Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
ན་དབུལ་བར་བྱའོ། །དེ་ནས་དེ་རྣམས་བདག་གིས་ཅི་བགྱི་བ་བརྗོད་པར་བྱའོ་ཞེས་སྟོན་པར་བྱེད་དོ། །གནོད་སྦྱིན་བདག་གི་བཀའ་སྒྲུབ་པར་གྱུར་ཅིག་དེ་བཞིན་དུ་གྱུར་ཅིག་ཅེས་བྱས་ན་

མི་སྣང་བར་འགྱུར་རོ། །དེ་ནས་བརྒྱ་ཕྲག་དུ་མའི་འཁོར་སོ་སོ་ལ་ལྷའི་གཞལ་དུ་མེད་པའི་བཟའ་བ་སོ་སོར་སྩོལ་བར་བྱེད་དོ། །ལྷ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་དང་། བཅུད་དང་བཅུད་ལེན་དང་། སྨན་རྣམས་རབ་ཏུ་སྩོལ་བར་བྱེད་དོ། །ཡང་
ན་གང་ཚོལ་བ་དེའོ། །གནས་གང་དུ་གནོད་སྦྱིན་མོ་རྣམས་ཀུན་ཏུ་གནས་པ་དེར་ས་ལམ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་བྱས་ནས་འབུམ་ཟློས་ཤིག །དེ་ནས་སེང་ལྡེང་གི་སོལ་བ་དུ་བ་མེད་པ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་
སྲེག་བྱ་སྟེ་ཇི་སྲིད་ཐོ་རངས་ཀྱི་དུས་ལ་ཇི་ལྟར་མངོན་པར་འདོད་པའི་ལྷ་རྣམས་འོང་པར་བྱེད་པ་དེ་སྲིད་དུའོ། །ལྷན་ཅིག་མཆོག་སྩོལ་བར་བྱེད་དོ། །ཡང་ན་ལྷའི་སྨན་སྩོལ་བར་བྱེད་དོ། །ཟོས་ན་ཚེ་བསྐལ་པར་འགྱུར་རོ། །བཏུ་ཤཱཪྠི་དང་། དུར་བྷ་དང་། ཚེར་མ་རྣམས་
མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །གོས་རྙེད་དོ། །ཤུ་དག་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་ཁར་བཅུག་ན་ཐ་སྙད་འདོད་པ་སྨྲ་བའི་མཆོག་ཏུ་འགྱུར་རོ། །དྲི་ཞིམ་པོའི་ཏིལ་མར་ལ་ཡོངས་སུ་བཟླས་ནས་ཁལ་སྐུས་ཤིག །
རྒྱལ་པོའི་ཁབ་ཏུ་སྨྲ་བའི་མཆོག་ཏུ་འགྱུར་རོ། །མིག་སྨན་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་མིག་ལ་མིག་སྨན་དུ་བྱའོ། །ཐ་སྙད་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཉི་ཟླ་གཟས་བཟུང་བ་ན་རྣ་བའི་མིག་སྨན་ཁར་བཅུག་ནས་ཇི་སྲིད་གྲོལ་བ་དེ་སྲིད་དུ་
བཟླས་པར་བྱའོ། །དེ་ནས་དེ་ལ་བསྲུང་བ་བྱས་ནས་ཡང་དག་པའི་ཆོ་གས་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་མིག་ལ་མིག་སྨན་དུ་བྱའོ། །མི་སྣང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལའོ། །ར་ས་རིས་ཀྱི་སྤྱན་སྔར་འབུམ་སྦྱིན་སྲེག་
བྱའོ། །དཔལ་མོ་མཐོང་ངོ་། །གང་མཆོག་སྩོལ་བར་བྱེད་པའི་མཆོག་རྙེད་དོ། །མི་སྨྲ་བར་སློང་མོ་ཟ་བས་འབུམ་ཟློས་ཤིག །མི་སྣང་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་འབུམ་ཟློས་ཤིག །དེ་ནས་གྲུབ་པར་འགྱུར་རོ། །

ཁུ་ཚུར་བཅིངས་པས་མི་སྣང་བར་འགྱུར་ཏེ་བཀྲོས་པ་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ་ཆུ་ཀླུང་གི་འགྲམ་དུ་རས་རིས་བཞུགས་སུ་གསོལ་ནས་པདྨ་འབུམ་གྱིས་སྦྱིན་སྲེག་བྱ་སྟེ་དཔལ་མོ་མཐོང་ངོ་། །མཱ་ཥས་དེ་བཞིན་དུ་མཆོག་སྩོལ་
བར་བྱེད་དོ། །ཆོ་ག་འདི་ཉིད་ཀྱིས་ཨུཏྤ་ལ་སྔོན་པོས་འབུམ་སྦྱིན་སྲེག་བྱ་སྟེ་གཏེར་མཐོང་ངོ་། །གུ་གུལ་གྱི་རིལ་བུས་འབུམ་སྦྱིན་སྲེག་བྱ་སྟེ་དོང་ཙེ་འབུམ་རྙེད་དོ། །དྲི་ཞིམ་པོའི་མེ་ཏོག་འབུམ་སྦྱིན་སྲེག་བྱ་སྟེ་གོས་བྱེ་བ་རྙེད་དོ། །གུ་གུལ་གྱི་བདུག་པ་བརྒྱད་བརྒྱས་ཡིད་ལ་
མངོན་པར་འདོད་པ་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་ཉི་མ་སོ་སོར་ཡུངས་ཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ཉི་མ་གསུམ་ལ་དོང་ཙེ་ཉི་ཤུ་རྩ་ལྔ་རྙེད་དོ། །ཆོ་ག་འདི་ཉིད་ཀྱིས་མཚན་མོ་བདུན་དུ་སྦྱིན་སྲེག་བྱའོ། །དོང་ཙེ་ཡང་དག་པར་རྙེད་དོ། །ལན་ཚྭ་ལས་བྱུང་བའི་གཟུགས་
བརྙན་བྱས་ནས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །འདོད་པའི་སྐྱེས་བུ་དང་བུད་མེད་དེ་དབང་དུ་འགྱུར་རོ། །བཞི་གས་ཀྱང་གོས་སོ། །ཡུངས་ཀར་ལ་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཉི་མ་གསུམ་གྱིས་བགེགས་ཐམས་ཅད་ཉེ་བར་
ཞི་བར་བྱེད་དོ། །ཆུར་རྐང་པ་གཅིག་བཅུག་ནས་དེ་བཞིན་དུ་ཐང་ལ་སྟེ། ཇི་སྲིད་དུ་ཆུར་གནས་པའི་རྐང་པ་ཡང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སྡིག་པ་ལས་གྲོལ་བར་འགྱུར་རོ། །ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་སྐེ་ཚེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་
བྱ་སྟེ་ཉི་མ་བདུན་གྱིས་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་དོ། །ཚངས་མ་དང་། སླེ་ཏྲེས་དང་། ཤུ་དག་དང་། པི་པི་ལིང་གི་ཕྱེ་མ་ཆ་མཉམ་པར་བྱས་ནས་སྦྲང་རྩི་དང་ལྷན་ཅིག་པས་འཕགས་པ་འཇམ་དཔལ་གྱི་སྤྱན་སྔར་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་པར་
བྱས་ཏེ་ཉི་མ་བདུན་ལ་དེ་བཞིན་དུ་ཡིད་གཞུངས་པར་འགྱུར་རོ། །ཉིན་མཚན་བདུན་ཕྲག་གཉིས་ཀྱིས་མཆོག་ཏུ་ཡང་ཡིད་གཞུངས་པར་འགྱུར་རོ། །ཟླ་བ་གཉིས་ཀྱི་སྦྱོར་བས་ཐོས་པ་འཛིན་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་རམ་གཟུགས་བརྙན་གྱི་སྤྱན་སྔར་

སྟོང་ཕྲག་བརྒྱད་བྱས་ནས་ཕྱིས་ཀློག་པར་བྱེད་དོ། །དེ་བཞིན་དུ་ཉི་མ་སོ་སོ་ལ་མི་སྨྲ་བར་བཟླས་པར་བྱའོ། །ཡིད་གཞུངས་པར་འགྱུར་རོ། །བཅིངས་པའམ་འགགས་པར་ཡང་རུང་སྟེ། བཟླས་པ་ཙམ་ཉིད་ཀྱིས་གྲོལ་ལོ། །ཆོམ་རྐུན་ལ་བལྟས་ནས་བཟླས་པས་ཆོམ་
རྐུན་གྱིས་མི་ཚུགས་སོ། །ཏིལ་མར་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་མགོ་ལ་སྐུས་ཤིག་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ་
ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་བཏུང་བར་བྱའོ། །ཉི་མ་བདུན་གྱིས་ཡིད་གཞུངས་པར་འགྱུར་རོ། །སྔོན་གྱི་ཚིག་བླ་དགས་ཉམས་པར་བྱེད་དོ། །ཚངས་མའི་ཁུ་བ་ཞོ་གང་དང་། འོ་མ་ཞོ་གང་དང་། སྦྲང་རྩི་ཞོ་གང་ལ་བརྒྱད་བརྒྱར་ཡོངས་
སུ་བཟླས་ནས་ཉི་མ་རེ་རེ་བཏུང་བར་བྱ་སྟེ། ཇི་སྲིད་མཚན་མོ་ཉི་ཤུ་རྩ་གཅིག་གི་བར་དུའོ། །ཡིད་གཞུངས་པར་འགྱུར་ཞིང་། ལྔ་བརྒྱ་འཛིན་པར་བྱེད་པ་དང་། འཆང་བར་བྱེད་ཅིང་སྲུང་ངོ་། །ཆུ་ལ་ལན་བདུན་བཟླས་ནས་མགོ་བོར་བླུགས་པས་དཀྱིལ་འཁོར་བཅིང་
བའོ། །སེང་ལྡེང་གི་ཕུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་དང་། གུ་གུལ་གྱི་བདུག་པས་སྟོན་པར་བྱེད་དོ། །དུག་གསོ་བ་ལ་ཆུ་གྲིས་སོ། །ལན་བདུན་བཟླས་པའི་ཡལ་འདབ་ཀྱིས་གདོན་འཇོམས་པར་བྱེད་དོ། །མེ་ཏོག་དཀར་པོའམ་གུ་གུལ་གྱི་བདུག་པས་
གདོན་གྱིས་ཟིན་པ་རྣམས་ལའོ། །ཁྲུས་སམ་སྲད་བུས་བདག་ཉིད་འཆིང་བའོ། །ཡུངས་ཀར་དཀར་པོ་དང་ཏིལ་འདྲེས་པ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་མཚན་མོ་བྱ་སྟེ་མཆོག་སྦྱིན་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཟླ་བ་ཉ་ལ་དང་
པས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བུམ་པ་གང་བ་བརྒྱད་དང་ཕྲེང་བ་བརྒྱད་དང་། ཨ་ག་རུ་དང་། ཏུ་རུ་ལྐ་དང་། ཙནྡན་དང་། ཀུན་ཏུ་རུ་ཀའི་བདུག་པ་སྲེག་ཅིང་བཟླས་པར་བྱའོ། །ལུས་ཀྱི་དངོས་གྲུབ་རབ་ཏུ་སྩོལ་ལོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་

དུ་འོ་མ་དང་ནས་ཟན་ཟ་ཞིང་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །རྨུགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་ལ་སོགས་པའི་ལས་རྣམས་ནུས་པར་འགྱུར་རོ། །ཕྱེ་ཟ་ཞིང་ཆུ་ཀླུང་གི་ཆུར་ཞུགས་ནས་འབུམ་བཟླས་
པར་བྱའོ། །དབང་དུ་བྱེད་པ་དང་། མི་སྣང་བ་དང་། ལྡོང་རོས་ལ་སོགས་པས་སྒྲུབ་པ་རྣམས་ནུས་པར་འགྱུར་རོ། །ཀླུའི་གནས་སུ་ཀརྦཱ་པའི་བཏུས་པའི་སྦྱིན་སྲེག་བྱའོ། །ཀླུ་རྣམས་དབང་དུ་འགྱུར་རོ། །གང་ཚོལ་བ་དེ་རྙེད་དོ། །ལག་པ་གཡས་པའི་སོར་མོ་
ལ་སྲུང་བ་མངོན་པར་བསྔགས་པ་བྱས་ནས་རྒྱལ་པོའི་མཐར་ཟློས་ཤིག །དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཁོ་ནས་རྒྱལ་པོ་དང་། མ་ཧེ་དང་། སྟག་དང་། གཟིག་ལ་སོགས་པ་འཇིགས་པར་བྱེད་དོ། །ཏིལ་གྱི་སྦྱིན་སྲེག་གིས་རོ་ལྡན་མ་དབང་དུ་བྱེད་དོ། །ཤ་འཚོང་
བས་བདག་ཉིད་སྲུང་བ་དང་གཞན་སྲུང་བའོ། །ལན་བདུན་མངོན་པར་བསྔགས་པས་གཙུག་ཏོར་བཅིང་བའོ། །གཡུལ་དང་རྒྱལ་པོའི་ཕོ་བྲང་དུ་རྩོད་པ་ལ་བཟླས་པས་རྒྱལ་བར་འགྱུར་རོ། །ཆུས་མངོན་པར་དབང་སྐུར་བར་བྱེད་པར་འདོད་པས་རྩ་བ་དང་།
ནག་པོ་ལ་སོགས་པ་མེད་པའི་བུམ་པ་བཞི་ཡལ་འདབ་ཀྱིས་ཁ་བརྒྱན་ཏེ་འབབ་ཆུ་དང་། དྲི་དང་ས་བོན་ཐམས་ཅད་བཅུག་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ཏེ་ཆུ་དེས་བདག་ཉིད་ལ་མངོན་པར་དབང་བསྐུར་ན་བདག་བགེགས་དང་ལོག་པར་འདྲེན་པ་
ཐམས་ཅད་ལས་གྲོལ་ལོ། །སྐོམ་པ་ངང་རིམས་ལས་དྲིའི་ཆུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་མངོན་པར་གཏོར་བར་བྱ་སྟེ་རང་གནས་སུ་འགྱུར་རོ། །རོ་ལངས་ལ་སང་ལྡེང་གི་ཕུར་བུས་བྱས་པའི་སྦྱོར་བས་རབ་ཏུ་འབད་པ་འཁྲུལ་འཁོར་ལེགས་པར་
བྱས་ནས་ཕྱོགས་བཞིར་སྐྱེས་དུ་ལག་ན་རལ་གྲི་ཐོགས་པ་བཞི་བཞག་སྟེ་སྟིང་གར་ཉེ་བར་འདུག་སྟེ་ལྕགས་ལས་བྱས་པའི་བླུགས་གཟར་གྱིས་ལྕགས་ཀྱི་བྱེ་མའི་སྦྱིན་སྲེག་བྱའོ། །འདིའི་ཁ་ནས་ལྕེ་ངེས་པར་འབྱུང་སྟེ་རལ་གྲི་རྣོན་པོས་བཅད་ནས་ཨུཏྤལ་སྔོན་པོ་དང་

