Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ

Văn bản gốc(Tây Tạng)

Trang 2 / 17 (50.000 ký tự/trang)
ས་རྒྱས་ཀྱི་ཞིང་བྱས་པའི་གནས་སུ་རིགས་ཀྱི་བུ་རིག་པ་འདི་འགྲོ་བ་དང་འོང་བ་ཉིད་ཀྱང་རིགས་ཀྱི་བུ་རིག་པའི་
རྒྱལ་པོ་སྟོན་པར་བྱེད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བདག་ཕྱག་ན་རྡོ་རྗེ་ལ་དངོས་གྲུབ་ཀྱི་དོན་དུ་རིག་པ་སྦྱིན་པར་བགྱིའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཕྱག་ན་
རྡོ་རྗེ་བདག་གིས་ཀྱང་གོས་དཀར་མོའི་སྙིང་པོའི་རིག་པ་སྦྱིན་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་

རྣམས་ལ་གཅིག་ཏུ་སྙིང་བརྩེ་བ་ཤིན་ཏུ་སྙིང་བརྩེ་བ་ཅན་སེམས་ཅན་རྣམས་ལ་མི་འཇིགས་པ་རབ་ཏུ་སྩོལ་ཅིག །ཐུབ་པས་གསུངས་པའི་རིག་པ་སྟོན་ཅིག །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅུང་ཟད་འཛུམ་པའི་བཞིན་གྱིས་
འཇིག་པར་བྱེད་པའི་མེ་ལྟར་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་ཀྱང་དེའི་འོད་ཟེར་གྱིས་ཀུན་ཏུ་སྐུལ་བར་བྱེད་པ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་དཔྲལ་བར་སྤྱན་གསུམ་པ་བྱུང་སྟེ། སྤྱན་དེ་ལས་སྣ་ཚོགས་དབང་
དུ་བྱེད་པའི་འོད་ཟེར་བྱུང་བར་གྱུར་ཏོ། །འོད་ཟེར་དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུ་ཡང་རིགས་ཀྱི་བུ་གང་ཁྱོད་འདི་ལྟ་བུའི་རིག་པ་སྨྲས་པ་ལེགས་སོ་ལེགས་སོ་ཞེས་པའི་ཚིག་ཐོས་སོ། །སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་པདྨ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། དྲི་བཟང་ལྡན་པ་དང་། ཀ་ཊོ་ར་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་བར་གྱུར་ཏོ། །རིགས་ཀྱི་བུ་རིག་པའི་རྒྱལ་པོ་
སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་རིག་པ་གསུངས་པ། ན་མཿསརྦ་ཏ་ཐ་ག་ཏེ་བྷྱཿ། ཨརྷ་ཏེ་བྷྱཿ། སམྱ་ཀ་སཾ་བུདྡྷེ་བྷྱཿ། ཨོྃ་བྷ་ཡ་ནཱ་ཤ་ནི་ཏྲཱ་ས་ནི་ཏྲཱ་ས་ཏྲཱ་ས་ཡ། བྷྲྀ་
ཀུ་ཊི། ཏ་ཊི། བཻ་ཏ་ཊི། བཻ་ཏ་ཊི། སྭེ་ཏེ། ཛ་ཊི་ནི་སྭཱ་ཧཱ། རིག་པ་འདི་གསུངས་མ་ཐག་ཏུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བ་དང་། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བ་དང་། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་
དམའ་བ་དང་། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་བར་གྱུར་ཏེ། དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་ཀྱང་གདན་ལས་བསྐྱོད། དྲི་ཟ་རྣམས་ཁ་བུབ་ཏུ་གྱུར། ལྷ་མ་ཡིན་རྣམས་

ཀྱི་དབྱངས་ཉམས་པ་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྒྱུ་མི་མགྱོགས་པ་དང་། སྲིན་པོ་རྣམས་ཀྱི་ཏྲུ་ཏ་ཏ་ར་དང་། གདུག་པ་རྣམས་ཉེ་བར་འགྲོ་བར་གྱུར་ཏོ། །མ་མོའི་ཚོགས་རྣམས་ངུ་འབོད་ཀྱི་ཉམ་ཐག་པའི་ང་རོ་དང་ངུ་འབོད་ཀྱི་ཀླག་ཅོར་སྨྲའོ། །དེ་བཞིན་
དུ་གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་སྐྱབས་མེད་དཔུང་གཉེན་མེད་དེ། ཇི་སྲིད་འོག་མིན་པའི་ལྷའི་རིས་རྣམས་ཀྱང་སྲེག་པར་གྱུར་ཏོ། །ལྷ་རྣམས་ཐམས་ཅད་རིངས་པ་རིངས་པར་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་ལྷགས་སོ། །དེ་ནས་ཕྱག་ན་རྡོ་རྗེ་ཡང་
དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་རྒྱན་གྱི་འོད་ཟེར་རྣམས་ཀྱིས་ཡིད་ཚིམ་ནས་སྟན་ལས་འཕོས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན་ཉེ་བར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་དང་། བྱང་
ཆུབ་སེམས་དཔའ་རྣམས་ལ་དབུགས་འབྱིན་པ་མཛད་དེ། མ་འཇིགས་ཤིག །གྲོགས་པོ་དག་མ་འཇིགས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་རབ་ཏུ་ཞུགས་ཤིག །དེ་བཞིན་གཤེགས་
པའི་གཙུག་ཏོར་སེམས་དཔའ་ཆེན་པོ་རབ་ཏུ་ཞུགས་པ་ཙམ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་
དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་དབྱངས་སུ་གྱིས་ཤིག །དེ་ནས་ལྷ་དེ་རྣམས་ཐམས་ཅད་དང་། དྲི་ཟ་དང་། གནོད་སྦྱིན་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་དང་བཅས་པ་ཉིད་ངོ་མཚར་ཐོབ་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་

ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟ་བུའི་གསང་སྔགས་བྱང་ཆུབ་སེམས་དཔས་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་གསུངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གཙུག་ཏོར་ནས་ངེས་པར་འཐོན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་
དཔའ་ཆེན་པོའི་མཐུ་ལྷ་རྣམས་ཀྱིས་སྔོན་ཆད་མ་ཐོས་པ་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །འདས་པའི་དུས་ན་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ཞེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་སོ་སོར་གནས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཅེས་བྱ་བ་གདགས་པ་མེད་དེ། དེ་རྣམས་ཐམས་ཅད་ཀྱང་རིག་པ་འཛིན་པ་
སྐྱོན་མེད་པ་ཁོ་ན་སྟེ། རིག་པ་འཛིན་པར་གྱུར་པ་ལས་མ་འདས་ཏེ། རིགས་ཀྱི་བུ་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་
སོགས་པ་འདི་རྣམས་མདོར་ན་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིམ་པ་ལས་མ་འདས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་སོང་ངོ་
ཉེ་བར་སོང་ནས་དགའ་ནས་གསང་སྔགས་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོྃ་ཊཀྐི་ཧཱུྃ་ཕཊ། འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རིག་པ་མཆོག་

གི་རྒྱལ་པོའི་སྙིང་པོ་རིག་པའི་རྒྱལ་པོ་སྟོང་བཟླས་པར་བྱའོ། །རྒྱུད་ཕྱི་མ་བསྐྱེད་པ་ཞེས་བྱ་བའི་ལེའུ་དང་པོའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། དྲི་ཟ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་
དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱད་དང་། སྨྱོ་བྱེད་དང་། གནོན་པོ་དང་། ལོག་འདྲེན་ཐམས་ཅད་དང་། ཐམས་ཅད་ནས་རྒྱལ་པོ་དང་། ལྷ་དང་སྒྲ་འམ། ཆུ་ཀླུང་དང་། རྒྱ་མཚོར་
བཅས་པའི་ལྷ་རྣམས་དང་། སྨན་ཆེན་པོ་རྣམས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་མངོན་པར་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ། །དེ་ནས་དེ་རྣམས་ཐམས་ཅད་ཀྱིས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་འགའ་ཞིག་ཡོངས་སུ་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་
དཔའ་དང་། ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟང་དག་ལེགས་སོ། །གང་དང་གང་འདོད་པ་དྲིས་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་པ་རྣམས་
འཆར་བའམ། ནུབ་པར་འགྱུར་བ་གདགས་པ་དང་། གང་གི་དུས་སུ་རིག་པ་རྣམས་འགྲུབ་པར་འགྱུར། ལྷ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལྷ་རྣམས་རིགས་ཀྱི་བུ་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་རིག་པ་རྣམས་འཆར་བར་འགྱུར་ཏེ། བརྩོན་འགྲུས་དང་ལྡན་པ་དང་། དལ་ཞིང་དལ་བའི་བརྩོན་འགྲུས་དང་། སྙིང་སྟོབས་དང་། ལེ་ལོ་དང་། བརྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། སྲོག་གཅོད་པ་དང་།

དྲག་པོ་ཅན་དང་། སྲེད་པ་དང་། བརྐམ་པ་རྣམས་ཏེ། དེ་རྣམས་རྟག་ཏུ་མར་མི་ཤེས་པ་དང་། ཕར་མི་ཤེས་པ་འདི་ལྟ་བུ་རྣམས་ཀྱིས་རིག་པའི་དངོས་གྲུབ་མི་རྙེད་དོ། །རིགས་ཀྱི་བུ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་རིག་པ་འཛིན་པའི་རྒྱལ་པོ་བཅྭ་བརྒྱད་
འདས་པ་ན་རྫུ་འཕྲུལ་ཆེན་པོ་ཅན། མཐུ་ཆེན་པོ་ཅན། དེ་རྣམས་རིག་པ་འཛིན་པའི་མིང་དུ་གྲགས་པར་གྱུར་ཏོ། །དེ་རྣམས་ཐམས་ཅད་ཀྱང་རིག་པ་འཛིན་པ་ཉིད་དང་། རིག་པའི་མཐུ་ཡིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །
རིགས་ཀྱི་བུ་ཤར་ཕྱོགས་སུ་སྡིག་མེད་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བཞིའི་མངའ་བདག་གོ། །བྱང་ཕྱོགས་སུ་རི་རབ་ལྷུན་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བཅུའི་མངའ་བདག་གོ། །རི་རབ་ལྷུན་པོ་རིའི་རྒྱལ་
པོའི་ཉེ་ལོགས་ན་གླང་པོའི་སྡེ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ལྷ་མ་ཡིན་གྱི་དབང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། གཞོན་པ་དཀར་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཆ་བྱད་བཟང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་།
གསེར་གྱི་ཡན་ལག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། པདྨ་བཀོད་པའི་རྒྱན་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྡོ་རྗེའི་ཕྱག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རིན་ཆེན་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཞགས་
པའི་ཕྱག་རྒྱ་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། མེ་ལྕེ་འབར་བའི་འོད་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། སྒྱུ་འཕྲུལ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྟག་ཏུ་རབ་དགའ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རིག་པ་འཛིན་
པའི་རྒྱལ་པོ་བཅྭ་བརྒྱད་པོ་འདི་རྣམས་རིག་པ་འཛིན་པ་སྟོང་ཕྲག་བཅུ་བཞིས་ཡོངས་སུ་བསྐོར་བ་མཐུ་ཆེན་པོ་དང་ལྡན་པ་དེ་རྣམས་ཐམས་ཅད་ཀྱང་བུད་མེད་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ་རིག་པ་

