Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ

Văn bản gốc(Tây Tạng)

Trang 11 / 17 (50.000 ký tự/trang)
དའ་དང་། མདུང་ཐུང་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། བོང་བུ་དང་། ཕག་དང་། ཤ་ར་བྷ་དང་། སེང་གེ་དང་། བྱ་གག་དང་། རྨ་བྱ་དང་། མ་ཧེ་དང་། རྔ་མོ་དང་། ངང་པ་དང་། མི་དང་། ལྷའི་བཞོན་པ་དང་། མཚོན་ཆ་སྣ་
ཚོགས་པ་རྣམས་ཀྱང་འགོམ་པར་བྱེད་པ་དང་། སྣ་ཚོགས་བྱེད་པ་མཐོང་ནས་རྐང་པས་གནོན་པར་བྱེད་པ་དང་། རྣམ་པ་གཞན་དུ་ལོག་པར་འདྲེན་པ་དང་དངོས་གྲུབ་སྟེར་བར་མི་བྱེད་དོ། །བཟའ་བའི་ཆོ་ག་ཡང་འདིར་ཏིལ་དང་། ཤ་དང་། པརྤ་ཊ་དང་། ཛམྦུ་ལི་ཀ་དང་། ཉ་དང་

སྤུ་པ་ལི་ཀ་མང་པོ་དང་། ཏིལ་གྱི་ཐུག་པ་དང་། ལྷ་བཤོས་དང་། དྲི་མེད་ཉིད་བཟའ་བ་ཡང་སྤང་བར་བྱའོ། །ལྷའི་དྲི་མེད་ཉིད་གནོན་པ་དང་། པདྨ་གནོན་པ་དང་། ཆུ་ལ་གནས་པ་དང་ལྡན་པ་དང་། ཨུཏྤལ་གནོན་པ་དང་། ནགས་ཀྱི་བདག་པོ་གཅོད་པ་དང་། རྩ་
པ་འབྱིན་པར་བྱེད་པ་ཡང་སྤང་བར་བྱའོ། །རིག་པ་རྗེས་སུ་དྲན་པར་བྱེད་པ་ཉིད་ཀྱིས་རྟག་ཏུ་གོས་གཙང་མ་བགོས་པས་བྱ་བ་ཐམས་ཅད་ལ་བསྟན་པ་ཉིད་དང་། གཞན་རིག་པའི་ཆོ་ག་ཐམས་ཅད་ལ་མཆོད་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སླར་ཡང་བྱང་ཆུབ་སེམས་
དཔའི་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རིག་པའི་ཡི་གེ་རྣམས་ཐབས་དང་བཅས་པས་བདེ་བླག་ཏུ་སྒྲུབ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་
ཡིད་ཀྱིས་གྲུབ་པའི་སྔགས་ཀྱི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། གྷུ་ནི་གྷུ་ནི་ལ་ལ་ལ་སིདྡྷེ་སིདྡྷེ། པཱ་ར་ཀྲ་མ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་སུ་ཏ་སྭཱ་ཧཱ། སརྦྦཻ་ཤྩ་ཨཱརྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། འདི་ནི་འཕགས་མ་ཟླ་བ་མ་
ཞེས་བྱ་བ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ནུ་མོ་སྟེ་ལས་ཐམས་ཅད་བྱེད་པའོ། །སྒྲུབ་པ་པོས་རྟག་ཏུ་གཙུག་པུད་བཅིང་བ་དང་། ཕྱག་རྒྱ་བཅིང་བ་ཡང་བྱའོ། །བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ། །དེ་ལ་འདི་ནི་ཐོ་རངས་ལངས་ནས་གཙང་མར་གྱུར་
པས་དཀྱིལ་འཁོར་བྱས་ནས་མེ་ཏོག་ལ་སོགས་པ་གཏོར་ཏེ། ལྔ་བརྩོན་པས་བརྒྱད་བརྒྱར་བཟླས་པར་བྱའོ། །མངོན་པར་འདོད་པའི་དོན་རྫོགས་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་དབང་དུ་བྱེད་དོ། །དེ་ནས་དཀྱིལ་འཁོར་དུ་ཙེ་ཏྲཱ་ཛི་ཀཾ་རབ་ཏུ་གཏོར་ནས་གང་འདོད་པ་དེ་སྐྲོད་པར་བྱེད་
པར་འགྱུར་རོ། །བཀླགས་པས་གྲུབ་པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བར་འགྱུར་རོ། །ཡང་འདིར་རྣམ་གྲངས་ཀྱི་གཏེར་འདིར་དེ་དག་གཅིག་ཏུ་རེག་པ་དེ་དྲན་པར་བྱེད་དོ། །དེ་ནས་གཤེད་བྱེད་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གིས་མེ་

རབ་ཏུ་སྦར་ཏེ་དར་ཆེན་པོས་བསྐོར་ལ། ཇི་ལྟར་སྐྱེས་པའི་ཁྲག་གིས་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་པ་ལ་འཇིགས་པའི་ང་རོ་ཅན་གྱི་གཤེད་བྱེད་མཚན་མོ་ཕྱེད་ནས་ལང་བར་བྱེད་དོ། །ཡང་དག་པར་བསྔགས་པས་ཇི་ལྟར་བརྗོད་པའི་གནས་སུ་ཡང་བྱིན་གྱིས་བརླབས་པ་སྦྱིན་པར་
བྱའོ། །འདི་ནི་བཅོམ་ལྡན་འདས་མའི་བྱིན་གྱིས་བརླབས་པས་ཇི་ལྟར་བདེ་བར་མངོན་པར་བདེ་བར་བྱེད་དོ། །དེ་ནས་གནས་ཁ་ཅིག་ཏུ་མི་རྣམས་འཆི་བ་དང་། གནས་ཁ་ཅིག་ཏུ་མེ་འབར་བར་མཐོང་བ་དང་། གནས་ཁ་ཅིག་ཏུ་ལྕགས་སྒྲོག་བཅིངས་པ་མཐོང་ངོ་། །དེ་ལྟར་
གཤེད་བྱེད་དེ་རྣམ་པར་རྒྱུ་བར་བྱེད་དོ། །དེ་ཞི་བའི་དོན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །མཆོག་ཏུ་ཞི་བར་འགྱུར་རོ། །དགྲ་རྣམས་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གི་མེ་རབ་ཏུ་སྦར་ཏེ་ཡུངས་ཀར་དཀར་པོ་ལ་
ཏིལ་ནག་པོའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འགྲོ་བར་བྱེད་དོ། །དེ་ནས་རིམས་ཀྱིས་འཛིན་པར་འདོད་ན་དུར་ཁྲོད་ཀྱི་མེ་ལ་དུར་ཁྲོད་ཀྱི་ཐལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །རིམས་ཆེན་པོས་འཛིན་ཏོ། །ཞི་བའི་དོན་དུ་ཆུ་ལ་བརྒྱ་
རྩ་བཟླས་ཏེ་མགོ་བོར་སྦྱིན་པར་བྱའོ། །རིམས་ལས་གྲོལ་ལོ། །མགོ་བོ་ཟུག་རྔུས་འཛིན་པར་འདོད་ན་བ་བྱུང་གི་གཟུགས་བརྙན་ལ་མི་རུས་ཀྱི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་ལ་མགོ་བོར་ཕུར་བུས་གདབ་བོ། །མགོ་བོ་ཟུག་རྔུ་ཆེན་པོས་འཛིན་ཏོ། །ཕུར་བུ་བཏོན་པས་ཞི་
པར་འགྱུར་རོ། །དབང་པོ་ལ་བཏབ་ན་མ་ནིང་དུ་འགྱུར་རོ། །བཏོན་ན་ཐར་རོ། །སྙིང་གར་བཏབ་ན་གཟེར་ཆེན་པོར་འགྱུར་རོ། །བཏོན་ན་ཐར་རོ། །སེང་ལྡེང་གི་ཕུར་བུ་ཤ་དང་ཁྲག་གིས་བཏགས་པ་སྲད་བུས་དཀྲིས་པ་ལ་བརྒྱད་བརྒྱ་བཟླས་པ་མི་རུས་ཀྱི་ཕུར་བུའི་མགོ་
བོར་གདབ་པར་བྱའོ། །དགྲའི་སྒོར་བཏབ་ན་ཐོ་རངས་འབྲོས་པར་བྱེད་དོ། །ཇི་སྲིད་ཕུར་བུ་བཏོན་པར་མ་གྱུར་གྱི་བར་དུ་གང་དུའང་གནས་པར་མི་བྱེད་དོ། །རྒྱལ་པོ་སྐྱེད་པར་འདོད་ན་ལྷ་ཆེན་པོའི་ཁང་པར་སོང་ནས་ལྷ་ལ་དུག་དང་ཁྲག་གིས་བྱུགས་ཏེ་ཤ་ཆེན་པོའི་བདུག་པ་དབུལ་

བར་བྱའོ། །ནིམ་པའི་འདབ་མས་ཀྱང་མཆོད་པར་བྱའོ། །དེ་ནས་དུག་དང་། ཁྲག་དང་། སྐྱེ་ཚེ་རྣམས་གཅིག་ཏུ་བྱས་ནས་བརྒྱད་བརྒྱར་སྦྱིན་སྲེག་གྱིས་ཤིག །བརྒྱད་བརྒྱ་དང་པོས་རང་གི་ཤའོ། །གཉིས་པས་མེ་ཏོག་གོ། །གསུམ་པས་བཙུན་མོའི་
འཁོར་རོ། །བཞི་པས་མཚོན་ཆ་ཆེན་པོའོ། །ལྔ་པས་གླང་པོ་ཆེའོ། །དྲུག་པས་མ་ཧེ་སྟེ། ཁྲོ་བོ་ཆེན་པོས་བཀྲིས་པའི་ལས་སོ། །བློ་བཟང་པོ་ཉིད་ཉམས་པར་བྱེད་པར་འདོད་ན། ནིམ་པའི་ཤིང་གིས་མེ་སྦར་ནས་ནིམ་པའི་ལོ་མ་དང་། དུར་ཁྲོད་ཀྱི་ཐལ་བ་ཕན་ཚུན་བསྲེས་པས་
སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྐད་ཅིག་ལ་ཉམས་པར་འགྱུར་རོ། །དེ་ནས་ལྐུགས་པར་བྱེད་པར་འདོད་ན། ཀ་ས་མ་ཡའི་གཟུགས་བརྙན་བྱས་ནས་ཟངས་ཀྱི་ཕུར་བུ་ལ་བརྒྱད་བརྒྱ་བཟླས་ཏེ་དགྲ་བོ་ཡིད་ལ་བྱས་ནས་ཁ་ལ་ཕུར་བུ་གདབ་པར་བྱའོ། །ལྐུགས་
པར་འགྱུར་རོ། །ཕུར་བུ་བཏོན་ན་ཐར་རོ། །མངོན་སྤྱོད་ཅན་རྫོགས་སོ།། །།མ་བསྒྲུབས་པར་ལས་རྣམས་འབྱུང་སྟེ། སོ་ཤིང་ལ་ལན་བདུན་བཟླས་ནས་བཟའ་བར་བྱའོ། །མ་བླངས་པར་བཟའ་བ་རྙེད་དོ། །བརྒྱད་བརྒྱར་བཟླས་ནས་མགོ་བོ་ལ་བྱུགས་པས་སྐྱེ་
བོ་ཐམས་ཅད་དགའ་བར་འགྱུར་རོ། །གོས་ལ་ལན་བདུན་མངོན་པར་བསྔགས་ནས་གོན་ན་སྐལ་བ་བཟང་པོར་འགྱུར་རོ། །མིག་སྨན་ལ་མངོན་པར་བསྔགས་ནས་མིག་ལ་བསྐུས་ན་ཁྲོ་བས་དཀྲིས་པ་རྣམས་ཀྱིས་མཐོང་ན་དགའ་བར་འགྱུར་རོ། །ལམ་དུ་ཟློས་བཞིན་པར་སོང་
མ་ཆོམ་རྐུན་རྣམས་ཀྱིས་འཇོམས་མི་ནུས་སོ། །སོར་མོ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་རེངས་པར་འགྱུར་རོ། །གསེག་མ་ལ་བརྒྱད་བརྒྱར་བཟླས་ནས་ཆུ་ལ་གཏོར་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་བྱེད་པར་འགྱུར་རོ། །བཅིངས་པ་ལམ་འགག་པ་ལ་བཟླས་
ན་ཐར་རོ། །ཀ་ར་བཱི་རའི་ལྕུག་མ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་དུ་ཉེ་བར་བྱུགས་ནས་ས་ལ་མཚོན་ཆ་སྦྱིན་པར་བྱའོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ཁྱོར་བའི་ཆུ་ལ་བསྔགས་ནས་སྟེང་དུ་གཏོར་བར་བྱ་སྟེ་དུས་མ་ཡིན་པའི་ཆར་རེངས་པར་བྱེད་དོ། །ཐལ་བ་ལ་བརྒྱད་

བརྒྱར་བཟླས་ན་ཐལ་པ་འདེབས་པར་འགྱུར་རོ། །ལྕགས་ཀྱི་ཕྱེ་མ་རྡོའི་ར་བར་འགྱུར་རོ། །སྒྲོན་མ་གསུམ་གྱིས་མར་མེའི་ར་བར་འགྱུར་རོ། །བིལ་བའི་འདབ་མས་བིལ་བའི་ར་བར་འགྱུར་རོ། །བརྒྱད་བརྒྱར་བཟླས་པའི་ཆུས་ཆུའི་ར་བར་འགྱུར་རོ། །མདོར་བསྡུས་ན་བཅོམ་
ལྡན་འདས་གཙུག་ཏོར་གྱི་རྒྱལ་པོ་རྟོག་པ་གཞན་གྱི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་བྱེད་དོ། །རིག་པ་བསྒྲུབས་པ་ལས་མཚམས་མེད་པ་ལས་གྲོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་དོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ། ཨ་ནཱ་བ་ལོ་ཀི་ཏེ་མུརྡྷ་ནི་ཏེ་ཛོ་རཱ་ཤི་ཧཱུྃ། ཛྭཱ་ལ་ཛྭཱ་ལ།
དྷ་ཀ་དྷ་ཀ །ད་ར་བི་དར། ཚིནྡ་ཚིནྡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཟི་བརྗིད་དང་ཕུང་པོར་རྣམ་པར་བཤད་དེ། འདབ་མ་ཆུང་ངུའི་རྒྱབ་ཏུ་གནས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་རྒྱུད་ཆུང་ངུ་ལས་བྲིས་པ་འདབ་མ་སོ་སོ་ལ་རྫོགས་པར་བྱ་བའི་ཕྱིར། གཞོན་
ནུ་མས་བཀལ་བའི་སྲད་བུ་ལ་རས་བྱེད་དུ་བཅུག་ནས་སམ། ཡང་ན་དཔའ་བོའི་རིན་གྱིས་ཉོས་པ་སྟེ་ཇི་ལྟར་རྙེད་པའི་རས་ཁ་ཚར་མ་བཅད་པ་སྐྲ་དང་བྲལ་བ་ལ་རི་མོ་མཁན་གསོ་སྦྱོང་ཅན་དབང་པོ་མ་ཚང་བ་མིན་པས་ཁ་ཤར་དུ་ཕྱོགས་པས་རས་རྣམས་འཁྲུལ་འཁོར་ལ་བཞག་སྟེ།
དེའི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་དང་། ཁྱད་པར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱས་ནས། དེ་ནས་ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་རལ་པ་གཅིག་མའི་
སྙིང་པོས་རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །རས་རིས་འདྲི་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་ནས་ཚེས་གྲངས་དང་། བྱེད་པ་དང་། རྒྱུ་སྐར་དང་། ཡུད་ཙམ་དགེ་བ་ལ་སྣོད་སར་པར་བཞག་པ་ཁ་
དོག་མ་འདྲེས་པ་ཤིན་ཏུ་སོ་སོར་བཏགས་པའི་ཁ་དོག་གི་ཆུས་སྦྱར་ནས་བ་ལང་གི་སྤུའི་པིར་གྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་ནི་སྣ་ཚོགས་པའི་གནས་རབ་ཏུ་བསྔགས་པ། བྱའི་ཚོགས་སྐད་འབྱིན་པ། དཔག་བསམ་གྱི་ཤིང་དང་མཚུངས་པ་བྱའོ། །དེ་བཞིན་གཤེགས་པ་འོད་དཔག་