མཚུངས་པའི་རལ་གྲིར་འགྱུར་རོ། །དེ་བླངས་པས་འཁོར་དང་བཅས་པ་སྐྱེ་བར་འགྱུར་ཏེ་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ལོ་བྱེ་བ་ཕྲག་བཅུ་གཅིག་ཏུ་འཚོ་བར་བྱེད་དོ། །དུས་ལ་བབ་པ་དང་ལྷ་རྣམས་སུ་ཉེ་བར་སྐྱེ་བར་འགྱུར་རོ། །ལྕགས་ལས་བྱུང་
བའི་དཔྲལ་རིས་པུབ་པ་མཚན་ཉིད་དང་ལྡན་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་འབུམ་བཟླས་པར་བྱའོ། །མཚན་མོ་བདུན་དུ་ལྷག་པར་གནས་པ་བྱས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ། དེ་ནས་ནག་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་
པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མའི་ཆོ་ག་བྱས་ནས་བསྲུང་བ་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བྱས་ཏེ། འཕགས་པའི་དགེ་འདུན་ལ་ཇི་ལྟར་ནུས་པའི་སྟོན་མོ་བྱས་ནས་ཞབས་གཉིས་ལ་ཕྱག་བྱས་ཏེ་འཕགས་པའི་དགེ་འདུན་ལ་རྗེས་སུ་
གནང་བ་ཞུ་བར་བྱའོ། །རས་རིས་ཀྱི་སྤྱན་སྔར་ཡུངས་ཀར་གྱི་ཕུང་པོ་བྱས་ནས་དེ་ལ་གོང་ནས་གོང་དུ་བཟླས་པ་དབུལ་བར་བྱའོ། །གདོན་འཇུག་པ་ཐམས་ཅད་ལ་གུ་གུལ་གྱི་བདུག་པས་སོ། །དུས་མ་ཡིན་པའི་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །རླུང་དང་སྤྲིན་
ཐམས་ཅད་གནོན་པ་ལ་བཟླས་པས་སོ། །ཡུངས་ཀར་ལ་བཟླས་ནས་དེ་མནན་པས་ནམ་མཁར་གཏོར་བར་བྱ་སྟེ། ཆུ་རེངས་སོ། །སེང་ལྡེང་གི་ཕུར་བུ་ལ་ལན་བདུན་བཟླས་པས་ས་ལ་བརྐོ་བར་བྱའོ། །དགྲ་འམ་མཚོན་ཆ་ཐམས་ཅད་གནོན་པར་འགྱུར་རོ། །
འཐབ་པ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་ལ་ཚོན་སྣ་ལྔ་པའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་གསང་གནས་སུ་གདགས་པར་བྱ་སྟེ། འཁྲུག་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་རྣམས་རྣམ་པར་གནོན་
པར་འགྱུར་རོ། །དུག་ཐམས་ཅད་དང་སྔགས་རྣམས་ལ་ཆུ་ལ་ལན་བདུན་བཟླས་པས་སྦྱིན་སྲེག་བྱ་སྟེ་དུག་མེད་པར་འགྱུར་རོ། །ནོར་འདོད་པས་གཙང་མས་གོས་གཙང་མ་བགོས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀུན་ཏུ་རུའི་བདུག་སྤོས་

དབུལ་བར་བྱའོ། །རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་བྱེད་དོ། །སྟོང་ཕག་བདུན་བཟླས་པས་དངུལ་སྦྱིན་པར་བྱེད་དོ། །ཐམས་ཅད་དབྱེ་བ་ལ་ཐལ་བས་སོ། །ལོངས་སྤྱོད་དོན་དུ་གཉེར་བའི་ཆུ་ཀླུང་འདུས་པ་འམ་ལྟེང་ཀར་གཙང་མའི་ཕྱོགས་
སུ་རས་རིས་བཞུགས་སུ་གསོལ་ནས་བཟླས་པ་དང་སྦྱིན་སྲེག་བརྩམ་པར་བྱའོ། །པདྨ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱའོ། །ཡང་ན་འབུམ་ཕྲག་གཉིས་སོ། །དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །སྦྱིན་སྲེག་འབུམ་ཕྲག་
གསུམ་གྱིས་མི་སྣང་བར་འགྱུར་རོ། །སྦྱིན་སྲེག་འབུམ་ཕྲག་གསུམ་གྱིས་རྒྱལ་སྲིད་སོ་སོར་རྙེད་དོ། །སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་གིས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །གང་བླངས་པ་དེ་རྙེད་དོ། །ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བ་དང་།
ཕུར་བུ་རབ་ཏུ་འཇུག་པ་ལ་སོགས་པ་བྱེད་དོ། །དུར་བྷ་ལ་མར་གྱིས་བཏགས་པ་འབུམ་བསྲེག་པར་བྱའོ། །ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །ཞོ་དང་སྦྲང་རྩི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །མཚན་མོ་ཉི་ཤུ་རྩ་གཅིག་གིས་རྒྱས་
པར་འགྱུར་རོ། །དོང་ཙེ་སྟོང་རྙེད་དོ། །བུ་རམ་ལ་རབ་གཞག་པར་བྱ་སྟེ་དགྲ་ཐམས་ཅད་རེངས་པར་འགྱུར་རོ། །བ་བྱུང་གི་དཀྱིལ་འཁོར་བྱས་ནས་སྲད་བུ་གསང་བའི་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ་གུ་གུལ་གྱི་བདུག་པ་ཕུལ་ནས་སྔགས་བཟླས་པར་བྱའོ། །
གལ་ཏེ་འཚོ་ན་སྲད་བུ་གར་བྱེད་དོ། །མི་འཚོ་ན་གར་མི་བྱེད་དོ། །བ་བྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས་མེ་ཏོག་དང་བདུག་པ་ཕུལ་ཏེ་དེར་གནས་པས་བཟླས་པ་བྱའོ། །དགྲ་རྣམས་ལ་ལན་བདུན་བདུན་ཡོངས་སུ་བཟླས་ནས་སའི་གནས་སུ་གདབ་བོ།། །།བྱད་
སྟེམས་ཐམས་ཅད་མེད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ལ་དབྱུག་པ་ལ་ཡོངས་སུ་བཟླས་ནས་དེར་འཕང་བར་བྱ་སྟེ། གནོད་པ་མེད་པར་འགྱུར་རོ། །བརྗེད་བྱེད་འཇུག་པ་ལ་ཨ་པཱ་མརྒའི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་ནག་པོ་དང་ཀར་བཱི་རའི་མེ་ཏོག་དཀར་

པོ་སྲེག་པའི་སྦྱིན་སྲེག་བྱའོ། །བརྗེད་བྱེད་ཀྱི་གདོན་ཉམས་པར་བྱེད་དོ། །གདོན་ཐམས་ཅད་ལ་སྲད་བུ་ནག་པོ་བཅིང་བར་བྱའོ། །ཡེ་འདྲོག་དང་། འབྲས་དང་། ཕོལ་མིག་དང་། བཙོག་ཤུ་དང་། ཁྱི་རྔོ་གཅོད་པ་ལ་ས་དཀར་པོ་སྟེ་སེམས་ཅན་ཐམས་ཅད་ལ་གནོད་པ་
མེད་པར་འགྱུར་རོ། །ཉི་ཟླ་གཟས་བཟུང་བ་ན་སྨྱུང་བར་གནས་པ་བྱས་ནས་ཏིལ་མར་ལ་ཡོངས་སུ་བཟླས་ཏེ་ཏིལ་མར་གྱིས་གདོང་ལ་བསྐུས་ནས་དགྲའི་ཁྱིམ་དུ་འཇུག་པར་བྱ་སྟེ་བྱམས་པའི་སེམས་སུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་སོ་སོར་འབྲང་བ་བརྒྱད་བརྒྱར་མངོན་པར་
བསྔགས་པར་བྱས་ནས་ལག་པ་ལ་བཅིངས་པས་གཡུལ་དུ་འཇུག་པར་བྱ་སྟེ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །དུས་ཉིད་དུ་ལངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀྱིལ་འཁོར་བྱས་ནས་ཆུ་ཁྱོར་བ་གསུམ་པོ་རེ་རེ་ལ་ལན་བདུན་ཡོངས་སུ་བཟླས་ནས་བཏུང་
བར་བྱའོ། །ཡིད་ཀྱིས་བརྗོད་པས་བཙོ་བར་བྱ་སྟེ་ཇི་སྲིད་དུ་ཚོས་ཀྱི་བར་དུའོ། །དེ་ནས་ཟས་ཁམ་དང་པོ་ལ་ལན་གསུམ་ཡོངས་སུ་བཟླས་ནས་དུས་མ་ཡིན་པར་བརྒྱད་བརྒྱར་བཟླས་པ་བྱས་ནས་དེ་གཞག་པར་བྱའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་
རོ། །ངག་ཀྱང་ཡོངས་སུ་དག་པར་འགྱུར་ཏེ་ཉི་མ་རེ་རེ་ལ་ཤ་ལོ་ཀ་བརྒྱ་འཛིན་པར་བྱེད་དོ། །དེ་བཞིན་དུ་ཉིན་མོ་བདུན་དུ་ཆུ་ལ་ལན་བདུན་བཟླས་པས་སོ། །ལྡོང་རོས་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་
གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །གཟུགས་བརྙན་གྱི་སྤྱན་སྔར་ཨ་པཱ་མརྒའི་ཡམ་ཤིང་སྟོང་ཕྲག་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །རྒྱལ་པོ་རྒྱལ་པོའི་བློན་པོ་དང་བཅས་པ་དབང་དུ་འགྱུར་རོ། །འོ་མ་འཐུང་བའམ། ལོ་མ་ཟ་བ་གསོ་སྦྱོང་ཅན་གྱིས་རིང་བསྲེལ་
དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གསུམ་ཟློས་ཤིག །དེ་ནས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་ཏིལ་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཀཱ་ར་ཥཱ་པ་ཎ་སྟོང་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་

གྱིས་ཤིག །གང་འདོད་པའི་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱོས་ཤིག །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཡང་ན་རྒྱལ་པོའི་ཕོ་བྲང་དུ་ངག་འཛིན་པར་འགྱུར་རོ། །ཤུ་དག་ཁར་བཅུག་སྟེ་ཇི་
སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་བཟླས་པར་བྱའོ། །དྲོ་བཞིན་པ་ལ་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོ་བར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ཏུ་རས་རིས་བཞུགས་ནས་
ནག་པོའི་བརྒྱད་པ་ནས་བརྩམས་ཏེ་པདྨ་འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཙནྡན་དམར་པོ་ལས་བྱུང་བའི་སོར་བཅུ་དྲུག་པ་ལ་བཟོ་བོ་གསོ་སྦྱོང་ཅན་གྱིས་ཤིང་གི་དབྱུག་པ་བྱེད་དུ་གཞུག་གོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་ཉིན་མཚན་སྨྱུང་བར་གནས་པས་
འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཤིང་གི་དབྱུག་པ་ལག་པ་གཡས་པས་བླངས་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་སྨྲ་བར་བྱ་བ་འདོད་པ་ཐམས་ཅད་མྱུར་དུ་སྨྲ་བར་འགྱུར་རོ། །
དུ་བ་འཐུལ་བས་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོའོ། །རས་རིས་ལ་གོས་དཀར་པོས་ཀུན་ནས་གཡོགས་པར་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འཁོར་སྟོང་དང་བཅས་པ་འཕུར་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་འོ་མ་དང་ནས་
ཟན་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བའི་མལ་སྟན་ལ་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་ཟླ་བ་ཉའི་བར་དུ་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །ཨུ་དུམ་བཱ་རའི་ཡམ་ཤིང་གིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་ལ་ལྕགས་ལས་
བྱུང་བའི་པདྨ་སོར་དྲུག་པའམ། བརྒྱད་པ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱའོ། །འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ་ཕྱིས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་