འཛིན་པ་འདི་རྣམས་སྐྱེ་བ་བདུན་གྱི་ནང་དུ་རིག་པའི་རྗེས་སུ་འབྲང་བར་འགྱུར་བ་སྟེ། གང་དང་གང་དུ་སྐྱེས་པ་དེ་དང་དེ་ཉིད་དུ་རིག་པ་འདིའི་མཐུས་དྲན་པ་སོ་སོར་རྙེད་དོ། །རིགས་ཀྱི་བུ་དེ་ལྟ་བུའི་གནས་སུ་གནས་པས་རིག་པ་འགྲུབ་པར་འགྱུར་རོ། །དེ་
ནས་ལྷ་དང་བྱང་ཆུབ་སེམས་དཔའི་འཁོར་དེ་རྣམས་ངོ་མཚར་ཐོབ་ནས་བཅོམ་ལྡན་འདས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གིས་མངོན་པར་གཏོར་བར་གྱུར་ཏོ། །དེ་ནས་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རབ་ཏུ་དགའ་བའི་ཡིད་ཀྱིས་རིག་པས་དགའ་བའི་
དོན་དུ་ཆོ་ག་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་རིག་སྔགས་གསུངས་པ། ཨོྃ་པདྨ་བཛྲི་ཧཱུྃ། སྙིང་པོའོ། །ག་ག་ན་བི་དཱ་རི་ཎི། ཉེ་བའི་སྙིང་པོའོ། །ཨོྃ་བྷ་ཡ་ན་ས་ནི་ཕཊ། མགོ་བོའོ། །ཨོྃ་ཏྲ་པ་ནི་ཧཱུྃ། གཙུག་ཏོར་དུའོ། །ཨོྃ་ཏ་ཊི་ཧཱུྃ། གོ་ཆའོ། །ཨོྃ་བཻ་ཏ་
ཊི་ཧཱུྃ། གུར་རོ། །ཨོྃ་སྭེ་ཏེ་ཛ་ཊི་ནི་ཕཊ། ར་བའོ། །ཞེས་པ་འདི་དག་རིག་པའི་འཁོར་གྱི་ལྷག་མའོ། །རྩ་བའི་རིག་པ་ཉིད་ཀྱིས་དྲི་དང་མེ་ཏོག་བདུག་པ་ལ་སོགས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་
འདས་མའི་རས་རིས་ཀྱི་ཆོ་ག་གསུངས་སོ། །དང་པོ་རེ་ཞིག་ཚད་མེད་ཅིང་སྐྲ་དང་བྲལ་བའི་རས་བཀྲུས་པ་ཙནྡན་དཀར་པོ་དང་ཨ་ག་རུའི་འདབ་མ་སྤང་སྤོས་དང་ལྷན་ཅིག་སྦྱར་བ་བཅོམ་ལྡན་འདས་མས་ལན་བདུན་མངོན་པར་བསྔགས་པས་ལན་བདུན་བཀྲུ་བར་བྱའོ། །བཀྲུས་
པ་ལ་ཡང་བྱུག་པར་བྱའོ། །འབྱུང་པོའི་སྐྲ་དང་། ག་ཛ་ཧྭ་དང་། ཤ་ཏྲུ་གྷ་ནི་དང་། པྲི་ཡངྐུ་སྟེ་འདི་རྣམས་ཀྱིས་བདུག་པར་བྱའོ། །འདི་རྣམས་ཀྱིས་གང་འདོད་པ་དེ་གྲུབ་པར་མཚོན་ནོ། །མཚན་མོ་གཅིག་སྨྱུང་བར་གནས་པར་གྱུར་ནས་མི་བློ་དང་ལྡན་པས་མཉན་པར་
བྱའོ། །དེ་ནས་ཐོ་རངས་དང་མཚན་མོ་མེ་སྦར་ནས་རང་གི་ཁྲག་གིས་བཏགས་པའི་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །ཆོ་ག་འདི་ཉིད་ཀྱིས་རས་རིས་འདྲི་བཞིན་པ་ལ་བགེགས་མི་འབྱུང་ངོ་། །དེ་བས་ཀྱང་བྱུག་པར་བྱ་སྟེ་རྣམ་པ་གཞན་དུ་ན་ལོག་འདྲེན་གྱི་བྱིན་གྱིས་བརླབས་

པས་གྲུབ་པར་མི་འགྱུར་རོ། །དེ་ནས་རིག་པ་འཛིན་པ་རང་ཉིད་ཀྱིས་རིགས་སྔགས་ཟློས་བཞིན་པས་རི་མོ་མཁན་ཁྲུས་བྱེད་དུ་གཞུག་གོ། །བཀྲུས་ནས་དེ་ལ་ཡང་གོས་རབ་ཏུ་སྦྱིན་པར་བྱ་སྟེ་ཇི་སྲིད་འདྲི་བའི་བར་རོ། །རི་མོ་མཁན་གསོ་སྦྱོང་ལ་གནས་པར་བྱ་ཞིང་།
འདྲི་བཞིན་པ་ན་ཡང་རས་ཀྱི་མཐར་རྣམ་པ་སྣ་ཚོགས་པའི་གཏོར་མ་དབུལ་བར་བྱ་ཞིང་། བུམ་པ་གང་བ་བཞི་གཞག་པར་བྱའོ། །དབུས་སུ་ཡང་དཀྱིལ་འཁོར་གྲུ་བཞི་པ་བྱའོ། །དེར་ཡང་བུམ་པ་གང་བ་གཞག་པར་བྱའོ། །བུམ་པ་དེ་རྣམས་ཐམས་ཅད་ཀྱང་མེ་ཏོག་གིས་
བརྒྱན་པར་བྱའོ། །མར་མེའི་ཕྲེང་བ་ཡང་དབུལ་ལོ། །རིག་པ་འཛིན་པས་རིག་པ་ཡིད་ལ་བྱེད་ཅིང་བདུག་སྤོས་བསྲེག་པར་བྱའོ། །དེ་ནས་རི་མོ་མཁན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ཚངས་
པའི་རི་མོ་གདབ་པར་བྱའོ། །དེ་ནས་སླར་ཡང་རིག་པ་འཛིན་པས་ཁ་ཤར་དུ་མངོན་པར་ཕྱོགས་པས་ཉེ་བར་ཞུགས་ནས་རས་རིས་ཀྱི་སྤྱན་སྔར་ཨ་པཱ་མརྒའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་རི་མོ་མཁན་གྱིས་ལྷ་ལ་ཕུལ་བའི་སྟོན་མོ་ཟོས་པས་
མ་འདྲེས་པའི་ཚོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། །གསེར་མདོག་པདྨ་དཀར་པོའི་གདན་ལ་བཞུགས་པའོ། །གཡས་སུ་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་ལ་རལ་པའི་ཅོད་པན་འཕྱང་བ། སྤྱན་གསུམ་པ། དཔྲལ་བ་ནས་འོད་ཟེར་འབྱུང་བ། པདྨ་ལ་གནས་པའོ། །དེའི་རྒྱབ་ཏུ་རིག་པའི་ལྷ་མོ་གོས་དཀར་པོ་བགོས་པ། པདྨ་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །དེའི་བར་
མ་ཆད་པར་ཁྲོ་གཉེར་ཅན་མ་གོས་དཀར་པོ་འཆང་བ་འདྲིར་གཞུག་པར་བྱའོ། །གཡས་སུ་བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོ་པྲི་ཡངྐུ་ལྟར་སྔོ་བསངས་ཕྱག་ན་རིན་པོ་ཆེ་བསྣམས་པ་འདྲིར་གཞུག་པར་བྱའོ། །དེ་ནས་ཐམས་ཅད་ཀྱང་བདེ་བར་གཤེགས་པའི་མཐོ་

གང་གི་ཚད་དུ་བྱ་ཞིང་པདྨ་ལ་གནས་ཤིང་སོ་སོར་གནས་པའོ། །གཡོན་གྱི་གཞོགས་སུ་ཕྱག་ན་རྡོ་རྗེ་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་ན་རྡོ་རྗེ་བསྣམས་པའོ། །གཡོན་གྱི་གཞོགས་སུ་རིག་པའི་རྒྱལ་པོ་དམ་པ་རྨ་བྱ་ལ་ཉེ་བར་འདུག་པའོ། །
རིག་པའི་རྒྱལ་པོའི་ཉེ་ལོགས་སུ་གསེར་ལྡན་མ་ཡང་རྡོ་རྗེ་ལྕགས་ཀྱུ་མ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྡོ་རྗེ་བསྣམས་པ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་དབྱུག་པ་དབྱུག་པ་བསྣམས་པ་འདྲིར་གཞུག་པར་བྱའོ། །
རྡོ་རྗེ་བློ་གྲོས་རྡོ་རྗེ་མ་དང་གནམ་ལྕགས་མ་ཡང་རྡོ་རྗེ་དབྱུག་པའི་རྒྱབ་ཏུ་འདྲིར་གཞུག་པར་བྱའོ། །གཡོན་དུ་ལྷ་སྐྲག་པ་འདྲིར་གཞུག་པར་བྱའོ། །སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་རྡོ་རྗེ་དྲག་ཏུ་དགོད་པ་འདྲིར་གཞུག་ཅིང་། ཕྱག་ན་རྡོ་རྗེའི་ཉེ་ལོགས་སུ་རྡོ་རྗེ་སྡེ་དང་གཙུག་འཕྱང་རྒྱན་
ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །ཐམས་ཅད་ཀྱང་པདྨ་ལ་སོ་སོར་གནས་པའོ། །རྒྱལ་པོ་ཆེན་པོ་བཞི་བྱ་སྟེ། ལོག་འདྲེན་གྱི་རིགས་བཞི་རྣམས་རྣམ་པར་འགྱུར་བའི་གཟུགས་ཅན་འབྲོས་བཞིན་པ་འོག་ཏུ་བྲི་བར་བྱའོ། །དེ་རྣམས་ཀྱི་འོག་ཏུ་
པདྨའི་མཚོ་བྱའོ། །ཀླུ་ལག་ན་པདྨ་ཐོགས་པ་འདྲིར་གཞུག་པར་བྱའོ། །ལྷའི་ཚོགས་ཐམས་ཅད་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །ལྷའི་རྔ་བོ་ཆེ་འདྲིར་གཞུག་པར་བྱའོ། །ཚངས་པ་དང་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་
པ་རྣམས་ཀྱང་མཚོན་ཆ་དང་བཅས་པ་འདྲིར་གཞུག་པར་བྱའོ། །རིག་པ་འཛིན་པའི་རྒྱལ་པོ་ལུས་མེད་འདྲིར་གཞུག་པར་བྱའོ། །ཀླུའི་རྒྱལ་པོའི་ཉེ་ལོགས་སུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱའོ། །རས་རིས་འདི་བྲིས་པ་ཙམ་ཉིད་ཀྱིས་སྡིག་པ་ཐམས་
ཅད་ལས་གྲོལ་བར་འགྱུར་རོ། །ཕྱི་ནས་ལྷ་རྣམས་བདེ་བླག་ཏུ་སྒྲུབ་བོ། །དེ་ནས་རིག་པ་འཛིན་པས་རས་རིས་ཀྱི་རྒྱལ་པོའི་མཆོག་དེའི་སྤྱན་སྔར་སློང་མོ་བཟའ་ཞིང་། རིག་པ་འབུམ་ཕྲག་བཅུ་གཉིས་སུ་བཟླས་པར་བྱའོ། །དེ་ནས་འདི་ལ་རིག་པ་འཛིན་པ་ལུས་མེད་ཀྱི་རྨི་ལམ་དུ་སྟོན་

པར་བྱེད་དེ། རིགས་ཀྱི་བུ་སྒྲུབས་ཤིག་སྒྲུབས་ཤིག་ཅེས་སོ། །དེ་ནས་རིག་པ་འཛིན་པས་ལྕགས་གསུམ་གྱི་པདྨ་གསེར་གྱི་སྙིང་པོ་ཅན་འདབ་མ་ཟངས་དང་ཆུ་བ་དངུལ་ལ་འདབ་མ་སྟོང་པའོ། །པདྨ་བཞིས་ཡོངས་སུ་བསྐོར་བ་བཞི་པོ་འདི། འདབ་མ་བརྒྱ་པར་བྱེད་དུ་གཞུག་གོ། །
ཕྱི་ནས་སྒྲུབ་པ་པོས་འོ་མ་དང་ཟན་ཟ་ཞིང་རིག་པ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་མོ་གསུམ་སྨྱུང་བར་གནས་པར་བྱས་ལ་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞུགས་ནས་པདྨའི་གཡས་ཀྱི་ལུས་ལ་བཅོམ་ལྡན་འདས་མའི་ལྷ་ཐམས་ཅད་སྤྱན་དྲང་བར་བྱའོ། །རབ་ཏུ་འབད་པས་
གཏོར་མ་དབུལ་བར་བྱའོ། །མེ་ཏོག་དཀར་པོ་དང་། ཨ་གྲ་རུ་དང་། རུ་རྟ་དང་། གུར་གུམ་དང་། མར་གྱི་མར་མེ་བརྒྱ་ཡང་རབ་ཏུ་སྦར་བར་བྱའོ། །ལྷ་མ་ཡིན་རྣམས་ལ་གཏོར་མ་དང་། གནོད་སྦྱིན་ལ་དཀར་གཏོར་དང་། མར་གྱི་མར་མེ་དང་། དྲི་ཟ་རྣམས་ལ་གཏོར་མ་དང་།
མར་གྱི་མར་མེ་དང་། ཤ་ཟ་རྣམས་ལ་གཏོར་མ་དང་། མེ་ཏོག་དམར་པོ་དང་། མར་གྱི་མར་མེ་དང་། ནམ་མཁའ་ལྡིང་རྣམས་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། རོ་ལངས་དང་། སྲུལ་པོ་དང་།
ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། གནོན་པོ་དང་། མ་མོའི་ཚོགས་རྣམས་དང་། ལོག་འདྲེན་དང་བཅས་པ་རྣམས་ལ་ཤ་དང་། ཛམ་བུ་ལི་ཀ་དང་། སྭ་ཏི་ཀ་ལ་སོགས་པ་རྣམས་སོ། །གནོད་སྦྱིན་རྣམས་ལ་ཤ་དང་། ཁྲག་དང་། སྡོང་བུ་དང་། འབྲས་བུ་དང་། མངར་
གསུམ་མོ། །ཀླུ་རྣམས་ལ་འབྲས་ཡོས་དང་། མུད་གའི་ལ་དུ་དང་། འབྲས་བུ་རྣམས་སོ། །རྣམ་པ་སྣ་ཚོགས་པའི་བཟའ་བར་བྱ་བ་དང་། སྒྲོན་མ་དང་བདུག་པ་རྣམས་ཀྱང་སོ་སོ་སོ་སོར་རོ། །ལྷ་རྣམ་པར་ཤེས་པ་ཉིད་འཕེལ་བཞིན་དུ་མཆོད་པ་བདུན་བྱའོ། །དེ་ནས་ཉི་མ་
བདུན་པ་ལ་གྲོགས་གཞག་པར་བྱའོ། །ལེགས་པར་བསམ་པའི་ཚེ་ན་བྱས་པ་གཟོ་བ། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན་ནད་མེད་པ་དེ་ལྟ་བུ་གཞག་པར་བྱའོ། །ཤེས་རབ་ཅན་གྱིས་དེ་ནས་ལས་ཡང་དག་པར་བརྩམས་ཏེ་ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་པ་ལ་ཉེ་བར་འདུག་ནས་