མེད་འདྲིར་གཞུག་པར་བྱའོ། །ཆོས་སྟོན་པར་མཛད་བཞིན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པའི་སྐུ། མཛེས་པར་སྣང་བཞིན་པའི་ལུས། གཙུག་ཏོར་ནས་འོད་ཟེར་ཆེན་པོ་གསེར་གྱི་ཁ་དོག་ཅན་འཕྲོ་བ། པདྨ་དཀར་
པོ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་དཀར་པོ་རྒྱན་གྱིས་རྣམ་པར་བརྒྱན་པ། ཁ་དོག་ལྔ་པའི་གོས་ཀྱི་སྟོད་གཡོགས་པ་གོས་པ། ཕྱག་ན་རྔ་ཡབ་ཐོགས་པའོ། །གཞན་དུ་རྒྱུ་སྐར་མེ་བཞི་ལ་འཕགས་པ་དྲི་མ་མེད་པ་འགྲོ་བ་
ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འདྲིར་གཞུག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཐམས་ཅད་དཀར་པོ་གསེར་གྱི་རྒྱན་གྱིས་བརྒྱན་པ། རལ་པའི་ཚོགས་དང་། ཕྱག་ན་རིལ་པ་སྤྱི་བླུགས་དང་། དབྱུག་གུའི་ཤིང་བསྣམས་པ། མཆོད་ཕྱིར་ཐོགས་པ་ཕྲག་པ་
ལ་འཕྱང་བ། གོས་དཀར་པོ་བགོས་པ། མཆོག་ཏུ་སྐྱེས་པ། སྒྲུབ་པ་པོའི་སྟེང་དུ་ཕྱག་བརྐྱང་བ། ཕྱག་བཞི་པ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་འཕགས་པ་དྲི་མ་མེད་པར་འགྲོ་བ་ཅུང་ཟད་མངོན་པར་ལྷགས་པའོ། །བཅོམ་ལྡན་འདས་ལས་ཅུང་ཟད་དམན་
པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །དེའི་གཡས་ཀྱི་གཞོགས་སུ་པྲི་ཡང་ཀུ་ལྟར་སྔོ་བསངས། གསེར་དང་རིན་པོ་ཆེས་རབ་ཏུ་གསལ་བར་བྱེད་པའི་ལུས་ཅན། ཅོད་པན་གྱིས་བརྒྱན་པ། རྣམ་པར་བཀྲ་བའི་གོས་བགོས་པ། རིན་པོ་ཆེའི་
སྟོད་གཡོགས་ཅན། ལུས་ཅུང་ཟད་འདུད་པ། བཅོམ་ལྡན་འདས་ལ་ལག་པ་ཁ་སྦྱོར་བྱས་པས་ཨུཏྤ་ལ་སྔོན་པོ་ཡོངས་སུ་བཟུང་བ་ཕྱག་མཆོག་ཏུ་སྐྱེས་པ་དང་པོར་བཅོམ་ལྡན་འདས་ལ་རྟོག་པར་བྱེད་བཞིན་པའི་སྒྲོལ་མ་འདྲིར་གཞུག་པར་བྱའོ། །དེའི་འོག་ཏུ་པདྨའི་མཚོ་བྱའོ། །དེ་ནས་
རྩ་བའི་པདྨ་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱའོ། །གཡོན་དུ་འཕགས་པ་དྲི་མ་མེད་པར་འགྲོ་བའོ། །གཞན་དུ་བཅོམ་ལྡན་འདས་མ་སྒྲོལ་མའི་གཡས་སུ་ཀླུའི་རྒྱལ་པོ་མཐའ་ཡས་མགོ་བདུན་པ། ཕྱག་ན་པདྨའི་སྡོང་པོ་བསྣམས་

པ། ཐམས་ཅད་དཀར་བ་རྣམ་པར་བཀྲ་བའི་གོས་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །གཡོན་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་སྔོ་བསངས་ཕྱག་ན་པདྨའི་སྡོང་བུ་བསྣམས་པ། འདི་འདྲ་བ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་
གཡས་ཀྱི་གཞོགས་སུ་རྩ་དང་ཉེ་བར་དཀར་མོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིན་པོ་ཆེའི་སྟོད་གཡོགས་ཅན་རིན་པོ་ཆེ་དང་། ཙངྒ་ཊ་ཀ་ཕྱག་ན་བསྣམས་པ། པུས་མོ་ས་ལ་བཙུགས་པའི་ལྷ་མོ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་མ་སྒྲོལ་མའི་
གཡས་ཀྱི་གཞོགས་སུ་རྩ་བ་དང་ཉེ་བར་འཁོད་པའི་ཐམས་ཅད་དཀར་མོ་གཞོན་ནུའི་གཟུགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐལ་མོ་ཁ་སྦྱར་དུ་བྱས་པ། བཅོམ་ལྡན་འདས་མ་དང་། བཅོམ་ལྡན་འདས་ལ་ངེས་པར་རྟོག་བཞིན་པའི་བདེ་ལྡན་འདྲིར་གཞུག་
པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་སྒྲུབ་པ་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྟ་བར་གྱུར་པ་གོས་དཀར་པོའི་སྟོད་གཡོགས་དང་། སྨད་གཡོགས་ཅན་དང་། དབྱིབས་དང་། རྣམ་པའི་ཁྱད་པར་ཇི་འདྲ་བ་པུས་མོ་གཉིས་བཙུགས་
པ་ལག་པ་སྤོས་ཕོར་ཐོགས་པ་བྱའོ། །ལྷའི་བུ་རྔ་བོ་ཆེ་རྡུང་བར་བྱེད་བཞིན་པ་བྱའོ། །སྤྲིན་ལས་གློག་དང་བཅས་པ་བྱའོ། །ཕྱོགས་བཞི་དང་ཕྱོགས་བྲལ་དུ་ཡང་བྱའོ། །གཡས་སུ་རས་རིས་ཀྱི་སྟེང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མེ་ཏོག་འཐོར་བར་བྱེད་བཞིན་པ་འདྲིར་
གཞུག་པར་བྱའོ། །སྟེང་དུ་ཟླ་བ་དང་ཉི་མ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །སྟེང་དུ་དུང་དང་རྔ་བོ་ཆེ་དག་གོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་ནག་མོ་གསུས་པ་འཕྱང་བ། རྒྱན་ཐམས་ཅད་པ། མཆེ་བ་གཙིགས་པ།
སྟག་གི་པགས་པའི་ཤམ་ཐབས་ཅན། གོ་ཞེས་བྱ་བའི་པགས་པས་དཀྲིས་པ། གཙུག་ཕུད་ལ་ཐོད་པའི་ཕྲེང་བ་འཕྱང་བ། རྡོ་བ་ལ་རབ་ཏུ་བཞུགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ། ཕྱག་བཞི་པ་གཡས་ཀྱི་ཕྱག་གིས་དགྲ་སྟ་ཡོངས་སུ་བསྣམས་པ། ཕྱག་གཡོན་པའི་དང་

པོས་ཁྲག་གིས་ཡོངས་སུ་གང་བའི་སྣོད་དང་། ཕྱོགས་དང་ལྡན་པའི་ལུས་ལ་སྨིན་མ་དང་སྐྲར་ལྡན་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྱས་པ། སེན་མོ་རིང་པོ་ཅན་གླང་པོ་ཆེའི་པགས་པས་སྟོད་གཡོགས་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་བཀའ་རབ་
ཏུ་ནོད་པར་བྱེད་བཞིན་པར་གྱུར་པའི་འཕགས་མ་སྒྲོལ་མའི་སྲིང་མོ་ཆེན་མོ་འདྲིར་གཞུག་པར་བྱའོ། །དེ་ལྟར་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་དག་པ་དང་། སྐྱོང་བ་དང་། ཚད་མ་ཉིད་ཀྱི་ཡན་ལག་རྣམ་པར་སྤངས་པ། རིན་པོ་ཆེ་དང་ཆུ་ཀླུང་གི་འགྲམ་མམ། གཞན་
དུ་ཡང་རུང་སྟེ་གཙང་མའི་གན་དུའོ། །དེ་ནས་དུ་བ་འཐུལ་བས་ནི་དབང་དུ་བྱེད་དོ། །གང་ཐབས་ཅིག་གསང་སྔགས་བྱེད་པ་དེའོ། །ལྷ་ཐམས་ཅད་གསལ་བར་བྱེད་པར་འདོད་པས་དཀར་པོའི་བརྒྱད་པ་ཡང་རུང་སྟེ། ལས་བརྩམ་པར་བྱའོ། །གཙང་མའི་སའི་ཕྱོགས་སུ་གཞུའི་
ཚད་ཀྱི་ཐང་ལ་ཡོངས་སུ་བྱུག་པར་བྱ་སྟེ། དེའི་དབུས་སུ་སོ་ཕག་གཞག་པར་བྱའོ། །ཕྱོགས་བཞི་རྣམས་སུ་ས་ལས་བྱུང་བའི་རྩ་བ་ནག་པོ་མེད་པའི་ཆུའི་བུམ་པ་བཞི་ལ་བརྒྱད་བརྒྱར་བསྔགས་པ་གཞག་པར་བྱའོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་ལས་ལེགས་པར་
དཀྲིས་པའོ། །དྲི་ཞིམ་པའི་ཕྱེ་མས་དཀྱིལ་འཁོར་བྱས། ཕྱོགས་བཞིར་ཆང་དང་ཤ་མེད་པའི་གཏོར་མ་དབུལ་བར་བྱའོ། །དྲི་བཟང་བའི་མེ་ཏོག་གི་མཆོད་པ་བྱའོ། །གུ་གུལ་གྱི་བདུག་པ་དབུལ་ལོ། །ཟངས་ཀྱི་སྣོད་མར་གྱིས་བཀང་བ་གཞན་ནས་འགྲམ་གྱི་ཕྱེ་མ་རྣམས་ལ་ཉེ་
བར་གཞག་པར་བྱའོ། །ཤར་དུ་མངོན་པར་ཕྱོགས་པས་ཕྱི་རོལ་དུ་དཀྱིལ་འཁོར་དུ་རལ་པ་གཅིག་མ་ལ་མཆོད་པ་དང་། གཏོར་མ་དབུལ་བར་བྱའོ། །དེ་ནས་ཀུ་ཤ་ལྗང་ཁུ་བླངས་ནས་གོས་དཀར་པོ་གཅིག་འཆང་བར་བྱས་ཏེ། ཇི་སྲིད་དུ་རྐང་པ་གཉིས་ཀྱི་བར་དེ་སྲིད་དུ་བྱ་བ་
བར་བྱའོ། །དེ་ནས་མར་གྱི་སྣོད་ཀྱི་སྟེང་དུ་ཀུ་ཤ་དེས་དོར་བར་བྱའོ། །དེ་ནས་མར་ཆུང་ངུ་དེ་ལ་གལ་ཏེ་དྲི་མ་དང་སེན་མོ་དང་སྐྲ་མཐོང་ན་གང་དང་གང་གཅིག་ཏུ་བྱའོ། །ཇི་སྲིད་དུ་རང་འདོད་པ་དང་སྨྲ་བ་ལྷག་པར་སྐྱེས་ཀྱི་བར་དུའོ། །དེ་ནས་བུམ་པ་རེ་རེ་བླངས་ཏེ་ཟློས་བཞིན་པས་

གཞག་པར་བྱའོ། །སྦྱངས་པའི་སྣོད་ངེས་པར་གནས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱེད་དུ་གཞུག་གོ། །འདི་ལ་ཡང་འདིའི་སྐུ་མཉེ་སྦྱིན་པར་བྱའོ། །པྲི་ཡང་ཀུ་དང་། ནཱ་ག་གེ་སར་དང་། སྦྲང་རྩི་ཅན་དང་། ཏུ་རུཥྐ་རྣམས་
གཅིག་ཏུ་བྱས་ནས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་བསྐུ་བར་བྱའོ། །བའི་མར་དང་བསྲེས་པའི་བཟའ་བ་མཆོག་བཟའ་བར་བྱའོ། །ནད་མེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་སྔོན་པོར་བཙོས་པ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་
བཅིང་བར་བྱ་སྟེ་མིག་གི་ནད་ཞིའོ། །མགྲིན་པ་ལ་བཅིངས་ན་སྐྱུགས་པ་སེལ་བར་བྱེད་དོ། །སྲད་བུ་འདི་ཉིད་ཀྱི་རས་ཡུག་འཐག་ཏུ་གཞུག་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པ་གྱད་ཀྱི་ལུས་ལ་བཅིང་བར་བྱ་སྟེ། གཡུལ་དུ་གཞན་གྱིས་མི་ཐུབ་པར་
འགྱུར་རོ། །ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བཅོམ་ལྡན་འདས་མ་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་པ་བྱས་ནས་བའི་མར་གྱི་སྒྲོན་མེ་དབུལ་བར་བྱའོ། །དེ་ནས་བྱང་ཆུབ་ཤིང་གི་མེ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལན་བདུན་མངོན་པར་
བསྔགས་པའི་སྲ་རྩི་པོག་གིས་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་གང་འདོད་པ་དེའི་ནད་ཡུན་རིང་པོར་ཉེ་བར་ཞི་བར་བྱེད་དོ། །བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་པར་འདོད་པ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་གཅིག་
གིས་བླངས་ནས་རྣམ་པ་སྣ་ཚོགས་པའི་སེང་གེ་དང་། སྟག་གི་མདོག་ཅན་གྱི་བགེགས་རྣམས་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ། །དེ་ནས་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གཙང་མའི་ཕྱོགས་སུ་ཁྲག་སྒྲུབ་པར་བྱེད་པ་ཉེ་བར་ཐོགས་ཏེ་ལས་
བརྩམ་པར་བྱའོ། །དེའི་འོག་ཏུ་ཕྱོགས་བཞིན་རྒྱ་སྐྱེགས་ཀྱི་ལོ་མ་ལ་འདུག་པའི་བགེགས་རྣམས་གཞག་པར་བྱའོ། །བགེགས་རྣམས་ཀྱི་དབུས་སུ་བགེགས་ཆེན་པོ་ལོག་པར་འདྲེན་པ་གཞག་པར་བྱའོ། །ལན་ཅིག་མངོན་པར་བསྔགས་པའི་ཚོན་སྣ་ལྔའི་ཕྱེ་མ་དེ་རྣམས་ཀྱིས་