པས་རས་རིས་ཀྱི་སྤྱན་སྔར་པདྨ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པ་ཙམ་གྱིས་འཁོར་དང་བཅས་པ་སྐྲ་ལི་ཞིང་འཁྱིལ་བར་འགྱུར་རོ། །ཡིད་ཀྱིས་བྱེ་བ་ཟློས་ཤིག་འགྲུབ་པར་འགྱུར་རོ། །གང་ཅུང་ཟད་བསམས་པ་མ་ཚང་བ་མེད་པར་
ཕུན་སུམ་ཚོགས་སོ། །ཕྱོགས་གང་དུ་འགྲོ་བ་དེར་བོང་བ་ལ་ལན་བདུན་བཟླས་པ་བྱས་ནས་འཕང་བར་བྱ་སྟེ་གདུག་པ་ཐམས་ཅད་གནོན་པར་འགྱུར་རོ། །གོས་ལ་མངོན་པར་བསྔགས་ནས་བགོ་བར་བྱ་སྟེ། བྱ་བ་རྩོམ་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །
གདོང་ལ་ཀུན་ཏུ་བྱབས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །དུག་རབ་ཏུ་ཉམས་པ་ལྡང་དུ་འཇུག་པར་བྱེད་དོ། །འབྱུང་པོའི་གདོན་གྲོལ་པར་བྱེད་དོ། །བགེགས་མཐུ་མེད་པར་བྱེད་དོ། །ཁྱིམ་དུ་རས་རིས་བཞུགས་སུ་བཅུག་ན་ཁྱིམ་གྱི་བདག་པོར་འགྱུར་རོ། །སོ་བའི་ཕུང་པོར་
བཞུགས་སུ་བཅུག་ན་སོ་བ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་འདབ་མར་བཞུགས་སུ་འཇུག་པར་བྱེད་ན་དེའི་དངོས་གྲུབ་ཏུ་འགྱུར་རོ། །དེ་བཞིན་དུ་ཡོན་ཏན་བརྗོད་པ་གཞལ་དུ་མེད་པ་སྐྱེའོ། །དེ་ནས་ཞི་བ་ཅན་བྱེད་པར་འདོད་ན་ཞོ་དང་སྦྲང་རྩི་མར་གྱིས་བཏགས་པའི་
དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཆོག་ཏུ་ཞི་བར་འགྱུར་རོ། །རྒྱས་པ་ཅན་ལ་ཏིལ་དང་འབྲས་ཐུག་པོ་ཆེ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་ལ་སོགས་པ་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་འོ་མ་ཅན་གྱི་ཤིང་གི་ཡམ་
ཤིང་གིས་མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཆོག་ཏུ་རྒྱས་པར་འགྱུར་རོ། །རས་རིས་ཀྱིས་སམ་རས་རིས་མེད་པས་ཀྱང་རུང་སྟེ། གསོ་སྦྱོང་ཅན་གྱིས་སྐྱབས་གསུམ་ཡོངས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །སྟོང་ཕྲག་བཅུ་བཟླས་
པར་བྱའོ། །དེ་ནས་ཟླ་བ་ཉ་ལ་ཟླ་བ་གཟས་བཟུང་བ་ན་འདོད་པ་ཅན་ཐམས་ཅད་ལ་གཏོར་མ་བྱིན་ནས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཁྱད་པར་ཐམས་ཅད་རང་གིས་ལེན་པར་བྱེད་དོ། །ཀུན་ནས་

བྱབས་པ་ཙམ་གྱིས་འཚོ་བར་བྱེད་དུ་འཇུག་གོ། །ཆུ་ལ་ལན་བདུན་བཟླས་པས་བསྔགས་པར་གྱིས་ཤིག །ཀུན་ཏུ་མྱུར་བར་འཐུངས་ན་རང་གི་གནས་སུ་འགྱུར་རོ། །གདོན་དང་སྲོག་ཆགས་ལ་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་གིས་ལྷ་མ་ཡིན་གྱི་ཕུག་གི་སྒོར་ད་ལྟར་
རབ་ཏུ་བཞག་ནས་ངེས་པར་གནས་པས་འབུམ་བཟླ་བར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་ངེས་པར་སོང་ནས་རབ་ཏུ་འཇུག་པར་བྱེད་དོ། །དེར་རབ་ཏུ་གནས་པས་གང་ཚོལ་བ་དེ་རྙེད་དོ། །གང་དུ་འདོད་པ་དེར་ཀུན་ཏུ་གནས་སོ། །རྒྱ་མཚོའི་འགྲམ་དུ་རས་རིས་སོ་སོར་བཞུགས་ནས་རས་
རིས་ལ་འབུམ་བཟླས་པས་ཀླུའི་རྒྱལ་པོ་རྒྱ་མཚོ་ཡང་རང་གི་གནས་སུ་རྗེས་སུ་འཇུག་པར་བྱེད་དོ། །དེ་ལ་ཡིད་བཞིན་གྱི་ནོར་བུ་བཙལ་བར་བྱ་སྟེ། དེ་བླངས་ནས་འདོད་པ་ཐམས་ཅད་ལ་སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཞིང་དུ་སྤྱོད་པར་འགྱུར་རོ། །བསྐལ་པར་
གནས་ཤིང་ཐོགས་པ་མེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་མདུད་པ་བྱེད་དོ། །བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅིངས་པར་འགྱུར་རོ། །ཆུ་ཀླུང་ངམ། ཆུ་གླིང་དུ་བསོད་སྙོམས་ཟ་ཞིང་
འབུམ་ཕྲག་གསུམ་བཟླས་པར་བྱའོ། །མི་སྣང་བར་འགྱུར་རོ། །ཙྭ་རུ་ཟ་ཞིང་ཆུ་ཀླུང་འདུས་པར་འབུམ་ཟློས་ཤིག །མི་སྣང་བར་འགྱུར་རོ། །མི་སྣང་བ་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར་རོ། །ཡང་དག་པར་སྡོམ་པས་ལྷུང་བཟེད་ལག་པ་གཡས་པས་བླངས་ཏེ་
སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་འཛིན་པར་འགྱུར་རོ། །བསྐལ་པར་གནས་ཤིང་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས་པར་འགྱུར་རོ། །ལྷུང་བཟེད་དང་འཁར་
གསིལ་ལ་སོགས་པ་རྣམས་ལ་ཆོ་ག་འདི་ཉིད་ཀྱིས་སོ། །ཉི་ཟླ་གཟས་བཟུང་བ་ན་དགེ་སློང་གིས་བསྒྲུབ་པར་བྱ་སྟེ་ཐམས་ཅད་འདི་ཉིད་ཁོ་ནས་བྱ་སྟེ་བསྐལ་པར་གནས་ཤིང་ཚངས་པར་སྤྱོད་ཅིང་ཐོགས་པ་མེད་པར་འགྲོ་བ་དང་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་དོ། །བ་ལང་གི་

གཅིན་དང་། ནས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཡུལ་གྲུ་བརྒྱད་སོ་སོར་རྙེད་དོ། །པུ་སཱི་ལཱ་ཀའི་འདབ་མ་རྣམས་ཀྱིས་སྡིག་པ་དང་། སྡོམ་དང་། དུག་ཐམས་ཅད་འཇོམས་པར་བྱེད་དོ། །འབུམ་ཕྲག་གཉིས་བཟླས་པས་སྦྲུལ་གྱིས་འཆི་བའི་དུས་
ཀུན་ཏུ་འཇོམས་པར་བྱེད་དོ། །སྣ་མའི་མེ་ཏོག་གི་གནས་སུ་འགྱུར་རོ། །མལླི་ཀ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། སཽ་གནྡྷ་ཏི་ཀ་ལ་སོགས་པ་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ཏེ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག་རྒྱལ་པོ་དང་
རྒྱལ་པོའི་བློན་པོའམ། བྲམ་ཟེ་མདུན་ན་འདོན་ཡང་རུང་སྟེ་མཚན་མོ་བདུན་གྱིས་དབང་དུ་བྱེད་དོ། །རིག་པས་ཉམས་པ་ལ་གུར་གུམ་གྱིས་གྲོ་གའི་འདབ་མ་ལ་བྲིས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བརྒྱ་བཟླས་པར་བྱའོ། །ཐོ་
རངས་གང་བར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་བཟླས་པ་གྲོང་ངམ་གྲོང་ཁྱེར་དུ་ཐོར་ཅིག་དེར་སེམས་ཅན་རྣམས་ཤིང་བཞིན་དུ་གཉིད་ལོག་པར་བྱེད་དོ། །ཇི་སྲིད་ཉི་མ་འཆར་གྱི་བར་དུའོ། །བུད་མེད་དམ་སྐྱེས་པ་ཡང་རུང་སྟེ་དབང་དུ་བྱེད་པར་འདོད་ན་ཕྱོགས་གང་ན་
དེའི་ཁྱིམ་ཡོད་པའི་ཕྱོགས་དེར་ཁ་བལྟས་ཏེ་མཚན་མོ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ན་རྨི་ལམ་དུ་མཐོང་བ་སྦྱིན་ཞིང་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་ཀྱི་མཆུ་བཅིང་བར་བྱེད་དོ། །གཏེར་བཅིང་བར་བྱེད་དོ། །
གཏེར་བཅིང་བ་ལ་ཡང་སེང་ལྡེང་གི་ཕུར་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་གཏེར་གྱི་གནས་སུ་གྲྭ་བཞི་གདབ་བོ། །གཏེར་བཅིང་བ་བྱས་པར་འགྱུར་རོ། །ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཆུ་ལ་གཏོར་ན་གཏུམ་པོ་རྣམས་ཀྱིས་ཉ་འཇོམས་པར་
མི་ནུས་སོ། །སེ་ཕ་ལི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་མི་སྣང་བར་བྱེད་དོ། །རྟའི་སྦངས་ལ་ལན་བདུན་བཟླས་པས་བདུག་པ་སྦྱིན་པར་བྱེད་དོ། །སྦལ་པ་འཇོམས་སོ། །མེ་ཏོག་གམ་འབྲས་བུས་ཀྱང་རུང་སྟེ་ལན་བདུན་བཟླས་པས་སྦྲང་བུ་འཇོམས་སོ། །

དབང་དུ་བྱེད་པ་ལ་རྒྱལ་པོའི་སྒོར་སོ་ཤིང་ཟ་བ་ལ་སོ་ཤིང་སྦྱིན་པ་དང་། འབྲས་བུ་སྦྱིན་པ་དང་། དྲི་སྦྱིན་པའོ། །ས་གཞི་བཅིང་བ་དང་། ཆོམ་རྐུན་བཅིང་བ་དང་། མཆེ་བ་ཅན་ཐམས་ཅད་རེངས་པ་དང་། གཏན་པ་གཅོག་པ་དང་། མེ་རེངས་པ་དང་།
དུག་འདྲེན་པ་དང་། དུག་འཕོ་བ་དང་། དུག་བཅིང་བ་དང་། འབྱུང་པོ་དབང་དུ་བྱེད་པ་དང་། མཁའ་འགྲོ་མའི་གདོན་ལས་དགྲོལ་བ་དང་། རིམས་མངག་པ་དང་། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། རོ་ལངས་སློང་བར་བྱེད་པ་དང་། ཕུག་ཏུ་འཇུག་པར་བྱེད་པ་དང་།
མཚམས་བཅིང་བ་རྣམས་ལ་ཡང་བཟླས་པ་ཙམ་གྱིས་སོ། །མི་སྣང་བར་འདོད་པས་ཤིང་ཤ་ཏཱ་བ་རིའི་རྩ་བ་ལ་སྟོང་མངོན་པར་བསྔགས་པ་བྱས་ན་ལག་པས་ཆིངས་ཤིག་མི་སྣང་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་བཟླས་པ་བྱས་ནས་ཕྱི་ནས་མེ་ཏོག་བརྒྱད་པ་དཔའ་བོའི་རིན་གྱིས་
ཉོས་པ་བླངས་ཏེ། ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། །ཇི་སྲིད་རྩ་བའི་རིན་གྱི་ཚད་དུ་བྱས་པས་བརྒྱ་འགྱུར་གྱི་རིན་རྙེད་དོ། །དེ་ནས་ཟླ་བ་གཟས་བཟུང་བ་ན་བྱང་ཆུབ་ཤིང་གི་འོག་ཏུ་དྲི་དང་མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་ལྡོང་རོས་སྲང་གཅིག་
བླངས་ཏེ། ཨ་ཤྭཏྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས་ལུས་རྣམ་པར་བཅོམ་ནས་གཞག་པར་བྱ་སྟེ་སྐད་ཅིག་དེ་ཉིད་ལ་དེ་སྐྱེ་སྟེ་རིག་པ་འཛིན་པར་འགྱུར་རོ། །ལྷ་དང་། ཀླུ་དང་གནོད་སྦྱིན་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །ལྷའི་རྣ་བ་དང་ཡིད་ལྟར་མགྱོགས་པ་དང་།
ཉི་མ་འཆར་ཀའི་མདོག་ཅན་རིག་པ་འཛིན་པ་ཐམས་ཅད་ཀྱིས་མང་དུ་འདོད་པར་འགྱུར་རོ། །རིག་པ་འཛིན་པ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །གི་ཝང་སྒྲུབ་པར་འདོད་པས་འོ་མ་དང་ནས་ཟན་ཟ་ཞིང་འབུམ་བཟླས་པར་བྱའོ། །ཟླ་བ་གཟས་བཟུང་བ་ན་ལོ་མ་བདུན་
པའི་འདབ་མའི་སྟེང་དུ་བྱིན་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གི་ཝང་རྣམ་པར་དོར་ནས་ཇི་སྐད་གསུངས་པའི་ཆོ་གས་བསྒྲུབ་པར་བྱའོ། །ཇི་སྲིད་འབར་བར་གྱུར་པར་རོ། །ཐིག་ལེ་བྱས་ན་རྒྱན་གྱིས་བརྒྱན་པའི་རིག་པ་འཛིན་པ་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །

ལོ་སྟོང་དུ་འཚོ་བར་འགྱུར་རོ། །མིག་སྨན་གྲུབ་པར་འདོད་པས། སོ་སོ་བཱི་རཱ་མ་ན་སྲང་གཅིག་བླངས་ནས་མེས་གདུངས་བཟང་པོར་བྱས་ནས་མིག་སྨན་གྱི་ལས་རྣམས་རྟོགས་པར་བྱ་སྟེ། ཟླ་བ་གཟས་བཟུང་བ་ན་ཆུར་རབ་ཏུ་ཞུགས་ནས་ཇི་སྲིད་གྲུལ་བུམ་དུ་གྱུར་པ་དེ་སྲིད་དུ་
བཟླས་པར་བྱའོ། །སྐད་ཅིག་ལ་བཅག་པ་ཙམ་གྱིས་གཟི་བརྗིད་དང་ལྡན་པའི་རིག་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་རྣ་རྒྱན་དང་ཅོད་པན་འཆང་བའི་རིག་པ་འཛིན་པ་རྣམས་ཀྱིས་མི་གནོད་པར་འགྱུར་ཞིང་འཁོར་དང་བཅས་པ་འཕུར་བར་བྱེད་དོ། །ལོ་སྟོང་
ཕྲག་ལྔར་འཚོ་བར་བྱེད་དོ། །པདྨ་འམ་ཨུཏྤལ་འབུམ་སྦྱིན་སྲེག་བྱའོ། །གསེར་སྟོང་སོ་སོར་རྙེད་དོ། །པ་ལཱ་ཤའི་ཡམ་ཤིང་འབུམ་སྦྱིན་སྲེག་བྱའོ། །གསེར་སྟོང་རྙེད་དོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་པས་འོ་མ་དང་ནས་ཟན་ཟ་ཞིང་བསྒྲུབ་པར་བྱ་སྟེ། རྒྱལ་པོ་
དབང་དུ་བྱེད་དོ། །འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཉི་མ་བདུན་དུ་ཡུངས་ཀར་དཀར་པོ་ལ་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པ་ཉི་མ་བདུན་ནམ། བདུན་གཉིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །ལྷག་པར་རྟོགས་པ་དབང་དུ་
འོང་ངོ་། །རྒྱལ་པོའི་བློན་པོ་དབང་དུ་བྱེད་པ་ལ་ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཉི་མ་བདུན་དུ་ཡུངས་ཀར་རྒྱལ་པོའི་སྦྱིན་སྲེག་བྱས་ནས་དབང་དུ་འགྱུར་རོ། །རིགས་བཞི་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ཉི་མ་བདུན་དུ་ཐུན་གསུམ་དུ་ཏིལ་ནག་པོ་དང་ཞོ་དང་སྦྲང་རྩི་དང་མར་
གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་གྱིས་ཤིག །སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཨརྒའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག་གསེར་སྲང་བརྒྱ་རྙེད་དོ། །ཤིང་པི་ནཱ་
ཀའི་སྦྱིན་སྲེག་གྱིས་ཤིག་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཏཱམྦུ་ལའི་ཕྱེ་མ་འབུམ་སྦྱིན་སྲེག་གྱིས་ཤིག་ཅོད་པན་བཅིངས་པར་འགྱུར་རོ། །ཕྱག་གཡས་པས་མིག་ནད་སེལ་བར་བྱེད་དོ། །རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱགས་པས་སོ། །གཞོན་ནུ་མས་བཀལ་བའི་

སྲང་བུ་ལ་བརྒྱད་བརྒྱ་བཟླས་ཏེ་ཆིངས་ཤིག་སྐལ་བ་བཟང་པོར་འགྱུར་རོ། །ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །བཟའ་བ་མི་ཟད་པ་འབྱུང་བར་འགྱུར་རོ། །འབྲུ་ཐམས་ཅད་གནས་གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱ་སྦྱིན་
སྲེག་གྱིས་ཤིག །འབྲུ་ཐམས་ཅད་མི་ཟད་པར་འགྱུར་རོ། །ཤིང་ཝ་ཊ་འཆིང་བ་ཅན་གྱི་སྦྱིན་སྲེག་གྱིས་ཤིག །རྫས་ཟད་མི་ཤེས་པར་འགྱུར་རོ། །སྦྲང་རྩི་ཅན་གྱི་ཤིང་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །ནོར་སྐྱེ་བར་འགྱུར་རོ། །ལྡོང་རོས་དང་། བ་བླ་དང་ཅུ་གང་གཅིག་ཏུ་
བྱས་ནས་རས་རིས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱ་སྟེ་བྱང་ཆུབ་ཤིང་གི་འདབ་མར་བཞག་ནས་ཟློས་ཤིག །དེ་ནས་དེས་གི་ཝང་གྲུབ་པར་འགྱུར་རོ། །བུད་མེད་དམ་སྐྱེས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །འབྲས་ཡོས་ཀྱི་སྲེག་བླུགས་སྟོང་ཕྲག་
བརྒྱད་སྦྱིན་སྲེག་གྱིས་ཤིག །ཇི་སྲིད་ཉི་མ་བདུན་གྱི་བར་དུའོ། །བགེགས་མེད་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག །རྣམ་པར་བཏགས་པའི་གོས་བྱེ་བ་བཅུ་གཉིས་རྙེད་དོ། །ཟན་དང་ཞོ་ལྷན་ཅིག་སྦྱིན་སྲེག་གྱིས་ཤིག །ཇི་སྲིད་
འཚོའི་བར་དུ་བཟའ་བ་མ་ཚང་བ་མེད་པ་ཉིད་དུ་འགྱུར་རོ། །མར་གྱི་སྲེག་བླུགས་སྟོང་ཕྲག་སྦྱིན་སྲེག་གྱིས་ཤིག །གྲོང་རྙེད་དོ། །བྱེ་བ་བཟླས་པས་འཁོར་བརྒྱ་དང་བཅས་པའི་རིག་པ་འཛིན་པར་འགྱུར་རོ། །བུད་མེད་དམ་སྐྱེས་པ་དབང་དུ་བྱེད་པར་འདོད་པས་གུ་གུལ་གྱི་རིལ་
བུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་སྦྱིན་སྲེག་བྱ་སྟེ་མིང་སྨོས་པ་དེ་དབང་དུ་འགྱུར་རོ། །ཤུ་དག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཁར་བཅུག་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །ལམ་དུ་འབུམ་ཟློས་ཤིག་བཟའ་བ་དང་བཏུང་བ་ཞིམ་པོ་གང་བླངས་པ་རྙེད་དོ། །
འབུམ་སྦྱིན་སྲེག་གྱིས་ཤིག །དཔལ་དང་ལྡན་པར་འགྱུར་རོ། །ཏིལ་དང་འབྲས་ཐུག་པོ་ཆེ་རྣམས་མ་ཤ་དང་ལྷན་ཅིག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །གང་འདོད་པ་དེ་དབང་དུ་བྱེད་དོ། །སིནྡྷུ་པཱ་རའི་མེ་རབ་ཏུ་སྦར་ནས་བཙོས་པ་ཐམས་ཅད་ཀྱི་ཕུད་ཀྱི་སྦྱིན་སྲེག་གྱིས་ཤིག །

ཇི་ལྟར་གྲུབ་པ་དང་། བཟའ་བ་ཟད་མི་ཤེས་པར་འགྱུར་རོ། །གང་འདོད་པའི་ཅོད་པན་བཅིངས་པ་རྙེད་དོ། །ནིམ་པའི་མེ་ཏོག་འབུམ་གྱིས་སྦྱིན་སྲེག་གྱིས་ཤིག །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མ་ཉམས་པའི་འབྲས་སཱ་ལུ་དང་ཐུག་པོ་ཆེ་རྣམས་སྦྱིན་སྲེག་གྱིས་
ཤིག །གྲོང་རྙེད་དོ། །མྱ་ངན་མེད་པའི་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག །བུ་མོ་གང་དོན་དུ་གཉེར་བ་དེ་སོ་སོར་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་ཨ་ག་རུའི་བདུག་པ་བསྲེགས་ཏེ་འབུམ་བཟླས་སོ། །དེ་ནས་ཡུལ་དེའི་རྒྱལ་པོ་
བཀའ་བསྒོ་བ་བྱེད་པར་འགྱུར་རོ། །སློང་མོ་ཟ་བའམ་ཙཱ་རུ་ཟ་བས་གསོ་སྦྱོང་ཅན་གྱིས་འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ་སའི་རྒྱལ་སྲིད་སོ་སོར་རྙེད་དོ། །འོ་མ་དང་ནས་ཟན་ཟ་བར་གྱུར་པས་འབུམ་ཕྲག་བརྒྱད་བཟླས་ཏེ་པདྨ་དཀར་པོ་འབུམ་དབུལ་བར་བྱའོ། །ཀུན་ནས་
རྒྱལ་སྲིད་སོ་སོར་རྙེད་དོ། །དུར་བྷ་དང་བྱི་རུ་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱས་ན་ཚེ་རིང་པོར་འགྱུར་རོ། །ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱར་སྦྱིན་སྲེག་གྱིས་ཤིག་ནད་ལས་གྲོལ་ལོ། །འོ་མའི་སྣོད་ཀྱིས་ཨ་མྲའི་འདབ་མ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག །ནད་ཐམས་ཅད་
ལས་གྲོལ་བར་འགྱུར་རོ། །པྲི་ཡང་ཀུའི་སྙིང་པོ་ཚད་གང་ཡིན་པ་འབུམ་སྦྱིན་སྲེག་བྱེད་པ་ཚད་དེའི་དོང་ཙེ་རྙེད་དོ། །འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ནད་གྲོལ་ལོ། །བཟའ་བ་དོན་དུ་གཉེར་ན་བཟའ་བའི་སྦྱིན་སྲེག་གྱིས་ཤིག །རིའི་རྩེ་མོར་འཛེགས་
ཏེ་སློང་མོ་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭཏྠའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་མཚན་ཐོག་ཐག་ཏུ་སྦྱིན་སྲེག་གྱིས་ཤིག །རྒྱལ་པོར་འགྱུར་རོ། །ཏིལ་དང་མར་
གྱི་སྦྱིན་སྲེག་གིས་ཐམས་ཅད་སྒྲུབ་པར་བྱེད་དོ། །སྦྲང་རྩིའི་སྦྱིན་སྲེག་གྱིས་ཤིག །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མར་གྱི་སྦྱིན་སྲེག་གྱིས་ཤིག །གཟི་བརྗིད་དང་ལྡན་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་གྱིས་ཤིག་ཞི་བར་འགྱུར་རོ། །ཞོའི་སྦྱིན་སྲེག་གྱིས་ཤིག །

རྒྱས་པར་འགྱུར་རོ། །རིའི་རྩེ་མོར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བཞུགས་ནས་པདྨ་སྟོང་ཕྲག་བརྒྱ་ཕུལ་ཅིག །རྒྱལ་པོའམ། ཡུལ་གྱི་བདག་པོར་འགྱུར་རོ། །ལས་རྣམས་གྲུབ་པར་
མ་གྱུར་ན་ཡུལ་གྲུ་བརྒྱ་རྙེད་དོ། །རྒྱལ་པོ་དབང་དུ་བྱེད་པ་དང་། ཀུན་ནས་འཇུག་པར་བྱེད་པ་ལ་ཟླ་བ་གཟས་བཟུང་བ་ན་བ་སེར་སྐྱའི་མར་ཟངས་ཀྱི་སྣོད་དུ་འཇོག་ཏུ་བཅུག་ནས་ཟངས་ཀྱི་ཐུར་མ་ལ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །
ལྦུ་བ་འབྱུང་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོའོ། །སྔོན་སྤྱད་པ་བྱས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉའི་བར་དུ་མེ་ཏོག་གི་ཕུར་མ་དང་བླ་རེ་ཡོངས་སུ་
བྲེ་བ་བྱས་ནས་དྲི་ཞིམ་པོའི་དྲིས་མཐོ་གང་གི་ཚད་ཀྱི་དཀྱིལ་འཁོར་བྱས་ནས་རྣམ་པ་སྣ་ཚོགས་པའི་དྲི་དང་མེ་ཏོག་གིས་མཆོད་པ་བྱས་ནས་གཏོར་མ་དབུལ་ཞིང་མར་གྱི་མར་མེ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །དེ་ནས་ཟླ་བ་ཉ་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ཇི་སྲིད་
གང་དུ་བ་གྷ་སྟ་ནི་ཏ་ཞེས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་མྱུར་དུ་མཚན་མ་སྐྱེ་བར་འགྱུར་ཏེ། མེ་ཏོག་གི་ཆུན་པོ་གཡོ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། འོད་ཟེར་འབྱུང་བ་དང་། རས་རིས་འགུལ་བ་སྟེ། འདི་རྣམས་མཐོང་ནས་གང་སྒྲུབ་པར་
བྱེད་པ་དེ་འགྲུབ་སྟེ་སྡིག་པ་ཟད་པར་ཡང་འགྱུར་རོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་མཚན་མོ་བདུན་དུ་ཐུན་གསུམ་དུ་སེང་
ལྡེང་གི་སོལ་བས་མེ་རབ་ཏུ་སྦར་ནས་ལན་ཚྭ་དང་ཏིལ་དང་ཡུངས་ཀར་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །ཆུ་དང་། ཐལ་བ་དང་། ཡུངས་ཀར་གང་ཡང་རུང་བ་ལ་སྟོང་ཕྲག་བརྒྱད་མངོན་