པདྨའི་ཟེ་འབྲུ་ལ་ལག་པ་གཡས་པས་མནན་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །ཀླུ་རྣམས་ཀྱང་སྒྲ་སྒྲོགས་ཏེ་འཇིགས་པར་མི་བྱའོ། །སླར་ཡང་བརྒྱད་བརྒྱར་བཟླས་སོ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རྔ་
བོ་ཆེའི་སྒྲ་སྒྲོགས་སོ། །ལོག་འདྲེན་རྣམས་ཀྱང་རྣམ་པར་འབྲོས་ཏེ་ལྷན་ཅིག་འཇིག་རྟེན་གྱི་ཁམས་གང་དུ་འགྲོ་བར་བྱེད་པ་རིག་པ་འཛིན་པ་དེ་རྣམས་འོང་བར་བྱེད་དོ། །ལྷ་མ་ཡིན་གྱི་བུ་མོ་རྣམས་འདུས་པར་འགྱུར་རོ། །སྤྲིན་རྣམས་ཀྱང་འུར་འུར་པོའི་སྒྲ་སྒྲོགས་པར་བྱེད་དོ། །ལྷ་
རྣམས་ཀྱང་འོང་བར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་དང་། རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱང་འདུས་པར་འགྱུར་རོ། །ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་ཞིང་རིག་པའི་ཚོགས་ཐམས་ཅད་ཀྱང་སྙིང་པོ་མེད་པར་འགྱུར་རོ། །དེ་ནས་རིག་པ་འཛིན་པས་རིངས་ཐབས་
སུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་དང་ལྷན་ཅིག་འབྱོན་པར་འགྱུར་རོ། །ལྷ་རྣམས་དང་ལྷན་ཅིག་བྱོན་པ་ལ་མཆོད་ཡོན་དབུལ་ལོ། །བྱོན་པ་ཙམ་གྱིས་ལྷ་ཐམས་ཅད་དང་། རིག་
པའི་རྒྱལ་པོ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ། །དེ་ནས་རིག་པ་འཛིན་པས་པདྨ་མནན་ནས་རིག་པ་ལན་བདུན་བཟླས་པར་བྱའོ། །པདྨ་རེ་རེ་ལ་པདྨ་བྱེ་བ་ཕྲག་བཞི་བཞི་འབྱུང་བར་འགྱུར་རོ། །རིག་པ་འཛིན་པ་སྟོང་ཕྲག་བཅུ་དྲུག་པོ་ཐམས་ཅད་ཀྱང་པདྨའི་
གདན་ལ་གནས་པ་ཤ་སྟག་འབྱུང་ངོ་། །དེ་ནས་རིག་པ་འཛིན་པས་ལན་ཅིག་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འབྱུང་སྟེ། སྒྲུབ་པ་པོ་ལ་བྱུགས་ནས་པདྨའི་ཟེ་འབྲུར་ནུབ་པར་འགྱུར་རོ། །དེ་ནས་ཡང་པདྨ་ལ་ཉེ་བར་འདུག་
པ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་འབྱུང་བར་འགྱུར་རོ། །དེ་ཡང་པདྨའི་བཀོད་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་འབྱུང་སྟེ། དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཀུན་ནས་ཁྱབ་པའོ། །དེར་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་

དཔའ་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ལྷ་རྣམས་ཀྱིས་ཀྱང་བསྟོད་པར་བྱ་བཞིན་པ། རིག་པ་འཛིན་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བཞིན་པ། རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱས་ཡོངས་སུ་བསྐོར་ནས་འགྲོ་སྟེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐད་
ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་སངས་རྒྱས་ཀྱི་ཞིང་བདུན་འདའ་བར་བྱེད་དོ། །རང་གི་འདོད་པས་སྐྱེ་བ་འཛིན་པར་བྱེད་ཅིང་རང་གི་འདོད་པས་འཆི་བར་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྣམ་པར་གནོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་ཡོད་
དེ། དེས་ལས་འདི་བསྒྲུབས་པའོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་པོའི་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སྤྱན་རས་གཟིགས་དབང་ཕྱུག་ལ་དགའ་བས་ཆོ་ག་སྨྲས་པ། རི་མོ་མཁན་
གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ། གསེར་ལྟར་སེར་བ། ཆོས་སྟོན་པར་མཛད་བཞིན་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། དམ་པར་བྱས་པ་དམར་སེར་མཆོད་ཕྱིར་
ཐོགས་དཀར་པོ་དར་ལའི་སྟོད་གཡོགས་དང་། སྨད་གཡོགས་ཅན། ཕྱག་ན་ཤིང་གི་དབྱུག་པ་བསྣམས་པའོ། །གཡོན་དུ་རྡོ་རྗེ་འཆང་སྔོ་བསངས་རྣམ་པར་རྒྱན་དང་བཅས་པ་ཕྱག་གཡོན་པས་ཁྲོ་བོའི་རྡོ་རྗེ་འཕྱར་བཞིན་པའོ། །རྡོ་རྗེ་འཆང་གི་ཉེ་ལོགས་སུ་རྡོ་རྗེ་ལྕགས་
ཀྱུ་མ་དང་རྡོ་རྗེ་ཁུ་ཚུར་མ་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་སུ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱ་སྟེ། པྲི་ཡངྐུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ་ཕྱག་གཡོན་
པས་ཀུརྦ་འཛིན་པའི་སྙིང་པོ་མཆོག་བཅོམ་ལྡན་འདས་མའི་ཉེ་ལོགས་སུ་འདྲེར་གཞུག་པར་བྱའོ། །སྟེང་དུ་གནས་གཙང་མའི་ལྷའི་བུ་མེ་ཏོག་གི་ཕུར་མ་ལག་ན་ཐོགས་པ་འདྲིར་གཞུག་པར་བྱའོ། །ལྷའི་རྔ་བོ་ཆེ་འདྲིར་གཞུག་པར་བྱའོ། །འོག་ཏུ་སྤོས་ཕོར་ལག་ན་ཐོགས་པ་

འདྲིར་གཞུག་པར་བྱའོ། །དཀར་གསུམ་ཟ་ཞིང་རས་རིས་ཀྱི་སྤྱན་སྔར་རིག་པ་འབུམ་ཕྲག་བདུན་བཟླས་པར་བྱའོ། །དེ་ལྟ་བུ་སྔོན་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་ལས་ཡང་དག་པར་བརྩམས་ཏེ་སྔོན་དུ་ལྡོང་རོས་བླངས་ཏེ་གོས་ཀྱི་ནང་དུ་འོ་མ་བཀྲུ་བར་
བྱའོ། །དཀར་པོའི་བཅྭ་ལྔ་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་གཞག་པར་བྱའོ། །ཐམས་ཅད་ཀྱང་མེ་ཏོག་གིས་བརྒྱན་པར་བྱ། བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་ལས་ཐམས་ཅད་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་
འདུག་སྟེ་ཨ་ཤྭཏྠའི་འདབ་མ་བདུན་གྱིས་ལྡོང་རོས་བཏུམས་ཏེ་བཞག་ནས་ཇི་སྲིད་འཕགས་པ་ཕྱག་ན་རྡོ་རྗེ་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ཡིད་ཀྱིས་མཆོད་ཡོན་དབུལ་བར་བྱའོ། །སླར་ཡང་དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་
སྲིད་དུ་བཟླས་པར་བྱའོ། །འབར་བ་དང་བླངས་ནས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། རིག་པ་འཛིན་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བར་འགྱུར་ཏེ། ལོ་སྟོང་ཕྲག་བརྒྱད་ཅུ་འཚོ་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་
བར་འགྱུར་རོ། །ཚེས་གྲངས་མི་དགོས། རྒྱུ་སྐར་མི་དགོས། སྨྱུང་བར་གནས་པ་མི་དགོས་ཏེ་སྐྱེས་བུ་རྒྱ་མཚོའི་འགྲམ་དུ་མགོ་བོ་ཤར་དུ་བཞག་ནས་ཤི་བའི་རོ་བླངས་ནས་དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པར་བྱས་ནས་སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པས་རེ་རེ་ལ་སོ་སོར་
བསམ་པའི་ཡིད་ཀྱིས་རྒྱུད་མཚུངས་པའི་བའི་མར་གསར་ལ་རིག་པ་བཟླས་པས་རོའི་ཁ་རུ་བླུགས་ནས་ཇི་སྲིད་ཀུན་ཏུ་གཡོ་ཞིང་ལྡང་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་རྒྱ་མཚོར་འཇུག་པར་བྱ་སྟེ་ཇི་སྲིད་ཉི་མ་འཆར་བར་འགྱུར་བ་དེ་སྲིད་དུ་ཆུར་གནས་
པར་བྱའོ། །དེ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ལོ་བརྒྱད་ལོན་པའི་རྣམ་པ་ཅན་སེམས་བསྐྱེད་པས་འདིའི་ཕྱག་ཅ་ཐམས་ཅད་འབྱུང་བར་འགྱུར་རོ། །ལོ་སྟོང་ཕྲག་དྲུག་ཅུར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་བཅུ་གཅིག་ཏུ་འཕུར་བར་འགྱུར་རོ། །ཐོག་ཕོག་པའི་

ཤིང་ལས་བྱུང་བའི་ཕྱག་ན་རྡོ་རྗེ་བྱས་ལ། སྨན་གྱིས་གཟུགས་ཀྱི་རྣམ་པའི་བཅོམ་ལྡན་འདས་མ་པྲི་ཡངྐུའི་ཤིང་ལས་བྱས་པ་སྙིང་པོ་མཉམ་པར་འགྲོ་མ་བྱེད་དུ་གཞུག་གོ། །སྤྱན་རས་གཟིགས་དབང་ཕྱུག་ནིམ་པའི་ཤིང་ལས་བྱུང་བ་བྱེད་དུ་གཞུག་གོ། །ཐམས་ཅད་
ཀྱང་པན་ཀན་མཐར་བྱེད་ཀྱི་འབྲས་བུ་ལ་སོ་སོར་དགོད་པར་བྱའོ། །སྒྲུབ་པ་པོ་པུས་མོ་བཙུགས་པ་ལག་ན་སྤོག་པོར་ཐོགས་པ་བྱེད་དུ་གཞུག་གོ། །དེ་ནས་གོས་གཙང་མ་བགོས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་བཅུ་གཅིག་ཏུ་བཟླས་པར་
བྱའོ། །དེ་ལྟ་བུས་སྔོན་སྤྱད་པ་བྱས་བར་འགྱུར་རོ། །དེ་ནས་བཅྭ་ལྔ་པ་ལ་མཚན་མོ་གསུམ་སྨྱུང་བར་གནས་ཏེ་མཎྜལ་དང་བཅས་པ་བཟའ་ཞིང་དགེ་འདུན་ལ་སྟོན་མོ་དབུལ་བར་བྱའོ། །དེ་ནས་མཚན་མོ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་འབྲས་
བུ་དང་བཅས་པའི་གཏོར་མ་རྣམ་པ་སྣ་ཚོགས་པ་རྗེས་སུ་དབུལ་ཞིང་མར་མེ་སྟོང་སྦར་བར་བྱའོ། །དེ་ནས་བསྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཨུཏྤ་ལའི་ཕྲེང་བ་ཉི་ཤུ་བྱས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་སུ་ཕུལ་ལ་ཇི་སྲིད་
ཐམས་ཅད་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །འཇིགས་པར་མི་བྱ་བར་སླར་ཡང་རིག་པ་བཟླས་པར་བྱའོ། །གཡོ་བར་གྱུར་པ་དང་། དེ་དག་བླངས་པས་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟར་སྔོ་བསངས་ཀྱིས་རྡོ་རྗེའི་ལུས་དང་། རིག་པ་འཛིན་པ་ཐམས་
ཅད་ཀྱི་སྐལ་བ་བཟང་པོར་འགྱུར་ཞིང་། ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ལྡིང་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །མཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་
བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱ་སྟེ། སྔོ་བསངས་སྤྱན་གསུམ་པའི་ལྷ་མོ་ཆ་བྱད་དང་རྒྱན་མ་ཉམས་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་རྗེས་སུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པར་བྱའོ། །དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་རིག་