ཐོག་མར་དཀྱིལ་འཁོར་བདུན་བྱའོ། །མེ་ཏོག་དམར་པོ་དང་དྲི་དམར་པོས་མངོན་པར་མཆོད་པར་བྱའོ། །ཕྱོགས་བཞིར་མར་གྱི་མར་མེ་དབུལ་བར་བྱའོ། །རྒྱ་སྐྱེགས་ཀྱི་ཁུ་བ་ཕྱོགས་བཞིར་གཏོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་
དུ་མངོན་པར་བསྔགས་པའམ་བརྒྱད་བརྒྱར་མངོན་པར་བསྔགས་པའི་སྲེད་བུ་དམར་པོས་བགེགས་ཐམས་ཅད་ལ་གཡས་སྐོར་དུ་དཀྲི་བར་བྱའོ། །དེ་ནས་བགེགས་ཀྱི་རྒྱལ་པོ་ཆེན་པོ་བཅིང་བར་བྱ་སྟེ། དེ་རྣམས་ཀྱི་དབུས་སུ་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བགེགས་
བཅིང་བར་བྱའོ། །ཞེས་བརྗོད་ནས་སྭཱ་ཧཱའི་ཡི་གེས་བེའུའི་ལྕི་བ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་མཚན་མོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་སྒྲུབ་པ་པོ་དེའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅིང་བར་འགྱུར་རོ། །རིག་པ་ཐམས་ཅད་སྒྲུབ་པར་
བྱེད་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་རྣམས་ནི་དེ་རྣམས་ཀྱིས་བྱ་བས་བས་ལོག་པར་འདྲེན་པ་ཆེན་པོ་གཅིག་ཏུ་བཞག་ནས་བགེགས་རྣམས་ཐམས་ཅད་ལ་མེ་ཏོག་ཐམས་ཅད་དབུལ་ལོ། །སྲུང་བ་ཐམས་ཅད་ཀྱང་ངོ་། །བདུག་པ་ནི་ལོག་འདྲེན་ཆེན་པོ་རྣམས་ལ་
ཀ་ར་བཱི་ར་དམར་པོ་དང་། ཙནྡན་དམར་པོ་དབུལ་ལོ། །གེགས་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་ལ་མཆོད་ཡོན་དབུལ་ལོ། །ལོག་པར་འདྲེན་པ་དང་བཅས་པ་ལ་གུ་གུལ་དང་མར་བསྲེས་པས་མཆོད་ཡོན་དབུལ་ལོ། །དེ་ནས་ལྟེ་བའི་ཚད་དུ་དོང་བརྐོ་བར་བྱའོ། །
དེ་སོ་སོ་སོ་སོར་བཅུག་ནས་སླར་ཡངས་པའི་སར་བྱའོ། །དེ་ལྟར་རིག་པ་འཛིན་པའི་བགེགས་ཐམས་ཅད་མེད་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་
ནས། ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ་ཚངས་པའི་ཡམ་ཤིང་གིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །ཉི་མ་བརྒྱ་ཕྲག་གཅིག་གམ། ཉི་མ་བརྒྱ་ཕྲག་གཉིས་སུ་ཙཱ་རུ་བཟའ་བས་ཡིད་གཞུངས་པར་འགྱུར་རོ། །ཁྲུ་བཞིའི་ཚད་ཀྱིས་དཀྱིལ་འཁོར་

ཉེ་བར་བྱུགས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྦྱིན་སྲེག་གྱིས་ཤིག །བྲམ་ཟེ་དབང་དུ་འགྱུར་རོ། །ཙཱ་རུའི་སྲེག་བླུགས་གྱིས་ཤིག །རྒྱལ་རིགས་དབང་དུ་འགྱུར་རོ། །ཞོའི་སྲེག་བླུགས་གྱིས་ཤིག །རྗེ་རིགས་དབང་དུ་འགྱུར་རོ། །ནས་ཀྱི་སྲེག་
བླུགས་གྱིས་ཤིག །དམངས་རིགས་དབང་དུ་འགྱུར་རོ། །ཐམས་ཅད་དུ་བསྒྲུབ་བྱ་སྒྲུབ་པའི་དོན་དུ་ཉི་མ་བརྒྱ་ཕྲག་གཅིག་གོ། །དགྲ་ལ་བལྟས་ནས་བཟླས་པར་བྱ་སྟེ་རེངས་པར་འགྱུར་རོ། །མ་ཤ་ཀའི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་རྣམས་ཐུན་གསུམ་
དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །གང་ལ་བལྟས་ནས་བཟླས་པ་དེ་ལས་སུ་མི་རུང་བར་འགྱུར་རོ། །ཆུ་ལ་ལན་བདུན་མངོན་པར་བསྔགས་པས་དུག་ཐམས་ཅད་སེལ་བར་བྱེད་དོ། །དུག་ཐམས་ཅད་ལ་འདོད་པས་བྱ་བ་པར་བྱའོ། །ཞུ་མཁན་གྱི་རིལ་བུ་ལ་ལན་བདུན་
མངོན་པར་བསྔགས་ནས་མིག་དག་པར་བྱ་སྟེ། མིག་ནད་ཉེ་བར་ཞི་བར་བྱེད་དོ། །བྱིས་པ་གདོན་གྱིས་ཟིན་པ་ལ་སྲད་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་བཅིང་བར་བྱ་སྟེ། གྲོལ་བར་བྱེད་དོ། །ནད་པ་ལ་བཅིང་བར་བྱ་སྟེ། གདོན་ཐམས་ཅད་མཐུ་མེད་པར་འགྱུར་
རོ། །ཐལ་བ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་བཅིང་བའོ། །བུ་མ་ཐོན་པ་ལ་ཏིལ་མར་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་བདེ་བར་བཙའ་བར་འགྱུར་རོ། །རྨོངས་པ་མངལ་གྱི་དུས་ཚོད་ལ་བཟླས་པ་ལ་ཁྲུས་བྱས་ནས་རྒྱུད་མཚུངས་པའི་མར་ལ་ལན་བདུན་མངོན་པར་
བསྔགས་པར་བྱས་ནས་བཏུང་བར་སྦྱིན་ནོ། །བཟའ་བ་མཆོག་དང་ལྡན་པ་བཟའ་བར་བྱའོ། །བུ་སྐྱེ་བར་བྱེད་དོ། །དེ་ནས་བུ་མོ་མང་པོ་ཅན་གྱིས་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཐལ་བ་དེ་བུམ་པ་བཞི་ཆུས་ཀུན་ཏུ་བཀང་ནས་བརྒྱད་བརྒྱར་མངོན་པར་བསྔགས་པ་དཀྱིལ་
འཁོར་དུ་གསུམ་གཞག་པར་བྱའོ། །སྐལ་བ་བཟང་པོར་འགྱུར་རོ། །འདིའི་བུ་འཆི་བ་ཡང་མེད་དོ། །ཤུ་དག་ལ་བརྒྱད་བརྒྱར་མངོན་པར་བཟླས་ཏེ་ལག་པ་གཡོན་ལ་བཅིངས་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །གཞན་གྱིས་མི་ཐུབ་པའི་མེ་ཏོག་ཐུན་གསུམ་དུ་སྟོང་

ཕྲག་སྦྱིན་སྲེག་གྱིས་ཤིག །ཕྱོགས་གཅིག་ལ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་མདུད་པ་བདུན་བྱའོ། །ལག་པ་ལ་བཅིངས་ནས་བརྟན་པ་དང་གཡོ་བའི་དུག་
མཐུ་མེད་པར་འགྱུར་རོ། །དེ་ནས་མི་བཟད་པའི་སྦྲུལ་གྱི་མཆེ་བའི་དུག་ལ་སྭཱ་ཧཱའི་ཡི་གེའི་བར་དུ་ཁྱོར་བའི་ཆུ་བླངས་ནས་བརྒྱད་བརྒྱར་བ་སྔགས་ཏེ་བཏུང་བ་སྦྱིན་པར་བྱའོ། །དུག་ཉལ་བ་ཡང་སློང་བར་བྱེད་དོ། །དེ་ནས་མ་ལངས་ན་ཕྱོགས་བཞི་རྣམས་སུ་མངོན་པར་བསྔགས་པ་
བྱས་ཏེ་བཏུང་བ་སྦྱིན་པར་བྱའོ། །འཇོག་པོས་ཀྱང་མཆེ་བའི་དུག་སློང་བར་བྱེད་དོ། །སྟན་གནྟི་ཀ་ལ་ལན་བདུན་མངོན་པར་བསྔགས་པས་ལ་བྱུག་པ་སྦྱིན་པར་བྱའོ། །མ་བཅིངས་པར་ཡང་དེ་ཉིད་དུ་སྐམ་པར་བྱེད་དོ། །ཚོར་བ་མེད་པར་བྱེད་དོ། །ཡམས་ཀྱིས་ཉེ་བར་འཚེ་
བ་རྣམས་ལ་གྲོང་ངམ་གྲོང་ཁྱེར་གྱི་དབུས་སུ་མཚན་མོ་ཕྱེད་ནས་བ་ལང་གི་པགས་པའི་ཚད་ཀྱི་ཐང་ལ་ཉེ་བར་བྱུག་པ་བྱ་སྟེ། དཀར་གསུམ་གྱི་གཏོར་མ་བྱིན་ནས་དྲི་དང་མེ་ཏོག་ལག་པའི་གཏོར་མ་བྱིན་ཏེ་ལོ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་
སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་གྱི་གྲོང་གསུམ་གྱི་དང་། ཉི་མ་བདུན་གྱིས་ཁོང་བའི་ཡམས་ཉེ་བར་ཞི་བར་བྱེད་དོ། །དེ་ནས་ཉེ་བར་ཞི་བར་མ་གྱུར་ན་འདིར་ཉི་མ་བདུན་དུ་བད་ཀན་མཐར་བྱེད་ཀྱི་ཡམ་ཤིང་གིས་མེ་སྦར་ནས། ཨཀྵའི་ཏིལ་མར་གྱིས་བཏགས་པའི་འབྲས་
ཡོས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་འཕྲལ་གྱི་ཡམས་ཉེ་བར་ཞི་བར་བྱེད་དོ། །ཐལ་བས་འགྲམ་བཅིངས་ཏེ་ཟློས་བཞིན་པས་གང་མཐོང་བ་དེ་དགའ་བར་འགྱུར་རོ། །གང་མ་བསྒྲུབས་པར་ཡང་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རས་རིས་
ཀྱི་སྤྱན་སྔར་འགྱུར་རོ། །ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཟླ་བ་ཉ་ལ་གཟུགས་བརྙན་ལ་དང་པོར་ནག་པོ་ཕྱོགས་ལ་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། ཨརྒའི་ཡམ་ཤིང་གིས་མེ་སྦར་ནས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པས་ཐུན་

གསུམ་དུ་མཛུབ་མོའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཇི་སྲིད་བཅོ་ལྔ་པའི་བར་དུ་གྱིས་ཤིག །དེ་ནས་གྲུབ་པར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བས་སྟོང་ཕྲག་གསུམ་དུ་བཟླས་པར་བྱའོ། །སྟོང་ཕྲག་གསུམ་དུ་བཟླས་པ་བྱ་སྟེ་ལས་གཞན་རྣམས་སུ་འགྱུར་རོ། །འདིས་
སྔོན་དུ་བསྙེན་པ་བྱས་པས་གྲུབ་པར་འགྱུར་རོ། །དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་ན། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས། བྱང་ཆུབ་ཤིང་གི་ཡམ་ཤིང་ལ་ཨིངྒུ་དའི་ཏིལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་
གྱིས་ཤིག །ཉི་མ་བདུན་ལ་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གྲུལ་བུམ་དབང་དུ་འགྱུར་རོ། །ཏིལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འབྱུང་པོ་དབང་དུ་འགྱུར་རོ། །དུར་ཁྲོད་དུ་རོ་བསྲེགས་པའི་དུམ་བུ་ཅན་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་
ཤིག །ཤ་ཟ་དབང་དུ་འགྱུར་རོ། །ཝ་ཊའི་ཤིང་གི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །གནོད་སྦྱིན་དབང་དུ་འགྱུར་རོ། །བལ་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འོ་ཐུག་དང་། ཙཱ་རུ་དང་། ཏིལ་གྱི་ཐུག་པ་རྣམས་ཀྱི་སྦྱིན་སྲེག་གྱིས་
ཤིག །རིགས་བཞི་དབང་དུ་བྱེད་ཅིང་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ལྷ་ཆེན་པོ་རྗེས་སུ་འབྲང་བའི་གདོན་དབང་དུ་འགྱུར་རོ། །མཚན་མོ་གཙང་མར་ལངས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་དང་བཟླས་པ་གྱིས་ཤིག །ཕྱོགས་
གཅིག་ལ་འཆིང་བ་ལས་གྲོལ་བར་འགྱུར་རོ། །ཟླ་བས་འཆིང་བ་ཆེན་པོ་ལས་གྲོལ་བར་བྱེད་དོ། །ཏིལ་དང་པིཎྡྱ་ཀའི་སྦྱིན་སྲེག་གིས་ཁྲོ་བ་ཉེ་བར་ཞི་བར་བྱེད་དོ། །ཡང་ན་ཏིལ་གྱི་སྦྱིན་སྲེག་གིས་སོ། །གོས་འདོད་པས་དཱུར་བའི་མྱུ་གུའི་སྦྱིན་སྲེག་གྱིས་ཤིག །གོས་ཟུང་
བརྒྱ་རྙེད་དོ། །ཐུན་མོང་བའི་སྐྱེས་བུ་དབང་དུ་བྱེད་པ་ལ་གོ་བེ་ཏྲཾ་གི་སྦྱིན་སྲེག་གྱིས་ཤིག །སྦྲང་བུམ་ཆུ་རིངས་ཀྱི་མཆུ་བཅིང་བ་ལ་སཱ་ལའི་འདབ་མའི་སྦྱིན་སྲེག་གྱིས་ཤིག །སྟག་གི་མཐུ་བཅིང་བ་ལ། གི་རི་ཀཪྞི་ཀའི་སྦྱིན་སྲེག་གྱིས་ཤིག །སེང་གེའི་མཆུ་བཅིང་བ་ལ་སིང་