པར་བསྔགས་པ་བྱས་ནས་ཕྱོགས་བཞིར་ཐོར་ཅིག །དཀྱིལ་འཁོར་བཅིང་བ་བྱས་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་གཏོར་མ་ཕུལ་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ་པདྨ་འདབ་མའི་གི་ཝང་བཞག་ནས་སྐྱིལ་ཀྲུང་གིས་ཉེ་བར་འདུག་སྟེ་ཇི་སྲིད་
དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲི་གཞན་པ་ལས་སེམས་ཅན་ཐམས་ཅད་དུ་བྱེད་པ་དང་། ལོ་སྟོང་དུ་འཚོ་བར་བྱེད་དོ། །དྲོ་བཞིན་པ་ལ་ལོ་སྟོང་དུ་འཚོ་བར་བྱེད་ཅིང་དཔག་ཚད་སྟོང་ཕྲག་ཏུ་འགྲོ་ཞིང་དེ་ཉིད་དུ་འོང་བར་བྱེད་དོ། །གྲུབ་པ་
ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཞིང་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ཡིད་ཀྱིས་བཟའ་བ་སྐྱེད་པར་བྱེད་དོ། །དེ་ནས་འབར་བར་བྱེད་པ་ནི་ཉི་མ་འཆར་ཀའི་མདོག་ལྟར་སྣང་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། སྐྲ་ལི་ཞིང་ཚེ་བསྐལ་པར་གནས་པ་རིག་པ་འཛིན་
པ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཆོ་འཕྲུལ་གྱི་ཟླ་བའི་ཕྱོགས་ལ་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་སོ། །
ཇི་སྲིད་ཟླ་བ་ཉའི་བར་དུའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣམ་སྦྱར་བསྒྲུབ་པར་བྱ་སྟེ་དྲི་ཐམས་ཅད་ཀྱིས་རབ་ཏུ་བྱུགས་ཏེ་མར་མེ་སྟོང་ཕྲག་བརྒྱད་སྦར་ནས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་དྲི་རྣམས་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་
ནས། དེའི་སྟེང་དུ་སྣམ་སྦྱར་བཞག་སྟེ་ལག་པ་གཡོན་པས་མནན་ནས་ཇི་སྲིད་དུ་འཕུར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །འཕྲལ་དུ་ཤིང་ཏ་ལའི་ཚང་དུ་འཕུར་བར་བྱེད་ཅིང་གནས་པ་ཚད་འདི་ཉིད་ཁོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་
ཕྱག་བྱས་ནས་བླང་པར་བྱའོ། །བླངས་པ་ཙམ་གྱིས་རིག་པ་འཛིན་པར་འགྱུར་རོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མདུན་དུ་བདར་ནས་ཕྱག་བྱས་པར་འགྱུར་ཞིང་ཅི་བགྱིར་ཡང་འགྱུར་རོ། །རྟག་ཏུ་སྣམ་སྦྱར་

ལ་ཡོངས་སུ་བཟླས་པར་བྱེད་པ་ནི་དེའི་ཚེ་སེམས་བསྐྱེད་པས་གདུག་པའི་སེམས་དེ་ལས་ལྟུང་བར་བྱེད་དོ། །ཡིད་ཀྱིས་སླར་ཡོངས་སུ་བཟླས་པས་ལྡང་བར་བྱེད་དོ། །མར་སར་ལས་བྱུང་བའི་ནོར་བུ་བྱས་ནས་ཨ་ཤྭཏྠའི་འདབ་མ་བཞི་ལ་བཞག་སྟེ།
ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སོས་མ་རེག་པར་ཟོ་ཤིག་ཟོས་པ་ཙམ་གྱིས་གང་སེམས་པར་བྱེད་པ་དེ་ཐམས་ཅད་སྐྱེ་བར་འགྱུར་ཏེ། འདོད་པ་མང་པོ་དང་། སྐྱེས་བུ་བཅུའི་སྟོབས་དང་། ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སྔོན་སྤྱད་པ་
བྱས་པས་ཟླ་བ་ཉ་ལ་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཀུ་ཤ་ལས་བྱུང་བའི་རལ་གྲི་ལས་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་ནས། ཁུ་ཚུར་
གྱི་མཛུབ་མོ་བླངས་ནས་ཇི་སྲིད་དུ་འཕྲོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པས་ནམ་མཁའ་ལ་འགྲོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་འགྱུར་རོ། །ཐལ་བས་མེའི་ར་བའོ། །ཆུས་སམ་གསེག་མས་ཕྱོགས་བཅིང་བའོ། །རང་
བཞིན་ཅན་གྱི་མིག་སྨན་བླངས་ནས་ལན་ཉི་ཤུ་རྩ་གཅིག་བཟླས་པས་མིག་ལ་བསྐུ་བར་བྱ་སྟེ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མིག་སྨན་དང་། རྒྱ་སྤོས་དང་། རུ་རྟ་དང་། ཤུ་དག་དང་། པདྨའི་གེ་སར་དང་། གི་ཝང་དང་། ནཱ་ག་གེ་སར་དང་། གླ་རྩི་
ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པས་ཀུན་བྱུགས་ཤིག་ཐམས་ཅད་དགའ་བར་འགྱུར་རོ། །ལན་ཚྭ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་པས་གང་གི་ཁྱིམ་དུ་མངོན་པར་ཕྱོགས་པས་འཐོར་བར་བྱེད་ན་ཉི་མ་བདུན་གྱིས་དེ་དབང་དུ་འགྱུར་རོ། །ཁྱོར་བའི་
ཆུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ན་གང་གིས་ཁྲུས་དང་། འཐུང་བར་བྱེད་པ་དེ་དབང་དུ་འགྱུར་རོ། །བདག་གིས་མཐོང་བ་ལ་ཉི་ཤུ་རྩ་གཅིག་བཟླས་པས་ཇི་སྲིད་མཐོང་བ་དེ་དབང་དུ་བྱེད་དོ། །གུ་གུལ་གྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་སོ་སོར་རྙེད་དོ། །ཨུཏྤ་

ལ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་ལ་སོགས་པ་རྣམས་འབུལ་བར་བྱེད་བཞིན་པས་ནི་གང་འདོད་པ་དེ་དབང་དུ་བྱེད་དོ། །ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཚན་མ་གཅིག་པར་མཆོད་པ་བྱས་ནས་ལུས་ཀྱི་གཡས་སུ་ཙནྡན་དམར་
པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས་ལག་པ་གཡས་པས་དཀྱིལ་འཁོར་མནན་ནས་འབོད་བཞིན་པའམ་ཇི་སྲིད་དཀྱིལ་འཁོར་ས་ནག་པོར་སྐྱེས་པ་དེ་སྲིད་དུ་བཟླས་པར་བྱའོ། །ལག་པ་གྲུབ་པར་འགྱུར་རོ། །ཁུ་ཚུར་བཅིངས་པས་མི་སྣང་བར་འགྱུར་རོ། །གཙུག་
པུད་སྒྲུབ་པ་ལ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་མཚམས་སུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གཙུག་པུད་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་བསོད་སྙོམས་ལ་རྒྱུ་བ་ནི་ཇི་ལྟར་བསོད་སྙོམས་སྟེར་པ་བས་མཐོང་བ་དེའི་ཚེ་གྲུབ་པར་
འགྱུར་རོ། །ཉི་མ་དང་པོ་ལ་སློང་མོ་གཅིག་གོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུའོ། །བསོད་ནམས་དང་མི་ལྡན་པས་ཀྱང་འགྲུབ་པར་བྱེད་དོ། །ཟླ་བ་གཟས་བཟུང་བ་ན་འོ་མ་ལ་ཡོངས་སུ་བཟླས་ནས་འཐུངས་ཤིག་བཅུད་ཀྱིས་ལེན་ཆེན་པོར་འགྱུར་རོ། །བ་ཤ་ཀའི་
ཡམ་ཤིང་གི་སྲེག་བླུགས་བརྒྱས་གང་འདོད་པ་དེ་དབང་དུ་བྱེད་དོ། །རལ་གྲིལ་བརྒྱད་བརྒྱར་མངོན་པར་བསྔགས་ཏེ། ཕུག་གམ། ལྷའི་ཁྱིམ་གྱི་སྒོ་རུ་གཞག་པར་བྱའོ། །སྒོ་གླེགས་ལུགས་ལ་མངོན་པར་འདུད་པས་སྒོ་དབྱེ་བར་བྱེད་དོ། །ལན་ཅིག་བཟླས་
པས་བདག་ཉིད་སྲུང་བར་བྱེད་དོ། །འོ་མའི་སྲེག་བླུགས་ཀྱིས་བུད་མེད་དབང་དུ་འགྱུར་རོ། །ཡིད་ཀྱིས་གྲུབ་པའི་གསང་སྔགས་རྣམས་རེངས་པར་བྱེད་དོ། །གསང་སྔགས་ཐམས་ཅད་ཕྱེ་བར་བྱེད་དོ། །ལྷ་མ་ཡིན་གྱི་བུ་མོ་དབང་དུ་བྱེད་དོ། །དྲི་ཐམས་ཅད་ཀྱིས་
སྲེག་བླུགས་རྒྱལ་རིགས་ཀྱི་བུད་མེད་དབང་དུ་འགྱུར་རོ། །ལྷ་དེ་དྲི་མེད་ཀྱི་སྦྱིན་སྲེག་གིས་མུ་སྟེགས་ཀྱི་བརྟུལ་ཞུགས་པ་དང་། རབ་ཏུ་བྱུང་བ་དབང་དུ་འགྱུར་རོ། །སྙིང་ག་དང་། ལག་པ་བརྒྱར་བཞུགས་ནས་ཟློས་ཤིག །སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་

བྱེད་པ་དང་། སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། །མགོ་ལ་ལག་པ་བཞག་ནས་བརྒྱད་བརྒྱར་ཟློས་ཤིག །སེམས་ཅན་རེངས་པར་བྱེད་པ་དང་། །སྡིག་པ་རབ་ཏུ་ཞི་བར་བྱེད་དོ། །བིལ་བ་ལ་ཡོངས་སུ་བཟླས་ནས་བྱིན་ན་སེམས་
ཅན་ཐམས་ཅད་འགུགས་པར་བྱེད་དོ། །ལྷའི་ལུས་ཀྱི་གཡས་སུ་དཔག་ཏུ་མེད་པ་བཟླས་པར་བྱའོ། །བུད་མེད་དང་སྐྱེས་པ་དང་། ཁྱེའུ་དང་རྒན་པོ་ཡང་དབང་དུ་འགྱུར་རོ། །ཐལ་བ་ལ་ལན་བདུན་མངོན་པར་བསྔགས་པས་གོ་ཆར་བྱའོ། །སེམས་ཅན་
ཐམས་ཅད་ཀྱིས་མི་ཕྱེད་དོ། །ཆུ་ལ་བརྒྱད་བརྒྱར་བཟླས་པས་ཡན་ལག་རྣམས་ལ་སྦྱིན་དུ་ཆུག་ཅིག་ནད་ཉེ་བར་ཞི་བར་འགྱུར་རོ། །ཉིན་མཚན་དུ་སྨྱུང་བར་གནས་པས་སེང་ལྡེང་ལ་རལ་གྲི་བྱས་ནས་ནག་པོའི་བཅུ་བཞི་ལ་བླངས་ནས་དུར་ཁྲོད་དུ་ཇི་སྲིད་འབར་བར་གྱུར་པ་དེ་
སྲིད་དུ་བཟླས་པར་བྱའོ། །བླངས་པ་དེས་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །རལ་གྲིའི་རིག་པ་འཛིན་པ་སྐྲ་ལི་ཞིང་འཁྱིལ་པ་ཚེ་བསྐལ་པར་གནས་པ་རིག་པ་འཛིན་པ་ཐམས་ཅད་ཀྱིས་མང་དུ་འདོད་པར་འགྱུར་རོ། །ཡང་ན་ཉི་མ་དང་ཟླ་བ་གཟས་བཟུང་བ་ན་སྔོན་སྤྱད་
པ་བྱས་པས་ཐོ་རངས་ལངས་ནས་རས་རིས་ལ་མཆོད་པ་བྱས་ཏེ་སློང་མོའི་ཟས་ཟ་ཞིང་ཡོན་དང་བཅས་པས་དང་དངོས་གྲུབ་སྩལ་བར་བྱའོ། །དེ་ནས་ངག་གི་ལས་རབ་ཏུ་འགྲུབ་པར་འགྱུར་ཏེ། དཱུར་བ་དང་བྱེ་རུལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་
སྲེག་གྱིས་ཤིག །འཆིང་བ་རྣམས་གྲོལ་བར་བྱེད་དོ། །བདག་ཉིད་མཆོག་ཏུ་བྱེད་པ་ལ་གི་ཝང་ལ་སྟོང་ཕྲག་བརྒྱད་བཟླས་པས་དཔྲལ་བར་ཐིག་ལེ་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་མཆོག་ཏུ་བསྔགས་པར་འགྱུར་རོ། །བླངས་པ་དང་བརྗོད་པ་ཡང་ངོ་། །བུ་མོ་དབང་དུ་
བྱེད་པ་ལ་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །བུ་མོ་རྙེད་དོ། །འདི་ཉིད་ཀྱིས་རྣམ་པར་རྒྱས་པའི་བུད་མེད་རྙེད་དོ། །རིམས་ཐམས་ཅད་དང་། །གདོན་ཐམས་ཅད་དང་། ཕྱག་རྒྱ་ཐམས་ཅད་ཀྱང་ངག་དེས་བྱིན་པས་གྲོལ་བར་བྱེད་དོ། །དུག་

ཐམས་ཅད་གསོ་བར་བྱེད་དོ། །གདོན་ལས་ཐར་བར་བྱེད་དོ། །ངག་ཉིད་ཀྱི་ལས་རྣམས་ནི་གླང་པོ་ཟློག་པར་བྱེད་དོ། །ཚེར་མ་ཟློག་པར་བྱེད་དོ། །ཆོམ་རྐུན་དང་དམག་སྡེ་རེངས་པར་བྱེད་པ་དང་། མཚོན་ཆ་རེངས་པར་བྱེད་པ་དང་། །ཤིང་རྟ་རེངས་པར་
བྱེད་པ་དང་། མེ་རེངས་པར་བྱེད་པ་དང་། གྲུ་རེངས་པར་བྱེད་པ་དང་། འགུགས་པར་བྱེད་པ་མཆེ་བ་ཅན་རྣམས་སམ་མཆེ་བ་མེད་པའང་རུང་སྟེ་འབེབས་པར་བྱེད་པ་དང་། ཤི་བ་སློང་བ་དང་། དེ་དང་རིམས་མངག་པར་བྱེད་པའོ། །འོ་མ་དང་ནས་ཟན་ཟ་ཞིང་
འབུམ་བཟླས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ་མཚན་མ་གཅིག་པར་ཀུ་ཤའི་སྟེང་དུ་བཞག་སྟེ། མཆོད་པ་ཆེན་པོ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་ལུས་ཀྱི་གཡས་སུ་གནས་པས། བ་བླ་དང་། ལྡོང་རོས་དང་།
མིག་སྨན་དང་། བཙོད་དང་། གི་ཝང་རྣམས་གཅིག་ཏུ་བྱས་ནས་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་བྱེད་པ་དང་། དུ་བ་འཐུལ་བ་དང་། འབར་བ་སྟེ་དྲོ་བཞིན་པ་ལ་རྐང་འཐུང་
ལ་སྤྱོད་པ་དང་། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་། ཚེ་ལོ་བརྒྱ་ཕྲག་བཅུ་ཐུབ་བོ། །འབར་བས་རིག་པ་འཛིན་པ་ཐམས་ཅད་མངའ་བདག་གི་རིག་པ་འཛིན་པར་འགྱུར་རོ། །
བསྐལ་པའི་ཚེ་དང་། གོང་ནས་གོང་དུ་བཟླས་པ་འབུམ་གྱིས་ངག་མངོན་པར་ཤེས་པར་འགྱུར་རོ། །སྟེང་དང་འོག་དང་། ཕྱོགས་རྣམས་བཅིང་བ་དང་། ངེས་པར་ལེན་པ་དང་། ཚིག་དེ་ཡང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །དེ་ནས་རོ་ལངས་
སྒྲུབ་པར་འདོད་ན་རོ་ཡན་ལག་མ་ཉམས་པ་བླངས་ནས་དུར་ཁྲོད་དམ་ཤིང་གཅིག་གམ། ལམ་བཞི་མདོའམ། མཚན་མ་གཅིག་པར་ཡང་རུང་སྟེ་འབྱུང་པོ་ཐམས་ཅད་པ་ལ་གཏོར་མས་ཉེ་བར་མཆོད་ནས་ལྷ་ཆེན་པོའི་ལུས་ཀྱི་གཡས་སུ་དཀྱིལ་འཁོར་ཉེ་བར་བྱུག་