བ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་མཚན་མོ་དུར་ཁྲོད་དུ་སོང་ནས་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ་འབྱུང་པོ་ཐམས་ཅད་ས་ལ་དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་
གཅིག་པུ་ཐོད་པ་ལ་ཞག་ཆེན་པོའི་དུད་པ་བླངས་ནས་སྙིང་པོ་མཉམ་པར་འགྲོ་མའི་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་སླར་ཡང་ཇི་སྲིད་དུ་བ་འཐུལ་བ་དང་། འབར་བར་གྱུར་གྱི་བར་དུ་རིག་པ་བཟླས་པར་བྱའོ། །རྒྱལ་བའི་སྤྱན་གཉིས་པ་ལྟ་བུ་དང་།
དབང་ཕྱུག་ཆེན་པོའི་མདུང་གི་མཚོན་ཆ་ས་དབང་ཕྱུག་ཆེན་པོ་རྣམས་ཐམས་ཅད་རིག་པ་ལས་དབང་དུ་འགྱུར་རོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་རྒྱ་མཚོའི་འགྲམ་དུ་སོང་ནས་སྔོན་དུ་བསྙེན་པ་ནི་ཆུ་དང་འོ་མས་ཁྲུས་བྱས་ནས་མི་སྨྲ་བར་རིག་པ་སྟོང་ཕྲག་བརྒྱད་བཟླས་
པར་བྱའོ། །དེ་ནས་རིག་པ་འཛིན་པ་གཙང་མས་གོས་གཙང་མ་བགོས་ཏེ་བ་ལང་གི་པགས་པ་ཙམ་གྱི་གཞི་ལ་ཉེ་བར་བྱུག་བྱས་ནས་དེར་འཕགས་པ་ཕྱག་ན་རྡོ་རྗེའི་གཟུགས་བརྙན་རབ་ཏུ་སོ་སོར་གནས་པ་བྱེད་དུ་གཞུག་གོ། །དེ་ནས་མགོ་བོའི་ཐོད་པ་ལྔ་བླངས་ནས་དྲི་བཟང་
པོའི་ཏིལ་མར་གྱིས་རབ་ཏུ་སྦར་བར་བྱ་སྟེ་དུ་བ་མེད་པར་བྱའོ། །དེ་ནས་རྣམ་པ་སྣ་ཚོགས་གཏོར་མ་བྱས་ནས་མར་གྱི་མར་མེ་ཕུལ་ཏེ་དེ་ནས་མགོ་བོའི་ཐོད་པར་སོ་སོར་བཞག་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བསྲུང་བ་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱད་བཟླས་
པར་བྱའོ། །མིག་སྨན་དེ་དྲོ་བར་འགྱུར་རོ། །དེ་ནས་རིག་པ་འཛིན་པ་རིངས་ཐབས་སུ་རིག་པ་ལན་བདུན་ཡོངས་སུ་བཟླས་བར་བྱའོ། །དུ་བ་འཐུལ་བ་དང་། འབར་བར་བྱེད་དོ། །འབར་བ་ན་ཐོད་པ་དེ་བླངས་ནས་ཕྱག་ན་རྡོ་རྗེའི་གནས་སུ་འགྲོའོ། །འདི་ཟར་མའི་མེ་ཏོག་
མཚུངས་པ་སྔོན་མེད་པའི་བྱེ་བ་ཕྲག་དགུའི་དབང་ཕྱུག་ཏུ་འགྱུར་རོ། །དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་དང་། བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་

བྱ་སྟེ། པྲི་ཡངྐུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྙིང་པོའི་ཡང་གཡས་པའི་ཕྱག་གིས་རྡོ་རྗེའོ། །དེ་ནས་སྒྲུབ་པ་པོ་རིའི་རྩེ་མོར་མངོན་པར་འཛེགས་ཏེ་མི་སྨྲ་བས་གྲོགས་མེད་པར་ཡང་རུང་སྟེ་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །དེ་ནས་
བཅྭ་ལྔ་ལ་གཙང་མས་གོས་གཙང་མ་བགོས་ཏེ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་སྦར་ཏེ་དེ་ནས་སྒྲུབ་པ་པོས་བསྲུང་བའི་ཆོ་ག་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྩེ་མོ་མ་བཅད་པའི་ཀུ་ཤས་སོར་བརྒྱད་པའི་ཚད་ཀྱི་རྩེ་གསུམ་པའི་རྡོ་རྗེ་བྱེད་དུ་གཞུག་
གོ། །རྡོ་རྗེ་དེ་ལག་པ་གཡས་པས་མནན་ནས་ཇི་སྲིད་བཅོམ་ལྡན་འདས་མ་ལ་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །རྡོ་རྗེའི་ཙི་ཊི་ཙི་ཊིའི་སྒྲ་ཐོས་ཏེ་འཇིགས་པར་མི་བྱ་བར་སླར་ཡང་ཡུད་ཙམ་རིག་པ་བཟླས་པར་བྱའོ། །ཇི་སྲིད་རྔ་བོ་ཆེའི་སྒྲ་ཐོས་པ་ན་སླར་ཡང་ཡུད་
ཙམ་དུ་རིག་པ་བཟླས་པར་བྱའོ། །རིག་པ་འཛིན་པ་རིངས་ཐབས་སུ་མར་དང་སྦྲང་རྩིས་བཏགས་པའི་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་ནས་ཀྱང་ཇི་སྲིད་རྡོ་རྗེ་ལ་འོད་ཟེར་འབྱུང་གི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེས་
དུས་གསུམ་དུ་ཁྲུས་བྱས་པས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཕྱག་ན་རྡོ་རྗེ་གཉིས་པ་ལྟ་བུ། སྔོ་བསངས་དང་བའི་ལུས་སུ་གྱུར་ནས་བསྐལ་བར་གནས་སོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ལྕགས་ཀྱུ་
སྒྲུབ་པར་འདོད་ན་སྔོན་བཞིན་དུ་སྒྲུབ་པ་པོས་སྔོན་སྤྱོད་པར་བྱའོ། །འོ་མ་དང་ཟན་ཟ་ཞིང་མི་སྨྲ་བས་བ་ལང་གི་གནས་སུ་ཀུ་ཤ་བཏིང་བའི་མལ་སྟན་ལ་གཙང་ཞིང་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བྱས་ལ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །དེ་ནས་རྒྱ་
མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟ་ཞིང་རྐེད་པ་ཙམ་གྱི་ཆུར་ཞུགས་ནས་འབུམ་བཟླས་པར་བྱའོ། །དགེ་འདུན་ལ་བཟའ་བ་དབུལ་བར་བྱའོ། །དེ་ནས་རི་མོ་མཁན་གསོ་སྦྱོང་ལ་གནས་པས་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ། གཡས་སུ་འཕགས་པ་སྤྱན་རས་

གཟིགས་དབང་ཕྱུག་གསེར་ལྟར་སེར་བ་སྤྱན་གསུམ་པའོ། །དེའི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་འཛིན་པ་ཡང་དེ་བཞིན་གཤེགས་པའི་གཙུག་ཏོར་དུ་རབ་ཏུ་འཇུག་བཞིན་པ་འདྲིར་གཞུག་པར་བྱའོ། །
ཐམས་ཅད་ཀྱང་པདྨའི་གདན་ལ་རབ་ཏུ་གནས་པར་བྱའོ། །དེ་ནས་སྒྲུབ་པ་པོས་མཆོད་པ་རྒྱ་ཆེན་པོ་བྱས་ནས་བཅོམ་ལྡན་འདས་མས་ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་པ་ལ་ཉེ་བར་འདུག་པར་བྱའོ། །དེ་ནས་རིག་པ་འཛིན་པས་རྩེ་མོ་མ་བཅད་པའི་ཀུ་ཤས་ལྕགས་ཀྱུ་བྱས་ནས་
ལག་པ་གཡས་པས་བླངས་ཏེ་ཇི་སྲིད་ལྕགས་ཀྱུ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་དཔག་ཏུ་མེད་པ་བཟླས་པར་བྱའོ། །འོད་ཟེར་དེ་སྒྲུབ་པ་པོ་ལ་བསྐོར་བ་བྱས་ཏེ་ནུབ་པར་འགྱུར་ཏེ། དེ་བཟུང་བས་རིག་པ་འཛིན་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་
འགྱུར་རོ། །ལྕགས་ཀྱུ་ལག་ན་ཐོགས་པས་རིག་པ་འཛིན་པ་སྟོང་ཕྲག་གི་མངའ་བདག་ཏུ་འགྱུར་རོ། །བསྐལ་པར་གནས་པ་དང་། རླུང་ལྟར་འགྲོ་བ་དང་། ལྷའི་ལུས་དང་། རང་འཆི་བ་ཤེས་པར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བྱང་
ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེས་གསུངས་པ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ལེའུ་བཞི་པའོ།། །།དེ་ནས་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་
རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མགོ་བོས་ཕྱག་བྱས་ནས་བསྐོར་བ་བྱས་ནས་མཐའ་གཅིག་ཏུ་འདུག་གོ། །དེ་ནས་ཡང་ཚངས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བདག་གི་རིག་པའི་རྒྱལ་མོའི་ཆོ་ག་འཆད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཚངས་པ་ཆེན་པོ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཆེད་དུ་རིག་པའི་རྒྱལ་མོ་ཆེན་

མོའི་ཆོ་ག་གསུངས་ཤིག །དེ་ནས་ཡང་ཚངས་པ་ཆེན་པོས་ཆོ་ག་གསུངས་པ། རིགས་ཀྱི་བུ་གང་ལ་ལ་རིག་པའི་རྒྱལ་མོ་སྨྲ་བར་གྱུར་པའམ་འཆང་བར་གྱུར་པ་དེ་ལ་བདག་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར། བདག་འདི་ལ་སངས་རྒྱས་
རྗེས་སུ་དྲན་པ་རྗེས་སུ་སྦྱིན་པར་བགྱི་ཞིང་། རྟག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །རིགས་དམའ་བར་སྐྱེ་བར་མི་འགྱུར་རོ། །བཀླགས་པས་ལས་རྣམས་འགྲུབ་པར་འགྱུར་རོ། །ཆོམ་རྐུན་གྱི་དབུས་སུ་སོང་བས་ཡིད་ལ་བྱའོ། །སྦྲུལ་གྱི་འཇིགས་པ་དང་། གནམ་
ལྕགས་ལྟུང་བ་ལ་ལན་ཅིག་བརྗོད་པར་བྱའོ། །ཁྲོས་པའི་མདུན་དུ་དྲན་པར་བྱས་ན་དཔལ་རབ་ཏུ་སྟེར་རོ། །གདོན་གསོ་བར་འདོད་ན་ལན་བདུན་མངོན་པར་བསྔགས་ལ་སྲང་གིས་བསྲེགས་པར་བྱས་ན་གྲོལ་ལོ། །ཕྱག་རྒྱ་དབྱེ་བར་འདོད་ན་གདོང་ལ་ལན་བདུན་མངོན་པར་བསྔགས་
ནས་བལྟ་པར་བྱ་སྟེ་ཕྱག་རྒྱ་དབྱེ་བ་བྱས་པར་འགྱུར་རོ། །ཡུངས་ཀར་ལ་དཀྱིལ་འཁོར་བཅིངས་བའོ། །ཕུར་བུས་ཁང་བཟངས་སྦྱོང་བའོ། །ཕུར་བུ་ཉིད་ཀྱིས་མཚམས་བཅིངས་པའོ། །གང་དུ་རྡོ་རྗེ་གནས་པའི་གནས་དེར་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་
པར་འགྲོ་མ་ལན་བརྒྱད་བརྒྱར་བཟླས་པར་བྱའོ། །རྡོ་རྗེ་རྣམས་བཅིངས་བ་བྱས་པར་འགྱུར་རོ། །རྡོ་རྗེ་དབྱེ་བར་བྱ་བར་འདོད་ན། དུག་དང་། ལིང་ག་དང་། ཀ་ར་བཱི་རའི་མེ་ཏོག་དང་། ལུག་གི་རྭ་སྟེ་འདི་རྣམས་ཆ་མཉམ་པར་བྱས་ལ་རིག་པ་བརྒྱད་བརྒྱར་མངོན་པར་
བསྔགས་པར་བྱས་ནས་རྡོ་རྗེའི་མེ་ལ་དེ་རབ་ཏུ་བྱུག་པར་བྱའོ། །རྡོ་རྗེ་རྣམ་པར་དབྱེ་བ་བྱས་པར་འགྱུར་རོ། །ནོར་སྒྲུབ་པར་འདོད་ན་སྔ་མ་བཞིན་དུ་སྔོན་སྤྱད་པ་བྱས་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་ཉམས་པའི་རས་སྐྲ་དང་བྲལ་བ་ལ་སངས་རྒྱས་བཅོམ་ལྡན་
འདས་ཀྱི་གཟུགས་བརྙན་ཆོས་སྟོན་པར་མཛད་བཞིན་པ་འདྲིར་གཞུག་པར་བྱའོ། །གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་རལ་པའི་ཅོད་པན་འཆང་བ། འོད་དཔག་མེད་དབུ་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་