ཧ་ཀཪྞི་ཀའི་སྦྱིན་སྲེག་གྱིས་ཤིག །སྤྲུལ་རྣམས་ལ་ནཱ་ག་གེ་སར་གྱི་སྦྱིན་སྲེག་གྱིས་ཤིག །ཞི་བའི་དོན་དུ་སཱ་ལའི་ལོ་མ་དང་། འོ་མ་ཅན་གྱི་ཡམ་ཤིང་གིས་ཇི་ལྟར་མངོན་པར་འདོད་པའི་དོན་ཐམས་ཅད་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་ཐུན་གསུམ་དུ་
ཉི་མ་བདུན་ནམ་ཟླ་བ་ཕྱེད་དུ་སྦྱིན་སྲེག་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལུས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། །མ་གྲུབ་པ་སྒྲུབ་པར་བྱེད་དོ། །གཞན་གྱིས་བསྒྲུབས་པ་ཡང་རྣམ་པར་འཇོམས་པར་བྱེད་དོ། །ཀླུ་ལ་
སོགས་པའི་གདོན་རྣམས་ལ་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བཟླས་པ་ཉིད་ཀྱིས་བྱེད་དོ། །མཚན་མོ་བདུན་དུ་ཐུན་གསུམ་དུ་ཚེར་མའི་སྦྱིན་སྲེག་གྱིས་ཤིག །དགྲ་བཅོམ་པར་བྱེད་དོ། །ནིམ་པའི་ཡམ་ཤིང་ཚ་བའི་ཏིལ་མར་གྱིས་བཏགས་པ་
སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཚན་མོ་བདུན་གྱིས་སྐྱེ་བར་འགྱུར་རོ། །སྐྲ་ལས་ཁྱད་པར་དུ་ཕུང་བར་བྱེད་པ་ལ་ཨ་རིཥྚའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྐྱེས་པའི་ཤ་དང་། སྨྱོ་བྱེད་ལ་རྟག་ཏུ་བཟླས་པར་བྱ་སྟེ། ཐམས་ཅད་ཕྱིར་ལྡོག་པར་
མི་འགྱུར་རོ། །གི་ཝང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་སྒོ་རུ་དང་། ཤུ་དག་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས། ལག་པ་ལ་བཅིངས་ནས། གང་བླངས་པ་དེ་རྙེད་དོ། །གདོན་འབྲོས་པར་བྱེད་པས་
མིའི་རུས་པ་བླངས་ནས། སོར་བརྒྱད་པའི་ཚད་བྱས་ནས་བརྒྱད་བརྒྱར་མངོན་པར་བསྔགས་པ་གདོན་གྱི་གནས་སུ་གདབ་པར་བྱ་སྟེ། གདོན་འབྲོས་པར་བྱེད་དོ། །མེ་ཏོག་དང་། དྲི་དང་། འབྲས་བུ་ལ་སོགས་པ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་གང་
བྱིན་པ་དེ་དབང་དུ་བྱེད་དོ། །རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་ཡམ་ཤིང་གི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ནས་བགེགས་མེད་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་ཐབས་ཐམས་ཅད་བྱེད་དོ། །ཐམས་ཅད་དུ་གསོ་སྦྱོང་ཅན་གྱིས་

རས་རིས་ཀྱི་སྤྱན་སྔར་བསྒྲུབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །སྟོང་ཕྲག་བླངས་ནས། གཡས་ཀྱི་གཞོགས་སུ་བཞག་སྟེ། རེ་རེ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་མེ་ལ་སྦྱིན་སྲེག་བྱའོ། །བར་སྐབས་འདིར་རས་རིས་རབ་ཏུ་འགུལ་
བར་བྱེད་པ་དང་། མར་མེའི་རྩེ་མོ་འཕེལ་བར་བྱེད་པ་དང་། ནམ་མཁའ་ལ་ལྷའི་རྔ་བོ་ཆེའི་སྒྲ་སྒྲོགས་པ་དང་། དྲི་ཞིམ་པོའི་རླུང་ལྡང་བ་དང་། ས་རབ་ཏུ་གཡོ་བའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་བྱང་ཆུབ་སེམས་དཔའ་དང་། རིག་
པའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རིལ་བ་སྤྱི་བླུགས་དང་། དབྱུག་གུའི་ཤིང་། གཡང་གཞི་ནག་པོ་ཐོགས་པ། རལ་པའི་ཅོད་པན་འཕྱང་བ་འབྱོན་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་བྱུང་སྟེ། རྣམ་པར་འཕྲོ་བའི་འོད་ཟེར་
དེ་རྣམས་ཀྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཐམས་ཅད་ཡུད་ཙམ་གྱིས་ཚོར་བ་ལས་ཉམས་སོ། །རང་ཉིད་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །སྒྲུབ་པ་
པོ་པུས་མོ་གཉིས་བཙུགས་པས་ཤར་དུ་བཞག་པའི་རྣམ་རྒྱལ་བུམ་པས་མཆོད་ཡོན་དབུལ་ལོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ཅི་འདོད་པ་དེ་སྦྱིན་པར་བྱེད་དོ། །གང་བླངས་པ་དེ་རྙེད་དོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་
བ་ཉིད་དང་། རྒྱལ་སྲིད་ཆེན་པོ་དང་། ཚེ་རིང་པོ་ཉིད་དང་། ཐོས་པ་འཛིན་པ་ཉིད་དམ། ལུས་ལ་དབང་པོ་མ་ཚང་བ་མེད་པ་ཉིད་དང་། གསོ་དཀའ་བའི་ནད་འཇོམས་པའམ། གཏེར་འཕོ་བར་བྱེད་པ་དང་། ཕུག་ཏུ་འཇུག་པར་བྱེད་པའམ། རིག་པ་ཐམས་ཅད་ཀྱི་དངོས་
གྲུབ་བམ། མི་སྣང་བ་ཉིད་དང་། ས་ཆེན་པོའི་དབང་ཕྱུག་གམ། གང་བླངས་པ་དེ་རྙེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་འདོད་པ་དེར་ཡང་འགྲོའོ། །འདིས་ཚེ་བསྐལ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་མ་སྒྲུབ་པར་བྱེད་

པ་ནི་རིག་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དང་། མང་དུ་འདོད་པ་དང་། ཐོགས་པ་མེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ཐམས་ཅད་ཀྱིས་མངོན་པར་འདོད་པ་སྒྲུབ་
པ་བདུན་པ་ལ་མཚམས་མེད་པ་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་པ་དེ་ལྟ་བུ་ཁོ་ནས་ཀུན་ཏུ་རྟོགས་པར་བྱའོ། །ཞེས་པ་སྒྲུབ་པ་ཆེན་པོ་དང་པོའི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བ་དང་པོ་ལས་བཏུས་པ་རྫོགས་སོ།། །།རས་རིས་
ཀྱི་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བརྒྱད་པའམ། ཆོ་འཕྲུལ་གྱི་ཕྱོགས་བཅུ་པ་ལ་ལས་བརྩམ་པར་བྱ་སྟེ། ལོ་མ་དང་། ནས་ཟན་དང་། མེ་ཏོག་དང་། འབྲས་བུ་དང་། ཙཱ་རུ་དང་། འདམ་པ་དང་། ཞོ་དང་། འོ་མ་དང་།
ཕྱེ་དང་། དྲི་ཟའི་བཟའ་བའམ། སློང་མོ་བསླངས་པའི་བཟའ་བས་ཀྱང་རུང་སྟེ། གསོ་སྦྱོང་ཅན་གྱིས་བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་རྣམས་ཀྱི་དོན་རྗེས་སུ་བསམས་ནས་ཉི་མ་སོ་སོར་འཕེལ་བཞིན་
པའི་མཆོད་པ་བྱེད་ཅིང་ཀུ་ཤ་བཏིང་བའི་མལ་སྟན་ལ་ཁྲུས་ལན་གསུམ་དུ་བྱེད་ཅིང་གོས་ལན་གསུམ་དུ་བརྗེས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། ཉི་མ་རེ་རེ་ལ་ཇི་ལྟར་འབྱོར་པས་འཕེལ་བར་བྱེད་བཞིན་པས་སློང་མོ་བཟའ་བར་བྱའོ། །རྐང་པ་གཡོན་པས་བགྲོད་པ་ལ་
སོགས་པ་བྱེད་ཅིང་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་དཀར་པོའི་བརྒྱད་པའམ་བཅུ་བཞི་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ། དགེ་སློང་གི་དགེ་འདུན་འདྲ་བ་རྣམས་ཀྱིས་བཙལ་བར་བྱའོ། །དེ་ནས་རས་རིས་ཀྱི་ཕྱོགས་བཞིར་ས་ལས་བྱུང་བ་
བུམ་པ་རྩ་བ་དང་ནག་པོ་མེད་པ་བཞི་བཅུ་དང་བཅས་པ། ཨ་མྲའི་ཡལ་འདབ་ཀྱིས་ཁ་བཀབ་པ། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ལ་ཟངས་དང་གསེར་དང་དངུལ་ལས་བྱུང་པའམ། ས་ལས་བྱུང་བའི་བུམ་

པ་ཆེན་པོ་རྣམ་པ་སྣ་ཚོགས་པའི་འདབ་མ་དང་འཁྲི་ཤིང་གིས་སྤྲས་པ་དག་པའི་ཆུས་ཡོངས་སུ་གང་བ་སྨྲ་བ་ཐམས་ཅད་དང་། སྨན་ཐམས་ཅད་དང་། རོ་དང་། དྲི་དང་། རིན་པོ་ཆེའི་སྙིང་པོ་མེ་ཏོག་གི་ཕོན་པོས་ཁ་བཏབ་པ་དུ་གུ་ལའི་རས་མཉམས་པས་མགྲིན་པ་བཅིངས་
པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་གཡོན་གྱི་གཞོགས་ན་གནས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཞག་པར་བྱའོ། །དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་བཅུ་དྲུག་རས་རིས་ལ་དབུལ་བར་བྱའོ། །མདུན་དུ་དྲི་
བཟང་པོའི་ཙནྡན་གྱི་ཆུས་ཡོངས་སུ་བཀང་བ་དང་། འོ་མས་བཀང་བའི་བརྒྱད་པོ་དེ་རྣམས་སོ། །བའི་མར་གྱི་མར་མེ་བརྒྱད་དབུལ་བར་བྱའོ། །ཙཱ་རུ་དང་། འོ་ཐུག་དང་། ཏིལ་གྱི་ཐུག་པ་དང་། ཟན་དྲོན་དང་། པཎྜ་ཀ་དང་། བཅའ་བར་བྱ་བ་རྣམས་ཀྱིས་ཁམ་
ཕོར་བཀང་ནས་རས་རིས་ཀྱི་ཕྱོགས་བཞིར་དབུལ་བར་བྱའོ། །ཐམས་ཅད་དུ་རས་རིས་ལ་བྲིས་པའི་ལྷ་རྣམས་ལ་དཀར་གསུམ་གྱི་གཏོར་མ་དང་། ལྷ་བཤོས་དང་། ཕྱི་རོལ་དུ་གཏོར་མ་དབུལ་པར་བྱའོ། །དེ་ནས་འབྲུ་ཐམས་ཅད་དང་། འབྲས་བུ་ཐམས་ཅད་ཇི་ལྟར་རྙེད་
པས་རས་རིས་ཀྱི་ཕྱོགས་བཞིར་གཏོར་མ་དབུལ་ལོ། །ཨ་ག་རུ་ནག་པོའི་བདུག་སྤོས་དབུལ་བར་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡིད་རྩེ་གཅིག་པས་ཕྱོགས་སུ་ལས་བརྩམ་པར་བྱའོ། །འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཨ་ག་རུ་ནག་པོའི་
ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སེམས་ཅན་ཐམས་ཅད་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡང་ཏིང་ངེ་འཛིན་ལས་ལངས་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་
ཁམས་ལ་ལྷའི་སྤྱན་གྱིས་ཀུན་ཏུ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། རིགས་ཀྱི་བུ་ཉོན་ཅིག །རིག་པའི་རྒྱལ་མོ་ཆེན་མོ་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྱུར་བ་རྗེས་སུ་དྲན་པ་ཙམ་གྱིས་བདག་ཉིད་སྲུང་བ་ལ་ལན་

ཅིག་བརྗོད་པས་གཙུག་པུད་བཅིངས་པ། གཉིས་བཟླས་པས་སྲུང་བ་ཆེན་མོ་དང་། གསུམ་བཟླས་པས་དཀྱིལ་འཁོར་བཅིངས་པ། བཞི་བཟླས་པས་ཆུ་བཅིང་བ་དང་། ལྔ་བཟླས་པས་རྐང་གཉིས་པ་དང་། རྐང་བཞི་པ་སྲུང་ཞིང་དབང་དུ་བྱེད་པ་དང་། དྲུག་
བཟླས་པས་དུར་ཁྲོད་དུ་འཇུག་པ་དང་། བདུན་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཞི་བ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཨ་རིཥྚ་དང་། འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲས་ཡོས་
ཀྱི་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་གཅིག་གིས་དང་། བདུན་གྱིས་སྐྱེ་བོ་ཆེན་པོ་དང་། ཕྱོགས་ཀྱི་གྲོང་དང་། གྲོང་ཁྱེར་གྱི་དང་། ཟླ་བས་ཡུལ་འཁོར་ཆེན་པོ་ཞི་བར་འགྱུར་རོ། །རྒྱས་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་
འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲུ་དང་འབྲས་ཐུག་པོ་ཆེའི་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །ཉི་མ་བདུན་ཕྲག་གསུམ་གྱིས་རྒྱས་པར་འགྱུར་རོ། །ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །ཉི་མ་བདུན་གྱིས་རྒྱས་པ་ཆེན་པོར་འགྱུར་རོ། །ཨ་མྲའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་
ནས་དཱུར་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྨྲ་བ་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཉི་མ་ཤར་བ་ནས་ཇི་སྲིད་ནུབ་ཀྱི་བར་དུ་ཨརྒའི་ཤིང་གི་མེ་ལ་མིང་ནས་སྨོས་ཏེ་ལག་པ་གཡོན་པས་ལན་བདུན་དུ་ཕུབ་མའི་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །བྱང་
ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་བརྒྱ་པ་དང་། ཤ་ཏ་བ་རི་དང་། ཤུ་དག་དཀར་པོ་དང་། ཡུངས་ཀར་དང་། ནས་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་ལན་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་དབང་དུ་བྱེད་
དོ། །མར་གྱི་སྦྱིན་སྲེག་གིས་རྐང་གཉིས་པ་དང་། རྐང་བཞི་པ་དབང་དུ་བྱེད་དོ། །རྒྱལ་པོའི་ཨརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཚ་བའི་ཏིལ་མར་གྱིས་བཏགས་པའི་རྒྱ་སྐྱེགས་ཀྱི་ལོ་མ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་དམག་སྡེ་འཇིག་པར་བྱེད་