ཏེ་གཏོར་མ་ཕུལ་ནས། ཁྲུས་དང་། རྒྱན་གྱིས་བརྒྱན་པར་བྱས་ནས། ཐལ་བས་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་མགོ་བོ་ཤར་དུ་བསྟན་ལ་བཞག་ཅིང་རས་དཀར་པོས་ལུས་ལ་གཡོག་གོ། །གྲོགས་བཟང་པོས་ཕྱོགས་སྐྱོང་བར་
བྱེད་པ་གནས་སུ་བཅུག་ནས་དེའི་སྟེང་དུ་སྐྱིལ་ཀྲུང་བྱས་པ་ཉེ་བར་འདུག་སྟེ། དེའི་ཁར་ཏིལ་དང་། ཡུངས་ཀར་གྱིས་སྦྱིན་སྲེག་འདིའི་ཁ་ནས་ནོར་བུ་འབྱིན་པར་བྱེད་པའི་བར་དེ་སྲིད་དུ་བྱའོ། །ཁའི་ནོར་བུ་དེ་བླངས་པས་སྐྲ་ལི་ཞིང་འཁྱིལ་བ། ཉི་མ་འཆར་
ཀའི་མདོག་ཅན་གྱི་རིག་པ་འཛིན་པར་འགྱུར་ཏེ། གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པ་འདོད་པའི་གཟུགས་ཅན། ལྷའི་གནས་སུ་འགྲོ་བར་བྱེད་པ་ཚེ་བསྐལ་པ་ཆེན་པོར་གནས་པ། གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །རོ་ལངས་གཞན་ནི་ཆོ་ག་འདི་ཉིད་ཀྱིས་སྐྱེས་
བུའི་རོ་བླངས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བསྔགས་ཏེ་འདི་ཉིད་ཀྱིས་བདག་ཉིད་སྲུང་བ་དང་། ཕྱོགས་སྐྱོང་བ་རྣམས་ཀྱང་ངོ་། །དེའི་སྟེང་དུ་ཉེ་བར་འདུག་སྟེ། མར་གྱི་སྲེག་བླུགས་ཇི་སྲིད་དེའི་ཁ་ནས་ལྕེ་བྱུང་གི་བར་དེ་སྲིད་དུ་སྦྱིན་སྲེག་བྱའོ། །སྔར་མངོན་པར་བསྔགས་
པའི་རལ་གྲིས་གཅད་པར་བྱ་སྟེ་ཇི་སྲིད་ལྕེ་བརྒྱ་བྱུང་གི་བར་དེ་སྲིད་དུའོ། །ལྕེ་དེ་ཉིད་བླངས་པས་འཁོར་བརྒྱ་དང་བཅས་པ་འཕུར་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱི་མཆོག་དང་མཚོན་ཆར་འགྱུར་རོ། །བསྐལ་པ་ཆེན་པོར་གནས་པར་བྱེད་དོ། །ནག་པོའི་
བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་ཡང་རུང་སྟེ། མཚན་མོ་རྣ་བའི་མིག་སྨན་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་མིག་ལ་བསྐུས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དྲིལ་བཟླས་ནས་བསྐུ་བར་བྱ་སྟེ། སེམས་ཅན་
ཐམས་ཅད་དབང་དུ་བྱེད་དོ། །བདུག་པ་ལ་ཡོངས་སུ་བཟླས་ནས་བདག་ཉིད་ལ་བདུག་པར་གྱིས་ཤིག །སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །མེ་ཏོག་ལ་ཡོངས་སུ་བཟླས་ནས་མགོ་བོར་བྱིན་ཅིག །སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་། དགའ་བར་བྱེད་དོ། །

གཙུག་ཏོར་ལ་ཡོངས་སུ་བཟླས་ནས་ཆིངས་ཤིག །ཐམས་ཅད་དུ་སྲུང་བ་དང་། སེམས་ཅན་ཐམས་ཅད་འཆིང་བ་ཡང་ངོ་། །ཡུགས་ས་མོ་དབང་དུ་བྱེད་པར་འདོད་པས་མཱ་ཥའི་སྦྱིན་སྲེག་གྱིས་ཤིག །འཕྲལ་དུ་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དབང་དུ་བྱེད་པ་ལ་
པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཚན་མོ་གསུམ་གྱིས་འོང་ངོ་། །དེ་ནས་མ་འོངས་ན་མཚན་མོ་བདུན་གྱིས་འོང་བར་བྱེད་དོ། །དེ་མཆོག་སྦྱིན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་རྫོགས་པར་བྱེད་དོ། །བུ་མོ་འདོད་ན་འབྲས་ཡོས་ཀྱི་སྦྱིན་སྲེག་
གྱིས་ཤིག །འདོད་པའི་བུ་མོ་རྙེད་དོ། །དཔལ་མོ་འདོད་ན་པདྨའི་སྦྱིན་སྲེག་གྱིས་ཤིག །པདྨའམ་དཔལ་མོ་འོང་ངོ་། །རྒྱལ་བ་འདོད་ན་ཞོའི་སྦྱིན་སྲེག་གྱིས་ཤིག །རྟག་ཏུ་རྒྱལ་བར་འགྱུར་རོ། །རྒྱས་པར་འདོད་ན་མར་གྱི་སྦྱིན་སྲེག་གྱིས་ཤིག །ནོར་ཐོབ་
པར་འགྱུར་རོ། །དུས་རྟག་ཏུ་གཙང་མས་མཚན་མོ་ལྔས་ཤ་ཟ་བ་རྣམས་དང་མཚན་མོ་དགུས་གནོད་སྦྱིན་དང་སྲིན་པོ་རྣམས་དང་མཚན་མོ་བཅུས་ཀླུའི་རྒྱལ་པོ་རྣམས་དང་། ཟླ་བ་ཕྱེད་ཀྱིས་དྲི་ཟ་དང་། ཆུས་བྱུང་དང་། ཉི་མ་ཉི་ཤུ་རྩ་གཅིག་གིས་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
མིའམ་ཅི་དང་། ལྷ་མོ་རྣམས་དང་། མཚན་མོ་ཉི་ཤུ་རྩ་གཉིས་ཀྱིས་ཚོགས་ཐམས་ཅད་དང་། ཟླ་བས་རྒྱལ་པོའི་བཙུན་མོ་སྟེ། དབང་དུ་བྱེད་པ་ལ་རོ་ཞིམ་པོའི་སྙི་མ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །སྐྱེས་
པ་དང་བུད་མེད་དབང་དུ་བྱེད་པ་ལ་ཡུངས་ཀར་དཀར་པོ་ལ་ཞོ་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག །ནོར་རྙེད་དོ། །ཀ་ར་བཱི་ར་དམར་པོ་དང་། དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག །རྒྱལ་པོའི་བུ་མོ་རྙེད་དོ། །བིལ་བ་ཞོས་བཏགས་པ་འབུམ་སྦྱིན་སྲེག་
གྱིས་ཤིག །ཁྱིམ་དུ་དཔལ་མོ་འབྱུང་ངོ་། །མེ་ཏོག་བརྒྱ་པ་ལ་ཞོས་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག །དོང་ཙེ་བརྒྱ་རྙེད་དོ། །གསེར་མདོག་ཅན་གྱི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག །བ་ལང་སྟོང་སོ་སོར་རྙེད་དོ། །མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག །

ཡུལ་སོ་སོར་རྙེད་དོ། །ཨརྒའི་ཡམ་ཤིང་གི་སྦྱིན་སྲེག་འབུམ་གྱིས་ཤིག །དོང་ཙེ་སྟོང་རྙེད་དོ། །མར་སར་གྱི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག །ཡུལ་གྲུ་ལྔ་སོ་སོར་རྙེད་དོ། །པུཎྜ་རཱི་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག །
གོས་བྱེ་བ་བཞི་རྙེད་དོ། །འོ་མའི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག །བ་ལང་དང་ནོར་ཡོངས་སུ་གཞལ་བ་རྙེད་དོ། །བྱང་ཆུབ་ཤིང་གི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག །མ་བླངས་པར་ཁྱིམ་ཕུན་སུམ་ཚོགས་པར་བྱེད་དོ། །སྣ་མའི་
མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག །རྣམ་པར་བཏགས་པའི་གོས་ཟུང་བརྒྱ་རྙེད་དོ། །པཱ་མཱནྣཱའི་སྲེག་བླུགས་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གྱིས་ཤིག །མཚན་མོ་བདུན་གྱིས་བྲམ་ཟེ་དབང་དུ་བྱེད་དོ། །ཀུ་མུད་འབུམ་སྦྱིན་སྲེག་གྱིས་ཤིག །ཆུང་མ་
དབྱིག་དང་བཅས་པ་རྙེད་དོ། །རིའི་རྩེ་མོར་འཛེགས་ཏེ་འབུམ་ཟློས་ཤིག །ཡུལ་གང་དུ་བཟླས་པ་བྱེད་པའི་ཡུལ་དེའི་རྒྱལ་པོ་དེ་འོང་སྟེ། དོན་དུ་མ་གཉེར་བར་བུ་ཉིད་དང་ནོར་ཐམས་ཅད་རྣམ་པར་འབྱོར་བར་འགྱུར་རོ། །བུ་དང་བཅས་པ་སྲུང་བར་བྱེད་
དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་དྲི་ཞིམ་པོའི་མེ་ཏོག་འབུམ་ལྷུག་ཅིག །ཕྱིས་མེ་ཏོག་རྒྱུན་ལ་བཟློག་ཕྱོགས་སུ་འོང་ངོ་། །སོས་མ་རེག་པར་བཟའ་བར་བྱའོ། །ཉི་མ་རེ་རེ་ལ་གཞུང་ལྔ་བརྒྱ་འཛིན་པར་བྱེད་ཅིང་དེ་རྣམས་འཆང་བར་བྱེད་དོ། །
སྔོན་སྤྱད་པ་བྱས་པས་གཟུགས་བརྙན་གྱི་སྤྱན་སྔར་འབུམ་བཟླའོ། །དེ་ནས་གང་དུ་གཏེར་གནས་པ་དེར་སོང་ནས་རྩ་བ་དང་ནག་པོ་མེད་པའི་བུམ་པ་ཐམས་ཅད་དྲི་ཞིམ་པོས་བྱུགས་པར་བྱས་ནས་ཙནྡན་དཀར་པོ་དང་ཆུས་ཡོངས་སུ་བཀང་བ་བྱས་ཏེ་སྟོང་ཕྲག་
བརྒྱད་མངོན་པར་བསྔགས་པ་ཆོ་གའི་གནས་སུ་གཞག་པར་བྱའོ། །ས་ཐམས་ཅད་འགས་པར་བྱེད་དོ། །གལ་ཏེ་གཏེར་མི་གང་ཙམ་དུ་ཡང་གནས་པར་བྱེད་དོ། །ཆུས་མི་གནོད་པ་སྟེང་དུ་གནས་སོ། །དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་