པར་བརྒྱན་པའོ། །གཡོན་དུ་རྡོ་རྗེ་འཛིན་པ་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཕྱག་ན་རྡོ་རྗེ་ཐོགས་པའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་ན་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་པྲི་ཡངྐུ་ལྟར་སྔོ་བསངས་འདྲིར་གཞུག་པར་
བྱའོ། །བཅོམ་ལྡན་འདས་མའི་ཉེ་ལོགས་སུ་རིག་པའི་རྒྱལ་མོ་ཆེན་མོ་འདྲིར་གཞུག་པར་བྱའོ། །ཚངས་པ་ཡང་ལག་ན་རིལ་བ་སྤྱི་བླུགས་ཐོགས་པའོ། །འོག་ཏུ་ལོག་འདྲེན་སྣ་ཚོགས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ། །ལྷ་ཐམས་ཅད་ཀྱང་པདྨའི་
གདན་ལ་གནས་པར་བྱའོ། །སྒྲུབ་པ་པོ་ནི་སྔོན་བཞིན་ནོ། །དེ་ནས་སྒྲུབ་པ་པོས་བཅྭ་ལྔ་ལ་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་སྔར་བཞིན་རྒྱུ་སྐར་རྒྱལ་ལ་བསྒྲིལ་བའི་མཆོད་ཕྱིར་ཐོགས་བྱས་ལ་དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་རྣམ་པ་སྣ་ཚོགས་
དབུལ་ལ་མར་གྱི་མར་མེ་ཡང་སྦར་བར་བྱའོ། །དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་མཆོད་ཕྱིར་ཐོགས་ལན་བདུན་མངོན་པར་བསྔགས་པ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པར་དབུལ་བར་བྱའོ། །རིག་པ་འཛིན་པ་རྣམས་
ཀྱང་གཡས་པའི་ཕྱག་བརྒྱད་ཀྱིས་རེག་གོ། །ཇི་སྲིད་དྲོ་བར་གྱུར་པའམ། དུ་བ་འཐུལ་བའམ། འབར་བར་གྱུར་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །འབར་བ་ན་ཡིད་ཀྱིས་མཆོད་ཡོན་དབུལ་ལོ། །དེ་ནས་རིག་པ་འཛིན་པས་ཚངས་པ་ཡིད་ལ་བྱའོ། །དྲན་པ་
ཙམ་གྱིས་དབྱུག་པའི་ཤིང་དུ་འགྱུར་རོ། །ཡུངས་ཀར་ལ་ལན་བརྒྱ་བཟླས་པ་བསྣུན་པར་བྱ་སྟེ་མཆོད་ཕྱིར་ཐོགས་སུ་འགྱུར་རོ། །བཅོམ་ལྡན་འདས་མ་དྲན་པ་ཉིད་ཀྱི་རྗེས་སུ་བླང་བར་བྱ་སྟེ། བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་པ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་
དཀར་ཞིང་དང་བའི་ལུས་རིག་པ་འཛིན་པ་ས་བཅུ་གཉིས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཚངས་པའི་འཇིག་རྟེན་དུ་འགྲོའོ། །གང་གི་ཚེ་འཕོ་བ་དེའི་ཚེ་སླར་ཡང་རིག་པ་ཉམས་སུ་མྱོང་བར་འགྱུར་རོ། །སྒྲུབ་པ་གཞན་ཡང་སྔར་བཞིན་དུ་རིག་པ་འཛིན་པས་དུར་ཁྲོད་དུ་བཅོམ་

ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །དེ་ནས་སློང་མོའི་ཟས་ཟ་ཞིང་ཤི་བའི་རས་བླངས་ནས་རྫས་འདི་རྣམས་ཀྱིས་བཀྲུ་བར་བྱ་སྟེ། ཙནྡན་དང་། རྒྱ་སྤོས་དང་། ཕུ་ཤེལ་ཙེ་དང་། བཱ་ལ་ཀ་དང་། རཱ་ཛ་ཧཱ་སྟེ་རྫས་འདི་རྣམས་གཅིག་ཏུ་བྱས་ནས་
བཀྲུ་བར་བྱའོ། །མི་བློ་གྲོས་དང་ལྡན་པས་བཀྲུས་པ་དེ་ལ་ཉི་མ་བདུན་དུ་བདུག་སྤོས་དབུལ་བར་བྱའོ། །དེ་ནས་རིག་པ་འཛིན་པས་བཅྭ་ལྔ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུགས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །འབྱུང་པོ་
ཐམས་ཅད་པའི་གཏོར་མ་བྱས་ནས་དེ་ནས་སྒྲུབ་པ་པོས་ཐོད་པ་ལ་ཉེ་བར་འདུག་སྟེ་རས་དེས་ཀུན་ནས་གཡོགས་པས་སྲུང་བ་བྱས་པས་ཇི་སྲིད་དྲོ་བའམ། དུ་བ་འཐུལ་བ་དང་། འབར་བར་གྱུར་གྱི་བར་དུ་རིག་པ་བཟླས་པར་བྱའོ། །དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་
འཐུལ་བས་ནི་མི་སྣང་བར་འགྱུར་རོ། །འབར་བས་ནི་སྐྲ་ལི་ཞིང་འཁྱིལ་པ་ལུས་དཀར་པོ་རིག་པ་འཛིན་པ་དྲུག་ཅུའི་མངའ་བདག་ཏུ་འགྱུར་རོ། །ཇི་ལྟར་ཡང་རས་དེ་ཀུན་ཏུ་གཡོགས་པ་ཙམ་གྱིས་ཀྱང་བདག་ཉིད་དུ་བྱེད་དོ། །དེའི་ཚེ་རིག་པ་འཛིན་པ་རྣམས་ལའང་ཆ་
ཤས་སྦྱིན་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་བགྲང་ཕྲེང་སྒྲུབ་པར་འདོད་ན་སྔོན་བཞིན་དུ་རྒྱ་མཚོར་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་ཀུ་ཤ་ལས་བྱུང་བའི་བགྲང་ཕྲེང་བྱས་ལ་མདུད་པ་ཉི་ཤུ་རྩ་ལྔ་བྱའོ། །དེ་ནས་
དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དེ་ནས་རིག་པ་འཛིན་པས་རོ་དང་སྐྱི་བུང་བཞག་ནས་བར་དུ་གཞག་པར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ནས་གཏོར་མ་རྒྱ་ཆེན་པོ་དབུལ་ལོ། །དེ་ནས་སྒྲུབ་པ་པོས་རོའི་བྲང་ཁར་ཉེ་བར་འདུག་སྟེ་
བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །རྣམ་པ་སྣ་ཚོགས་པའི་བགེགས་ཆར་ལྟ་བུ་ལ་འཇིགས་པར་མི་བྱའོ། །ཇི་སྲིད་ཙམ་གདུང་དུ་འགྱུར་ཏེ། ཡིད་ཀྱིས་མཆོད་ཡོན་ཕུལ་ནས་སླར་ཡང་ཇི་སྲིད་བགྲང་ཕྲེང་དུ་འགྱུར་གྱི་བར་དུ་བཟླས་

པར་བྱའོ། །སླར་ཡང་སྒྲུབ་པ་པོས་འཆད་བཞིན་པས་བཅོམ་ལྡན་འདས་མ་ལན་བདུན་བཟླས་པར་བྱའོ། །དེ་ནས་ཀུན་ནས་འོད་ཟེར་འབྱུང་སྟེ་རིག་པ་དྲན་པས་གཟུང་བར་བྱའོ། །བཟུང་བ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་
རྣམ་པ་འདོད་པའི་གཟུགས་ཅན་ཉི་མ་འཆར་ཀའི་འོད་རིག་པ་འཛིན་པ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་ཚངས་པར་ཡང་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །
དེ་ནས་ལྷ་མ་ཡིན་གྱི་བུ་མོ་ལ་ལོངས་སྤྱོད་པར་འདོད་ན་སློང་མོ་བཟའ་ཞིང་། རིའི་རྩེ་མོར་རིག་པ་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཆོས་འཆད་བཞིན་པ་འདྲིར་
གཞུག་པར་བྱའོ། །དེའི་སྤྱན་སྔར་ཡིད་ཀྱིས་སྔགས་ཐམས་ཅད་སྟེན་པར་བྱེད་ན། ལྷ་མ་ཡིན་གྱི་རྫས་རྣམས་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ཚངས་པས་གསུངས་པ་ལེའུ་ལྔ་པའོ།། །།དེ་ནས་གླང་པོའི་རྒྱལ་པོ་
ཕུར་བུ་གསུམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྐོར་བ་བྱས་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་བྱང་ཆུབ་
སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རིག་པའི་རྒྱལ་པོ་འདིའི་ཆོ་ག་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་ལ་འདི་སྐད་
ཅེས་སྨྲས་སོ། །གླང་པོའི་རྒྱལ་པོ་གང་ཁྱེད་སེམས་ཅན་གྱི་དོན་དུ་ཆོ་ག་འཆད་པ་ལེགས་སོ་ལེགས་སོ། །དེས་ན་གང་ཁྱོད་སྨྲོས་ཤིག །གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པས་སྨྲས་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པ་མེད་པར་བསྒྲུབ་པར་བྱ་

སྟེ། བུད་མེད་ཀྱི་རོ་བླངས་ནས་དུར་ཁྲོད་དུ་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུག་པ་བྱས་ནས་ཤར་དུ་མགོ་བོ་བཞག་ནས་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་པས་མཆོད་དེ། དེའི་བྷ་གར་མིག་སྨན་བཅུག་ནས་ཇི་སྲིད་དུ་འགྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །
དེས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་ཏེ་ལོ་སྟོང་ཕྲག་བཞིར་འཚོ་བར་འགྱུར་རོ། །ནག་པོའི་བཅུ་བཞི་ལ་སྐྱེས་བུ་ཤི་བ་དེའི་ཡན་ལག་ལས་སྐྱེས་པ་བླངས་ནས་སྐམ་པོར་བྱས་ཏེ་བསྐ་བས་བཀྲུ་བར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་
ནས། ཕྱི་མའི་ནག་པའི་བཅུ་བཞི་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་ནས། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་དབང་ཕྱུག་ཆེན་པོ་གཡས་ཀྱི་ལུས་ལ་བཞག་ནས་ཁམ་ཕོར་ཁ་སྦྱར་དུ་གནས་པའི་དེའི་ཡན་ལག་ལས་སྐྱེས་པ་བྱས་ནས་རིག་པ་སྟོང་ཕྲག་བརྒྱད་
བཟླས་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་མཚན་མ་ཁམ་ཕོར་ཁ་སྦྱར་གཡོ་བར་བྱེད་དེ། རིག་པ་དྲན་པས་བླང་བར་བྱའོ། །བླངས་པ་ཙམ་ལ་མི་སྣང་བར་འགྱུར་རོ། །དཔག་ཚད་སྟོང་དུ་འགྲོའོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ། ནག་པོའི་བརྒྱད་པའམ།
ནག་པོའི་བཅུ་བཞི་པ་ལ་དུར་ཁྲོད་དུ་སོང་ནས་མ་སྐྱེས་པར་ཤི་བའི་བྱིས་པའི་དབང་པོ་ལྔ་བླངས་ནས་རིལ་བུར་བྱས་ཏེ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་ནས་དེ་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་ཐོད་པའི་ནང་དུ་བཞག་ནས་རིག་པ་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་
བཟླས་པར་བྱའོ། །རིལ་བུ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་དྲུག་འཚོ་བར་འགྱུར་རོ། །དཔག་ཚད་བརྒྱར་འགྲོ་བར་འགྱུར་རོ། །མཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་མ་སྙིང་པོ་མཉམ་པར་འགྲོ་མ་འདྲིར་
གཞུག་པར་བྱའོ། །གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་འདྲིར་གཞུག་པར་བྱའོ། །བགེགས་ཀྱི་གཟུགས་ཁ་འོག་ཏུ་བལྟས་པ་རྣམ་པར་འགྱུར་བའི་རྣམ་པ་འདྲིར་གཞུག་པར་བྱའོ། །འོག་ན་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པའོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་

འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ལེགས་པར་ངེས་པ་སྐྱེས་པའི་རོ་བླངས་ནས་དུར་ཁྲོད་དུ་དྲི་དང་མེ་ཏོག་ལ་སོགས་པས་བཅོམ་ལྡན་འདས་མ་མཆོད་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་གྲོགས་བཟང་པོས་བསྲུང་བ་
བྱས་པ། གཙང་མས་གོས་གཙང་མ་བགོས་ཏེ་རོའི་དཔྲལ་བར་རྐང་པ་བྱིན་ནས་གནས་པས་རིག་པ་བཟླས་པར་བྱའོ། །ཇི་སྲིད་ན་ལྡང་བར་བྱེད་དེ། འཇིགས་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་ཡུངས་ཀར་ལ་ལན་བདུན་བཟླས་ནས་བརྡེག་པར་བྱ་སྟེ་གནོན་པར་འགྱུར་
རོ། །དེ་ནས་རིག་པ་འཛིན་པས་རིག་པ་བཟླས་ཏེ་ལག་པ་གཡས་པས་རེག་པར་བྱའོ། །རེག་པ་ཙམ་གྱིས་ཁ་རུ་སྟ་མཐོང་བར་འགྱུར་རོ། །རིག་པ་བཟླས་ལ་བླང་བར་བྱའོ། །བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལག་
པ་བཞི་པ། གླང་པོའི་རིག་པ་འཛིན་པ། རིག་པ་འཛིན་པ་དྲུག་གིས་བསྐོར་བ། རླུང་ལྟར་འགྲོ་བ། བསྐལ་པར་གནས་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཕུར་བུ་གསུམ་པས་བཤད་
པ་ལེའུ་དྲུག་པའོ།། །།དེ་ནས་དབང་ལྡན་འབྱུང་པོའི་བདག་པོ་ནི་དེའི་རིག་པས་དགའ་ནས་ཆོ་ག་གསུངས་པ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་ཕྱག་ན་པདྨ་བསྣམས་པ་འདྲིར་གཞུག་པར་བྱའོ། །གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་འདྲ་བ་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་པྲི་ཡངྐུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་
ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །ལྷའི་བུ་རྣམས་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་པོར་ཐོགས་པ་འདྲིར་གཞུག་པར་བྱ། དེ་ནས་རིག་པ་འཛིན་པ་ཟླ་བ་གཅིག་ཏུ་འོ་མ་དང་ནས་ཟན་བཟའ་ཞིང་

རས་རིས་ཀྱི་སྤྱན་སྔར་རིག་པ་བཟླས་པར་བྱའོ། །དེ་ནས་མགོ་བོ་ལྔའི་ཐོད་པ་བླངས་ཏེ་གསུམ་གྱིས་སྒྱེད་པུ་གསུམ་བྱས་ཏེ་ཐོད་པ་གཅིག་ཞག་གིས་བཀང་ནས། །དེ་ནས་རིག་པ་འཛིན་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱ། ཐོད་པ་ལྔ་པ་ལ་ཉེ་བར་འདུག་ནས་ཡུངས་ཀར་རེ་རེ་
ལ་ལན་བདུན་བདུན་མངོན་པར་བསྔགས་པ་བྱས་ནས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །སྦྱིན་སྲེག་དེ་རྫོགས་པ་ན་ལྦུ་བ་འབྱུང་སྟེ་ལག་པ་གཡས་པས་མནན་ནས་བརྒྱད་བརྒྱ་བཟླས་པར་བྱའོ། །དེ་ནས་ངུ་བའི་སྒྲ་ཐོས་ཏེ་འཇིགས་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་
ཐབས་སུ་ཡུངས་ཀར་དཀར་པོ་ལ་ལན་བདུན་བསྔགས་པས་གཞུ་བར་བྱ་སྟེ་སྐྱེས་བུར་འགྱུར་རོ། །རིག་པ་དྲན་པས་སྟོད་ཅིག་སྟོད་ཅིག་ཅེས་བརྗོད་པར་བྱའོ། །སྭ་ཏི་ཀ་རུ་འགྱུར་རོ། །དེ་ནས་རིག་པ་འཛིན་པས་ལྡོང་རོས་ལ་ལན་བདུན་བསྔགས་པས་དེ་ལ་ཐིག་ལེ་བྱས་
པས་གླང་པོའི་དབང་པོར་འགྱུར་རོ། །དེ་ལ་ཞོན་ཏེ་ཞོན་པ་ཙམ་ལ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། དཀར་ཞིང་དང་བའི་ལུས་གླང་པོ་ཆེ་ལ་ཞོན་པ་ལོ་སྟོང་ཕྲག་བརྒྱད་དུ་འཚོ་བར་འགྱུར་ཏེ། དཔག་ཚད་སྟོང་ཕྲག་བཅྭ་བརྒྱད་དུ་འཕུར་བར་
འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་དགའ་ལྡན་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པ་མེད་དེ་བསྒྲུབ་པར་བྱའོ། །སྐྱེས་བུ་ཤི་བའི་རོ་བླངས་ཏེ་ཆུ་ཀླུང་གི་འགྲམ་དུ་དྲིའི་ཆུས་ཁྲུས་བྱས་ནས་རྣམ་པ་སྣ་ཚོགས་པའི་
གོས་གསར་པ་དང་། རྒྱན་གྱིས་བརྒྱན་པར་བྱས་ནས་མགོ་བོ་ཤར་དུ་གཞག་པར་བྱའོ། །སྒྲུབ་པ་པོས་གྲོགས་བཟང་པོ་བསྲུང་བ་བྱས་ལ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་ནས་ཁར་གཞུག་པར་བྱ་ཞིང་རིག་པ་བཟླས་སོ། །
ཇི་སྲིད་དུ་མི་རོའི་ཁ་གདངས་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་འཇིགས་པ་མེད་པར་གྱུར་པས་རྐང་པ་གཡོན་པས་བྲང་ཁར་མནན་ནས་སྒྲ་དྲག་པོ་འབྱུང་བར་མི་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །ཇི་སྲིད་དུ་དུ་བ་འཐུལ་བར་བྱེད་དེ། འཇིགས་པ་མེད་པས་དཔྲལ་

བར་ལན་བདུན་བཟླས་པའི་ཡུངས་ཀར་གྱིས་བཞུ་བར་བྱའོ། །ཁ་ནས་སྦྲུལ་མཐོང་བར་འགྱུར་ཏེ་འཇིགས་པར་མི་བྱ་བར་རིག་པ་དྲན་པས་རེག་པར་བྱའོ། །རེག་པ་ཙམ་གྱིས་རལ་གྲིར་འགྱུར་རོ། །སྙིང་པོ་དྲན་པས་གཟུང་བར་བྱའོ། །བཟུང་བ་ཙམ་གྱིས་སྐྲ་
ལི་ཞིང་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་གླང་པོའི་རིག་པ་འཛིན་པ་ཐམས་ཅད་ཀྱི་བདག་པོར་ཐོགས་པ་མེད་པར་འགྱུར་ཏེ་ལོ་སྟོང་དྲུག་ཅུར་འཚོ་བར་འགྱུར་རོ། །མདུང་ཐུང་གི་སྒྲུབ་པར་འགྱུར་ཏེ་སྔར་བཞིན་དུ་འོ་མ་དང་། ནས་ཟན་བཟའ་ཞིང་རི་བོའི་རྩེ་མོར་འཛེགས་ཏེ་འབུམ་
ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་དུར་ཁྲོད་ཀྱི་ཐལ་བ་དང་། གྲོག་མཁར་གྱིས་ལ་འོ་མས་སྦྲུས་ཏེ་སྔར་བཞིན་དུ་འོ་མ་དང་ནས་ཟན་བཟའ་ཞིང་། རིའི་རྩེ་མོར་འཛེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་
དུར་ཁྲོད་ཀྱི་ཐལ་བ་དང་གྲོག་མཁར་གྱིས་ལ་འོ་མས་སྦྲུས་ཏེ་རྨ་བྱའི་གཟུགས་བྱ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱིས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །དེ་ནས་དུར་ཁྲོད་དུ་སོང་ནས་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། དྲི་དང་།
མེ་ཏོག་དང་བདུག་པ་ལ་སོགས་པས་མངོན་པར་མཆོད་ནས་འབྱུང་པོའི་གཏོར་མ་བྱས་ནས། དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ་ཐོད་པ་ལ་ཉེ་བར་འདུག་སྟེ། ཐོད་པ་གཉིས་པར་རྨ་བྱ་བཞག་ནས་ཇི་སྲིད་རྨ་བྱ་གཡོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་
རིག་པ་འཛིན་པས་ས་ལ་མ་ལྷུང་བའི་མེ་ཏོག་ལ་ལན་བདུན་མངོན་པར་བསྔགས་པ་རྣམས་ཀྱིས་མཆོད་ཡོན་དབུལ་ལོ། །སླར་ཡང་རིག་པ་བཟླས་པར་བྱའོ། །ཕྱོགས་ནས་ལྷན་ཅིག་འོང་བར་བྱེད་དེ། འཇིགས་པར་མི་བྱ་བར་སྙིང་པོ་དྲན་པས་རྨ་བྱ་ལ་རེག་པར་བྱ་སྟེ།
བུད་མེད་དུ་འགྱུར་རོ། །དེས་བུ་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ། །དེ་ལ་བདག་གི་ལུས་སུ་གནས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དེ་རིག་པ་འཛིན་པའི་ལག་མཐིལ་དུ་མི་སྣང་བར་འགྱུར་རོ། །སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་པ་ལོ་བརྒྱད་གཉིས་

ལོན་པའི་རྣམ་པ། ལག་ན་མདུང་ཐུང་ཅན་རིག་པ་འཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ། འཁོར་ལོས་སྒྱུར་བ་རྣམས་ཀྱི་གང་མཐོང་ནས་ལྟ་བར་བྱེད་པ་ནི་མ་གཏོགས་སོ། །དེ་རྣམས་ཀྱིས་ལྷན་ཅིག་འཕུར་བར་བྱེད་དེ་སུམ་ཅུ་རྩ་གསུམ་དུ་རྣམ་པར་རྒྱུ་བར་འགྱུར་རོ། །
བསྐལ་པར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་འོག་མིན་པའི་ལྷའི་བུ་རྣམས་སུ་སྐྱེ་བར་འགྱུར་རོ། །སེང་གེ་སྒྲུབ་པར་འདོད་ན་སྔར་བཞིན་དུ་རིག་པ་འཛིན་པས་འོ་མའི་ཟས་དང་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་རིག་པའི་སྤྱོད་པའི་རིག་པ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །
དེ་ནས་ཐོག་ཕོག་པའི་ཤིང་འོ་མར་ཞག་བདུན་གཞག་པར་བྱའོ། །ས་དཀར་པོ་དང་ཙནྡན་གྱི་ཆུར་མཉེ་བར་བྱ་སྟེ་ཐོག་ཕོག་པའི་ཤིང་གིས་སོ། །དེ་ནས་རིག་པ་འཛིན་པས་རྒྱུ་སྐར་རྒྱལ་ལ་སེང་གེ་གཉིས་སོ། །ཕྱི་ནས་སངས་རྒྱས་དང་ཆོས་དང་དགེ་འདུན་
ལ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་རྣམ་པ་སྣ་ཚོགས་པའི་གཏོར་མ་བྱའོ། །དེ་ནས་རིག་པ་འཛིན་པ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ལག་པ་གཡས་པས་སེང་གེ་མནན་ནས་རིག་པ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །
ཇི་སྲིད་སེང་གེ་གཡོ་བའི་བར་དུའོ། །གཡོས་པ་ཙམ་ལ་ཡངས་འགུལ་ཏེ་ཡང་དག་པར་བཟླས་ལ་འཇིགས་པར་མི་བྱ་བར་སླར་ཡང་ལྷའི་རྔ་བོ་ཆེའི་སྒྲ་སྒྲོགས་ཀྱི་བར་དུ་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་
རྣམས་ཀྱིས་སེང་གེ་ལ་བསྣུན་པར་བྱའོ། །ཀུན་ཏུ་བསྣུན་པས་སེང་གེ་སེང་གེའི་སྒྲ་སྒྲོགས་པར་བྱེད་དེ། སྒྲུབ་པ་པོ་ཅན་གཞན་གྱིས་ངེས་པར་བསམ་པར་འགྱུར་རོ། །དེ་ནས་རིག་པ་སླར་ཡང་བཟླས་པར་བྱ་ཞིང་སེང་གེ་ལ་ཞོན་ནས་འགྲོ་བར་བྱའོ། །ཞོན་པ་ཙམ་
གྱིས་རིག་པ་འཛིན་པ་ཐམས་ཅད་མེ་ཏོག་མངོན་པར་འཐོར་བར་བྱེད་དོ། །སེང་གེ་ལ་ཞོན་བཞིན་དུ་རླུང་ལྟར་འགྲོའོ། །གང་གི་ཚེ་སེང་གེ་སྒྲ་སྒྲོགས་པར་བྱེད་པ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྟན་ལས་ལྷུང་ངོ་། །ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་