དོ། །སེང་ལྡེང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཀུ་ཤ་ལྗང་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཕྱོགས་ཀྱི་དགྲའི་འགྲོ་བ་གཅོད་པར་བྱེད་དོ། །འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་ཤིང་གི་ཡམ་ཤིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་
ཤིག །ཟླ་བ་གཅིག་ལ་འོག་གི་ལྷ་མོ་རྣམས་དབང་དུ་བྱེད་དོ། ཙཱ་རུ་བཟའ་ཞིང་ཀླུའི་ཤིང་གིས་མེ་རབ་ཏུ་སྦར་ནས་ནཱ་ག་གེ་སར་ལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་སོ་སོར་འཕེལ་བཞིན་མཆོད་པ་བྱ་སྟེ། ཉི་མ་བདུན་ནམ།
ཟླ་བ་གཅིག་ལ་སྟེང་དུ་འགྲོ་བའི་ལྷ་མོ་རྣམས་དབང་དུ་བྱེད་དོ། །ཙཱ་རུ་བཟའ་ཞིང་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་ཡུངས་ཀར་རྒྱལ་པོའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་
རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ། །གང་སྨྲས་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ། །འདོད་པས་ཉེ་བར་བཞག་པ་ནི་མ་གཏོགས་སོ། །བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཨ་མྲའི་འདབ་མ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཁྱིམ་
གྱི་གནོད་པ་ཉེ་བ་ཞི་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་མདའ་རྒྱང་གི་ཚད་ཀྱི་ཐང་ལ་ཉེ་བར་བྱུགས་ཏེ། ནས་ཀྱི་རིལ་བུ་སྟོང་ཕྲག་བརྒྱད་ལ་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པའི་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་
སྲེག་བྱའོ། ཇི་སྲིད་རྐང་བའི་བར་མིང་ནས་སྨོས་ནས་ཁུ་ཚུར་བཅིངས་ཏེ་འདུག་པའི་སྟེང་དུ་ལག་པས་དབུལ་ལོ། དེ་ནས་ཁྱིམ་མེད་པར་ཀུན་ཏུ་སྣང་བའི་ཆེད་དུ་རྟོག་པར་བྱའོ། དེའི་མདུན་དུ་ཁུ་ཚུར་དགྲོལ་བར་བྱ་སྟེ་ཞི་བ་ཉིད་དབང་དུ་འགྱུར་རོ། དེ་ལྟར་ཉི་མ་བདུན་ལ་
འབངས་ཉིད་ཀྱིས་ཉེ་བར་གནས་སོ། ཨརིཥྚའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཤིང་ཏཱ་ར་བརྟའི་ཞོགས་པ་རྣམས་ལ་ལན་བདུན་བཟླས་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཕྱོགས་ཀྱི་བཟའ་བ་རྒྱུན་མི་འཆད་པར་སྐྱེའོ། པ་ལཱ་ཤའི་ཡམ་ཤིང་གི་མེ་

རབ་ཏུ་སྦར་ནས་ཨ་པཱ་མརྒའི་ཡམ་ཤིང་གིས་བཏགས་པ་ཐུན་གསུམ་དུ་མིང་ནས་སྨོས་ཏེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ། །བ་བྱུང་གི་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པ་
བྱས་པའི་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་གཏུབས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་ང་རྒྱལ་ཆེན་པོ་དབང་དུ་འགྱུར་རོ། །དཀར་པོའི་བཅོ་ལྔ་ལས་ལ་མ་ལྷུང་བའི་བ་བྱུང་གིས་བ་ལང་གི་བསམ་པའི་ཚད་ཀྱི་ཐང་ཉེ་བར་བྱུགས་ཏེ་
རིང་བསྲེལ་དད་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་གསེར་རམ། དངུལ་ལམ། ཟངས་ཀྱི་སྣོད་དུ་སེར་སྐྱ་རྒྱུད་མཚུངས་པའི་འོ་མ་གཞོན་ནུ་མས་བསྲུབས་པའི་མར་བླངས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཨ་ཤྭཏྠའི་འདབ་མའི་ནང་ལ་སྣོད་བྱས་ནས་
གཡས་སུ་བསྐོར་བ་བཞི་རབ་ཏུ་བཞག་ནས་ལག་པ་གཡོན་པས་མནན་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །ཉི་མ་བརྒྱད་པ་ལ་ལག་པ་གཡས་པའི་མིང་མེད་ཀྱི་སོར་མོས་དཀྲུགས་ཏེ་ཇི་སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བཏུང་བར་
བྱ་སྟེ། གོ་ཆ་བཅིང་བ་ཡང་བཅོམ་ལྡན་འདས་མ་ཉིད་ཀྱིས་བྱའོ། །ཡིད་གཞུངས་པར་འགྱུར་རོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ཟླ་བའི་ཆོ་གའི་ཉེ་བར་སྤྱོད་པའོ། །སྒྲོལ་མའི་སྒྲུབ་ཐབས་ཀྱི་རིག་པ་ཐམས་ཅད་ལས་ལ་མ་ལྷུང་བའི་སེར་སྐྱའི་བ་བྱུང་གིས་གཙང་མའི་
ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་བ་བྱའོ། །བ་བྱུང་དེས་ཡང་དག་པར་རྫོགས་པར་བྱ་སྟེ། དཀྱིལ་འཁོར་དེར་སངས་རྒྱས་ཀྱི་གཟུགས་བརྙན་གཞག་པར་བྱའོ། །དེ་ནས་བིལ་བའི་མགོ་བོའི་འདབ་མ་རྣམས་བྱས་ནས། ཏིལ་དང་། ཏིལ་གྱི་ཐུག་པ་དང་། ཏིལ་མར་དང་།
སྨྱོ་བྱེད་དང་། འོ་ཐུག་དང་། བུ་རམ་དང་། གང་བ་ཅན་དང་། ནས་ཟན་བཟའ་སྟེ་མ་རྙེད་པས་ཨ་ག་རུའི་བདུག་པ་སྲེག་གོ། །དེ་ལྷོ་དང་། ནུབ་ཏུ་ཡང་ཕྱོགས་བཞིར་སྔར་བརྗོད་པའི་གནོད་སྦྱིན་མོ་རྣམས་ཀྱི་མིང་སྨོས་ནས་བརྗོད་པར་བྱའོ། །འོངས་པ་དང་། དྲི་དང་།

མེ་ཏོག་དང་། བདུག་པ་དང་། གཏོར་མ་སོ་སོར་བཞེས་པ་དང་། འདི་ལྟ་བུའི་མིང་གི་རིག་པ་བཟླས་སོ། །དེར་བུ་རམ་དང་། གང་བ་དང་། འོ་ཐུག་ཀྱང་ཤར་གྱི་ཕྱོགས་སུ་གཞག་པར་བྱའོ། །དྲི་ཟ་རྣམས་ལ་གཏོར་མ་དང་། ཏིལ་དང་ཏིལ་གྱི་ཐུག་པ་དང་། ཆང་གིས་
བཀང་བ་ཅན་ལྷོའི་ཕྱོགས་སུ་གཞག་པར་བྱའོ། །གནོད་སྦྱིན་དང་། གྲུལ་བུམ་རྣམས་ལ་གཏོར་མ་འོ་མས་བཀང་བ་དང་། འོ་ཐུག་ནུབ་ཀྱི་ཕྱོགས་སུ་གཞག་པར་བྱའོ། །ཀླུ་དང་འདབ་བཟང་རྣམས་ལ་གཏོར་མ་རྩབ་མོས་བཀང་བ་དང་། ཞོས་བཀང་བ་དང་། ཟན་ཡང་བྱང་གི་ཕྱོགས་སུ་
གཞག་པར་བྱའོ། །གནོད་སྦྱིན་མོ་རྣམས་ལ་གཏོར་མ་དང་དར་བས་བཀང་བ་དང་། ཆུ་དང་བསྲེས་པའོ། །བཅོམ་ལྡན་འདས་མ་ལ་དཀར་གསུམ་གྱི་གཏོར་མ་ཕུལ་ནས་མེ་ཏོག་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱའོ། །དེའི་ཕྱོགས་བཞི་རུ་གུ་གུལ་གྱི་བདུག་པ་དབུལ་ལོ། །ཨ་
ག་རུ་དང་། ཏུ་རུ་ཥྐ་དང་། ག་པུར་རམ་དྲིའི་སར་ཛ་རའི་གཏོར་མའམ། ཟན་དྲོན་དང་ཕྱེ་ཕྱོགས་བཞིར་གཞག་པར་བྱའོ། །ཡོད་བཞིན་པ་མ་ཡིན་པས་ཇི་ལྟར་འབྱོར་པ་དང་། ཇི་ལྟར་ཡོད་པའི་གཏོར་མ་དབུལ་བར་བྱའོ། །བཅོམ་ལྡན་འདས་མ་ལ་ཡང་མར་གྱི་མར་མེ་
དབུལ་ལོ། །དེ་ནས་མྱུར་དུ་རིལ་བ་སྤྱི་བླུགས་གཡས་ཀྱི་གཞོགས་སུ་གཞག་པར་བྱའོ། །རས་རིས་སམ་བདུན་པའམ། ཀུ་ཤ་བླངས་ནས་ལན་བརྒྱ་མངོན་པར་བསྔགས་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་རིག་པ་བཞི་ལན་ཉི་ཤུ་རྩ་གཅིག་ཏུ་བོར་བར་བྱའོ། །བརྒྱད་
བརྒྱར་མཚོན་ལས་རྒྱལ་བར་འགྱུར་རོ། །དེའི་མིང་ནས་སྨོས་པ་ཉིད་ཀྱི་དུས་གསུམ་དུ་བཟླས་པར་བྱའོ། །དེ་ནས་མཚུངས་པར་འདོར་བཞིན་པ་བྱས་པ་ལ་བཅོམ་ལྡན་འདས་ལ་གང་མེ་ཏོག་དང་། བདུག་པ་དང་། མར་མེ་ཡང་དོར་ནས་རྣམ་པ་གཞན་གྱི་གཏོར་མ་
ཐམས་ཅད་བླངས་ཏེ་འཕང་བར་བྱའོ། །རྫིང་སྐམ་པོ་དང་། ཁྲོན་པར་གཞུག་པར་བྱའོ། །ཡང་ན་གཞན་ཡང་གཙང་མའི་ཕྱོགས་བླ་གབ་དང་བཅས་པ་ཡང་རུང་སྟེ། རྣམ་པར་དོར་བར་བྱའོ། །གང་དུ་ཝ་དང་། ཅེ་སྦྱང་དང་། ཁྱི་རྣམས་ཀྱིས་མི་ཟ་བར་རོ། །རྐང་

པ་དག་ཀྱང་རུང་སྟེ། མནན་པར་མི་བྱའོ། །ཡང་ན་མེས་ལེགས་པར་བསྲེག་པར་བྱ་བ་ཉིད་དོ། །དཀྱིལ་འཁོར་གྱི་སྒྲུབ་པ་ཐམས་ཅད་ལ་ཡང་གཏོར་མ་གཤེགས་པའི་ཆོ་གའོ། །ཕྱི་ནས་ཟླ་བ་ལས་བྱུང་བའི་དཀྱིལ་འཁོར་ཕྱོགས་སུ་ལྔ་བྱས་པ་ཞེས་པ་བཏགས་
པ་མ་ཡིན་པ་ལ་སངས་རྒྱས་ཀྱི་གཟུགས་བརྙན་བྱས་ནས་རང་གནས་སུ་གཞག་པར་བྱའོ། །འདི་རྣམས་བྱབ་པའི་ཐབས་སོ། །ཆོ་ག་བཞིན་དུ་ཐམས་ཅད་དུ་རྫོགས་པའི་རིག་པ་དང་། སྙིང་པོས་ལས་ཆེན་པོ་ཐམས་ཅད་ཇི་སྲིད་པར་དེ་བཞིན་ཁོ་ན་རས་ལ་མ་ལྷུང་བའི་བ་
སེར་སྐྱའི་བ་བྱུང་གིས་སྔར་བརྗོད་པའི་ཆོ་གས་དཀྱིལ་འཁོར་བྱས་ནས་དེ་བཞིན་ཁོ་ནས་གཏོར་མ་གཞག་པར་བྱའོ། །བདུག་པ་དང་། མེ་ཏོག་ཀྱང་ཇི་སྐད་གསུངས་པ་བཞིན་ཕུལ་ནས་བྱབ་པར་བྱའོ། །སྲད་བུ་བཅིང་བར་བྱའོ། །བདག་ཉིད་བསྲུང་བར་བྱའོ། །གང་
ཞིག་ལས་ཆེན་པོར་རྒྱས་པར་བྱེད་པར་འདོད་པས་ཆོ་ག་དེ་ཉིད་ཀྱིས་བསྒྲུབ་པར་བྱའོ། །སྔ་མ་ཁོ་ན་དེ་སྲིད་དུའོ། །ཇི་ལྟར་རྙེད་པའི་གོས་སྐྲ་དང་བྲལ་བ་ལ་སངས་རྒྱས་ཀྱི་གཟུགས་བརྙན་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱ། གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་
པ་དེའི་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །ཕྱག་བཞི་པ་གི་ཝང་དཔལ་བེའུ་བྱའོ། །ཇི་སྲིད་དུ་བསྒྲུབ་པར་བྱ་བའི་རིག་པ་དེ་ཡང་དེའི་དབུས་སུ་རྒྱ་སྐྱེགས་ཀྱི་མདོག་ཏུ་སྣང་བ་གུར་གུམ་གྱིས་བྲི་
བར་བྱའོ། །དཔྲལ་བར་ཡང་རུང་སྟེ་གསེར་ལས་བྱུང་བའི་དར་ཐོང་བྱའོ། །བྱང་ཆུབ་སེམས་དཔའི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་གསེར་དང་སྔོ་བསངས་ན་བཟའ་དཀར་པོ་མནབས་པ། མཆོད་ཕྱིར་ཐོགས་པ་ཅན། ཨུཏྤ་ལ་སྔོན་པོ་ཕྱག་ན་ཐོགས་པ། གཡས་པས་
མཆོག་སྦྱིན་པ། དེའི་གཡས་སུ་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་ཕྱག་བཞི་པའོ། །རྨ་བྱ་ཆེན་མོའི་བར་དུ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་གསེར་ལས་བྱུང་བའི་གཤོག་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །རིག་པ་རྨ་བྱ་ཆེན་མོ་ནི་དཀར་ཞིང་དག་པ་འདྲིར་

