན་མོ་བདུན་དུ་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱེད་ན་དེའི་མཚམས་མེད་པ་ལྔ་བསྲབས་པར་འགྱུར་རོ། །ཉི་མ་སོ་སོར་བརྒྱད་བརྒྱར་ཟློས་པར་བྱེད་ན་ སྡིག་པ་རྣམས་བསྲབས་པར་འགྱུར་རོ། །རྟག་ཏུ་བཟླས་པས་གང་འདོད་པའི་གྲོང་དེ་སོ་སོར་རྙེད་པ་དང་། མིག་གིས་གང་མཐོང་བ་དེ་དབང་དུ་འགྱུར་རོ། །རྩོད་པ་ལས་རྒྱལ་བ་དང་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཏིལ་དང་མཱ་ཥའི་སྦྱིན་སྲེག་གྱིས་ཤིག་ནོར་སྐྱེད་པར་བྱེད་དོ། ། བ་ཊའི་མྱུ་གུ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དུས་མ་ཡིན་པར་འཆི་བར་མི་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མི་བདག་དབང་དུ་འགྱུར་རོ། །དེ་ནས་ཡང་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང་ལྡན་ པའི་འཁོར་གྱི་དཀྱིལ་འཁོར་ལ་ཀུན་ཏུ་གཟིགས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རིག་པའི་སྔགས་ཀྱི་ལེའུ་མཐའ་དག་རྣམ་པར་བཀོད་པའི་ཁྱད་པར་གྱི་ཚོགས་སྦྱིན་སྲེག་གི་ལས་རབ་ཏུ་སྦྱར་བས་རིག་བསྒྲུབ་པ་ པོའི་མེ་ལ་རབ་ཏུ་སྤྱོད་པའི་ཁྱད་པར་གྱི་ཆོ་ག་དང་གང་དུ་རབ་ཏུ་གནས་པས་རིག་པའི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་གྱིས་རབ་ཏུ་སྦྱར་བར་བྱ་བ་ཡོད་དེ་དེ་གང་ཞེ་ན། འདིའི་རིག་པའི་སྔགས་ཀྱི་ཚིག་རྣམས་གསུངས་པ། ཏདྱ་ཐཱ། ཨོཾ་ཏིཥྛ་ཧ་རི་སིརྒ་ལ་ལོ་ཧི་ཏཱཀྵ། དེ་ཧི། ད་དཱ་པ་ཡ། ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གི་མེའི་སྙིང་པོ་སྟེ། ལས་ཐམས་ཅད་བྱེད་པ་འདོད་པ་ཐམས་ཅད་སྦྱིན་པ་བདག་ཉིད་དགོངས་སོ། །སྒྲུབ་པ་པོས་འདིས་མེ་ལ་སྦྱིན་སྲེག་བྱ་སྟེ་ལན་ཅིག་བཟླས་པའི་སྲེག་བླུགས་གསུམ་མེ་ ལ་སྦྱིན་སྲེག་བྱའོ། །མེ་སྤྱན་དྲངས་པར་འགྱུར་རོ། །དེ་བཞིན་དུ་ཞི་བ་ཅན་དང་རྒྱས་པ་ཅན་དང་དྲག་པོའི་ལས་རྣམས་རབ་ཏུ་སྦྱར་བ་ལ་ཡམ་ཤིང་གི་ཤིང་རྣམ་པ་གསུམ་དུ་འགྱུར་ཏེ། ཞི་བའི་དོན་དུ་མྱ་ངན་མེད་པའི་ཤིང་རླན་དང་བཅས་པས་ཁྱད་པར་དུ་བྱས་པ་མཐོ་གང་ངམ་ ཁྲུ་གང་ཙམ་མམ་སོར་གསུམ་པ་ཡང་སྒྲུབ་པ་དང་། འཇམ་ཞིང་མཉེན་པ་རབ་ཏུ་བསྔགས་པ་ནི་ཆོ་ག་འདི་བསྒྲུབ་པར་བྱའོ། །བུག་པ་མེད་ཅིང་ཁོང་སྟོང་ཡང་མ་ཡིན་པ་ནེ་ཙོའི་གཤོག་པ་འདྲ་བ་དང་། དེ་བཞིན་དུ་ལྗང་གུ་དང་། ལོ་མ་བསྐམས་པའམ། ཁ་དོག་ནག་པོ་ཡང་སྦྱིན་པར་བྱའོ། ། སྲིན་བུ་རྣམས་ཀྱིས་ཟོས་པ་སྤངས་ནས་བུག་པ་མེད་པ་ཡང་ཀུན་ཏུ་འཇོག་པས་ཁ་དོག་གཞན་མཆོག་དང་ཐ་མ་ཉིད་ཀྱང་སྤངས་ནས་སྐམ་པོ་དེ་རྣམས་ཀྱང་སྤངས་པ་བསྲེགས་པར་ཀུན་ཏུ་སྤྱོད་དོ། །མ་རུལ་ཅིང་མི་འཁྱོག་པ་ཉིད་དང་གཞན་སྤང་བར་བྱའོ། ། དེ་ནས་མེ་ཐབ་ཀུན་ནས་གྲུ་བཞི་པ་བྱས་ནས་འོག་ཉིད་དུ་བསྐོར་བར་བྱ་སྟེ། གཞུ་གང་དང་ཁྲུ་གང་གི་ཚད་ལས་ཁྲུ་གསུམ་མམ། ཁྲུ་གཉིས་སམ་ཁྲུ་བཞི་སྟེ། དེ་བཞིན་ཁོ་ནར་སྲོག་ཆགས་རྣམས་སྤངས་པ་རྟག་ཏུ་བྱེ་མ་བསྔགས་ཏེ་དེ་ལ་པདྨའི་རྣམ་པས་སོ། །དེ་ནས་ཁ་ཁྱེར་ ཀུན་ནས་དཀྱིལ་འཁོར་གྱི་རྣམ་པ་གྲུ་བཞི་པ་ཡང་འབད་པས་སོ། །རས་རིས་ཀྱི་སྤྱན་སྔར་ཞི་བ་ཅན་དང་། རྒྱས་པ་ཅན་ཡང་རུང་སྟེ་འདི་རྣམས་ཡང་དག་པར་རབ་ཏུ་བསྒྲགས། མངོན་སྤྱོད་དུ་ནི་བཤད་པ་ལ། །དབུས་སུ་རྡོ་རྗེ་བྱ་བ་ནི། །རྩེ་མོ་གཉིས་ཀ་རྩེ་གསུམ་པ། ། གཞན་ཡང་མེ་ཐབ་ཁྲུ་གཉིས་པ། །ཐད་ཀར་ཡང་ནི་བདུན་པའོ། །དེ་བཞིན་གཙང་མའི་ཕྱོགས་རྒྱབ་ཏུ། །ཆུ་ཀླུང་ངོགས་ཀྱི་ཕྱོགས་གཅིག་གམ། །བརྟན་པའི་ཕྱོགས་སམ་དུར་ཁྲོད་དམ། །ཁང་སྟོང་སྦྱིན་སྲེག་ལེགས་བརྩམ་བྱའོ། །དེ་བཞིན་ཁོ་ནར་རི་རྩེར་ ཡང་། །ལྷ་ཡི་ཁང་པ་སྟོང་པ་དང་། །རྟག་ཏུ་དགོན་པ་ཆེན་པོ་དང་། །དེ་བཞིན་དུ་ཡང་གསུམ་རྣམས་ནི། །སྒྲུབ་པོའི་ཕྱོགས་སུ་གསུངས་པ་ཡིན། །གང་ཟག་མཆོག་གི་གནས་དེ་རྣམས། །གསུངས་པའི་སྦྱིན་སྲེག་ལས་ཀུན་ལས། །ཀུ་ཤའི་ཁྲེས་ལ་ཉེར་ འདུག་པས། །གནས་ནས་ཁྲུ་ཡི་ཚད་ལས་ནི། །སྦྱིན་སྲེག་ལས་རྣམས་ཁྱད་པར་དུ། །དེར་ནི་གསང་སྔགས་ཤེས་པས་བྱའོ། །དངོས་གྲུབ་མྱུར་བ་ཁོ་ནར་གནས། །ཉིད་དུ་གནས་པར་ཐེ་ཙོམ་མེད། །ཤར་དུ་བལྟས་དང་བྱང་དུ་བལྟས་པའང་། །ཞི་དང་རྒྱས་པ་ ཅན་ལ་བྱ། །དྲག་པོ་ལ་ནི་ལྷོ་རུ་སྟེ། །དེ་ནས་སྔགས་པས་རྣམ་པར་སྤང་། །ཤར་དུ་ཁ་བལྟས་ཞི་བ་འཕེལ། །རྒྱས་པ་ལ་ཡང་བྱང་བལྟས་པ། །འདི་རྣམས་སྔགས་པས་དུས་ལྷན་ཅིག །རིག་པ་བཟླས་པས་ཡང་དག་བརྩམ། །བིལ་བ་ཨརྐ་པ་ལཀྵ། །ནྱ་གྲོ་དྷ་ ཡིས་རྒྱས་ལས་བྱ། །མངོན་སྤྱོད་ཅན་ལ་ཤིང་རྣམས་ནི། །དཀར་དང་ཚ་བ་སྐྱུར་དང་རྣོ། །དེ་རྣམས་ཐམས་ཅད་སྤང་བྱ་སྟེ། །ཐུབ་པ་རྣམས་ཀྱིས་བཀག་པ་ཡིན། །རྟག་ཏུ་ཞི་དང་རྒྱས་ལས་ལ། །བརླན་བཅས་ཤིང་ནི་རབ་ཏུ་བསྔགས། །དེ་བཞིན་སྐམ་པོ་དྲག་ལས་ སོ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་སྤངས། །དེ་རྣམས་མེད་པའི་ཡམ་ཤིང་གིས། །ཤིང་དེ་རྣམས་སུ་བརྟག་པར་བྱ། །ལྗང་དང་སྣུམ་པ་འདྲ་བ་དང་། །རྨ་བྱའི་མགྲིན་པ་དང་མཚུངས་པ། །དེ་བཞིན་ཀུ་ཤའི་རྣམ་པ་ཡིས། །ཞི་དང་རྒྱས་པ་རྟག་ཏུ་བྱ། །མཪྒད་དང་ ནི་འདྲ་བ་དང་། །དེ་བཞིན་དཀར་པོའི་རྩ་རྣམས་ཀྱིས། །སྡིག་པའི་ལས་རྣམས་རྟག་ཏུ་བྱ། །རྒྱལ་བ་མཆོག་གིས་བཀག་པ་ཡིན། །འདིར་ནི་དྲི་མེད་ཆུ་ལ་ཡང་། དག་པ་སྲིན་བུ་སྤངས་པ་ལས། །རྟག་ཏུ་དེ་ནས་མངོན་པར་བཀྲུ། །ཀུན་ནས་བསྐོར་བ་བྱ་བ་ཡང་། ། རང་སྣང་ཕྱི་རོལ་བརྩོན་པའམ། །ཆོ་ག་ཇི་བཞིན་ཉེ་རེག་བྱ། །གཙང་མས་རྩྭ་ཡིས་སྒྲོན་མའི་ཚད་ལ་བྱ་བའོ། །དེ་ནས་ཁུ་ཚུར་ཚད་བྱས་ན། །འབད་པས་མ་ནི་སྦར་བར་བྱ། །ཁ་ཡི་རླུང་གིས་ཕུ་མི་བྱ། །དེ་བཞིན་གོས་ཀྱི་མཐའ་ཡིས་དང་། །གོས་ཀྱི་ཆུན་པོའམ་ཤམ་ ཐབས་དང་། །སྒྲིབ་གཡོགས་དག་ནི་སྤངས་པ་ཡིས། །ནམ་མཁའི་ནོར་དང་ཐ་དད་རླུང་། །ཉེ་བར་བཅོམ་དང་མངོན་དགའ་བའམ། །གཙང་མ་ཉམས་པ་བྲལ་བས་དང་། །དེ་བཞིན་གོས་དང་ནོར་བུས་ཀྱང་། །རླུང་ཡབ་བྱའོ་རླུང་བཟང་པོས། །མེ་ནི་ཡང་དག་བརྩམ་ པར་བྱ། །དེ་ལས་གྱུར་པའི་རླུང་འདི་ཡིས། །སྔགས་ཤེས་མེ་ནི་སྦར་བར་བྱ། །ཤིན་ཏུ་མཉམ་གཞག་སྦྱིན་སྲེག་དོན། །བུད་མེད་མཆོག་གཞན་བརྟག་པ་དག །བྱས་ནས་ཡང་ནི་མཐའ་རུ་ནི། །བ་ཡི་མར་གྱི་སྲེག་བླུགས་གསུམ། །དེར་ནི་སྦྱིན་བྱ་དེ་ལས་ནི། ། གང་ཡང་ཚད་དུ་བྱ་བའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་དང་། །རང་རང་སྔགས་ཀྱིས་མགོན་པོ་ལ། །དེ་ནས་ཇི་བཞིན་འདོད་ཕྱག་བྱ། །དེ་ཚེ་མེ་ལ་སྦྱིན་སྲེག་བྱ། །གསང་སྔགས་ལན་བདུན་བཟླས་པ་ཡིས། །རྟག་ཏུ་མེ་ནི་སྤྱན་དྲང་ངོ་། །བདག་ཉིད་རྩོམ་པའི་དྲི་ཞིམ་ པོའི། །མེ་ཏོག་ཁོ་ནས་རྟག་ཏུ་འབོད། །སྔགས་པ་གནས་ལ་མཁས་པ་ཡིས། །གདན་ནི་གནས་ལ་ཕུལ་བ་པ། །གསང་སྔགས་དེས་སོ་གཞན་དུ་མིན། །ཞོ་ལྡན་མར་དང་བསྲེས་པ་ལ། །སྦྲང་རྩི་བཏགས་པའི་ཡམ་ཤིང་གསུམ། །རྒྱས་དོན་ མེ་ལ་སྦྱིན་སྲེག་བྱ། །སྔགས་ཀྱི་ལས་ཀྱིས་ཐམས་ཅད་དུ། །པདྨའི་གདན་ལ་ཉེར་འདུག་པས། །ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ། །རྒྱས་པ་ཅན་ལ་འདི་རྣམས་ཉིད། །སྦྱིན་བྱ་གཟུགས་མཐུན་སྔགས་རྣམས་ཀྱིས། །མངོན་སྤྱོད་ཅན་དུ་གནས་པ་ལ། ། གཞན་གྱི་གཟུགས་སུ་བལྟ་བར་བྱ། །དྲི་མ་མེད་པའི་ལྷ་རྣམས་ནི། །རིམ་པ་བཞིན་དུ་མེ་ཐབ་ཏུ། །ཇི་ལྟར་རྙེད་པའི་མེ་ཏོག་དྲི། །བདུན་དུ་ཡོངས་སུ་བཟླས་པ་ཡིས། །མངོན་པར་བོས་པ་དེ་ཡི་ཚེ། །འབྱུར་གནས་ངེས་པར་གཞག་པ་རྣམས། །ཇི་ལྟར་གཉིས་ ཀར་གནས་དེ་བཞིན། །ཡམ་ཤིང་རྫས་དང་བསྲེས་པ་དང་། །མར་དང་སྦྲང་རྩི་ཡང་དག་ལྡན། །དེ་བཞིན་ཁོ་ནས་ཞོ་བསྲེས་པས། །བྱའོ་སྟོང་ངམ་འབུམ་ཚད་དམ། །ཡང་ན་བརྒྱ་རྩ་བརྒྱད་རྟག་བྱ། །སྔགས་ནི་བླངས་ནས་དེ་བཞིན་དུ། །རིག་པ་ལན་ཅིག་བཟླས་པ་ ཡི། །མིག་དང་གཙུག་ཕུད་འབར་བ་ཡི། །ཕྲེང་བའི་མེ་ལ་མེ་ལྕེ་གཅིག །དེ་བཞིན་ཉིད་དུ་ཞི་བའི་ལས། །སྦྱིན་སྲེག་ངེས་པར་བྱ་བ་ཡང་། །རྒྱས་པ་ཅན་ལ་དེ་དང་དབང་། །དྲག་པོའི་ལས་ནི་སྨད་པ་སྟེ། །རྒྱས་པས་སྤངས་སོ་སྦྱིན་སྲེག་ལས། །རབ་སྦྱོར་མེ་ནི་ བསྔགས་པར་འགྱུར། །སྒྲ་གཅན་བརྒྱད་ཅུའི་སྟོབས་དང་ལྡན། །རྒྱལ་བ་མཆོག་གིས་རབ་ཏུ་བསྔགས། །དེར་ནི་གསང་སྔགས་རྟག་སྒྲུབ་བྱེད། །དཀར་བའི་མེ་ལ་སྦྱིན་སྲེག་བྱ། །གལ་ཏེ་ཁ་དོག་དམར་དེ་བཞིན། །རྟག་ཏུ་རྒྱས་པའི་དངོས་གྲུབ་འདོད། །ནག་པོ་དུད་ ཁ་སེར་སྐྱ་ལའང་། །གཡོན་པ་ཅན་ཞེས་བྱ་བ་ཉིད། །ཁ་དོག་རྣམ་གསུམ་རབ་འཇུག་པ། །དངོས་གྲུབ་རྣམ་པ་གསུམ་ཡིན་ནོ། །སྔགས་པ་ལས་གཞན་ཁ་དོག་གམ། །རྣམ་པ་སྣ་ཚོགས་ཁ་དོག་ཉིད། །དེ་ལ་སྔགས་ཀྱི་དངོས་གྲུབ་མེད། །སླར་ཡང་ལག་པའི་མཐིལ་འདིར་ནི། རྣམ་པ་སྣ་ཚོགས་ཁ་དོག་ཉིད། །ཁ་དོག་གསལ་བ་དེ་འདྲ་ཡོད། །མེ་ནི་འབར་བ་མཐོང་ནས་ནི། །སླར་ཡང་ལས་རྣམས་བརྩམ་པར་བྱ། །སྤྱན་དྲངས་བྱས་ལ་གཟུགས་ཁ་དོག །གལ་ཏེ་སྔགས་ཀྱི་དངོས་གྲུབ་འགྱུར། །སླར་ཡང་སྦྱིན་སྲེག་རབ་འཇུག་པ། ། ལས་ཀྱི་ཆོ་ག་མཐོང་བ་ཡིས། །སྤྱན་དྲངས་གཤེགས་སུ་གསོལ་བ་ཉིད། །མེ་ལ་སྔགས་ནི་བརྗོད་པར་བྱ། །སྔར་ནི་རབ་ཏུ་བཏགས་པས་ཀྱང་། །དཀྱིལ་འཁོར་འདི་རུ་རྣམ་པ་གཞན། །མཆོག་དེ་ཉིད་ཀྱིས་དེ་གྱིས་ཤིག །སྦྱིན་སྲེག་འདི་ལ་སྤྱན་དྲང་དང་། ། གཤེགས་སུ་གསོལ་བའི་ལས་ཅན་གྱིས། །ལས་རྣམས་དེ་ཉིད་ཀྱིས་བྱའོ། །དེར་ནི་མེ་ཡི་སྤྱོད་པའི་ལས། །དེ་བཞིན་གཟུགས་དང་རས་རིས་ཀྱི། །སྤྱན་སྔར་བརྩམས་ནས་འགྲུབ་པར་བྱེད། །དེ་ལ་སྔགས་ནི་སྔར་བརྗོད་པ། །དེ་བཞིན་གཤེགས་པ་ རྒྱལ་བས་བསྔགས། །ལས་རྣམས་ཀུན་ནས་དེར་བྱའོ། །གཞན་པའི་ལས་རྣམས་མི་བྱ་སྟེ། །ཁྱད་པར་སྡིག་པ་ཅན་གྱི་ལས། །རྒྱལ་བ་མཆོག་གིས་སྨད་པ་དང་། །གང་དུ་འཇིག་རྟེན་དང་འགལ་སྨད། །འཁོར་ལོས་སྒྱུར་བ་ཉིད་དུ་ལངས། །དེ་ནས་བྱང་སེམས་ ས་ཡི་བདག །དེ་བཞིན་མངོན་ཤེས་ལྔ་ཐོབ་པ། །དེ་ནས་ལྷ་ཉིད་འགྲུབ་པར་བྱེད། །འདིར་ནི་རྟག་ཏུ་སྦྱོར་ཤེས་པ། །རས་རིས་སྦྱིན་སྲེག་ལས་ལ་མཁས། །ས་འོག་བདག་པོ་ཉིད་དང་ནི། །བར་སྣང་ལ་ནི་སྤྱོད་པར་བྱེད། །དེ་ནས་ས་བླའི་ལྷ་དང་ནི། །གནོད་སྦྱིན་ ཉིད་དམ་གནོད་སྦྱིན་མོ། །འགུགས་པར་བྱེད་ཅིང་རྟག་ཏུ་ཡང་། །རྒྱལ་སྲིད་ཀྱི་ནི་བདག་པོ་ཉིད། །ཡང་ན་ཡུལ་འདིར་འཁོར་བ་ཉིད། །ཡང་ན་རིག་དང་རིག་འཛིན་ཉིད། །ལྷ་མིན་ཉིད་དང་སེམས་ཅན་ཀུན། །དབང་བྱེད་རྗེས་འགྲོ་འགུགས་པར་བྱེད། །སེམས་ དཔའ་ཆེན་པོ་ཡང་དག་པ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །སེམས་ཅན་ས་བཅུར་གནས་བཅས་པ། །སྦྱིན་སྲེག་ལས་ཀྱིས་འགུགས་པར་བྱེད། །ས་སྟེངས་མི་རྣམས་སྨོས་ཅི་དགོས། །ལྷག་མའི་བདག་པོ་ཉིད་དེ་བཞིན། །ཁྱད་པར་འཇིག་རྟེན་དབང་ཕྱུག་ཉིད། ། འབྱུང་པོ་ཀུན་ལ་ཡང་དག་ངེས། །མི་བདག་ཉིད་དང་དེ་བཞིན་ཡང་། །དབང་གི་དོན་དུ་སེམས་ཅན་ཀུན། །མི་བདག་དེས་སམ་མི་དེས་ནི། །ས་སྟེངས་ཐམས་ཅད་མཉམ་པ་ཡིས། །ལས་རྣམས་དེ་བཞིན་ཀུན་ནས་ནི། །རྟག་ཏུ་སྦྱིན་སྲེག་གིས་ བྱའོ། །ངེས་པར་ལས་ཀུན་ཡང་དག་བརྟེན། །བདག་ཉིད་བརྩམས་པས་ལྷན་ཅིག་སྒྲུབ། །དཔལ་གྱི་དོན་དུ་དེ་ཡི་ལས། །མཆོག་དང་བར་མ་ཉིད་དང་ཡང་། །ཡང་ན་ཆུང་ངུ་ཉིད་བསྒྲུབ་བྱ། །དེ་ཉིད་དུ་ནི་རྫས་ཀུན་གྱི། །དངོས་གྲུབ་བརྗོད་པའི་དོན་དུ་སླར། །ལྷན་ ཅིག་དངོས་གྲུབ་བལྟ་བར་བྱ། །སྦྱིན་སྲེག་ལས་ལ་ལེགས་འཇུག་པ། །ལས་རྣམས་ཀུན་ལ་ཕྱག་རྒྱ་བཅིང་། །བདག་སྲུང་མར་དང་ལྡན་པ་ཡི། །སྦྱིན་སྲེག་ལས་ལ་རབ་འཇུག་བྱེད། །དེ་ནས་རས་རིས་གསང་སྔགས་འདི། །བདུན་བཟླས་པའམ་བརྒྱད་བཟླས་པ། ། རྟག་ཏུ་ལས་འདིས་སྤྱོད་ལམ་བྱ། །ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱ་ན། ཨ་པྲ་ཏི་ཧ་ཏ་ག་ཏི་སཏྭཱ་ནཱ་ན། ཏདྱ་ཐཱ། ཨཽཾ་ཛྭ་ལ་ཏིཥཱ་ཧཱུྃ། རུ་རུ་བི་ཤྭ་སམྦྷ་བེ་སྭཱ་ཧཱ། ཤིང་ལ་སྦྱོར་བ་འདིས་བཟླས་ཏེ། །སླར་ཡང་གཉིས་སམ་བདུན་བཟླས་པས། །སྔགས་རིག་མེ་ལ་སྦྱིན་ སྲེག་གིས། །མེ་ཏོག་བདུག་པ་དྲི་ཡང་རུང་། །ཀུན་ནས་ཐམས་ཅད་ཉིད་ལ་ནི། །ལན་བདུན་བཟླས་པ་འདི་ཉིད་ཀྱིས། །ཁྱོད་ཀྱིས་རབ་ཏུ་བརྗོད་པར་བྱ། །ལས་རྣམས་ཐམས་ཅད་རྩོམ་བྱེད་པ། །ཆོ་ག་རྒྱུ་ཡི་སྔ་མ་ཡིས། །རབ་སྦྱོར་ཉིད་ཀྱིས་བྱ་བའོ། ། ལས་རྣམས་ཀུན་ལ་སྔར་བཅིངས་པའི། །ཕྱག་རྒྱ་ཆེན་མོ་གྲགས་ལྡན་མ། །དེ་བཞིན་བསྲུངས་པ་བྱས་གྱུར་ནས། །དངོས་གྲུབ་རྒྱུ་ལ་མཁས་པ་ཡིས། །ལས་རྣམས་ཐམས་ཅད་རྩོམ་པར་བྱོས། །གལ་ཏེ་ནུས་པ་མཐོང་བ་ན། །དགེ་བའི་སྒྲ་རྣམས་ཉིད་དང་ནི། ། རྟག་ཏུ་འབྲས་ཅན་ས་དེ་ཡི། །གསང་སྔགས་ཇི་ལྟར་འདོད་བཞིན་དུ། །ངེས་པར་མཆོག་འདི་སྦྱིན་པའོ། །དང་པོ་ལས་ཀྱི་རབ་སྦྱོར་བ། །གསང་སྔགས་རྒྱུ་ཡིས་རབ་ཞུགས་པ། །འབྲས་བུར་བཅས་པ་ཁོ་ན་ཡི། །དངོས་གྲུབ་དེ་རྣམས་བསྒྲུབ་པར་བྱ། །རྒྱལ་བའི་སྒྲ་དང་ པ་ཊ་ཧ། །རྔ་བོ་ཆེ་ཡི་དངོས་གྲུབ་ངེས། །ཐམས་ཅད་དུ་ནི་སྨད་པར་བརྗོད། །སྦྱིན་སྲེག་ལ་ནི་གནས་བཅས་པ། །གཞན་ཡང་དགེ་མཚན་མཆོག་དང་ནི། །འདབ་ཆགས་ཅན་ནམ་དགེ་བའི་སྒྲ། །རྣམ་པ་སྣ་ཚོགས་དེས་སྒྲོགས་པའི། །སྒྲ་ཡང་རུང་སྟེ་རྒྱལ་བས་ བསྔགས། །རབ་བསྔགས་དུས་བཅས་ལྷ་རྣམས་དང་། །ཡིད་འོང་རྣམ་པ་སྣ་ཚོགས་སྒྲ། །གདུགས་དང་རྒྱལ་མཚན་བ་དན་དང་། །བཙུན་མོ་རྒྱན་གྱིས་བརྒྱན་པ་དང་། །དེ་བཞིན་བུམ་པ་གང་བ་དང་། །མཆོད་ཡོན་མཐོང་ན་དངོས་གྲུབ་རྒྱུ། །རྣམ་པ་འདི་ ཡིས་བསྔགས་པའམ། །རབ་བསྔགས་འཇིག་རྟེན་གྱིས་མཆོད་པའི། །དགེ་སློང་དང་ནི་དགེ་སློང་མ། །དེ་རྣམས་མཐོང་ན་གསང་སྔགས་ཀྱི། །སྣ་ཚོགས་སྤྱོད་ཡུལ་དངོས་གྲུབ་བོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལས་བགྲང་འཕྲེང་སྲད་བུའི་ཆོ་གའི་ལེའུ་རབ་འབྱམ་བཅུ་གཅིག་པ་ཡོངས་སུ་རྫོགས་སོ།། །།དེ་ནས་རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མིའི་བདག་པོ་དབང་དུ་འགྱུར་རོ། །ནད་ཐམས་ཅད་ལས་རྐང་ཤུ་དང་། གདུག་པའི་རྨ་རྣམས་ལ་སའི་གོང་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱིན་ན་ཉེ་བར་ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་བ་བྱུང་ལྔས་ལུས་སྦྱང་བ་བྱས་ནས་དུས་གསུམ་དུ་ཁྲུས་བྱས་ཏེ་འོ་མ་བཏུང་བར་བྱའོ། །རྩ་བའི་རས་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ། ། ཕྱི་ནས་ནག་པོའི་བརྒྱད་པ་ལ་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། བིལ་བའི་ཡམ་ཤིང་ལ་མར་དང་ཞོ་དང་། སྦྲང་རྩི་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འཕགས་པ་འཇམ་དཔལ་གྱི་སྤྱི་བོ་ནས་འོད་ཟེར་ འབྱུང་བར་བྱེད་དོ། །དེས་སྒྲུབ་པ་པོ་ལ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་མདུན་དུ་མི་སྣང་བར་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ་མཆོག་གསུམ་པོ་རྣམས་གང་རྙེད་པ་དེ་རྙེད་དོ། །རིག་པ་འཛིན་པ་ཉིད་ཀྱི་རྒྱལ་ སྲིད་དང་། ཁྱོད་ཇི་འདྲ་བའི་བཅོམ་ལྡན་འདས་དེ་འདྲ་བ་ངའོ་ཞེས་སོ། །དངོས་གྲུབ་འདི་ནི་བླ་མ་མཆོད་པ་དང་། སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་སྦྱིན་པ་ཉིད་ཀྱིས་སྒྲུབ་པར་བྱེད་དོ། །ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨརྐའི་ཡམ་ཤིང་གི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །གང་འདོད་པ་དེ་སྐད་ཅིག་ཉིད་ལ་འགུགས་པར་བྱེད་དོ། །ཨ་ག་རུ་དང་། པྲི་ཡང་ཀུ་དང་ནཱ་ག་གེ་སར་རྣམས་ཆ་མཉམ་པ་ཕྱེ་མར་བྱས་ཏེ། ཁམ་ཕོར་ཁ་སྦྱར་དུ་ བྱས་ནས་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་ལུས་ལ་བྱུགས་ཏེ་གཡུལ་དུ་ཞུགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རིག་པ་འཛིན་པར་འགྱུར་རོ། །འབུམ་ཕྲག་བཅུ་གཅིག་ ཟློས་ཤིག་འཕགས་པ་འཇམ་དཔལ་མཐོང་ངོ་། །རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བདུན་ཟློས་ཤིག་མེ་སྣང་བར་འགྱུར་རོ། །ནད་ཀྱིས་བཏབ་པ་ལ་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅྭ་ལྔ་ཟློས་ཤིག །ནད་འཇོམས་པར་བྱེད་དོ། །སྔོན་སྤྱད་པ་བྱས་པས་འབུམ་ཕྲག་བཅུ་གཉིས་ ཟློས་ཤིག །བཅུད་དམ་བཅུད་ཀྱིས་ལེན་སོ་སོར་རྙེད་དོ། །དེ་ཟོས་པས་གཉེར་མ་དང་སྐྲ་དཀར་སྤངས་པར་འགྱུར་རོ། །ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཡུན་རིང་དུ་འཚོ་བར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་པས་ཡུངས་ཀར་རྒྱལ་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ ཤིག །རྒྱལ་བའི་བཙུན་མོ་དབང་དུ་འགྱུར་རོ། །མཚན་མོ་བདུན་གྱིས་འདི་ལ་ནོར་རབ་ཏུ་སྦྱིན་ཏེ་འདོད་པ་ཉེ་བར་བཞག་པ་ནི་མ་གཏོགས་སོ། །རས་རིས་ཀྱི་སྤྱན་སྔར་ཨརྒའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག །གསེར་སྲང་བརྒྱ་སོ་སོར་རྙེད་དོ། །འབྲས་ཡོས་སྟོང་ཕྲག་ བརྒྱད་སྦྱིན་སྲེག་གྱིས་ཤིག །བགེགས་མེད་པར་འགྱུར་རོ། །པི་ནྱཱ་ཀའི་ཤིང་སྟོང་སྦྱིན་སྲེག་གྱིས་ཤིག །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འབུམ་ཕྲག་གསུམ་ཟློས་ཤིག །རྐེད་པའི་ནད་མེད་པར་འགྱུར་རོ། །རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱག་པར་བྱའོ། །བུ་ མོས་བཀལ་བའི་སྲད་བུ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བཅིང་བར་བྱའོ། །སྐལ་པ་བཟང་པོར་འགྱུར་རོ། །དོང་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །གོས་བྱེ་བ་བཅུ་གཉིས་སོ་སོར་རྙེད་དོ། །རྒྱལ་གྱི་ལྕགས་ལས་བྱུང་བའི་སྲང་ཤིན་ཏུ་མཛེས་ པ་ལ་འཁོར་ལོ་འདབ་མ་བཅུ་པ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་འཁོར་ལོ་བླངས་ནས་ཇི་སྲིད་དུ་མཚན་མ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །གང་གི་ཚེ་མེ་སྟག་འཕྲོ་བར་བྱེད་པ་དང་ ཇི་སྲིད་དུ་འབར་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་འདུ་བར་བྱེད་ཅིང་འཁོར་དང་བཅས་པ་འཕུར་བར་བྱེད་དོ། །རིག་པ་འཛིན་པའི་རྒྱལ་པོ་དང་བསྐལ་པ་ཆེན་པོར་གནས་པ་དང་། ཐོགས་པ་མེད་པར་འགྲོ་བར་ བྱེད་དོ། །སྔ་བར་ལངས་ནས་ལོར་བཟླས་པར་བྱེད་དོ། །མཆོག་སྦྱིན་པར་བྱེད་དོ། །ཟླ་བ་དྲུག་ཏུ་ལན་ཅིག་བརྗོད་པས་ནད་ཆེན་པོ་གྲོལ་ལོ། །ཟླ་བ་གཅིག་ཏུ་ཟློས་ཤིག་དུས་མ་ཡིན་པར་གུ་གུལ་གྱི་བདུག་པས་མཆེ་བའི་དུག་འབེབས་པར་བྱེད་དོ། །ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་རྣམས་སུའོ། །བུད་མེད་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ལཱ་པན་ལ་སྦྲང་རྩི་བཏགས་པ་མཚན་མོ་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་ཉི་ཤུ་རྩ་གཅིག་གྱིས་ཤིག་དབང་དུ་འགྱུར་རོ། །འདི་ནི་ཡུགས་ ས་མོས་སྐྱེས་བུ་ཡིའོ། །རྒྱལ་པོ་ནི་རས་རིས་ཀྱི་སྤྱན་སྔར་ཨརྒའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །རྒྱལ་པོའི་བློན་པོ་ལ་སོགས་པ་ལ་མཚན་མོ་ཐུན་གསུམ་དུ་ལན་ཚྭ་ཉི་ཤུ་རྩ་གཅིག་སྦྱིན་ སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །མགོ་བོ་ལ་ལན་གསུམ་མམ་བདུན་དུ་མངོན་པར་བསྔགས་ནས་རྒྱལ་པོའི་སྒོར་འཇུག་པར་བྱེད་ན་རྒྱལ་པོའི་གནང་ཆེན་པོར་འགྱུར་རོ། །བརྒྱད་བརྒྱར་མངོན་པར་བསྔགས་པའི་རྨ་བྱའི་མདོངས་ཀྱིས་ཕྱག་པར་བྱས་ན་དུག་འཇོམས་སོ། །ལྡོང་རོས་ཨ་ ཤྭཏྠའི་འདབ་མའི་ནང་དུ་བཏུམས་པར་བྱས་ནས་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་ཡང་དག་པར་བརྩམ་པར་བྱ་སྟེ་སྐལ་པ་བཟང་པོར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། འོ་མ་དང་ནས་ཟན་ཟ་ཞིང་དུས་གསུམ་ དུ་ཁྲུས་བྱས་ནས་གོས་ལན་གསུམ་དུ་བརྗེས་ཏེ། ཨ་ག་རུ་དང་ཏུ་རུཥྐ་དང་། ཙནྡན་རྣམས་བསྲེགས་ཤིང་དཀར་གསུམ་གྱི་གཏོར་མ་དབུལ་བར་བྱའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པའི་དྲི་ཞིམ་པོའི་མེ་ཏོག་དང་པའི་མར་ གྱི་མར་མེ་གསུམ་མོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །གང་དོན་དུ་གཉེར་བ་དེ་རྙེད་དོ། །ཐུན་མཚམས་སུ་བཟའ་བ་ཡང་ཇི་ལྟར་ནུས་པ་སྦྱིན་ནོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭཏྠའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་རས་རིས་ལས་འོད་ཟེར་འབྱུང་བ་དང་། ས་འགུལ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། ཕྲེང་བ་གཡོ་བར་བྱེད་པ་སྟེ། མཚན་མ་འདི་རྣམས་ཀྱིས་གྲུབ་པར་འགྱུར་རོ། །རྣ་བའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱས་ནས། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད་གྲུབ་པ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འབྲས་བུ་ཅན་ ལ་གང་འདོད་པའི་རྫས་དེའི་མིང་བྲིས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པ་བྱས་ནས་གང་དུ་ཀླུ་གནས་པའི་མཚོ་ཕྲན་དེར་དོར་བར་བྱའོ། །དེའི་ཀླུ་དེས་ལས་ཐམས་ཅད་རྫོགས་པར་བྱེད་དོ། །ཉི་མ་བདུན་གྱིས་ཇི་ལྟར་འདོད་པའི་གོས་སྦྱིན་པར་བྱེད་དོ། །འབྲས་བུ་ཅན་ལ་ མངོན་པར་འདོད་པའི་རྫས་མངོན་པར་བྲིས་ནས། དེ་བཞིན་དུ་ཁྲོན་པའམ། མཚོ་ཕྲན་དུ་གཞུག་པར་བྱའོ། །དེ་ནས་སྐྱེས་བུ་ཆུར་བྱི་འཛུལ་བྱེད་དུ་གཞུག་གོ། །དེར་ཡང་སྒྲ་ཆེན་པོ་སྐྱེས་བུས་ཐོས་ཏེ་ཕྱོགས་ཆེ་གེ་མོ་ན་རྫས་ལ་སོགས་པ་གནས་སོ། །དེ་ནས་བླང་བར་བྱ་སྟེ་ཆུ་ཀླུང་ གི་མཐའ་སྒྲོལ་བར་བྱེད་པ་བགྲོད་དཀའ་བ་ཅན་གྱི་འདུན་སའམ། རྒྱལ་པོའི་ཕོ་བྲང་དུའང་རུང་སྟེ་ལྷ་རྣམས་དྲན་པར་བྱས་ཏེ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གང་དུ་འདོད་པ་དབང་དུ་བྱའོ། །དེ་འཕགས་པའི་ཞལ་དུ་ཡང་བཅུག་ནས་ཅུང་ཟད་ཡང་དག་པར་གསུངས་པར་མཛོད་ ཅིག་རིང་པོར་མི་ཐོགས་པར་དབང་དུ་འགྱུར་རོ། །ཆུ་སྣོད་དུ་བྱས་ནས་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསམས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པའི་ཆུ་དེས་མཆེ་བ་ཅན་ལ་གཏོར་བར་བྱའོ། །དུག་མེད་པར་འགྱུར་རོ། །དེ་ལ་བརྗོད་པའི་ཆོ་གས་ དཀྱིལ་འཁོར་དུ་རབ་ཏུ་ཞུགས་པ་ནི་དོན་མེད་པར་མི་འགྱུར་རོ། །ས་ལ་མ་ལྷུང་བའི་བ་བྱུང་བླངས་ནས་ཙཱ་རུ་བཟའ་ཞིང་མི་སྨྱ་བར་དཀྱིལ་འཁོར་བྱས་ནས་ཟླ་བ་ཉ་ནས་བརྩམས་ཏེ་ཇི་སྲིད་གསུམ་པའི་བར་དེ་སྲིད་དུ་བཟླས་པར་བྱ་སྟེ་འབུམ་བཟླས་སོ། །ཟླ་བ་དྲུག་ཏུ་ཚངས་པར་སྤྱོད་པ་དང་ བརྟུལ་ཞུགས་འདི་ཉིད་སྤྱད་ཅིང་ཟླ་བས་དངོས་གྲུབ་དང་། ཟླ་བ་དྲུག་གིས་འགྲོ་བ་མཐའ་དག་མངོན་སུམ་དུ་མཐོང་བར་འགྱུར་རོ། །ལུས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ། །ཟླ་བས་སྔགས་ཐམས་ཅད་གྲུབ་པར་བྱེད་དོ། །གང་འདོད་པའི་ཀླུའི་རྒྱལ་པོ་མངོན་པར་བྲིས་ ནས་དེའི་སྟེང་དུ་རྐང་པ་གཡོན་པ་བཞག་སྟེ་གཡོགས་པའི་ཕྱོགས་སུ་འབུམ་བཟླས་པར་བྱའོ། །ཀླུའི་རྒྱལ་པོ་དེ་འོང་སྟེ་དེ་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ཀླུ་ཐམས་ཅད་ཀྱི་གནས་སུ་རབ་ཏུ་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེར་རབ་ཏུ་འཇུག་པར་བྱེད་དོ། །དེ་བཞིན་ དུ་གནོད་སྦྱིན་གྱི་རྒྱལ་པོ་བྲིས་ནས་སྒྲུབ་པར་བྱེད་ན་བཀའ་བསྒོ་བ་བྱེད་དོ། །ཐམས་ཅད་འཛིན་པའི་གཙང་མའི་གནས་ནས་རྡུལ་ཆུང་ངུ་བླངས་ཏེ་སྦྲུལ་གྱི་སྟེང་དུ་ཡོངས་སུ་ཐོར་ཅིག །སྦྲུལ་བཟློག་པ་བྱས་པར་འགྱུར་རོ། །སླར་ཡང་གལ་ཏེ་གྲོལ་བར་འདོད་པ་བརྗོད་པར་བྱ་སྟེ་གོས་ དཀར་པོའི་ཁ་དོག་ཅན་ལས་ལས་བྱུང་བའི་ཕྱག་རྒྱ་བྱས་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ་མཆེ་བའི་སྟེང་དུ་འཇོག་ཏུ་བཅུག་ནས་ཁུག་ཅིག་ཤི་ཡང་སློང་བར་བྱེད་དོ། །ལྡོང་རོས་ལ་སོགས་པའི་རྫས་རྣམས་དང་རལ་གྲི་དང་། སྟ་གྲི་དང་། འཁོར་ལོ་དང་། བྷུཥུཎྜལ་སོགས་པ་རྣམས་ བ་བྱུང་ལྔས་སྦྱངས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ། རྫས་གང་ཡང་རུང་བ་བླངས་ནས་རས་རིས་ཀྱི་སྤྱན་སྔར་ཆོ་ག་སྔོན་དུ་འགྲོ་བས་འབུམ་ཕྲག་ལྔར་ཟློས་ཤིག་ཕྱི་ནས་ཇི་ལྟར་བྱས་པའི་རིན་གྱིས་ལྡོང་རོས་བླངས་ནས་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ཏེ་ཇི་སྲིད་ མེའི་མདོག་ཏུ་གྱུར་པ་དེ་སྲིད་དུ་བསྲེག་པར་བྱའོ། །དེ་ནས་རྒྱུད་མཚུངས་པའི་བ་ལས་བྱུང་བའི་པོ་མ་བུ་མོས་བསྲུབས་པས་མར་དུ་བྱས་ནས་ཐལ་བ་མར་ལ་གདབ་པར་བྱའོ། །དེ་བཞིན་དུ་ཞོས་བཀང་བའི་སྣོད་སྦྲང་རྩིས་བཀང་བ་ལ་ཡང་ངོ་། །དེ་ནས་བླངས་ཏེ་གུར་གུམ་གྱི་ཟ་ མ་ཏོག་ཏུ་བཞག་ནས་བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་བདག་ཉིད་སྲུང་བ་བྱས་ཏེ་ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མ་སྭཏྠའི་འདབ་མ་གསུམ་གྱིས་ཀུན་ཏུ་དཀྲིས་ནས་བཞིས་དགབ་པར་བྱའོ། །ཀུ་ཤའི་ཁྲེས་ ལ་ཉེ་བར་འདུག་སྟེ་ལག་པ་གཡས་པས་མནན་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་ཐིག་ལེ་བྱས་ནས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དུ་བས་མི་སྣང་བའོ། །འབར་བས་ནམ་མཁའ་ ལ་འགྲོའོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་མིག་སྨན་བ་བླ་སྒྲུབ་པར་བྱེད་པ་དང་། གི་ཝང་ལ་ཆོ་ག་འདིའོ། །དཀར་པོའི་བཅྭ་ལྔ་ལ་པདྨའི་འདབ་མར་བཞག་སྟེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ ལག་པ་ཁ་སྦྱོར་གྱིས་བླངས་ཏེ། ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འདི་ཉིད་ལ་དངོས་གྲུབ་རྣམ་པ་གསུམ་མོ། །རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅུར་ཟློས་ཤིག །དེ་ནས་བཟོ་བོ་དབང་པོ་མ་ཚང་བ་མིན་པ་གསོ་ སྦྱོང་ཅན་གྱིས་ལྕགས་གསུམ་གྱིས་པདྨ་འདབ་མ་བཅུ་པའམ། བརྒྱད་པ་གདན་དང་རྒྱན་གྱིས་བརྒྱན་པ་བྱས་ནས་གུར་གུམ་དང་། གི་ཝང་དང་། ག་བུར་རྣམས་ནམ་མཁའི་ཆུས་བཏགས་པ་པདྨར་བཅུག་ཅིང་། དཀར་པོའི་བརྒྱད་པ་ལ། རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་ མོ་གསུམ་དུ་སྨྱུང་བར་གནས་པས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱས་ནས་ལག་པ་གཡས་པས་པདྨ་བླངས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་པདྨ་དེས་འཁོར་དང་བཅས་པ་དགའ་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་། ལྕགས་སྒྲོག་དང་། རྡོ་རྗེ་དང་། དགྲ་སྟ་དང་། འཁོར་ལོ་ཡང་ཞེས་པའོ། །འདི་ནི་འཁོར་ལོའི་ཁྱད་པར་ཏེ་ལྕགས་ལྔ་བའི་འཁོར་ལོ་བྱས་ནས་ སོ་རྣོན་པོ་འཁོར་ལོ་མཚན་ཉིད་ཕུན་སུམ་ཚོགས་པ་མཐོ་གང་གི་ཚད་དོ། །གང་གཱའི་འགྲམ་གཉིས་ཀྱིས་བླངས་ནས་རས་རིས་ཀྱི་སྤྱན་སྔར་གོང་བུར་བྱའོ། །དེ་ལ་འཁོར་ལོ་རབ་ཏུ་བཞག་ནས་ཙནྡན་དམར་པོས་མཆོད་དེ་ཀར་བཱི་རའི་མེ་ཏོག་དམར་པོ་དང་ཕྲེང་བ་ཕུལ་ནས་དཀར་ པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་སྨྱུང་བར་གནས་པས། སློང་མོས་དགེ་འདུན་ལ་སྟོན་མོ་བྱས་ཏེ་དངོས་གྲུབ་སྩལ་བར་བྱའོ། །གཙང་མས་གོས་གཙང་མ་བགོས་པས་སྙིང་རྗེའི་སེམས་ཀྱིས་རབ་ཏུ་སྦྱར་བར་བྱའོ། །རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ ལ་སོགས་པ་རྣམས་ཕུལ་ནས་ཇི་ལྟར་ཉེ་བར་འབྱོར་པའི་མར་མེ་ཕུལ་ནས་འཁོར་ལོའི་ཕྱོགས་བཞི་རུ་ཡང་མར་མེ་བཞི་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཙནྡན་དམར་པོས་བཏགས་པ་རྣམས་ལ་ལན་རེ་བཟླས་ཏེ་རེ་རེས་བསྣུན་པར་བྱའོ། ། ཇི་སྲིད་སྟོང་ཕྲག་བརྒྱད་ཀྱི་བར་དུའོ། །དེ་ནས་འཁོར་ལོ་སྒྲ་དང་། འོད་ཟེར་འཕྲོ་བ་དང་། དེ་ནས་འབར་རོ་གཉིས་པ་ལ་འཁོར་ལོ་ངེས་པར་འགྲོ་སྟེ། དེ་ནས་སྒྲུབ་པ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་རིག་པ་ཟློས་ཤིག་དེ་བླང་པར་བྱའོ། ། བླངས་པ་ཙམ་གྱིས་འཁོར་དང་བཅས་པ་རིག་པ་འཛིན་པར་འགྱུར་ཏེ། དཔག་ཚད་སྟོང་ཕྲག་བཅུར་རིག་པ་འཛིན་པ་ཆེན་པོ་ཀླུ་དང་གནོད་སྦྱིན་གྱི་རིག་པ་འཛིན་པ་ཐམས་ཅད་ཀྱི་མང་དུ་འདོད་པར་འགྱུར་ཏེ། ལོ་སྟོང་ཕྲག་ལྔ་འཚོ་བར་བྱེད་དོ། །ཤི་ན་ཡང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ ནས་རིལ་བུ་སྒྲུབ་པར་འདོད་ན། སཻ་ལེ་ཏ་ཀ་དང་། ཙནྡན་དམར་བོ་དང་། རྒྱ་སྐྱེགས་དང་། གུ་གུལ་དང་། ཏཱ་ར་བར་ཏ་ཀའི་རྩ་བ་དང་། ལྕགས་ཀྱི་ཕྱེ་མ་དང་། གི་རི་ཀཪྞི་དང་། འབྲུའི་ཕུབ་མ་དང་། རུ་རྟ་དང་། རྒྱ་སྤོས་དང་། སྦྲང་རྩི་དང་། པི་པི་ལིང་ དང་། ཏུ་རུཥྐ་རྣམས་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་མོར་བྱེད་དུ་གཞུག་གོ། །དེ་ནས་སེར་སྐྱ་རྒྱུད་མཚུངས་པའི་བའི་འོ་མ་བླངས་ནས་བུ་མོས་བསྲུབས་པའི་མར་གྱིས་གཅིག་ཏུ་བྱས་ནས་ཕྱེ་མ་དེས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བྱེད་དུ་གཞུག་གོ། །དེ་ནས་དཀར་ པོའི་བརྒྱད་པའམ། དཀར་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་རིལ་བུ་ལྔ་ཙམ་བླངས་ཏེ་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་བགྲང་ཕྲེང་དང་ཏིལ་མར་དང་། ཕྱེ་མ་ལ་སོགས་པ་ གཞན་ལ་སྦྱིན་པར་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། མཆོད་པའི་ཆོ་ག་བྱས་པས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །ཡང་དག་པར་བགོས་ཏེ། ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལྷ་གཟུགས་ཅན་ རྣམས་འོང་ངོ་། །གྲུབ་པ་རྣམས་ཐམས་ཅད་འཐོན་ནས་མཐོང་ངོ་། །ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ། །དེ་ནས་འབར་བྱེད་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དངོས་གྲུབ་རྣམ་པ་གཉིས་སོ། །འདི་ཡང་བཅོམ་ལྡན་འདས་མའི་རྩ་བའི་རིག་པའི་ལས་སྒྲུབ་ པའི་ཐབས་སུ་འགྱུར་རོ། །གསུམ་པའམ་བདུན་པའི་སྒྲུབ་པ་ལ་མཚམས་མེད་པ་ལྔ་བྱེད་པ་ཡང་འགྲུབ་པར་འགྱུར་རོ། །རྩ་བའི་སྙིང་པོས་ཀྱང་ལས་འདི་རྣམས་འགྲུབ་པར་བྱེད་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ། །བཅོམ་ལྡན་འདས་མའི་རྩ་བའི་རྟོག་པར་སྒྲུབ་ ཐབས་ཐམས་ཅད་ཅེས་བྱ་བ་འདི་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་སངས་རྒྱས་ཀྱི་སྤྱན་གྱིས་ཡང་དག་པར་གཟིགས་ནས་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་སོན་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། མི་དང་འབྱུང་པོའི་དབུས་གནས་པའི། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ལས་ཅན་ཐམས་ཅད་ནི། །སེམས་དཔའ་ཆེན་པོ་སྨྲོས་ཤིག་སྨྲོས། །སྒྲོལ་ མའི་དཀྱིལ་འཁོར་ལྷ་རྣམས་དང་། །ཕུན་ཚོགས་ཐམས་ཅད་མངོན་པར་འཕེལ། །སྒྲུབ་པོ་རྣམས་ལ་ཕན་པ་ཡི། །དོན་ཕྱིར་འདྲེན་པས་རྒྱས་པར་སྨྲོས། །ངོ་མཚར་རྨད་བྱུང་ཐམས་ཅད་ཀྱི། །ལུས་ཅན་བར་མར་གྱུར་པ་རྣམས། །ཁྱོད་ཀྱི་ཚིག་གི་མཆོག་ གྱུར་པ། །འབྱུང་འགྱུར་དེ་དག་ཐོས་ནས་ནི། །མྱུར་དུ་ལྷ་རྣམས་སྒྲུབ་པ་ལ། །སེམས་ཅན་གང་དུ་རབ་ཞུགས་པ། །དེ་ཉིད་དུ་ནི་སྔར་བཤད་པ། །བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །སངས་རྒྱས་བྱེ་བ་སྟོང་རྣམས་ཀྱིས། །ཐམས་ཅད་དེ་ལ་རྗེས་ཡི་ རང་། །དཀྱིལ་འཁོར་སྡིག་པ་ཀུན་འཇོམས་པ། །དངོས་གྲུབ་ཀུན་བྱེད་དགེ་བ་ནི། །སེམས་ཅན་རྣམས་ཀྱི་མགོན་པོས་སྨྲོས། །སྒྲོལ་མའི་དཀྱིལ་འཁོར་ཁྱོད་ཀྱི་ཚིག །སེམས་ཅན་ཆོ་ག་ཡང་དག་འགྱུར། །དཀྱིལ་འཁོར་གང་འདི་ཐོས་ནས་ནི། །རབ་ཏུ་ དད་པ་སྐྱེ་བར་འགྱུར། །དཔལ་མིན་འཇོམས་ཤིང་ཞི་བ་དང་། །དེ་བཞིན་ནད་དང་དགྲ་འཕྲོག་ཅིང་། །དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི། །གཟི་བརྗིད་སྟོབས་ནི་རྣམ་པར་འཕེལ། །མཐོང་ངམ་ཐོས་ནས་དེ་ནས་ནི། །རབ་ཏུ་དད་པ་སྐྱེད་པར་བྱེད། །གང་ ཡིན་དེ་རྣམས་བདག་གིས་ནི། །སངས་རྒྱས་ཀུན་གྱི་བྱང་ཆུབ་ནི། །ཐོབ་པའི་ཆེད་དུའང་ལུང་བསྟན་ཏོ། །མ་འོངས་སངས་རྒྱས་འབྱུང་འགྱུར་བ། །འཇིག་རྟེན་མགོན་པོ་རྣམས་ཀྱང་ནི། །རྗེས་སུ་ཡི་རང་འགྱུར་བ་ཡིན། །དཀྱིལ་འཁོར་ཕུན་ཚོགས་འཕེལ་ བྱེད་པ། །དེ་བཞིན་ཡོན་ཏན་ཀུན་སྡུད་པ། །སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ། །སེམས་དཔའ་ཆེན་པོ་འཇིག་རྟེན་མགོན། །ཡང་དག་བཀའ་ཡིས་སྨྲོས་ཤིག་སྨྲོས། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཐ་མི་དད་པའི་ཚིགས་ སུ་བཅད་པས་བསྟོད་པའི་ཚིག་གིས་མངོན་པར་བསྟོད་དོ། །ཤཱཀྱའི་རྒྱལ་པོ་ལྷ་ཡི་རྒྱལ། །ཕུན་ཚོགས་ཡོན་ཏན་དུ་མ་ཅན། །རབ་བསྔགས་རྫུ་འཕྲུལ་རབ་མ་ཉམས། །རྒྱུན་དུ་དཀར་བའི་གོས་དང་ལྡན། །མཆོད་སྡོང་ཞལ་ནི་འདམ་སྐྱེས་དྲི། །བློ་བཟང་ སྙིང་པོ་བསྟན་པ་འཛིན། །གང་ཕྱིར་ཁྱོད་ནི་ཕུན་ཚོགས་ཉིད། །འདི་ནི་འགྲོ་བ་དེ་དག་གི། །དགའ་བས་དགའ་བར་བྱེད་པ་ནི། །མགོན་པོ་ལྷ་རྣམས་ཀྱི་ནི་སྟེ། །རང་བཞིན་དྲན་པས་ཀུན་ཏུ་སྣང་། །དེ་ཡི་ཚིག་ནི་རབ་རིག་པ། །དཔའ་དེ་ཆགས་པ་ཟད་པ་ཉིད། ། འབྲས་བུ་གསུམ་ཉིད་འཛིན་པར་བྱེད། །དེ་དེ་གཞན་དུ་དེ་ཡིས་ནི། །ལྷ་ཡི་མཛེས་མས་ཀུན་བསྲུངས་པ། །བརྒྱད་ཀྱིས་འདིར་ནི་དབང་ཞལ་ལས། །སྐྱེས་པའི་དཔའ་བོ་རབ་སྟོབས་དང་། །གཡོ་བའི་སྤྲོ་དགའི་དབང་པོ་དང་། །ཀུན་ནས་གསེར་གྱི་རི་དང་ལྡན། ། ཅོད་པན་ཡང་ནི་ལྷན་ཅིག་གདན། །ལྷ་དང་ལྷ་མིན་ལྷར་བཅས་པའི། །ལྷག་པའི་ཐེག་པ་ཐམས་ཅད་ཀྱང་། །འཇིག་རྟེན་བར་དོའི་སྲིད་པ་དང་། །སྐྱེ་བ་ཁྱོད་ཀྱི་སྲོག་ལ་སོགས། །བྱུང་བ་མཛེས་ལྡན་རང་ཉིད་ཀྱི། །འདི་ཡི་མིག་ནི་དགའ་བ་སྟེ། །གང་རྣམས་ཟླ་བ་ལྟ་ བུར་དཀར། །ལྷ་རྣམས་ཀྱིས་བཟུང་རི་བོང་ཅན། །ཀུན་ད་དུ་ཀུ་དཀར་པོ་ཡི། །གོས་ནི་མནབས་ཉིད་ཙ་ཀོར། །བརྒྱ་བྱིན་འདབ་བརྒྱ་པ་ཡི་མིག །ས་སྲུངས་ཕྲག་པར་ཕྱོགས་གཅིག་འགྲོ། །བླ་མའི་རི་ལ་རི་བོང་ཅན། །རྒྱལ་པོའི་དཔུང་ལྡན་བརྒྱ་བྱིན་ནི། །མིག་བརྒྱ་བརྩོན་ འགྲུས་མ་ཉམས་པས། །གྲངས་དང་ཆུ་གཏེར་ཆུ་འབྱིན་པ། །ཚོགས་ཀྱི་སྒྲ་ནི་དགའ་བ་དང་། དྲི་མེད་སྤྱན་ནི་དགའ་བ་ལའང་། །ཉི་མའི་འོད་ཟེར་དམ་པ་ནི། །རྣམ་པས་ཟས་དང་དྲི་འཁོར་བ། །བུམ་དཀར་གང་བ་སོ་སོ་ཡི། །བུམ་པ་དེ་རྣམས་དབང་བསྐུར་ཞིང་། །ཙནྡན་ས་ མཆོག་ཡན་ལག་བཤད། །གི་བང་ཐིག་ལེ་རྣམ་པར་བཀྲ །ཡན་ལག་དམ་པ་ཡོངས་འདུ་བའི། །དགའ་བ་མཆོག་གི་ཡན་ལག་དང་། །ལུས་མེད་གཞོམ་པའི་ཆེད་དུ་བྱས། །ཡན་ལག་ཆགས་པ་བྱས་མཐའ་ལས། །ཁྲུས་ནི་སྟུག་པོས་མི་འཕོ་བས། །གཞན་དུ་ འཆི་མེད་ལེགས་པ་ནི། །དེ་འོག་ཐལ་མོ་སྦྱར་བ་ཡི། །དུག་གིས་བཏབ་པ་སྨད་པ་ལྟར། །དེ་བཞིན་གཤེགས་པའི་མཆོག་བརྗོད་པའི། །ཆར་ལྡན་ཁྱོད་ཀྱི་ཞལ་དུ་ནི། །སྔོན་ལས་ཁྱོད་ནི་ལམ་གྱི་མགོ། །དྲི་མ་བཞིན་དུ་སྤངས་པ་ཡང་། །མེ་ཏོག་ལྡན་པའི་ཟླ་བ་ལ། ། རྣམ་པར་ཚར་ཕྱིན་ལོངས་སྤྱོད་ལྡན། །བཅིངས་པ་ལྟ་བུར་འདི་རྣམས་ཉིད། །བཙོས་ནས་སྔར་མེད་ཆོ་ག་ཡིས། །བཅུ་པར་ཁྱོད་ནི་ཞི་བ་སྟེ། །མགོན་མེད་འགྲོ་བ་མཐའ་ཡས་ལས། །གང་ཕྱིར་སྲིད་པ་མཐའ་མེད་ཅིང་། །དྲི་མས་ལྷ་དང་ལྷ་མིན་ཡང་། །དེ་ཡི་བརྟུལ་ ཞུགས་ཕན་ཚུན་དུ། །དམ་པའི་སྤྱན་གྱི་འོད་ཀྱིས་སྣང་། །འཁྱིལ་པ་སྤྱན་ཡངས་ཡན་ལག་མཆོག །ཕྱོགས་སུ་ལྷ་རྣམས་གནས་པ་དང་། །མི་རྣམས་བྱང་ཆུབ་རྣམ་སངས་རྒྱས། །རབ་ཏུ་བྱེད་འགྱུར་ཞེས་པ་ནི། །མི་རྣམས་འབྱུང་དང་སྡུད་པའི་ལས། །དེ་ཕྱིར་ རྣམ་པད་ཆུ་སྐྱེས་ནི། །ལྷ་ཡི་ཡན་ལག་དམ་པར་སོན། །དཔའ་བོའི་ཡན་ལག་དཀྲིས་ཆགས་བྲལ། །འཆི་བཞིན་ས་ཡི་ལུས་ཀྱང་འཁོད། །ཀུན་ནས་གཏོད་དང་ཀུན་ནས་སྡུད། །ཡང་དག་ས་དང་ཕྱོགས་དང་ལྡན། །རྣམ་བཞི་མཉམ་པར་བྱང་ཆུབ་ལྡན། །བྱང་ཆུབ་ཤིང་ དྲུང་བདུད་དཔུང་ལས། །རྣམ་པར་རྒྱལ་བ་ཐོབ་པ་དང་། །སངས་རྒྱས་གོ་འཕང་འཕོ་མེད་དང་། །ཀླུ་ཡི་ཤིང་གི་རྩ་བ་རུ། །ཞེ་སྡང་རྩུབ་པོའི་ནགས་རྣམས་ཀྱིས། །རྐང་པ་སྟོང་བུ་མེ་ཡི་ཆེད། །རྨོངས་མུན་དྲི་མ་སྣང་བྱེད་པ། །ཁྲོ་བོའི་མེ་ནི་འབར་བ་ལ། །མི་གཡོ་ རབ་ཏུ་སྦྱིན་པར་བྱེད། །ཕྱག་རྒྱ་རྡོ་རྗེ་ལྟ་བུ་སྒོམ། །གཞལ་བའི་འཁྲི་ཤིང་གཟུགས་བརྙན་བརྟན། །དམར་པོའི་མེ་ནི་འབར་བ་ནི། །འཇིགས་པའི་ཉི་ལྟར་རྣམ་མཛེས་པ། །ཡན་ལག་སྟོབས་བསྐྱེད་ཕྱག་འཚལ་བསྟོད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་རང་གི་སྟན་ལ་འཁོད་དེ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཀུན་ཏུ་གཟིགས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ ཐག་ཏུ་སེམས་དཔའ་ཆེན་པོའི་ཞལ་གྱི་སྒོ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱུང་སྟེ་འོད་ཟེར་དེ་རྣམས་ཀྱིས་གང་གཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་བྱས་པར་གྱུར་ཏོ། །དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་དང་ཡུད་ཙམ་དེ་ ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །གང་སངས་རྒྱས་ཀྱི་ཞིང་དེ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །སེམས་དཔའ་ཆེན་པོ་སྨྲོས་ ཤིག །མཐུ་ཆེན་པོ་སེམས་ཅན་སྡིག་པ་ཅན་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་བ་སྨྲོས་ཤིག །གང་གིས་དེ་ལྟ་བུ་དེ་རྣམས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་ བསྐོར་བ་དང་། ལྷན་ཅིག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་གནང་བ་དང་། ས་ཆེན་པོ་རི་དང་། ནགས་དང་། ཕུག་ཏུ་བཅས་པ་འདི་རབ་ཏུ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྔགས་བཤད་པར་བརྩམས་སོ། །དང་པོར་རེ་ཞིག་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་མཐོང་བས་སློབ་དཔོན་དང་མཚུངས་ པའི་རྗེས་སུ་གནང་བ་ཐོབ་ཅིང་དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། སེམས་ཅན་རྣམས་ཀྱི་སྟོབས་དང་། སྟོབས་མ་ཡིན་པ་ཤེས་པ། སེར་སྣ་མེད་ཅིང་གཡོ་སྒྱུ་མེད་པས་ནག་པོ་མེད་ཅིང་ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བ་དྲི་ངན་པ་མེད་པས་དབང་པོ་མ་ཚང་བ་མ་ཡིན་པ། མཛེས་ པ། སྙིང་སྟོབས་དང་ལྡན་པས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྙིང་རྗེ་དང་ཡང་དག་པར་ལྡན་པར་གྱུར་པ། སེམས་ཅན་གྱི་དགོངས་པ་དང་། བསམ་པ་ཤེས་པ་དང་། སངས་རྒྱས་ དང་། ཆོས་དང་། དགེ་འདུན་ལ་མངོན་པར་དང་བ། ཆ་མང་པོ་མངོན་པར་ཤེས་པ། གསལ་ཞིང་གསལ་བར་སྨྲ་བ། དཀྱིལ་འཁོར་བྲི་བའི་ལས་ལ་བྱང་བ། རིག་གསུམ་གང་ཡང་རུང་བའི་རིག་པ་ལ་སོགས་པས་སྔོན་དུ་བསྙེན་པ་བྱས་པ། ཕྱག་དང་ དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བ་ཤེས་པ། མཆོད་རྟེན་གྱི་ལས་བྱས་པ། ཧ་ཅང་མི་རྒན་བྱིས་པ་དང་། རིགས་དམའ་བར་སྐྱེས་པ་མ་ཡིན་པ། གཞོན་ཞིང་ལང་ཚོ་དང་ལྡན་པ་དང་། ཚུལ་བཟང་པོའི་སྒྲུབ་པ་པོས་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སོ། ། དེ་ནས་འདི་ལྟ་བུའི་སློབ་དཔོན་གྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ཆོ་ག་བརྩམ་པར་བྱ་སྟེ། ནུས་མེད་འདུལ་ཉེས་མ་ཡིན་པ། །དཀྱིལ་འཁོར་ཡང་དག་རབ་སྦྱར་བྱ། །རྨོངས་པའི་སེམས་དང་ཆགས་ཅན་ལ། །དཀྱིལ་འཁོར་བསྟན་པར་ཡང་མི་བྱ། །གང་ཞིག་ བསླབ་ལ་ཡུད་ཙམ་ཡང་། །ལྷག་པར་འགྲོ་བའི་ལུས་ཅན་དེས། །མཐོ་རིས་ཐར་པ་ཡང་དག་འགྲུབ། །ཡིད་ཀྱི་དབང་ཕྱུག་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་རྗེས་ཞིག་པའི། །དངོས་གྲུབ་དམིགས་པ་ཉིད་མི་འགྱུར། །བྱང་ཆུབ་རྩ་བར་རིག་ཐོབ་པའི། ། སེམས་དེ་ལས་ནི་ཡང་དག་བརྩམ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རབ་ཏུ་དང་བའི་སེམས་ཅན་རྣམས། །བདག་ཉིད་ཁོ་ནར་རབ་རྟོགས་བྱ། །དེ་ལ་བསྟན་བྱའི་དཀྱིལ་འཁོར་བྲི། །དེ་ནས་དཀྱིལ་འཁོར་སློབ་ དཔོན་གྱིས། །སྟོབས་ཀྱིས་སྔོན་འདུལ་སི་ཐའི་ལུས། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །གྲོང་དང་གྲོང་ཁྱེར་གྲོང་རྡལ་དང་། །ལྗོངས་རྣམས་སུ་ནི་བྱང་ཤར་གྱི། །ཕྱོགས་ཀྱི་ཆ་རུ་མཆོད་ཡོན་བྱིན། །ས་ཡི་མཐིལ་དུ་དེ་ཇི་ལྟར། །ས་ཕྱོགས་སྔགས་ལ་སྔགས་འགྱུར་བ། ། སྣུན་དང་ལྗོན་ཤིག་མེ་ཏོག་བཟང་། །འབྲས་བུ་ཡང་དག་མང་པོ་ཅན། །རྒྱུན་མི་འཆད་པར་འབབ་པའི་ཕྱོགས། །དཀར་དང་སེར་བའི་ས་གཞི་ལ། །གྱོ་མོ་བོང་བ་གསེག་མ་བྲལ། །རྔ་བོ་ཆེ་ཡི་སྒྲ་དབྱངས་དང་། །ལམ་གྱི་བཞི་མདོ་དུར་ཁྲོད་དང་། ། ལྷ་གཞན་ཡོངས་སུ་བཟུང་བ་དང་། །ཤིས་ཤིང་སྡུག་བསྔལ་རྫོགས་སྤངས་ལ། །གང་དུ་ཀུན་ནས་རྒྱང་གྲགས་ལྔའི། །ཚད་དུ་ཆུ་ཀླུང་ལྟེང་ཀ་དང་། །མཚོ་ཕན་ཆུ་བོ་རབ་འབབ་པ། །ལྗོན་ཤིང་མཆོད་རྟེན་ལྷ་ཁང་དང་། །མེ་ཏོག་ཉིད་ནི་དུས་རྒྱུན་དུ། །ཤིན་ཏུ་ རྒྱ་ཆེན་ཡང་དག་ལྡན། །ཆོ་འཕྲུལ་ཕྱོགས་ནི་གང་རུང་ལ། །དེ་ནས་བཅོམ་ལྡན་འདས་མ་ཡི། །དཀྱིལ་འཁོར་སློབ་དཔོན་ས་ཕྱོགས་དེར། །ཉི་མ་གུང་ལ་སོང་ནས་ནི། །རལ་པ་གཅིག་མའི་སྙིང་པོ་ཡི། །མངོན་པར་མཛེས་པའི་ལས་བྱའོ། །ཐོག་མར་རབ་ དག་སེམས་ཅན་ཀུན། །བྱམས་དང་སྙིང་རྗེ་དང་ལྡན་པས། །དཀྱིལ་འཁོར་གནས་དེར་ཡིད་ཀྱིས་དམིགས། །དགེ་བའི་རིག་པ་གདོན་པར་བྱ། །སྒྲོལ་མའི་སྙིང་པོ་དམ་པ་དང་། །དེ་བཞིན་དབྱངས་ནི་རྗེས་སུ་གདོན། །འདིར་ནི་སངས་རྒྱས་མཆོད་དོན་དུ། །དཀྱིལ་ འཁོར་ལུས་ཅན་ཀུན་གྱིས་བྲི། །ཕྱོགས་ཀྱིས་འགྲོ་བའི་གནས་སུ་གནས། །ཐོག་མར་གཏོར་མ་བྱིན་བྱས་ནས། །དྲི་ཡི་ཡམ་ཤིང་ཡང་དག་ལྡན། །གནས་སུ་གནས་པས་ཀུན་ཟོས་ནས། །གོ་རིམས་བཞིན་དུ་སྤྱན་དྲང་བའི། །དབྱངས་ཀྱིས་ཚིག་འདི་བརྗོད་པར་ བྱ། །སློབ་དཔོན་མིང་ནི་ཆེ་གེ་བདག །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་དག་ནི་བྲི་བར་འཚལ། །བདག་དང་སེམས་ཅན་ཀུན་གྱིས་གང་། །བདག་མཐར་གདུག་པའི་སེམས་མེད་པ། །བསྐྱེད་ཅིང་བཀུར་སྟིར་བྱེད་པ་དང་། །སངས་ རྒྱས་བསྟན་ལ་རབ་དད་པའི། །སེམས་ཅན་རྣམས་ལ་ཕྱིར་ཞིང་ནི། །མང་དུ་རབ་ཏུ་དད་པའི་ཆེད། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད། །དེ་ནས་སེམས་ཅན་དེ་རྣམས་ནི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་ གྱིས། མཚན་མོ་མཐོང་བ་སྦྱིན་པར་བྱེད། །དེ་ནས་བྲིས་པའམ་གཞན་དུ་སོང་། །ཐོ་རངས་རྨི་ལམ་རྣམ་པར་སྤྱད། །ས་ཡི་ཕྱོགས་དེར་སོང་ནས་ནི། །ཁྲུ་བརྒྱ་ཡི་ནི་ཚད་དུ་ཡང་། །ཀུན་ནས་གྲུ་བཞི་པ་རུ་བྱ། །ཕྱི་རོལ་དཔག་ཏུ་མེད་པ་ཡི། །དཀོན་མཆོག་ གསུམ་གྱི་ཚད་སོང་ནས། །ས་ལ་ཤིང་དང་ཕུབ་མ་དང་། །ཐལ་བ་སོལ་བ་སོ་ཕག་དང་། །སྐྲ་དང་སེན་མོ་མཆོད་སྦྱིན་གྱི། །སོ་ཕག་ནག་པོ་ལ་སོགས་གང་། །གཞན་ཡང་དཀྱིལ་འཁོར་དགེ་བ་ཡི། །མི་དགེའི་ཟུག་རྔུ་ཐམས་ཅད་ཀུན། །ལྷག་མ་མེད་པར་ བས་ལ་ནས་ནི། །ས་ཡི་གོང་བུ་དེ་ཉིད་དུ། །གཞན་ཡང་ཆུ་ཀླུང་ཆེན་པོ་ཡི། །འགྲམ་གཉིས་ས་ནི་སྦྱང་བྱས་ནས། །རབ་ཏུ་བཅུག་སྟེ་ཐོབས་བརྡུང་། །ཙནྡན་ཆུ་ཡིས་ཡང་དག་གཏོར། །དེ་ལྟར་བྱས་ནས་མ་ལྟུང་བའི། །བ་བྱུང་ཙནྡན་ཆུ་བསྲེས་ནས། །ཁྲུ་བརྒྱད་ པ་ཡི་ཕྱོགས་སུ་ནི། །ཕྱི་རོལ་གྱིས་ཀྱང་ཁྲུ་བཅུ་ཡི། །ཚད་དུ་ཡོངས་སུ་སྦྱངས་པ་ལ། །གསོ་སྦྱོང་སྦྱིན་ནས་བྱུག་ཏུ་གཞུག །ཇི་སྲིད་ས་ཡི་ཕྱོགས་དེར་ནི། །ཤིན་ཏུ་འཇམ་ཞིང་ཤིན་ཏུ་ནི། །ལེགས་པར་རྫོགས་པར་སྐྱེས་ཀྱི་བར། །དེ་ལྟར་ཉི་མ་བདུན་དུ་ནི། ། དེ་ནས་ཁྲུ་བཞིའི་ཚད་དུ་ནི། །གྲྭ་བཞི་སེང་ལྡེང་ཕུར་བུ་བརྒྱད། །སོར་མོ་བཅུ་གཉིས་ཚད་དུ་བྱ། །གཞོན་ནུ་མས་བཀལ་སྲད་བུ་ནི། །ཚོན་སྣ་ལྔ་པ་ལེགས་འཇམ་པ། །ཤིན་ཏུ་སྲ་བ་བཅོམ་ལྡན་མའི། །རྩ་བའི་སྙིང་པོ་ལན་བདུན་གྱིས། །བསྔགས་པས་ཕུར་བུ་ལ་ དཀྲིས་ནས། །བདུན་བྱས་སྲོད་ལ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །གཙང་མའི་གོས་ནི་བགོས་པ་ཡིས། །དཀྱིལ་འཁོར་ས་ཡི་དབུས་དེ་རུ། །རྩ་བ་ནག་པོ་མེད་པ་ཡི། །བུམ་བླང་དྲི་ཡི་ཆུ་དང་ནི། །མེ་ཏོག་སྒྲོན་མས་བཀང་བ་ལ། །མགྲིན་པར་མེ་ ཏོག་ཕྲེང་བར་དཀྲིས། །ཨ་མྲའི་ཡལ་འདབ་ཁ་དགབ་བྱ། །པུས་མོ་དག་ནི་ངེས་བཙུགས་ནས། །རྩ་བའི་རིག་པ་བདུན་བྱས་ཏེ། །ཡང་ན་ཉི་ཤུ་རྩ་གཅིག་བརྗོད། །དེ་ནས་ཕྱོགས་བཅུར་ཀུན་བལྟས་ནས། །འདི་ནི་བསྒྲག་བྱ་ཆེ་གེ་དག །གནས་འདིར་སངས་རྒྱས་མཆོད་ པའི་ཕྱིར། །སེམས་ཅན་ཀུན་གྱི་ཏིང་འཛིན་ནི། །བསམ་བྱས་དཀྱིལ་འཁོར་བྲིས་པ་འདིར། །སངས་རྒྱས་ཕན་པར་མཛད་པ་ཀུན། །དཀྱིལ་འཁོར་དུ་ནི་བྱོན་པར་མཛོད། །ད་ལྟ་འདིར་ནི་བྱོན་ནས་ཀྱང་། །བདག་གི་མཆོད་ཡོན་བཞེས་སུ་གསོལ། །དེ་དབུས་ཉིད་དུ་བརྟག་བྱ་ བ། །གནས་སུ་བྲིས་པའི་བཅོམ་ལྡན་འདས། །སྤྱན་དྲང་བྱ་ཞིང་ལྷ་རྣམས་ཀྱི། །གནས་མདོར་བསྟན་ནས་བརྗོད་པར་བྱ། །དགའ་ལྡན་དུ་ནི་བྱང་ཆུབ་སེམས། །འཇིག་རྟེན་གཞན་དུ་གང་གནས་པ། །དེ་བཞིན་ཁ་བའི་གནས་སུ་དང་། །གང་ལྡན་པདྨའི་དབང་ཕྱུག་འབྱུང་། །ལྕང་ ལོ་ཅན་དུ་ནོར་དབང་ཕྱུག །ཏེ་སེ་རུ་ནི་བདེ་བྱེད་བཤད། །མཆོད་ཡོན་སྣོད་ནི་བཀང་བ་ཡིས། །དེ་རྣམས་གནས་ནི་རྣམ་བསམ་བྱ། །དེ་ནས་ཞལ་ནི་སྲུབ་བསྙེན་བཀུར། །དཀྱིལ་འཁོར་ལས་རྣམས་ཐམས་ཅད་ལ། །མིང་དང་གནས་ནི་ཡོངས་ཉམས་ན། །ཕྱིན་ཅི་ལོག་ཏུ་ལྡོག་ པར་འགྱུར། །དེ་ལྟར་ཉི་མ་བདུན་དུ་ནི། །ཉིན་རེ་ཉིན་རེ་ཙནྡན་གྱི། །ཆུ་ཡིས་བྱུག་ཏུ་གཞུག་པར་བྱ། །མཚན་མོའི་ཐུན་ལའང་དེ་བཞིན་བྱ། །བར་འདིར་ཡོ་བྱད་ཐམས་ཅད་ནི། །