བར་བྱེད་དོ། །བུད་མེད་གང་མི་འདོད་པ་དེའི་མིང་སྨོས་ནས། མར་ལ་ཡོངས་སུ་བཟླས་ནས་འཐུངས་ཤིག །སྐལ་བ་བཟང་པོར་འགྱུར་རོ། །རྡོ་རྗེ་སྒྲུབ་ཐབས་ནི་རྒྱལ་གྱི་ལྕགས་ལས་བྱུང་བའི་རྡོ་རྗེ་སོར་བཅུ་དྲུག་པ་རྩེ་མོ་གསུམ་པ་བྱས་ནས། ཙནྡན་
དམར་པོས་རྗེས་སུ་བྱུགས་ཏེ། རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཉི་མ་སོ་སོར་ཕྱག་འཚལ་བཞིན་པས་བསོད་སྙོམས་བཟའ་བར་བྱའོ། །མཐར་མཚན་མོ་སྨྱུང་བར་གནས་པས་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ། རས་རིས་བཞུགས་ནས་མཆོད་
པ་རྒྱ་ཆེན་པོ་བྱས་ཏེ། མར་མེ་བརྒྱ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། རྡོ་རྗེ་གཉིས་ཀ་དག་ཀྱང་ལག་པ་དག་གིས་བཟུང་ནས། ཇི་སྲིད་བཟུང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཡོངས་སུ་འཁོར་བ་བདུན་དུ་འཕུར་བར་བྱ་སྟེ། རིག་པ་
འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །བསྐལ་པ་ཆེན་པོར་འཚོ་བར་བྱེད་དོ། །རྒྱལ་གྱི་ཟླ་བས། མྱ་ངན་མེད་པའི་ཤིང་གི་འོག་ཏུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། ན་ལེ་ཤམ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་ཞིང་། ན་ལེ་ཤམ་གཅིག་ཁར་
བཅུག་ནས་རྣམ་པར་ལྟ་བར་བྱེད་པ་དེ་དབང་དུ་འགྱུར་རོ། །ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པར་གོས་གཙང་མ་བགོས་ཏེ། རས་རིས་ཀྱི་སྤྱན་སྔར་མར་མེ་དང་། རྒྱལ་མཚན་དང་། མེ་ཏོག་གི་
ཕྲེང་བ་ལ་སོགས་པ་ཕུལ་ནས། རང་ཉིད་ཀྱིས་སོ་སོར་བཏགས་པའི་ཆུ་ཟངས་ཀྱི་སྣོད་དུ་བཞག་ནས། ཐུན་ཚོད་གཅིག་ཏུ་བཟླས་པ་འཐུངས་ནས་སླར་ཡང་ཆོ་ག་དེ་ཉིད་ཀྱིས་མཚན་ཐོག་ཐག་ཇི་སྲིད་པར་རོ། །ཐོ་རངས་དགེ་འདུན་གྱིས་བསྟན་པ་
ཅན་གྱི་སློང་མོ་བཟའ་བར་བྱའོ། །ཟོས་ནས་མར་དང་ཕྱེ་དང་སེ་འབྲུ་རྣམས་ཀྱང་ཟོས་ནས་གང་གི་ཚེ་གཉིད་འོང་བར་བྱེད་དོ། །ཕྱོགས་བཞིར་རིག་པའི་གནས་རྣམས་ཁར་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་

ཀླུང་དུ་ཞུགས་ནས་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་ཉི་མ་བཅུ་གསུམ་དུ་ཟློས་ཤིག །དུག་དང་མཆེ་བ་རྣམས་ཀྱིས་ཤི་བ་ཐམས་ཅད་སློང་དུ་འཇུག་པར་བྱེད་དོ། །ཁུ་ཚུར་གྱིས་གདོན་ཐམས་ཅད་འཇུག་པར་བྱེད་ཅིང་ཐར་བར་ཡང་བྱེད་དོ། །ས་ལ་མ་ལྷུང་
བའི་བ་བྱུང་གིས་ཁྲུ་བཞི་པའི་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས་ནག་པོའི་བརྒྱད་པ་ལ་ཀརྴ་རའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཉི་མ་རེ་རེར་སྟོང་ཕྲག་བརྒྱད་བརྒྱད་སྦྱིན་སྲེག་གྱིས་ཤིག །ཇི་སྲིད་བཅུ་བཞིའི་བར་དུའོ། །ལས་འདིར་ཁྲོས་པའི་རྒྱལ་
པོའི་ཕོ་བྲང་རབ་ཏུ་དང་བར་བྱེད་དེ། གྲོགས་དང་ལྡན་པས་ནགས་སུ་རབ་ཏུ་ཞུགས་ཏེ། ཤིང་ཀུ་པི་ཏིའི་སོལ་བས་མི་བྲིས་ནས་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ཁྲོས་པ་དང་བྲལ་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་གློག་དང་ལྡན་
པའི་ཤིང་སོར་མོ་དྲུག་པ་བླངས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་ཕུར་བུ་དེ་ལྕགས་གསུམ་དང་ལྡན་པ་བྱས་ནས་བུམ་པ་བཞི་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་པདྨ་སྟོང་པ་ལ་གཞག་པར་བྱའོ། །
དེ་ནས་ཕུར་བུ་དེ་རྐང་པ་གཡོན་པས་མནན་ནས་ལག་པ་གཡོན་པས་བཟུང་སྟེ་ཇི་སྲིད་ལག་པ་ཉམས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ལག་པ་གྲོལ་ལོ། །དེ་ནས་ཐོ་རངས་གཏོར་མ་ཆེན་པོ་བྱིན་ནས་སེ་འབྲུ་བཟའ་བར་བྱ་སྟེ་དེ་འགྲུབ་པར་འགྱུར་རོ། །ཁྱིམ་གཞན་དུ་ཕུར་བུ་དེ་གདབ་
པར་བྱ་སྟེ། འདོད་པ་སྦྱིན་པར་འགྱུར་ཞིང་ཡོ་བྱད་ཐམས་ཅད་ཀྱང་འབྱུང་ངོ་། །བཏོན་པས་ཐམས་ཅད་མི་སྣང་བར་འགྱུར་རོ། །སྣ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་རྣམས་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དོང་ཙེ་ལྔ་རྙེད་དོ། །
ཨ་མྲའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཆུ་ཀླུང་གི་འགྲམ་དུ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་ཨརྒའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཉི་མ་ལྔ་རུ་དོང་ཙེ་ལྔ་རྙེད་དོ། །དཀར་པོའི་བཅུ་བཞི་ནས་བརྩམས་ནས་མྱ་ངན་མེད་པའི་ཡམ་ཤིང་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་

ཇི་སྲིད་བཅྭ་ལྔ་པའི་བར་དུ་སྦྱིན་སྲེག་གྱིས་ཤིག །དོང་ཙེ་བརྒྱ་རྙེད་དོ། །ཀ་ར་བཱི་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་དཀར་པོའི་བཅུ་བཞི་པའི་བར་དུ་ཀ་ར་བཱི་རའི་ཞོགས་མ་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དོང་ཙེ་
སྟོང་སོ་སོར་རྙེད་དོ། །ལེགས་པར་བཙགས་པའི་ཆུ་ལ་མངོན་པར་བསྔགས་ནས་ཉི་མ་བདུན་དུ་སྤྱད་པར་བྱའོ། །དེ་ནས་བསྲུང་བ་བྱས་པའི་ཕྱུགས་རྫིས་དེབ་སེར་སྐྱ་ལ་བསྣུན་པར་བྱའོ། །དེ་ནས་དེའི་འོ་མ་ཕྱོགས་དབེན་པར་བུམ་པ་བཞག་ལ་བཟླས་པར་བྱའོ། །དེ་ནས་དཀྲུགས་ནས་བྲམ་ཟེའི་
བུ་མོའི་ལག་པས་རྫས་འདི་རྣམས་འཐག་ཏུ་གཞུག་པར་བྱའོ། །དེ་ནས་རིལ་བུ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་པ་བྱེད་དུ་གཞུག་གོ། །སེར་སྐྱ་དེ་ཉིད་ཀྱི་བ་བྱུང་ལྔའི་རིལ་བུ་རབ་ཏུ་བཅུག་སྟེ། མཚན་མོ་གཅིག་གཞག་པར་བྱའོ། །དེ་ནས་ཕྱུང་སྟེ་བའི་ཆུས་བཀྲུ་བར་བྱའོ། །པདྨའི་
འདབ་མར་གི་ཝང་གིས་མངོན་པར་བཏགས་ཏེ་གཞག་པར་བྱའོ། །དེ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་སང་བའི་ཆོ་ག་བྱས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་དང་མར་མེ་ཡང་ངོ་། །དེ་ནས་རིག་པ་འཛིན་པས་རིལ་བུ་བརྒྱད་
བླངས་ནས་པདྨའི་འདབ་མ་ཁ་སྦྱོར་དུ་པདྨའི་མཚོ་རུ་སོང་ནས་རས་རིས་བཞུགས་སུ་གསོལ་ཏེ་པདྨའི་སྦྱིན་སྲེག་གྱིས་ཤིག་དཔལ་མོ་འོངས་ཏེ་མཆོག་སྦྱིན་པར་བྱེད་དོ། །པདྨའི་ས་བོན་དང་། རྒྱ་སྤོས་དང་། པདྨའི་གེ་སར་དང་། ཙནྡན་དང་། སྦྲང་རྩིས་ལྷན་ཅིག་བཏགས་ཏེ་རིལ་བུ་
བྱེད་དུ་གཞུག་གོ། །དེ་ལ་བདུག་པ་དང་ལྷན་ཅིག་མངོན་པར་བསྔགས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །མེ་ཏོག་ཕྲེང་བ་ལ་ཡོངས་སུ་བཟླས་ནས་གང་གི་མགོ་ལ་བཅིངས་པ་དེ་དབང་དུ་འགྱུར་རོ། །ཙནྡན་དམར་པོ་དང་། ཙམ་པ་ཀའི་མེ་ཏོག་དང་། པདྨ་གེ་སར་དང་།
སཱ་ལུ་དམར་པོའི་ཕུབ་མ་དང་། གི་རི་ཀཪྞི་ཀ་དང་། ཀུ་རནྟ་ཀའི་ས་བོན་དང་། འབྲུ་དང་། སྲན་མའི་མྱུ་གུ་དང་། རུ་རྟ་དང་། རྒྱ་སྤོས་དང་། ཏུ་རུ་ཥྐ་དང་། ཏིལ་རྣམས་ཆ་མཉམ་པ་གཅིག་ཏུ་བྱས་ནས་བ་སེར་སྐྱའི་མར་གྱིས་རིལ་བུ་བྱེད་དུ་གཞུག་གོ། །སྔོན་དུ་སྒྲུབ་པ་ཐམས་ཅད་བརྩམ་པར་བྱའོ། །

རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དབང་དུ་བྱེད་པར་འདོད་པས་ཀུ་ཤ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ཏེ་ཟློས་ཤིག །འཁོར་དང་བཅས་པ་དབང་དུ་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་ཏིལ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་
བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ་ནས་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་ཡུངས་ཀར་ནག་པོ་སྟོང་ཕྲག་བརྒྱད་
སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ་འབྲུ་ནག་པོའི་ཕུབ་མ་སྟོང་ཕྲག་བརྒྱད་ཉི་མ་གཅིག་པའི་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་དུ་བ་སེར་སྐྱ་ཁྱིམ་དུ་བཏགས་ཏེ་མངོན་པར་བསྔགས་པའི་རྩྭ་ལྗང་གུ་ཟར་གཞུག་པར་བྱའོ། །མངོན་པར་
བསྔགས་ནས་ཕྲེང་བ་བཟང་པོ་དེ་དང་ལྡན་པར་བྱའོ། །མངོན་པར་བསྔགས་ཏེ་ཆུ་འཐུང་དུ་གཞུག་པར་བྱའོ། །སྲུང་བ་བྱས་པའི་ཕྱུགས་རྫིས་བཞོ་བར་བྱའོ། །དེ་ནས་འོ་མ་དེ་རྣམ་པར་དབེན་པའི་ཕྱོགས་སུ་བཞག་ནས་ཞོ་ཆགས་པ་དང་དཀྲུགས་པར་བྱའོ། །མར་དེས་མཱ་ལ་ཏཱིའི་མེ་
ཏོག་དང་དེ་གཅིག་ཏུ་བྱས་ནས། སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ལག་པ་གཉིས་ཀྱིས་པདྨའི་འདབ་མས་དཀྲིས་པའི་རིལ་བུ་བླངས་ནས་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །བསྙེན་པ་སྔོན་དུ་འགྲོ་བ་ཅན་གྱིས་རིལ་བུ་དེ་ཇི་སྲིད་དུ་བ་འཐུལ་བ་དང་འབར་བ་དང་།
འབར་བ་དེ་སྲིད་དུའོ། །དྲོ་བཞིན་པ་ལ་ནི་དབང་དུ་བྱེད་པའོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བའོ། །འབར་བས་རིག་པ་འཛིན་པར་འགྱུར་ཏེ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་
པར་བསྔགས་པ་གང་གི་མགོ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །རྒྱལ་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱ་ཟློས་ཤིག །སྟོང་དང་བཅས་པ་དབང་དུ་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་

སྦྱིན་སྲེག་གྱིས་ཤིག །དེ་ནས་བླང་བར་བྱ་སྟེ་མི་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་བྱེ་མའམ་སའི་གོང་བུ་ལ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་བྱས་ནས་
གཙང་མ་གསོ་སྦྱོང་ལ་གནས་པས་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས། སློང་མོས་ཟ་བའམ་ཙཱ་རུ་ཟ་བས་སྟོང་ཕྲག་བརྒྱར་ཟློས་ཤིག །ལས་ཐམས་ཅད་ནུས་པར་འགྱུར་རོ། །དུར་ཁྲོད་ཆེན་པོའི་ཕྱོགས་སུ་དཀྱིལ་འཁོར་ལ་སོགས་པ་བཅིང་བ་དང་། ཕྱོགས་བཅིང་བ་དང་།
དུག་ཐམས་ཅད་གསོ་བ་དང་། ངེས་པར་བྱབ་པ་དང་། གདོན་དང་རིམས་གཞོམ་པ་དང་། ཆུ་ཀླུང་ཆེན་པོ་རབ་ཏུ་སྒྲོལ་པ་ལ་བཟླས་པར་བྱས་ཏེ། བདེ་བས་སྒྲོལ་བར་བྱེད་དོ། །ལ་གཅན་དང་ཤོ་གམ་མེད་པར་མཆོད་པར་བྱ་བར་འགྱུར་རོ། །རྩོད་པ་ལ་ཡང་སྨྲ་བའི་མཆོག་ཏུ་
འགྱུར་རོ། །གཉིད་དུ་སོང་བ་ན་ཁུ་བ་འཆིང་བར་འགྱུར་རོ། །སྲད་བུ་ལ་སྟོང་ཕྲག་བཟླས་པ་དང་། སེང་ལྡེང་གི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་པས་ལོ་ཐོག་ཐམས་ཅད་ཀུན་ཏུ་སྲུང་བ་དང་། བརྐོས་པས་ལྕང་མའི་འདབ་མ་ཉེ་བར་མཉམ་པ་དང་། འབྲས་སཱ་ལུ་དང་།
ཐུག་པོ་ཆེ་རྣམས་ཀྱི་སོ་ནམ་ཕུན་སུམ་ཚོགས་པར་བྱེད་དོ། །ཡུངས་ཀར་གྱིས་རྒྱལ་པོ་དང་བློན་པོ་ཐམས་ཅད་འཇོམས་པར་བྱེད་དོ། །སེར་བ་དང་། རྡོ་རྗེ་དང་། རྡོ་བ་ལ་སོགས་པ་རྣམས་ལ་བརྒྱད་བརྒྱར་བཟླས་པས་གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་བྱེད་དོ། །ཐལ་བ་ལ་སྟོང་
ཕྲག་བཟླས་པས་གང་གི་ཕྱོགས་སུ་གཏོར་བ་དེའི་ཕྱོགས་སུ་ཚེར་མ་ཟློག་པར་བྱེད་དོ། །བརྒྱད་བརྒྱར་བཟླས་པས་ཟུག་རྔུ་ཐམས་ཅད་མེད་པར་བྱེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་ལྔ་བཟླས་སོ། །དེ་ནས་སེན་མོས་བཅད་པའི་ཏ་ལའི་འདབ་མ་ལ་རལ་གྲི་བྱས་
ནས། དེའི་འདབ་མ་ལ་གུར་གུམ་གྱིས་བྲིའོ། །ནག་པོའི་བརྒྱད་པའི་ཉི་མ་ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ལ་ངེས་པར་གནས་པས། གཅིག་པུ་རི་བོའི་རྩེ་མོ་ལ་འཛེགས་ཏེ། ཕྱོགས་སུ་དོར་ནས་ཁྲུ་བརྒྱད་དམ། ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་ཉེ་བར་བྱུགས་ནས་བྱེ་མ་ལ་མཆོད་རྟེན་