གཞུག་པར་བྱའོ། །འདིའི་གཡས་ཀྱི་ཕྱོགས་སུ་འཛམ་བུའི་གླིང་རྩེ་མོ་གསུམ་པ། ཤིང་རྟའི་གདོང་གི་རྣམ་པའོ། །ནུབ་ཏུ་ནུབ་བ་ལང་སྤྱོད་ཀྱི་གླིང་ཟླུམ་པོ་འདྲིར་གཞུག་པར་བྱའོ། །བྱང་གི་ཕྱོགས་སུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི་མཉམ་པ་བྱའོ། །ཤར་དུ་ལུས་འཕགས་
པོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་བདག་པོ་འཁོར་དང་བཅས་པ་འདྲིར་གཞུག་པར་བྱའོ། །འཛམ་བུའི་གླིང་གི་གཞོགས་སུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་གྲུལ་བུམ་གྱི་བདག་པོ་བྱའོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གཞོགས་སུ་རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུ་རྣམས་ཀྱི་
བདག་པོ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྟེང་དུ་གསེར་གྱི་སྟན་ལ་གོས་དཀར་པོ་ཅན་པ་ལང་གི་མིག་ཅན་བྱའོ། །འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་གཞོགས་སུ་ཐལ་མོ་སྦྱར་བ་བྱས་པ་པུས་མོ་གཉིས་ས་ལ་བཙུགས་པར་བྱའོ། །གཡས་ཀྱི་གཞོགས་ཀྱི་གཅིག་
གི་རྒྱབ་ཏུ་ཕྱག་ན་རྡོ་རྗེ་ཕྱག་ན་རྔ་ཡབ་ཐོགས་པར་བྱའོ། །སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཁོར་ཡུག་ཐམས་ཅད་དུ་མེ་ཏོག་དང་། འབྲས་བུ་ཕྲ་མོ་རྣམས་སོ། །སངས་རྒྱས་ཀྱི་ཤར་གྱི་ཕྱོགས་སུ་ཤར་གྱི་ལུས་འཕགས་ཀྱི་གླིང་ངོ་། །བྱང་གི་སྒྲ་མི་སྙན་གྱི་གཞོགས་སུ་རྒྱལ་
པོ་ཆེན་པོ་ངལ་སོས་པོ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་འཁོར་དང་བཅས་པ་འདྲིར་གཞུག་པར་བྱའོ། །དེ་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཚངས་པར་སྤྱོད་པ་བསྙེན་གནས་ཡན་ལག་བརྒྱད་པ་དང་། འོ་མ་དང་ཟན་བཟའ་ཞིང་དུས་གསུམ་དུ་ཀུན་ཏུ་རུའི་བདུག་པ་སྲེག་ཅིང་
རས་རིས་དེ་ལ་རིག་པ་ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་པར་བྱའོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིག་པའི་དངོས་གྲུབ་བདག་ལ་གྱུར་ཅིག །ཉི་མ་ཕྱི་མ་གསུམ་ལ་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་བཅོ་ལྔ་ལ་དགའ་བར་འགྱུར་རོ། །དཀར་པོའི་ཕྱོགས་ལ་ས་བོན་བཏང་བ་ལས་
ཁང་བ་ཅན་གྱིས་ཉེ་བར་སྦྱར་བ་དང་། བྲམ་ཟེ་གཞོན་ནུས་བཀལ་བའི་སྲད་བུ་དང་། གཞོན་ནུ་མས་བྱས་པ་ཉེ་བར་བླངས་ཏེ་སངས་རྒྱས་ཀྱི་གཟུགས་ཀྱི་ཞབས་ཀྱི་དྲུང་དུ་བྱའོ། །ལྕགས་ལྔ་རྒྱ་ཤུག་གི་ཚིག་གུའི་ཚད་ཀྱི་གསེར་དང་དངུལ་དང་ཟངས་དང་ཚོན་མོ་སྟེང་སྟེ། ནག་པོ་

དང་། ལྕགས་རྣམས་སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཞབས་དྲུང་དུ་བྱའོ། །རིག་པ་གྲུབ་པ་ལ་ལྕགས་དེ་རྣམས་ལ་དབུལ་བར་བྱའོ། །ཡང་ན་སངས་རྒྱས་ལ་མཆོད་པའི་ལས་རྣམས་སོ། །དེ་ནས་ས་ལ་མ་ལྷུང་བའི་བ་བྱུང་བ་སེར་སྐྱ་ལས་བྱུང་བས་བ་
ལང་གི་ལག་པའི་རྣམ་པ་ཤར་དུ་མགོ་བོ་བསྟན་པར་ཉེ་བར་བྱུགས་ནས་ཁའི་རྩ་བར་ཤར་གྱི་ལུས་འཕགས་ཀྱི་གླིང་ཟླུམ་པོ་བྱའོ། །ལྷོའི་རྐད་པ་གཉིས་སུ་འཛམ་བུའི་གླིང་ཟུར་གསུམ་པ། ལྷོ་ནུབ་ཏུ་རས་རིས་ཀྱི་སྤྱན་སྔར་ནུབ་བ་ལང་སྤྱོད་ཀྱི་གླིང་ཟླུམ་པོ་བྱའོ། །ནུབ་ཀྱི་རྐང་པའི་
མདུན་དུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི་མཉམ་པའོ། །ངག་སྦྱིན་གྱི་ཕྱོགས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པ་གཞག་པར་བྱའོ། །དེའི་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་འདྲིར་གཞུག་པར་བྱའོ། །རི་མོར་བྱས་སམ་ས་ལས་བྱུང་བ་
གཞག་པར་བྱའོ། །དེ་ནས་སངས་རྒྱས་ལ་གུས་པ་དང་བཅས་པས་དྲི་དང་མེ་ཏོག་ལ་སོགས་པ་སེར་པོ་ཇི་ལྟ་བ་དང་། ཚད་མེད་པའི་མར་གྱི་མར་མེ་རྣམས་དབུལ་བར་བྱའོ། །བཅོམ་ལྡན་འདས་མའི་སྤྱན་སྔར་མར་གྱི་མར་མེ་དབུལ་བར་བྱའོ། །གླིང་པར་རྣམས་སུ་སྦྲང་རྩིས་
བཀང་བ་དང་། མར་གྱི་མར་མེའམ། ཏིལ་མར་གྱི་མར་མེ་དབུལ་བར་བྱའོ། །ཤར་གྱི་ཕྱོགས་སུ་ཙནྡན་བཏགས་པའི་བདུག་པ་དྲི་ཟ་རྣམས་ལ་དབུལ་བར་བྱའོ། །བུ་རམ་གྱིས་བཀང་བ་དང་། ཕྱེའི་སྐྱོ་མ་དང་། འོ་ཐུག་རྣམས་ལྷོའི་ཕྱོགས་སུ་བདུག་པ་དང་། འབྲས་ཡོས་
དང་། ཡུངས་ཀར་དང་། ཏིལ་དང་། འབྲས་ཐུག་པོ་ཆེ་རྣམས་བསྲེས་པ་དང་། ཏིལ་གྱི་ཐུག་པ་དང་། ཆང་གིས་བཀང་བ་ཡང་གྲུལ་བུམ་རྣམས་ལ་དབུལ་བར་བྱའོ། །ནུབ་ཀྱི་ཕྱོགས་སུ་མར་དང་གུ་གུལ་གྱི་བདུག་པ་དབུལ་ཞིང་འོ་མས་བཀང་བ་དང་། འོ་ཐུག་རྣམས་ཀྱང་ཀླུ་
དང་འདབ་བཟང་རྣམས་ལ་དབུལ་བར་བྱའོ། །བྱང་གི་ཕྱོགས་སུ་ཀུན་ཏུ་རུའི་བདུག་པ་དང་། རྩབ་མོ་དང་། ཞོ་ཟན་ཡང་གནོད་སྦྱིན་རྣམས་ལ་དབུལ་བར་བྱའོ། །ཀུན་ཏུ་རུ་ཀ་མ་རྙེད་ན་ཙནྡན་བཏགས་པའམ། སྲ་རྩི་པོག་ཀྱང་རུང་ངོ་། །ཕྱེའི་སྐྱོ་མ་དང་། སྦྲང་རྩིས་བཀང་བ་

ཡང་ཕྱོགས་བཞིར་རབ་ཏུ་གྲགས་ཤིང་ཇི་སྐད་བརྗོད་པའི་ཡུལ་འཁོར་སྲུང་ལ་སོགས་པའི་བཟའ་བ་ཤེས་པའི་གནས་ཀྱིས་བརྟག་པར་བྱས་པ། ཆུ་ཀླུང་འཁྱིལ་པས་བཀང་བའི་བུམ་པ་རེ་རེ་འབྲུ་དང་། ཇི་ལྟར་རྙེད་པའི་རྒྱ་ཤུག་དང་། ཨུ་དུམ་བཱ་ར་དང་ཁ་སྟུར་དང་། རྒུན་འབྲུམ་ལ་སོགས་
པ་རྣམས་དབུལ་བར་བྱའོ། །ས་བོན་ཐམས་ཅད་ཀྱང་ཉུང་ངུ་ཉུང་ངུ་ལྷག་མ་དང་བཅས་པ་བྱའོ། །དེ་ལ་གལ་ཏེ་རིག་པ་བསྒྲུབ་པར་བྱ་བཞིན་པ་ལ་ཤར་གྱི་ཕྱོགས་སུ་ཅེ་སྤྱང་མོའི་སྒྲ་གྲག་པར་འགྱུར་ན་དེ་ལ་གནས་ནས་འདས་པས་ཤར་གྱི་ཕྱོགས་གང་ཡིན་པར་གཏོར་མ་ལྷག་མ་དང་བཅས་པར་བཞག་
སྟེ། རྟག་ཏུ་གཏོར་བར་བྱའོ། །གལ་ཏེ་ལྷོའི་ཕྱོགས་སུ་གཏོར་མ་ལྷག་མ་དང་བཅས་པ་བཞག་པ་ཅན་གྱིས་གནས་དེར་འཇིགས་པ་འཇིགས་པས་གཏོར་བར་བྱའོ། །དེ་བཞིན་དུ་ནུབ་དང་བྱང་གི་ཕྱོགས་སུ་གཏོར་བར་བྱ་སྟེ། འདི་ནི་ཡོངས་སུ་སྤྱོད་པ་པོས་བྱའོ། །རིག་པ་སྒྲུབ་པ་པོས་རིག་པ་ཀུན་ཏུ་སྒྲུབ་པ་ལ་དྲང་
བར་བྱའོ། །རིག་པ་འཛིན་པའི་སྔ་མའི་རྩ་བར་ཁ་ཤར་དུ་ཕྱོགས་ཏེ་ཀུ་ཤ་བླངས་ནས་ཉེ་བར་འདུག་ཅིང་། ཉེ་བར་འདུག་ནས་རིག་པ་འཛིན་པས་གླིང་བཞི་རྣམས་ཀྱི་ཕྱི་རོལ་དུ་ཕྱོགས་བཞིར་ཁོར་ཡུག་གི་རིའི་ངོས་བཞི་ལ་ཟླུམ་པོ་སེར་སྐྱའི་བ་བྱུང་དེ་ཉིད་ཀྱིས་བྱའོ། །བླངས་ནས་ཉེ་
བར་འདུག་པ་དེའི་སྟན་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་བར་དུ་སོལ་བ་དང་བ་བྱུང་དང་། པ་ལཱ་ཤ་ལས་བྱུང་བ་རྣམས་གཞག་པར་བྱའོ། །ལྷག་མ་ལ་སོགས་པ་ཡང་མེད་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །བསྒྲུབ་པར་བྱ་བར་བསྒོམས་ཏེ་དང་པོར་མཚོན་ཆ་དང་།
དེ་ནས་ཡོངས་སུ་བཟླས་པའི་སྭཱ་ཧཱའི་མཐར་རབ་ཏུ་གཞུག་པར་བྱའོ། །ས་ལཱིའི་ཡམ་ཤིང་དང་ཨརྒ་མ་རྙེད་ན་ཨུ་དུམ་བཱ་ར་དང་། པ་ལཱ་ཤ་དང་། ཨ་པཱ་མརྒ་དང་། གཞན་གང་ཡང་རུང་བ་ཀུན་ནས་བསྲེག་ཏུ་གཞུག་པར་བྱའོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྲད་བུ་གང་
ཡིན་པ་དེ་ལ་སྔགས་འདིས་མིང་ནས་སྨོས་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། སྔགས་འདི་བརྒྱད་བརྒྱར་བཟླས་ལ་མདུད་པ་བརྒྱད་བྱས་ཏེ་རཀྵ་སྭཱ་ཧཱ། ཞེས་བྱའོ། །སྲད་བུ་དེ་དག་

བདག་ཉིད་སྲུང་བའི་དོན་དུ་བདག་ཉིད་ཀྱི་ལག་པ་ལ་བཅིང་བར་བྱའོ། །སངས་རྒྱས་དེ་དང་དེ་དུས་གྲུབ་པ་ལ་ལྷག་མ་སྲད་བུ་དང་། ས་བོན་ལ་སོགས་པ་རྣམས་བླངས་ནས་ཡོངས་སུ་སྤྱོད་པ་པོས་ལྷའི་ཁང་པ་ནམ་མཁའ་ལ་གཞག་པར་བྱའོ། །ལྷ་མཆོད་
པོས་མཆོད་པར་བྱའོ། །དེ་ནས་ནད་པ་རྣམས་ཀྱིས་ལྷུང་བཟེད་བཟའ་བ་དང་བཏུང་བ་ལ་སོགས་པ་རྣམས་དབུལ་བར་བྱའོ། །ལྷག་མ་ཡིད་ཀྱིས་བགོས་ཏེ་ཆུ་ཀླུང་དུ་རབ་ཏུ་བླུག་པར་བྱའོ། །རྫིད་སྐམ་པོའམ། ཁྲོན་པའམ། བླ་གབ་ཅན་གྱིས་ཕྱོགས་སུ་ས་ལ་བསྐོར་
བར་བྱའོ། །མེས་ལེགས་པར་བསྲེག་པར་བྱའོ། །གང་ལ་ལ་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པར་འདོད་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདིས་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་ལྷན་ཅིག་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་ཀྱང་
བྱང་ཆུབ་ཆེན་པོའི་མཆོག་གི་དངོས་གྲུབ་ཀྱི་གནས་སོ། །དེ་ལ་སངས་རྒྱས་ཞེས་བྱ་བ་ནི་རིག་པ་འགོག་པ་དང་། རིག་པ་སྐྱེ་བ་སྟེ། དེའི་ཕྱིར་དེ་ལ་རིག་པ་བསྒྲུབ་པར་བྱ་སྟེ། དེ་ལ་བགེགས་བྱེད་པར་མི་ནུས་སོ། །ཐོག་མ་ཁོ་ནར་གཞན་དུ་རིག་པ་སྒྲུབ་པར་བྱེད་པའི་དུས་
ནི་ས་གའི་ཟླ་བའི་བཅོ་ལྔ་ཉའམ། དབོའམ། ཆུ་སྟོད་དམ། སྨིན་དྲུག་གི་དཀར་པོའི་བཅོ་ལྔ་ལ་རྣམ་པར་གང་དུ་ཡང་རུང་སྟེ། གང་ཞིག་དྲག་པོ་སྒྲུབ་པར་བྱེད་པར་འདོད་པ་དེ་རྣམ་པ་འདིས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་ཉེ་བར་བླངས་ཏེ་ནག་པོའི་བཅུ་བཞི་པ་ལ་སྔགས་
འདིས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོྃ་བེ་ད་བིད་སྭཱ་ཧཱ། སྔགས་འདིས་སྔོན་དུ་སྲད་བུ་དམར་པོ་བཅིངས་ཏེ་དུར་ཁྲོད་དུ་བ་ལང་གི་པགས་པའི་རྣམ་པར་སེར་སྐྱའི་བ་བྱུང་གིས་ཉེ་བར་
བྱུགས་པ་བྱས་ནས་དེ་བཞིན་ཁོ་ནར་གཏོར་མའི་ཆོ་གས་འབྱུང་པོ་གཞན་རྣམས་ལ་གཏོར་མ་སྣ་ཚོགས་བྱའོ། །ཡོངས་སུ་སྤྱོད་པར་བྱེད་པ་པོ་བཞིས་མཚོན་ཆ་དང་བཅས་པས་ཡམ་ཤིང་སྲེག་ཏུ་གཞུག་པར་བྱའོ། །སྲད་བུ་ལ་མདུད་པ་བརྒྱད་བརྒྱ་བྱས་ནས་བདག་ཉིད་སྲུང་བའི་དོན་