འགྱུར་རོ། །རིག་པ་འཛིན་པ་བྱེ་བས་ཡོངས་སུ་བསྐོར་ཞིང་བསྐལ་པར་གནས་སོ། །གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །པྲི་ཡངྐུའི་ཤིང་ལས་བྱུང་བའི་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་རི་མོ་
མཁན་གསོ་སྦྱོང་ལ་གནས་པས་རྒྱུ་སྐར་རྒྱལ་ལ་མ་འདྲེས་པའི་ཚོན་གྱིས་འདྲིར་བཅུག་ནས་དེའི་སྤྱན་སྔར་རིག་པ་འཛིན་པས་མི་སྨྲ་བས་རིག་པ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །དེ་ནས་དུར་ཁྲོད་ནས་སྐྱེས་པའི་རོ་བླངས་ནས་དྲི་བཟང་པོའི་དྲི་རྣམས་ཀྱིས་ཁྲུས་བྱས་ནས་
ལེགས་པར་བསྡམས་པ་ཤར་དུ་མངོན་པར་ཕྱོགས་པར་གཞག་པར་བྱའོ། །དེ་ནས་སྒྲུབ་པ་པོས་མེ་ཏོག་ལ་སོགས་པས་མངོན་པར་མཆོད་ནས་གཏོར་མ་རྒྱ་ཆེན་པོ་བྱིན་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་རིན་པོ་ཆེས་བཀབ་ལ་བཅོམ་ལྡན་འདས་མས་ལན་བདུན་བསྔགས་
པ་བྱས་ལ་རོ་ལངས་ཀྱི་ཁར་སྲེག་བླུགས་ལན་ཉི་ཤུ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རོའི་ཁ་གདངས་པར་འགྱུར་རོ། །སྒྲུབ་པ་པོས་རིངས་ཐབས་སུ་རྐང་པའི་མཐེ་བོང་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཅོམ་ལྡན་འདས་མས་ལན་བདུན་མངོན་པར་བསྔགས་ནས་
གཟུགས་པར་བྱའོ། །སླར་ཡང་སྒྲུབ་པ་པོས་ཇི་སྲིད་ཁྲུ་གང་གི་ཚད་ཀྱི་ལྕེར་སོང་གི་བར་དུ་རིག་པ་བཟླས་པར་བྱའོ། །འབྲུག་གི་སྒྲ་གྲགས་ཀྱང་སྐྲག་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བཟླས་པ་བྱ་ཞིང་ཀ་ར་བཱི་ར་དཀར་པོའི་མེ་ཏོག་གིས་རོ་ལངས་
ཀྱི་དཔྲལ་བའི་ཕྱོགས་སུ་གཞུ་བར་བྱ་སྟེ་གནོན་པར་འགྱུར་རོ། །དེའི་ལྕེའི་རྩེ་མོ་རིན་པོ་ཆེ་ཀུན་ཏུ་མཐོང་སྟེ་འབར་བའི་ཕྲེང་བ་དང་ལྡན་པ་མཛེས་བཞིན་པ་རིག་པ་བཟླས་ལ་བླང་བར་བྱའོ། །བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་དང་ལོ་བརྒྱད་གཉིས་ལོན་པའི་རིག་པ་
འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། གང་ཞིག་བསམ་པ་དེ་ཐམས་ཅད་དུ་སྐྱེ་བ་ནི་མ་གཏོགས་སོ། །ཟག་པ་ཟད་པ་ཉིད། བསྐལ་པར་གནས་ཤིང་རིན་པོ་ཆེས་ཀྱང་མགོ་དང་། མགོ་ལ་བརྒྱན་པར་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུར་ཀུན་ཏུ་སྣང་བར་བྱེད་དོ། །

རིག་པ་འཛིན་པ་ཐམས་ཅད་ཀྱང་ཀུན་ཏུ་དབང་བར་འགྱུར་རོ། །གང་གི་ཚེ་འདི་འཕོ་བའི་དུས་ལ་བབ་པ་དེའི་ཚེ་བཅོམ་ལྡན་འདས་མ་ཡང་དག་པར་བྱོན་ནས་སྐུལ་བར་བྱེད་དོ། །བུ་རིན་པོ་ཆེའི་མཐུ་དེ་རྣམས་ཟད་ནས་སླར་ཡང་བསྒྲུབ་པར་བྱའོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ། །ཕྱིས་
རིག་པའི་རྒྱལ་མོ་འདི་དྲན་པར་འགྱུར་རོ། །ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བ་དང་སྐྱེ་བར་མི་འགྱུར་རོ། །ཐམས་ཅད་ཀྱི་ཚེ་ཡང་འདི་སངས་རྒྱས་རྗེས་སུ་དྲན་པ་སྦྱིན་པར་འགྱུར་རོ། །དབང་ལྡན་གྱིས་རབ་ཏུ་བཤད་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་
མོའི་ལེའུ་རྫོགས་སོ།། །།འཇིག་རྟེན་སྐྱོང་བ་བཞིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། །རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་རེངས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འདི་ན་མར་མི་ཤེས་པ་དང་། ཕར་
མི་ཤེས་པ་ཡང་ཡོད་དེ། ཆོས་དང་མི་ལྡན་པ། སྡིག་པའི་སེམས། ཤེས་རབ་ཆུང་བ། སྲོག་ཆགས་གསོད་པ། དྲག་པོ་ཁ་དོག་ངན་པ། སྟོབས་ཆུང་བ། ཀྱོག་པོ། སྒུར་པོ། རྗེ་ངར་སྦོམ་པ། གཞན་ཡང་བྱ་རོག་གི་རྗེ་ངར་འདྲ་བ། བོང་ཐུང་དང་། རི་དགས་དང་། རྔ་
མོ་དང་། གཡག་ནག་པོ་ལྟ་བུ། སྐྲ་སེར་སྐྱ། སེན་མོ་ངན་པ་དང་། བྱ་རོག་གི་སྐད་དང་། དེ་བཞིན་དུ་གཞན་ཡང་བུམ་ལྟོ་ཅན་དང་། དྲི་མ་ཅན་དང་། གང་ཡང་གཞན་ནད་ཀྱིས་གཟིར་བ་རྣམས་ཏེ། འདི་རྣམས་ཀྱིས་ཇི་སྐད་བཤད་པའི་རིག་པ་མི་འགྲུབ་བོ།། །།བདག་ཅག་གི་
བདེན་པའི་ཚིག་གིས་ཇི་ལྟར་སྔར་གྱི་ལས་ཟད་པར་བྱས་ནས་དེ་ནས་རིག་པ་བསྒྲུབ་པར་བྱའོ། །རྒན་པོའམ། ཞར་བའམ། ལོང་བའམ། རྒུར་པོའམ། ཀྱོག་པོའམ། དེ་ལྟ་བུ་རྣམས་ཀྱིས་སོ། །སླར་ཡང་ཙནྡན་དཀར་པོ་ལ་བྱས་པའི་བཅོམ་ལྡན་འདས་མ་བདེ་བར་
གཤེགས་པའི་ཁྲུ་གང་གི་ཚད་དུ་བྱེད་དུ་གཞུག་སྟེ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །དེ་ནས་དེས་རྒྱ་མཚོའི་འགྲམ་དུ་བཞུགས་སུ་གསོལ་ནས་དུས་གསུམ་དུ་ཁྲུས་བྱ་ཞིང་སློང་མོ་ཟ་ཞིང་། གུ་གུལ་གྱི་བདུག་པ་བསྲེགས་

ལ་འབུམ་ཕྲག་ཉི་ཤུ་བཟླས་པ་དབུལ་བར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་ན་གུ་གུལ་དང་། ཀུན་ཛི་ཀའི་སྦྱིན་སྲེག་བརྒྱད་བརྒྱ་བཅོམ་ལྡན་འདས་མས་བྱའོ། །དེ་ནས་ལས་ཟད་པར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ལོག་འདྲེན་ལ་
ལྟ་བཞིན་འདི་སྐད་སྨྲས་སོ། །ཀྱེ་ལོག་པར་འདྲེན་པ་ཁྱོད་མཉན་པར་གྱིས་ཤིག །གང་རིག་པའི་རྒྱལ་མོ་འདི་འཆང་བར་བྱེད་པའི་རིག་པ་འཛིན་པ་དེ་ལ་ཁྱེད་ཅག་རྣམས་ཀྱིས་ཉེ་བར་འགྲོ་བར་མི་བྱའོ། །ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །རིག་པ་འཛིན་པ་
གང་སླར་ཡང་ཆོ་ག་ལས་འདས་ནས་མངོན་པའི་ང་རྒྱལ་གྱིས་སྒྲུབ་པར་མི་འགྱུར་བའི་རིག་པ་འཛིན་པ་དེ་ལ་བགེགས་ཀྱི་དོན་དུ་ཉེ་བར་འགྲོ་བར་བྱ་སྟེ། ལོ་བརྒྱར་བསགས་པ་འདིའི་བསོད་ནམས་ཀྱང་རྣམ་པར་གཞོམ་པར་བགྱིའོ། །ལྷའི་རྒྱལ་པོས་སྨྲས་པ། ཀྱེ་ཀྱེ་གདུག་
པའི་ལོག་འདྲེན་ཁྱེད་ཅག་རྣམ་པར་གཞོམ་པའི་དོན་དུ་སྨན་འདི་རྣམས་བཤད་པར་བྱའོ། །ཟླ་བཅས་ལྟོ་བ་བྱམས་པ་དང་། །སྟག་འཇོམས་པ་དང་ལག་བཞིར་བཅས། །ཕག་གི་རྣ་བ་གླང་པོ་འབོད། །སྤྱོད་རལ་རུ་རྟ་གུར་གུམ་ཉིད། །ལྕགས་ཀྱི་ཕྱེ་མ་དང་བཅས་
པ། །གླང་པོ་ཆེ་ཡི་གཅིན་གྱིས་བཏབ། །བཏགས་ནས་ཇི་ལྟར་འདོད་པ་བཞིན། །མཁས་པས་རིལ་བུར་བྱ་བའོ། །མེ་ཏོག་སྒྲོན་མ་གཏོར་མ་དྲི། །བཤང་བ་གཅི་བར་བོང་བ་ཡིས། །ཁྲུས་བྱ་མལ་སྟན་གོས་བཅིང་བྱས། །དྲི་དང་མེ་ཏོག་སོགས་ཐམས་ཅད། །
རབ་སྦྱར་བྱའོ་རྣམ་གཞན་དུ། །ལོག་འདྲེན་གླགས་ནི་ཚོལ་བར་འགྱུར། །གསུངས་པའི་དེ་མ་ཐག་ཏུ་ཡང་། །ལོག་འདྲེན་ཐམས་ཅད་རྣམ་འཁྲུགས་པར། །གྱུར་པའི་ཡིད་ཀྱིས་ཕན་ཚུན་དུ། །ལྟ་ངན་ཕྱོགས་བཞིན་འབྲོས་པར་བྱེད། །སླར་ཡང་བགེགས་བྱེད་
མི་འགྱུར་རོ། །གང་དུ་སྨན་མཆོག་འདི་གནས་པ། །དེར་ནི་ཉེ་བར་འགྲོ་མི་འགྱུར། །དཔག་ཚད་བརྒྱ་ཡི་ནང་དུ་ཡང་། །འདི་ལ་བགེགས་ནི་བྱེད་མི་འགྱུར། །འདི་ཡི་རྟོག་པ་ཐམས་ཅད་ཀྱི། །དངོས་གྲུབ་འབྱུང་བར་འགྱུར་བ་ཡིན། །རིག་པ་འཛིན་པ་གང་ཞིག་སླར། །