བྱས་ཏེ་དེ་ལ་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ། ལག་པ་གཡས་པས་རལ་གྲི་བླངས་ནས་དཔུང་པ་གྱེན་དུ་བསྒྲེངས་ཏེ་མཆོད་རྟེན་གྱི་མདུན་དུ་གསང་སྔགས་བཟླས་པར་བྱའོ། །ཇི་སྲིད་རལ་གྲི་ལ་ཡོད་པའི་ནང་གི་སྔགས་ཀྱི་ཡི་གེ་དེ་རྣམས་འབར་བར་གྱུར་པ་དང་།
དེ་བླངས་ནས་ཇི་ལྟར་འདོད་པར་འགྲོ་ཞིང་རིག་པ་འཛིན་པར་འགྱུར་ཏེ། རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །འདོད་པའི་གཟུགས་ཅན་བསྐལ་པར་གནས་ཤིང་དཔག་ཚད་སྟོང་མཐོང་བར་བྱེད་ཅིང་ཐོས་པར་བྱེད་སྣོམ་པར་བྱེད་དོ། །རི་ལ་
ཡང་ཐད་ཀར་འགྲོ །རྩིག་པ་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ། །རྒྱ་མཚོ་ལ་ཡང་མངོན་པར་འཕགས་པར་བྱེད་དོ། །ངེས་པར་བསགས་པ་རྙེད་དོ། །བ་བླ་དང་ལྡོང་རོས་སྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་གཟུགས་བརྙན་གྱི་སྤྱན་སྔར་དེ་ཉིད་དུ་རས་རིས་
བཞུགས་སུ་གསོལ་ཏེ་དཀར་པོའི་བརྒྱད་པ་ལ་མཆོད་པ་བྱས་ནས། དེའི་དབུས་སུ་ཡན་ལག་མ་ཉམས་པའི་སྐྱེས་བུ་བཞག་ནས་རྐང་པ་གཡོན་པས་བྲང་ཁར་ཡང་དག་པར་མནན་ནས་སྲུང་བ་བྱས་ཏེ་སྔགས་བཟླས་པར་བྱའོ། །ཇི་སྲིད་ལངས་ཀྱི་བར་དུའོ། །སྔར་སྦྲང་རྩི་དང་འོ་
ཐུག་བཟའ་བར་བྱ་ཞིང་ལན་བདུན་མངོན་པར་བསྔགས་པའི་ཁུ་ཚུར་བཅིངས་པ་མགོ་བོ་ལ་གཞུ་བར་བྱའོ། །དེ་ནས་འཛག་པར་བྱེད་དོ། །དེ་འཐུངས་ནས་མི་སྣང་བར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཉ་དང་བཅས་པའི་ཆུ་བོར་ཞུགས་ཏེ་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །
གོས་ཟུང་སོ་སོར་རྙེད་དོ། །གྲོང་དུ་ཞུགས་ནས་བརྒྱད་བརྒྱ་བཟླས་པར་བྱ་སྟེ། མཛེས་པའི་བཟའ་བ་ཐོབ་པར་བྱེད་དོ། །ལན་ཚྭ་དང་། བསྲེས་པའི་ཆུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པས་གཟེར་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །བུད་མེད་བུ་མ་ཐོན་པ་ལ་ཆུ་ལ་ལན་བརྒྱད་བརྒྱར་མངོན་པར་
བསྔགས་ནས་སྦྱིན་ནོ། །བདེ་བར་བཙའ་བར་བྱེད་དོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅྭ་ལྔའི་བར་དུ་ཉི་མ་རེ་རེ་ལ་སྟོང་ཕྲག་འཕེལ་བར་བྱས་ནས་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་རིལ་བུའི་སྦྱོར་བས་རིལ་བུ་རྣམས་བསྒྲུབས་ནས་ཁར་བཅུག་ན་མི་

སྣང་བར་འགྱུར་རོ། །མྱ་ངན་མེད་པའི་མེ་ཏོག་དང་། ཀྲྀཥྞ་སཱ་རའི་མཁྲིས་པ་དང་། དུར་བའི་སྙིང་དང་། སོ་དྲི་ཡའི་སོལ་བ་རྣམས་ལྷན་ཅིག་ཆ་མཉམ་པར་བྱས་ནས་རྒྱལ་གྱི་ལྕགས་ཀྱིས་དཀྲིས་ཏེ་སླར་ཡང་ལྕགས་གསུམ་གྱིས་དཀྲིས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་
བསྒྲུབ་པར་བྱའོ། །ཁར་བཅུག་ནས་ཀུ་ཏུ་གནས་པས་དང་པོར་འཆིང་བ་ལས་གྲོལ་བར་བྱའོ། །སྤྲ་ཚིལ་ལས་བྱུང་བའི་སྐྱེས་པའམ་བུད་མེད་ཀྱི་གཟུགས་བརྙན་བྱས་ནས་རྣམ་པར་དབེན་པའི་ཕྱོགས་སུ་མེ་རབ་ཏུ་སྦར་ནས་བརྒྱད་བརྒྱར་མངོན་པར་བསྔགས་ནས་གཞུ་བར་བྱ་སྟེ།
མྱོས་བྱེད་ཀྱི་ཚེར་མས་ངེས་པར་གདབ་པར་བྱ་ཞིང་དབང་དུ་འགྱུར་ཏེ། གང་དོན་དུ་གཉེར་བ་དེ་རྙེད་དོ། །དཀར་པོའི་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ། ཀཱ་རཥཱ་པཎ་ལྔ་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་ཉིན་
མཚན་དུ་སྨྱུང་བར་གནས་ཏེ་གཟུགས་བརྙན་གྱི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་མེ་རབ་ཏུ་སྤར་ནས་པེ་ཀངྐ་ཏའི་ཀ་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ནོར་ཐམས་ཅད་ཐོབ་པར་བྱེད་དོ། །དཀར་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་བྱ་རོག་འཕུར་གྱི་
བར་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དོང་ཙེ་བཅུ་རྙེད་དོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ནག་པོའི་བཅུ་བཞི་པ་ལ་གུ་གུལ་གྱི་བདུག་པ་བསྲེགས་ཏེ་བཱ་ལའི་མེ་སྦར་ནས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་ཀ་ར་བཱི་རའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་མེ་
ཐབ་ཏུ་པདྨའི་ཚད་ཀྱི་ཀ་ར་བཱི་ར་ལངས་ཏེ། ཀ་ར་བཱི་རའི་དབུས་སུ་དེའི་མདོག་ཅན་གྱི་ལྡོང་རོས་མཐོང་སྟེ། སགས་ཟློས་ཤིང་བླང་བར་བྱའོ། །ཡིད་ཀྱིས་བླངས་པ་ཙམ་གྱིས་ཉི་མ་འཆར་བའི་མདོག་ཅན་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་རིག་པ་འཛིན་པར་འགྱུར་ཏེ་རླུང་གི་ཤུགས་དང་བཅས་པ་འདོད་པ་
རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བའི་འཆི་བ་ཤེས་པར་བྱེད་པ་དང་། གལ་ཏེ་སླར་ཡང་སྒྲུབ་པ་བྱེད་ན་ཚེ་ཉིས་འགྱུར་དུ་འགྱུར་རོ། །ཁང་སྟོང་དུ་ཞུགས་ཏེ་ཕྱོགས་གཙང་མར་རས་རིས་བཞུགས་སུ་གསོལ་ནས་མི་སྨྲ་

བར་འོ་མ་དང་ནས་ཟན་ཟ་ཞིང་ཕྱོགས་གཅིག་ཏུ་བཟླས་པར་བྱའོ། །དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་ཆེས་རྒྱ་ཆེན་པོ་ཕུལ་ཏེ། སྐྱིལ་མོ་ཀྲུང་བཅིངས་ནས་ཇི་སྲིད་འོད་ཟེར་འབྱུང་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་
མཐོང་བས་མཚམས་མེད་པ་ལྔ་ཡང་ཟད་པར་ཉེ་བར་འགྲོའོ། །དེ་ནས་གྲུབ་པར་འགྱུར་ཏེ། ཀུན་ནས་རྒྱལ་སྲིད་ཆེན་པོ་རྙེད་དོ། །ཕྱིར་རྒོལ་བ་མེད་པར་འགྱུར་རོ། །གི་ཝང་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ནས་བདུག་པས་བདུགས་ཏེ་བར་མ་ཆད་པར་
འཇོག་ཏུ་བཅུག་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་རོ། །མ་གྱུར་ན་ཡང་དེ་དབང་དུ་བྱེད་པ་ལ་ཁྱིམ་དུ་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། རྐང་འཐུང་ཨ་བ་ཨ་བཱི་ཡ་ལག་པ་གཡོན་པས་སྲེག་བླུགས་སྟོང་
སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །ཐུན་མོང་བའི་བུད་མེད་དབང་དུ་བྱེད་པ་ལ་ལན་ཚྭས་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །འབངས་མོ་དབང་དུ་བྱེད་པ་ལ་པུ་ནྣཱ་གའི་གེ་སར་དང་། ནས་དང་། གྲོ་དང་། ཤ་རྣམས་
གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །འབྲས་སཱ་ལུ་བཏགས་པ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །རྣ་བའི་མིག་སྨན་བླངས་ནས་མཆོད་རྟེན་གཅིག་དང་
ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ། སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པས་མིག་ལ་བསྐུ་བར་བྱའོ། །གང་ལུང་ཕོག་པ་དེ་དབང་དུ་འགྱུར་རོ། །ཕུག་གི་སྒོར་འབུམ་ཟློས་ཤིག །འཁྲུལ་འཁོར་ལྟུང་བར་བྱེད་དོ། །བ་ལང་གི་གནས་སུ་རྟེན་ཅིང་འབྲེལ་པར་འབྱུང་
བའི་སྙིང་པོ་ཅན་གྱི་མཆོད་རྟེན་བཞུགས་ནས་འབུམ་ཟློས་ཤིག །དོང་ཙེ་འབུམ་སོ་སོར་རྙེད་དོ། །ཀླུའི་གནས་སུ་རས་རིས་བཞུགས་ནས་སྲུང་བའི་ཆོ་ག་བྱས་པས་འཛམ་བུའི་ཤིང་གིས་མེ་སྦར་ནས་མངར་གསུམ་གྱི་གཏོར་མ་བྱིན་ཏེ་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །

དེ་ནས་བྲམ་ཟེའི་གཟུགས་ཅན་གྱི་ཀླུ་འོང་བར་བྱེད་དོ། །དེ་ཡང་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ཉི་མ་རེ་རེ་ལ་དོང་ཙེ་བདུན་བདུན་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །ཉི་མ་རེ་རེ་ལ་དོང་ཙེ་བདུན་བདུན་
སྩོལ་བར་བྱེད་དོ། །ལྷག་མ་མེད་པར་ཟད་པར་བྱའོ། །ཕྱེད་དཀོན་མཆོག་གསུམ་གྱི་ཉེ་བར་སྦྱོར་བའི་ཆེད་དུའོ། །རས་རིས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །དོང་ཙེ་སྟོང་ཕྲག་བཅུ་གཉིས་རྙེད་དོ། །དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་རིང་བསྲེལ་
དང་བཅས་པའི་མཆོད་རྟེན་དུ་ཟླ་བ་དྲུག་བཟླས་པར་བྱའོ། །རྒྱལ་སྲིད་སྦྱིན་པར་བྱེད་དོ། །ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གཟུགས་བརྙན་གྱི་སྤྱན་སྔར་བད་ཀན་མཐར་བྱེད་ཀྱི་སྙིང་པོ་བླངས་ནས་སྲད་བུ་དམར་པོས་དཀྲིས་ཏེ་དེ་ནས་པ་ལཱ་ཤའི་ཤིང་གིས་མེ་སྦར་
ནས་ཕུར་བུ་ཅན་ལ་སྟོང་ཕྲག་བརྒྱད་མངོན་བར་བསྔགས་པ་བྱས་ནས་དུམ་བུ་གསུམ་དུ་གཤགས་ཏེ་དུམ་བུ་རེ་རེ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་མེར་གཞུག་པར་བྱའོ། །ཐོ་རངས་དོང་ཙེ་སུམ་བརྒྱ་སོ་སོར་རྙེད་དོ། །དཀར་པོའི་བརྒྱད་པ་ལ་མཚན་