དུ་བཅིང་བར་བྱའོ། །སངས་རྒྱས་དེས་འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། ཚངས་པའི་སྲིན་པོ་ལ་སོགས་པ་རྣམས་དབང་དུ་འགྱུར་རོ། །རིག་པ་གྲུབ་པ་ན་དེ་བཞིན་ཁོ་ནར་གཏོར་མའི་ཆོ་ག་གཤེགས་སུ་གསོལ་ལོ། །རིག་པ་སྒྲུབ་པ་ཐམས་ཅད་ལ་གང་རིག་པ་
སྒྲུབ་པར་བྱེད་པར་འདོད་པ་དེས་མཚན་མོ་གཙང་མས་གཙང་མར་གྱུར་པའི་གོས་བགོས་ཏེ་རང་བསྒྲུབ་པར་བྱ་བར་འགྱུར་རོ། །ཀུན་ཏུ་རུ་འམ་ཨ་ག་རུ་ནག་པོའི་བདུག་པ་བསྲེག་ཅིང་ཁ་ཤར་དུ་ཕྱོགས་པས་ལན་བཅུར་བརྗོད་པར་བྱའོ། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། བཅོམ་
ལྡན་འདས་མ་རང་ཉིད་བྱོན་ནས་མེ་ཏོག་དང་གཏོར་མ་ཡང་སོ་སོར་བཞེས་ནས་བདག་གི་བྱ་བ་འདི་མཛོད་ཅིག་ཅེས་སོ། །དེ་བཞིན་དུ་ལྷོ་ཤར་དུ་ཁ་ཕྱོགས་པ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དང་། སྟེང་དང་། འོག་ཏུ་ཡང་བརྗོད་པར་བྱ་བར་འགྱུར་རོ། །
རང་ཉིད་ཀྱིས་བྱོན་ཏེ་བདུག་པ་དང་། མེ་ཏོག་ལ་སོགས་པ་དང་། མར་མེ་སོ་སོར་བཞེས་ནས་བདག་གི་བྱ་བ་ཡང་བྱའོ་ཞེས་སོ། །ཕྱིར་ཞིང་ཐོ་རངས་ཞིབ་ཡང་ལན་བདུན་ནམ། བཅུར་དེ་བཞིན་ཉིད་དུ་ཕྱོགས་བཅུ་རྣམས་སུ་སྤྱན་དྲང་བར་འགྱུར་རོ། །བྱོན་པ་དང་བདུག་
སྤོས་ལ་སོགས་དབུལ་བར་བྱའོ། །སླར་ཡང་ཉིན་མོ་རྣམ་པར་མནན་ཏེ་གཏོར་མའི་ལས་ཐམས་ཅད་བྱས་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་པར་འདོད་པས་དེ་བཞིན་ཉིད་དུ་ཕྱོགས་བཅུར་སྤྱན་དྲང་བར་བྱའོ། །བཅོམ་ལྡན་འདས་མ་བྱོན་པ་དང་། དྲི་དང་མེ་ཏོག་ལ་སོགས་
པ་ཡང་བཞེས་ཏེ་བདག་གི་བྱ་བ་ཡང་མཛོད་ཅིག་ཅེས་སོ། །དེ་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་སྟེ་ཇི་སྐད་བཤད་པའི་བསྒྲུབ་པ་བྱའོ། །རིག་པ་སྒྲུབ་པ་ལ་མཚན་མ་འདི་རྣམས་འབྱུང་སྟེ། རིག་པའི་ཆེད་དུ་རྨི་ལམ་མཐོང་བ་ནི་གླང་པོ་ཆེ་དང་། རྟ་དང་། ལྷའི་ཁྱིམ་དང་།
ཁང་བཟངས་མཐོང་བ་དང་། འཛེགས་པ་དང་། རིག་པའི་དངོས་གྲུབ་ཀྱི་མཚན་ཉིད་རྣམས་ཀྱང་རྟ་མཐོང་བས་རླུང་གི་བྱ་བའི་དངོས་གྲུབ་གྲུབ་བོ། །དེ་བཞིན་དུ་མ་དང་། ཕ་དང་། མེས་པོ་དང་། ཡང་མེས་དང་། རྒྱལ་པོ་ཆེན་པོ་དང་། བུ་མོ་རྒྱན་གྱིས་བརྒྱན་

པ་མཐོང་བ་དང་། གོས་དཀར་པོ་བགོ་བ་དང་། ཟན་དང་། བ་ལང་དང་། བྲམ་ཟེ་གཞོན་ནུ་དང་། གསེར་དང་། རླན་དང་། རྨ་བྱ་དང་། ཤ་དང་། ཉ་དང་། འོ་མ་དང་། ཞོ་དང་། མར་གྱི་གཏོར་མའི་ལས་ལ་སོགས་པ་རྣམས་འཇུག་བཞིན་པས་ནོན་
པར་སྨྲ་བ་རྣམས་དང་། མེ་ཏོག་དང་འབྲས་བུ་ལ་སོགས་པ་མཐོང་ན་ཇི་ལྟ་བར་ལྡན་པའོ། །དེ་ནས་སོས་ཀ་དང་། དབྱར་ཉེ་བར་མ་མཐོང་བ་དང་། རླན་ལ་གནས་པའི་ནས་དང་གྲོ་རྣམས་མཐོང་ན་ཕྱིན་ཅི་ལོག་གི་དུས་ཀྱི་ཆར་པ་དང་། ཇི་ལྟར་རབ་ཏུ་བསྔགས་པའི་ཞི་བ་འདོད་པ་
ནི་བུམ་པ་གང་བ་དང་། འོ་མ་དང་། ཞོ་དང་། མར་དང་། མེ་ཏོག་དང་། འབྲས་བུ་རྣམས་མཐོང་ན་རབ་ཏུ་འཇུག་པར་བྱ་བཞིན་པ་འདི་རྣམས་ནི་མཆོག་ལས་སོ། །བ་ལ་དང་། བྲམ་ཟེ་དང་། གཞོན་ནུ་དང་། གསེར་དང་། རྨ་བྱ་ལ་སོགས་པ་རྣམས་མཐོང་བ་
དང་བལྟས་ནས་དངོས་གྲུབ་བོ་ཞེས་རིག་པ་ཐམས་ཅད་སྒྲུབ་པའི་བྱ་བ་རྣམས་ལ་ལས་རྣམས་བརྩམ་པར་བྱའོ། །ཕྱིན་ཅི་ལོག་འདི་རྣམས་མཐོང་ན་གཉིད་མི་ལོག་སྟེ། རྨི་ལམ་དུ་སྡིག་པ་དང་། བོང་བུ་དང་། རྔ་མོ་དང་། ཕག་དང་། སྤྲེའུ་དང་། བྱ་རོག་དང་། འུག་
པ་དང་། བྱ་རྒོད་ཐམས་ཅད་དང་། བྱི་བ་དང་། བྱི་ལ་དང་། དབྱིག་དང་། གཅེར་བུ་དང་། སི་ཏ་རུཀྵ་དང་། སྣོད་སྟོང་པ་དང་། ཤིང་སྐམ་པོ་དང་། དུར་ཁྲོད་ཀྱི་སོལ་བ་དང་། ཆུ་ཀླུང་བསྐམས་པ་དང་། ལོག་པར་འདྲེན་པ་རྣམས་ཏེ་མི་ཤིས་པ་མཐོང་ན་
རིག་པ་མི་འགྲུབ་བོ། །བྱ་བ་ཐམས་ཅད་ལ་བགེགས་འབྱུང་བར་འགྱུར་རོ། །དེ་ལ་སྔགས་འདི་བགེགས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ། །ཨོྃ་བཛྲ་ཁུ་རུ་བི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ། སྔགས་འདི་ནི་རྟ་མགྲིན་ཞེས་བྱ་བ་ཁྲོ་བོའི་རྒྱལ་པོའི་སྟེ། སྔགས་འདི་ལྷག་པར་གནས་
པས་བདག་ཉིད་བསྲུང་བ་བྱས་པ་དང་། ལས་ཐམས་ཅད་སྒྲུབ་པ་ལ་འཇིགས་པ་མི་འབྱུང་ངོ་། །དེ་ནས་རིམས་རྣམས་དང་། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་བྱ་བས་པ་དང་། སྲད་བུ་བཅིང་བར་བྱ་སྟེ། དུག་བྱབས་པ་ཡང་ཇི་སྲིད་དུ་རིག་པ་ལན་ཅིག་བཟླས་པས་འགྲུབ་པར་

བྱེད་དོ། །དེ་ལ་བུམ་པ་ལ་འདྲིར་གཞུག་པར་བྱ་སྟེ། གཞོན་ནུ་མས་བཀལ་བའི་སྲད་བུ་གཙོ་བོའི་སྔགས་ཀྱིས་མདུད་པ་བརྒྱད་བརྒྱ་བྱས་ནས་བུམ་པ་དེ་ལ་བཅིང་བར་བྱའོ། །རིམ་པ་དེ་དངོས་གྲུབ་དང་དངོས་གྲུབ་མེད་པར་སྟོན་པར་བྱེད་དོ། །ཉི་མ་གཉིས་པ་ལ་མདུད་པ་
ཐམས་ཅད་དགྲོལ་བར་བྱའོ། །རྣམ་པ་གཞན་དུ་ན་རིག་པས་བཅིངས་ཏེ་མ་གྲོལ་བཞིན་པ་དོན་མེད་པར་བྱེད་པོ་དེ་ལྟ་བུ་ལ་སོགས་པ་སྔགས་དེ་ལས་བཅོ་བརྒྱད་དུ་འགྱུར་རོ། །འདི་ནི་ལྷག་པར་གནས་པ་ཐམས་ཅད་དང་སྔགས་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཏེ། དེ་ལ་རིག་
པའི་སྔགས་ཀྱི་སྦྱོར་བའི་ཁྱད་པར་བརྗོད་པར་བྱ་སྟེ། གང་དུ་བསྒྲུབ་པ་བྱ་བཞིན་པའི་སྐྱེས་བུ་ལ་མཐོང་བ་སྦྱིན་པ་བྱེད་དེ། དེ་ལ་སྐྱེས་བུ་ལྷག་པའི་ལྷ་དེ་སྐྱེས་བུ་ལ་ཉེ་བར་གནས་པར་རྟོག་པར་བྱེད་དེ། སྔགས་དེ་གང་གིས་བསྒྲུབ་པར་བྱ་བཞིན་པ་ལ་མཐོང་བ་སྦྱིན་པར་བྱེད་དོ། །
ལྷག་པའི་ལྷ་དེ་ཉེ་བར་གནས་པར་རྟོག་པར་བྱེད་དོ། །འདི་ནི་རིག་པའི་སྔགས་ཀྱི་ཁྱད་པར་རོ། །སྔགས་འདིའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་དེའི་
གཡས་ཀྱི་ཕྱོགས་སུ་བཅོམ་ལྡན་འདས་མ་གཞག་པར་བྱའོ། །གཡོན་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནོ། །དེ་ནས་མྱུར་དུ་ཤར་དུ་མངོན་པར་ཕྱོགས་པས་གནས་ནས་ཀུ་ཤ་བླངས་ཏེ། བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ལ་དྲི་དང་མར་མེ་ལ་སོགས་པ་མཆོད་པ་བྱས་ཨ་
ག་རུ་དང་ཏུ་རུཥྐའི་བདུག་པ་བསྲེགས་ཏེ་གཏོར་མ་ཐོབ་པ་ཡང་སྦས་པའི་ཕྱོགས་བཞི་རྣམས་སུ་ཕུལ་ནས་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་ཀུ་ཤ་བླངས་ནས་ཉེ་བར་འདུག་སྟེ། ནད་ཐམས་ཅད་ཁྱད་པར་བྱབ་པར་བྱའོ། །ནད་ཐམས་ཅད་རྣམ་པར་ཐིམ་ཞིང་གྲོལ་བར་འགྱུར་རོ། །
ཉི་མ་བདུན་པའི་ཐོ་རངས་སམ་མཚན་མོ་གསུམ་ལའོ། །སྒྲོལ་མའི་རྒྱུད་དེ་ཐམས་ཅད་ཀྱི་ཆོ་ག་འཁོར་དང་བཅས་པ་འཆང་བར་བྱེད་དོ། །རྒྱ་མཚོ་དང་། རི་བོ་དང་། དུར་ཁྲོད་རྣམས་སུ་སོ་སོར་གནས་པའི་དགེ་སློང་མ་གཞན་གང་ལ་ལས་བདག་ཉིད་སྲུང་བའི་དོན་དུ་

བཟླས་པ་དབུལ་བར་བྱའོ། །ཤ་ཟའི་གནོད་སྦྱིན་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་འཇིགས་པ་མི་འབྱུང་ངོ་། །དེ་ལ་ཤར་གྱི་ཕྱོགས་སུ་འགྲོ་བར་འདོད་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་དེར་དྲི་དང་མེ་ཏོག་དང་། བདུག་པ་ལ་སོགས་པ་ཕུལ་ནས་
བདག་ཉིད་སྲུང་བའི་དོན་དུ་ལན་ཉི་ཤུ་རྩ་བདུན་བཟླས་པ་དབུལ་བར་བྱའོ། །དེ་བཞིན་དུ་མཚན་མོའི་དུས་ལ་བབ་པ་ན་ལམ་དུ་བཟླས་པ་དབུལ་བར་བྱའོ། །རྟག་ཏུ་ཡིད་ལ་བྱའོ། །སྲད་བུ་ཡང་བདག་ཉིད་ལ་བཅིང་བར་བྱའོ། །སྔར་བརྗོད་པས་དེ་རྣམས་ཀྱིས་ཀྱང་
ལན་བདུན་མངོན་པར་བསྔགས་པས་བྲིས་པར་འགྱུར་རོ། །དེ་བཞིན་དུ་སྙིང་པོར་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་ཀུ་ཤས་བྱབ་པར་བྱའོ། །སྔར་བརྗོད་པ་དེ་རྣམས་ཀྱིས་ཀྱང་རིག་པ་བདུན་པོ་དེ་རྣམས་ཀྱིས་སོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་འགྲོ་བར་འདོད་པས་
བདུག་པ་དང་། མེ་ཏོག་ཕུལ་ནས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པ་དབུལ་བར་བྱའོ། །དེ་བཞིན་དུ་གྲུལ་བུམ་གྱི་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་བྱབ་པར་བྱའོ། །སྲད་བུ་ཡང་བཅིང་བར་བྱ་སྟེ་ཞི་བར་འགྱུར་རོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་སུ་འགྲོ་བར་འདོད་པས་དེ་
བཞིན་དུ་ཀླུ་དང་། འདབ་བཟང་གི་གདོན་རྣམས་ལ་སྔར་བརྗོད་པས་བྱབ་པར་བྱའོ། །སྔར་བརྗོད་པའི་ཆོ་གས་སོ། །དེ་བཞིན་དུ་བྱང་གི་ཕྱོགས་སུ་འགྲོ་བར་འདོད་པས་དེ་བཞིན་དུ་གནོད་སྦྱིན་གྱི་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་སོ། །དེ་བཞིན་དུ་ཕྱོགས་བྲལ་རྣམས་
སུ་ཡང་ངོ་། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་སླར་ཡང་ལྷ་དང་གནོད་སྦྱིན་ལ་སོགས་པ་རྣམས་ལ་སྨྲས་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག །དེ་བཞིན་གཤེགས་པའི་གཟུགས་མཚན་ཐམས་ཅད་རྫོགས་པའི་དེ་བཞིན་གཤེགས་པའི་སྐུ་མཐོང་ནས་གཡས་པས་
མཆོག་སྦྱིན་པ་དང་། ཆོས་སྟོན་པར་མཛད་བཞིན་པ། མི་འཇིགས་པ་རབ་ཏུ་སྦྱིན་པའོ། །དེར་རིག་པ་བསྒྲུབ་པར་བྱའོ། །མངོན་སྤྱོད་ཅན་ནི་བསྒྲུབ་པར་མི་བྱ་སྟེ། སྒྲོལ་མས་ནོན་པའི་ཁྲོ་བོ་དང་། ཉེ་བར་བསྒྲུབ་པར་བྱའོ། །ཇི་སྲིད་རལ་གཅིག་མའི་མདུན་ན་ཕྱག་ན་རྡོ་