དུས་གསུམ་མཉམ་པར་དམིགས་པ་ཡིས། །སྒྲུབ་པོ་དེ་ལ་འགའ་ཞིག་གིས། །གླགས་སྐབས་རྙེད་པར་མི་འགྱུར་རོ། །རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ། གསེར་ལྟར་སེར་བ། ཆོས་སྟོན་པར་
མཛད་བཞིན་པའོ། །གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ་སྔོ་བསངས་ལུས་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཕྱག་ན་པདྨ་བསྣམས་པའོ། །ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་མཚུངས་པ་ཕྱག་ན་རྡོ་རྗེ་བསྣམས་པ་ཀུན་ནས་འོད་འཕྲོ་བ་
འདྲིར་གཞུག་པར་བྱའོ། །ཕྱག་ན་རྡོ་རྗེའི་ཉེ་ལོགས་སུ་རྒྱལ་པོ་ཆེན་པོ་བཞི་མཚོན་ཆ་དང་བཅས་འདྲིར་གཞུག་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་པྲི་ཡངྐུ་སྔོ་བསངས་འདྲིར་གཞུག་པར་བྱའོ། །འོག་ཏུ་
སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པའོ། །དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་སློང་མོ་ཟ་ཞིང་། གཙང་མའི་ཕྱོགས་སུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རས་རིས་བླངས་ནས་རིའི་རྩེ་མོ་ལ་འཛེགས་ཏེ་ས་ནག་པོ་ལ་མ་ཧེ་བྱས་ལ་རས་རིས་ལ་མཆོད་པ་རྒྱ་
ཆེན་པོ་དང་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱའོ། །དེ་ནས་སྒྲུབ་པ་པོས་བསྲུང་བ་བྱས་ཏེ་གོས་གཙང་མ་བགོས་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །ཇི་སྲིད་མ་ཧེའི་རྭ་གཡས་པ་ལ་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པར་བྱའོ། །
དེ་ནས་ཡིད་ཀྱིས་མཆོད་ཡོན་དབུལ་ལོ། །དེ་ནས་མ་ཧེ་ལ་ཞོན་ཏེ་ཞོན་པ་ཙམ་གྱིས་རིག་པ་འཛིན་པ་བཅུ་བདུན་གྱིས་ཡོངས་སུ་བསྐོར་བའི་ལྷའི་ལུས་སུ་འགྱུར་རོ། །དཔག་ཚད་སྟོང་ཕྲག་དྲུག་ཅུར་འཕུར་བར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་འདུ་བར་
འགྱུར་རོ། །ལོ་སྟོང་ཕྲག་ལྔ་བརྒྱར་འཚོ་བར་འགྱུར་རོ། །ལུས་སྦྱང་བ་བྱས་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་དང་། རྣམ་པ་སྣ་ཚོགས་པའི་གཏོར་མ་བྱ་སྟེ་དེ་ནས་སྒྲུབ་པ་པོས་ཀུ་ཤ་ལས་བྱུང་བའི་ཞགས་པ་བྱས་ནས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་འབར་བར་གྱུར་

པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་དྲན་པས་རེག་སྟེ། བླངས་པ་དེ་སྐྲ་ལི་ཞིང་འཁྱིལ་པ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ལག་ན་ཞགས་པ་ཐོགས་པ་རིག་པ་འཛིན་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དཔག་ཚད་སྟོང་ཕྲག་ལྔར་འཕུར་
བར་འགྱུར་རོ། །ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །རིའི་རྩེ་མོར་འཛེགས་ཏེ་སློང་མོ་ཟ་ཞིང་། སྙིང་པོ་མཉམ་པར་འགྲོ་མ་བྱེ་བ་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །
རིག་པ་འཛིན་པ་ལྔས་ཡོངས་སུ་བསྐོར་བ་ཐོགས་པ་མེད་པར་འགྲོ་སྟེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་མི་མཇེད་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་བྱེད་ཅིང་སོང་ནས་བསྐལ་པར་གནས་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །
བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་རྒྱལ་ཆེན་བཞིས་གསུངས་པའི་ལེའུ་བརྒྱད་པའོ།། །།དེ་ནས་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། །དུག་གསོ་བ་ནི་ཡལ་འདབ་ལས་བབ་པའི་
ཆུས་ཚོན་བྱ་ཞིང་སེ་གོལ་དང་། གར་བྱེད་བཞིན་པས་ཡིད་ཀྱིས་བཟླས་པ་བྱས་པའི་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་པས་གདུང་བ་གསོ་བར་བྱེད་དོ། །སྲད་བུས་གདོན་སྐྲག་པར་བྱེད་དོ། །གུ་གུལ་གྱི་བདུག་པས་མཆེ་བ་འབེས་པར་བྱེད་དོ། །སྣ་མའི་མེ་ཏོག་གིས་
སྐྲོད་པར་བྱེད་དོ། །ཡུངས་ཀར་ཁྲག་དང་བཅས་པ་ལ་བཟླས་པས་སྡང་བ་རྣམས་ཕྱིར་ཟློག་པར་བྱེད་དོ། །བ་ལང་གི་ཤས་སྐེམས་པར་བྱེད་དོ། །ཨ་རིཥྚའི་འདབ་མ་དང་། ཁྲག་འཛག་པ་དང་། སྐྱེ་ཚེ་རྣམས་ཀྱིས་དབང་དུ་བྱེད་དོ། །ཨརྒའི་མེ་ཏོག་གིས་ནོར་སྦྱིན་ནོ། །
མེ་ཏོག་བརྒྱ་པས་ཤ་ཟ་རྣམས་སྐྲག་པའི་ཡིད་ཀྱིས་འབྲོས་པར་བྱེད་དོ། །འཁྲིལ་ཤིང་གིས་རིགས་སམ་ཁྱིམ་སྐྲོད་པར་བྱེད་དོ། །ཀླུ་རྣམས་ནི་ཀླུ་ཤིང་གི་མེ་ཏོག་གིས་སོ། །ཕུབ་མས་རིག་པ་གཅོད་པར་བྱེད་དོ། །འདིས་ཕ་རོལ་གྱི་རིག་པ་སྒྲུབ་པར་འགྱུར་རོ། །གཙང་

མས་གོས་གཙང་མ་བགོས་ཏེ་དུས་གསུམ་དུ་ཁྲུས་བྱས་ནས་གོས་ལན་གསུམ་དུ་བརྗེ་ཞིང་། འོ་མ་དང་ནས་ཟན་ཟ་བས་འབུམ་ཕྲག་བཅུར་བཟླས་པ་བྱ་སྟེ་ལུས་སྦྱོང་བར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་རྒྱུ་སྐར་རྒྱལ་ལ་ས་སེར་པོ་དང་། བའི་གཅིན་དང་། ལྗང་ཁུས་ནམ་
མཁའ་ལྡིང་འདྲིར་གཞུག་པ་སྟེ། འདིའི་མགྲིན་པ་ལ་པདྨའི་ཕྲེང་བ་སྦྱིན་པར་བྱའོ། །དེ་ལ་སྒྲུབ་པ་པོས་རིན་པོ་ཆེ་གསུམ་གྱིས་མཆོད་པ་བྱས་ནས་དེ་ནས་སྒྲུབ་པ་པོས་བ་ལས་བྱུང་བས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་གཞག་པར་བྱའོ། །
བུམ་པ་གང་བ་བཞི་པོ་རྣམས་ལ་ཀླུའི་རྒྱལ་པོ་བཞི་འདྲིར་གཞུག་པར་བྱའོ། །དེ་ནས་རྒྱུད་མཚུངས་པའི་བའི་མར་སར་བླངས་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ། ལག་པ་གཡས་པས་མནན་ནས་ཇི་སྲིད་དུ་དུ་བ་འཐུལ་བ་དང་། འབར་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་
པར་བྱའོ། །དུ་བ་འཐུལ་བ་ན་འཐུངས་བས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་དུ་འགྲོའོ། །འབར་ན་ལྷའི་ལུས་དང་ཡིད་དུ་འགྱུར་རོ། །ཐམས་ཅད་དབུགས་འབྱིན་པར་བྱེད་དོ། །རིག་པ་འཛིན་པ་བཅུས་
ཡོངས་སུ་བསྐོར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟ་ཞིང་། ཀླུ་ཤིང་གི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ཀླུ་རྣམས་ལང་ངོ་། །དེ་ནས་སྒྲུབ་པ་པོས་
འཇིགས་པ་མེད་པས་དབུས་སུ་མེ་ཏོག་གིས་བརྒྱན་པའི་བུམ་པ་གཞག་པར་བྱ། དེའི་སྟེང་དུ་འཁོར་ལོ་གཞག་པར་བྱ། དེ་ནས་སྒྲུབ་པ་པོས་བསྲུང་བ་བྱས་ཏེ་ཀླུའི་སྟན་ལ་ཉེ་བར་འདུག་པས་ཇི་སྲིད་ནམ་མཁའ་ལྡིང་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །སྒྲུབ་
པ་པོ་ལ་བསྐོར་བ་བྱས་ནས་དེ་ཉིད་ཀྱི་སྤྱི་བོར་ནུབ་པར་འགྱུར་རོ། །རིག་པ་བཟླས་པས་བླང་བར་བྱའོ། །དེ་ལ་ཞོན་པས་རིག་པ་འཛིན་པ་སྟོང་ཕྲག་དྲུག་ཅུ་ཉེ་བར་འགྲོ་སྟེ། ཡིད་ཀྱིས་རླུང་ལྟར་འགྲོའོ། །ཉི་མ་འཆར་ཀའི་འོད་དང་མཚུངས་པ་ཀླུའི་རིག་པ་འཛིན་པ་ཐམས་

ཅད་ཀྱང་དཔག་ཚད་སྟོང་དུ་འབྲོས་པར་བྱེད་དོ། །དྲི་མནམས་པས་ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །སྔོན་སྤྱད་པ་བྱས་ནས་དེ་ནས་རིག་པ་འཛིན་པས་དུར་
ཁྲོད་དུ་སོང་ནས་བ་བྱུང་གིས་བ་ལང་གི་པགས་པའི་ཚད་ཙམ་དུས་གཞི་བྱུག་པར་བྱས་ནས་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ཏེ། གཏོར་མ་རྒྱ་ཆེན་པོ་བྱའོ། །གཞན་པའི་ནག་པོའི་ཚེས་བརྒྱད་པ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པའི་ཚད་ཙམ་གྱིས་གཞི་
ཉེ་བར་བྱུགས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒྲུབ་པ་པོས་རིག་པ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ། །ཁར་བཅུག་ན་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ནམ་མཁའ་ལྡིང་གིས་བཤད་པའི་
ལེའུ་དགུ་པའོ།། །།དེ་ནས་མ་མོའི་ཚོགས་རྣམས་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་རྣམས་སྟན་ལས་ལངས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་
ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་རིག་པའི་ཆོ་ག་སྨྲས་སོ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད་པས་སྨྱུང་བར་གནས་པ་མེད་པར་བྱ་སྟེ། རིག་པ་གང་ཁོ་ན་ཚང་མའོ། །དུར་ཁྲོད་དུ་དབང་ཕྱུག་ཆེན་
པོའི་གཡས་ཀྱི་ལུས་ལ་རིག་པ་བརྒྱད་བརྒྱར་བཟླས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །སའི་ཆ་དྲུག་འཕྲོག་པར་འགྱུར་རོ། །འོད་མ་ལྷགས་པ་བླངས་ནས་ལྕགས་གསུམ་གྱིས་དེ་ལ་དཀྲི་བར་བྱའོ། །དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ། དུར་ཁྲོད་དུ་སོང་ནས་དྲི་དང་།
མེ་ཏོག་དང་། བདུག་པ་ལ་སོགས་པས་མཆོད་པ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་བྱས་ནས། དེ་ནས་སྒྲུབ་པ་པོས་ཐོད་པ་ལག་པ་གཡོན་པས་བླངས་ཏེ་ལག་པ་གཡས་པས་མནན་ནས་ཇི་སྲིད་ཅ་ཅོའི་སྒྲ་སྒྲོགས་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །རིག་པ་དྲན་

པས་བླང་བར་བྱ་སྟེ་བླངས་པ་ཙམ་གྱིས་མི་སྣང་བར་འགྱུར་རོ། །སའི་ཆ་དྲུག་འཕྲོག་ཅིང་ལོ་སྟོང་དུ་འཚོའོ། །ལྷ་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ། །ནག་པོའི་བརྒྱད་པ་ལ་བུད་མེད་ཤི་བ་དེའི་ལྕེ་བླངས་ནས་ལྕགས་གསུམ་གྱིས་དཀྲིས་ཏེ་ཡིད་རླུང་ལྟར་
འགྲོའོ། །འདིའི་ཚངས་པར་སྤྱད་པས་འདོད་པ་རྣམས་ལ་སེམས་བསྐྱེད་ན་དེ་གཅིག་པུ་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་བསྐལ་པ་ཆེན་པོར་གནས་སོ། །ཡིད་ཀྱིས་སྐྱེ་བ་འཛིན་པར་བྱེད་དོ། །གཙང་མས་གོས་གཙང་མ་བགོས་ཏེ་དུར་ཁྲོད་དུ་ཟླ་བ་དྲུག་རིག་པ་བཟླས་ན་མི་
སྣང་བར་འགྱུར་རོ། །ལོ་ལྔ་བརྒྱར་འཚོའོ། །འུག་པའི་མིག་སྨན་དང་ལྷན་ཅིག་བཏག་པར་བྱ། ལྕགས་གསུམ་གྱིས་དཀྲིས་པའི་རིལ་བུ་བྱས་ནས་དབང་ཕྱུག་ཆེན་པོའི་གཡས་ཀྱི་ལུས་ལ་ཁམ་ཕོར་ཁ་སྦྱར་དུ་བཞག་པར་བྱས་ནས་ལག་པ་གཡས་པས་མནན་ཏེ་རིག་པ་
དམ་པ་དཔག་ཏུ་མེད་པ་བཟླས་པར་བྱ་སྟེ་ཇི་སྲིད་དུ་རྣམ་པར་ཆད་དོའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་དྲན་པས་རིལ་བུ་བླངས་ཏེ་ཁར་བཅུག་ན་མི་སྣང་