རྗེ་དང་ཉེ་བར་རོ། །ཁྲོ་བོའི་མཚན་ཉིད་ཀྱང་འཆང་བར་བྱེད་དོ། །མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པར་སྣུམ་ཞིང་སྔོ་བསངས་སྔར་བརྗོད་པའི་རྣམ་པ་ལས་ཞི་བའི་གཟུགས་ཅན་གྱི་མདུན་དུ་རིག་པ་གཞན་ཡང་བསྒྲུབ་པར་བྱའོ། །མངོན་སྤྱོད་ཅན་གྱི་རྣམ་པར་
འགྱུར་བའི་གཟུགས་ཅན་དུ་བྱའོ། །ཞི་བ་ཅན་དང་རྒྱས་པ་ཅན་ནི་ཞི་བའི་གཟུགས་ཅན་ནོ། །གང་དུ་སྒྲུབ་པ་པོ་མངོན་པར་ཕྱོགས་ནས་བལྟས་པ་དེར་བསྒྲུབ་པར་བྱའོ། །རལ་པ་གྱེན་བརྫེས་སུ་བརྗོད་པའི་རིག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྗེས་སུ་གནང་བ་ཡང་
བུད་མེད་གང་ཡིན་པའི་བུད་མེད་དེའི་མཚན་ཉིད་དང་། གཟུགས་དང་། ཆ་བྱད་འཆང་བར་བྱའོ། །སྐྱེས་པ་ཡོད་ན་སྐྱེས་པའི་མཚན་ཉིད་དང་ཡང་དག་པར་ལྡན་པར་གྱུར་པ་སྐྱེས་པའི་རྒྱན་གྱིས་བརྒྱན་པར་བྱས་པ་ལག་ཆ་དང་བཅས་པ་ཇི་འདྲ་བའམ་སྔར་བརྗོད་པ་དེ་འདྲ་བ་
བྱའོ། །ཕྱིན་ཅི་ལོག་གི་གཟུགས་ཀྱིས་དངོས་གྲུབ་མི་འབྱུང་ངོ་། །ཇི་སྲིད་དུ་ལྷ་དྲག་པོ་དེའི་ཉེ་ལོགས་སུ་དེ་བཞིན་གཤེགས་པ་གཞག་པར་བྱའོ། །མཆོད་རྟེན་ནམ། སླར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་མ་གས་ཤིང་དུམ་བུར་མ་གྱུར་པ་དངོས་གྲུབ་
སྦྱིན་པར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་འདི་ནི་དམ་ཚིག་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་ཏེ་རྣམ་པར་རྒྱལ་བ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་བཀྲ་ཤིས་དང་བསོད་ནམས་ཀྱི་ལས་ཐམས་ཅད་བྱེད་པ་དང་། ལོ་
ཐོག་དང་། ཚེ་དང་། ནད་མེད་པ་འཕེལ་བར་བྱེད་པ་དམ་ཚིག་ཉམས་པ་རྣམས་ཀྱང་དམ་ཚིག་སྐྱེད་པར་བྱེད་པ་པོར་འགྱུར་རོ། །སྣ་ཚོགས་པའི་ཆུ་ཀླུང་གི་འགྲམ་མམ། པདྨའི་མཚོའི་འགྲམ་དུ་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཆུའི་ལེགས་པར་སྦྱངས་པའི་ས་གཞིའི་ཆར་
བྱས་ནས་སྐྲ་དང་། ཕུབ་མ་དང་། སོལ་བ་དང་། ཐལ་བ་དང་། ཤིང་དང་། སོ་ཕག་དང་། གསེག་མ་དང་། ཐོད་པ་དང་། ཀེང་རུས་དང་བྲལ་བ། མགྲིན་པའམ། ཆུའི་ཚད་གང་དུ་ཉེ་ལོགས་ན་ཆུ་ཡོད་པའི་གཡས་ཀྱི་གཞོགས་སམ། ནུབ་ཏུ་གང་དུ་མེ་ཏོག་

དང་འབྲས་བུར་ལྡན་པའི་ཤིང་ཡོད་པ་དང་། གང་ཡང་ཡིད་དུ་མངོན་པར་འོང་བ་གང་དུ་ནོར་ཡོད་པའི་ཕྱོགས་སུ་གྲུ་བཞི་པ། སྒོ་བཞི་པ། ཚོན་སྣ་ལྔ་པའི་ས་ལཱིའི་ཕྱེ་མས་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ། །ཚོན་སྣ་ལྔ་པའི་སྲད་བུ་ཉིད་ཀྱིས་ཐིག་བཏབ་
ནས་ཨུ་དུམ་བཱ་རའི་ཕུར་བུ་རྣམས་ཀྱིས་ཀྱང་ངོ་། །དཀར་པོའི་ཕྱོགས་ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་དང་། རྒྱུ་སྐར་དང་། སྦྱོར་བ་དགེ་བ་ལ་དེ་རྣམས་ཀྱིས་དང་པོར་དཀར་པོ། གཉིས་པར་དམར་པོ། གསུམ་པར་སེར་པོ། བཞི་པར་སྔོན་པོ། ལྔ་པར་ནག་
པོ་ཞེས་སོ། །ལྷག་མ་ཤར་གྱི་དབུས་སུ་ལྷ་རྣམས་བྲི་བར་བྱའོ། །པདྨའི་དབུས་སུ་འབྲུ་དང་། རིན་པོ་ཆེ་དང་། སྨན་དང་། མེ་ཏོག་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་རབ་ཏུ་གཞག་པར་བྱའོ། །དེའི་ཤར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཡས་སུ་
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །གཡོན་དུ་དྲི་མ་མེད་པར་འགྲོ་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞོགས་སུ་སྒྲོལ་མ་བདུན་ནོ། །གཡོན་དུ་དྲི་མ་མེད་པར་འགྲོ་བའི་བུད་མེད་བདུན་ནོ། །དཔལ་ལྷ་མོའི་གཞོགས་སུ་གོས་དཀར་
མོའོ། །སྒྲོལ་མ་རྣམས་ཀྱི་གཞོགས་སུ་ཟླ་བ་མ་གཞག་པར་བྱའོ། །ཟླ་བ་མ་ནས་བརྩམས་ནས་དཔལ་མོ་གྲགས་ལྡན་མོ་དང་། དཀར་མོ་ཡང་ངོ་ཞེས་སོ། །གཞོགས་སུ་དཀར་མོ་ཆེན་མོ་དང་ཁྲོ་གཉེར་ཅན་ནོ། །སྒོའི་ཕྱོགས་སུ་སྙིང་སྟོབས་མ་དང་ནུས་པའོ། །དཀྱིལ་
འཁོར་གྱི་ནང་གི་གཞོགས་གཉིས་ཀར་ཚངས་པ་དང་། དྲག་པོ་ཡང་ངོ་། །དྲག་པོའི་གཞོགས་སུ་ལྷ་མོ་ཨུ་མའོ། །ཚངས་པའི་དབྱངས་ཅན་མའོ། །སྒོའི་ནང་དུ་དབྱུག་གུ་དང་། རིལ་བ་སྤྱི་བླུགས་སོ། །གཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །གཅིག་ཏུ་
ཞི་བ་ཐོབ་པའོ། །སྒོ་རུ་མངོན་ཕྱོགས་དང་། རྟ་མགྲིན་ཞེས་བྱ་བའི་ཁྲོ་བོ་གཞག་པར་བྱའོ། །དེའི་གཞོགས་སུ་སྲིན་མོ་རལ་གཅིག་མ་ཞེས་བྱ་བ་དགོད་པར་བྱའོ། །འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་བཅིང་བ་སྟེ། ཁྲུ་བཞི་པའམ། ཁྲུ་བརྒྱད་

པའམ། ཁྲུ་བཅུ་གཉིས་པའམ། ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ། །གཟུགས་དང་ཕྱག་རྒྱ་རྣམས་དགོད་པར་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་པདྨ་ནི་པདྨའི་ཕྱག་རྒྱ་རྒྱས་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་བཟང་པོའོ། །འཕགས་
མ་སྒྲོལ་མའི་ནི་ཨུཏྤ་ལའོ། །དཔལ་མོ་ནི་མེ་ཏོག་ཁ་ཕྱེ་བ་དང་པདྨ་དཀར་པོའོ། །གོས་དཀར་མོའི་དེ་ཉིད་སྡོང་བུ་དང་བཅས་པ་མཆོག་ཏུ་རྒྱས་པའོ། །འཕགས་མ་གྲགས་ལྡན་མའི་སྡོང་བུ་དང་བཅས་པའི་མེ་ཏོག་གོ། །སྒོ་རྣམས་ཐམས་ཅད་དུ་དང་། གྲྭ་རྣམས་
ཐམས་ཅད་དུ་ཡང་ཀུ་ཤ་རེ་རེ་ལ་ཙུ་ཏའི་ཡལ་འདབ་བཅུ་དགོད་དེ། སྟོད་དུ་བ་དན་བསྒྲེང་བར་བྱའོ། །དེ་ནས་རང་རང་གི་སྔགས་ཀྱིས་སྤྱན་དྲང་བར་བྱ་སྟེ་གཤེགས་སུ་གསོལ་བ་ཡང་ངོ་། །ཡང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཚར་བ་རིག་པས་སོ། །
ཡང་ན་འཕགས་མ་སྒྲོལ་མའི་སྙིང་པོས་མེ་ཏོག་དཀར་པོས་སྤྱན་དྲང་བ་དང་། གཤེགས་སུ་གསོལ་ལོ། །མཚན་མོ་དྲི་དང་། མེ་ཏོག་དང་། བདུག་པ་དང་། མར་མེས་མཆོད་པ་བྱས་ནས་གཏོར་མས་ཉེ་བར་མཆོད་དེ། བཀྲ་ཤིས་ཅན་དང་། ཨུལློ་པི་ཀ་དང་། མོན་
སྲན་གྲེའུ་དང་། སྣུམ་ཁུར་ལ་སོགས་པ་དང་། མོན་སྲན་སྡེའུའི་ལ་དུ་དང་། ཏིལ་གྱི་ཐུག་པ་དང་། འོ་ཐུག་དང་། ཞོའི་ཟན་དང་། དར་བ་དང་། ཐུག་པ་དང་། འབྱུང་བའི་ཟས་སྣུམ་ཁུར་གཞན་རྣམས་དང་། བྱན་བུ་རམ་དང་། ཞོ་ཡང་སྟེ་གཏོར་མའི་ཆོ་གའོ། །
དེ་ནས་སླར་ཡང་དྲི་བཟང་པོའི་དྲི་དང་མེ་ཏོག་གི་མཆོད་པ་མཆོད་པ་བྱས་ནས་ཆུ་ལས་སྐྱེས་པ་ནི་ཁྱད་པར་དུའོ། །དེ་ནས་རེ་རེ་སྔགས་ལན་བདུན་བདུན་བརྗོད་པར་བྱའོ། །ཡང་ན་འཕགས་མ་སྒྲོལ་མ་བརྒྱད་བརྒྱར་བཟླས་པར་བྱའོ། །ནང་གི་བུམ་པ་གང་ཡིན་པ་དེ་ལ་སྙིང་པོ་ཡི་གེ་
ལྔས་སྟོང་བརྒྱད་བརྒྱ་བཟླས་པར་བྱའོ། །དེ་ནས་མེའི་གནས་སུ་མེ་ཉེ་བར་བཟུང་ནས། མར་དང་། ཏིལ་མར་དང་། ཟས་ཉིད་ཀྱིས་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་གཟུགས་དང་། གྲངས་མེད་པར་དེ་ལྟར་སྦྱིན་སྲེག་ཀྱང་བྱའོ། །ཕྱི་ནས་སློབ་མ་ལེགས་པར་ཡོངས་སུ་བཏགས་

པའི་སྣོད་དང་ལྡན་པའི་སྒྲུབ་པ་པོས་ཡང་རབ་ཏུ་གཞུག་པར་བྱའོ། །གོས་ཀྱིས་གདོང་གཡོགས་ཏེ་ཐལ་མོ་མེ་ཏོག་གིས་བཀང་བ་རབ་ཏུ་བཅུག་སྟེ་གཏོར་བར་བྱའོ། །གང་དུ་ལྷུང་བ་དེའི་རིགས་སུ་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་དུ་རབ་ཏུ་བཅུག་སློབ་མ་
དམ་ཚིག་ཤེས་པར་འགྱུར་རོ། །དབང་བསྐུར་གང་འདོད་པ་དེ་བྱིན་ཏེ་ལྷོ་དང་ནུབ་ནས་ཤར་དུ་མངོན་པར་ཕྱོགས་ནས་སྲ་རྩི་པོག་གི་བདུག་པ་མར་དང་བསྲེས་པས་ཉེ་བར་བདུག་གོ། །ཉི་མ་གུང་ལ་བུམ་པས་སོ། །སྔགས་ཐམས་ཅད་བདུན་བདུན་བཟླས་པའི་སྲེག་བླུགས་
སྲེག །སྲེག་བླུགས་བསྲེགས་ནས་དེ་ནས་བཅོམ་ལྡན་འདས་མའི་ལས་ཆེན་པོས་སློབ་མ་གཡོན་གྱི་ཕྱོགས་སུ་བཞག་སྟེ། དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་གཞུག་གོ། །སྙིང་པོ་ཡང་སྦྱིན་ནོ། །དེས་འཕགས་མ་སྒྲོལ་མ་འདིའི་ཕྱག་རྒྱ་བཅིངས་ནས་བཟླས་པར་བྱའོ། །
དེ་ལྟ་བུས་མངོན་པར་དབང་བསྐུར་བར་འགྱུར་རོ། །དེ་རྣམས་ཐམས