Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 093_རྒྱུད་འབུམ།_ཙ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
རྒྱ་སྣ་ཚོགས་ དང་། མེ་ཏོག་སྣ་ཚོགས་དང་། བུམ་པ་དང་མཆོད་པའི་རིན་པོ་ཆེའི་སྣོད་སྣ་ཚོགས་པ་དང་། གང་བའི་བུམ་པ་སྣ་ཚོགས་པ་བྲིའོ། །མཚན་མ་དང་། ཕྱག་རྒྱ་དང་། རིན་པོ་ཆེ་སྣ་ཚོགས་པའི་ཡལ་ག་དང་། པདྨ་དང་། ཨུཏྤལ་འཆང་བ་གོས་དང་རྒྱན་སྣ་ཚོགས་པ་ཐོགས་པ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཁོར་ ཡུག་ཏུ་མེ་ཏོག་སྣ་ཚོགས་པ་ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། ཨ་ཏི་མུཀྟ་ཀ་དང་། ཝཱརྵི་ཀ་དང་། ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། སྣ་མ་དང་། སྐྱ་སྣར་དང་། ཡཱུ་ཐི་ཀ་དང་། ཀ་དམ་པའི་མེ་ཏོག་གི་ཕྲེང་བས་མཛེས་པར་བྱའོ། །སྒོ་བཞིའི་གནས་སུ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་ བྱ་སྟེ། རིན་པོ་ཆེའི་ལྕུག་མ་སྣ་ཚོགས་པ་དང་། བུམ་པ་གང་བ་ཐོགས་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་བ་དན་གྱིས་བརྒྱན་པར་བྱའོ། །གང་བའི་བུམ་པ་ཡོངས་སུ་བསགས་པ་དང་། མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་དང་། སྣ་ཚོགས་པའི་གཟུགས་དང་བཟའ་བའི་ཁ་ཟས་རོ་བྲོ་བའི་མཆོག་གཞག་པར་ བྱ། སྣ་ཚོགས་པའི་བདུག་པས་བདུགས་ལ། བདུག་པའི་བོག་ཕོར་ཡོངས་སུ་བཤམ་པར་བྱའོ། །རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱ་ལེགས་པར་ཁྲུས་བྱས་ཤིང་དྲི་བཟང་པོའི་དྲིས་བསྒོས་ཏེ། རྣམ་པ་སྣ་ཚོགས་པའི་བདུག་པས་བདུགས་ལ། འབྱུང་ལྔས་ཉེ་རེག་བྱ་སྟེ་དོན་ཡོད་པ་ནོར་བུའི་མཆོད་ པའི་སྙིང་པོའི་གཟུངས་འདི་ལན་སྟོང་རྩ་བརྒྱད་དུ་བཟླས་པར་བྱའ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཡིད་ལ་བྱ། མཆོད་པའི་སྤྲིན་ཆེན་པོ་ཡིད་ལ་བྱ་ཞིང་བཟླ་སྟེ་ཕྱོགས་བཅུ་ཀུན་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་སྤྲིན་གྱིས་ཇི་ལྟར་དཀྱིལ་འཁོར་དུ་ཡོངས་སུ་བསགས་ཤིང་རྣམ་པ་སྣ་ཚོགས་སུ་གཞལ་དུ་མེད་པས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསགས་པའི་དེ་བཞིན་གཤེགས་པ་རེ་རེ་ཡང་དཀྱིལ་ འཁོར་ཆེན་པོ་གཞལ་དུ་མེད་པ་བརྒྱ་སྟོང་ཕྲག་ཡོངས་སུ་བསགས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ། །སྣ་ཚོགས་པའི་གོས་དང་། སྣ་ཚོགས་པའི་རྒྱན་དང་། ལྷབ་ལྷུབ་དང་། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་དྲི་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་བདུག་སྤོས་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་འབྲས་བུ་དང་། མེ་ཏོག་སྣ་ཚོགས་པ་དང་། རོ་བརྒྱ་པའི་ཁ་ཟས་ཀྱི་མཆོག་རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྒྲོན་མའི་ཤིང་སྣ་ཚོགས་པ་བརྒྱ་སྟོང་ཕྲག་རྣམས་ཀྱིས་དེ་བཞིན་གཤེགས་པ་རེ་རེའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ། །ཡན་ལག་ལྔ་དང་ལྡན་པའི་ ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམས་ཀྱི་མཆོད་པའི་སྤྲིན་བྱེད་དོ། །དེ་ལྟ་བུའི་ཆོ་ག་རྣམས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་རེ་རེའི་དེ་བཞིན་གཤེགས་པ་རེ་རེའི་མཆོད་པའི་སྤྲིན་ཆེན་པོས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་རྣམས་མཆོད་པར་འགྱུར་ཏེ། འཁོར་གྱི་དཀྱིལ་འཁོར་དང་ བཅས་པ་ཐམས་ཅད་དུ་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་གཞལ་དུ་མེད་པའི་མཆོད་པའི་སྤྲིན་གྱིས་མཆོད་པར་བྱེད་དོ། །གང་ཡང་དཀྱིལ་འཁོར་ཆེན་པོ་དེར་རྗེས་སུ་ཞུགས་པའི་སེམས་ཅན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་ མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་མཐོང་བར་འདོད་པ་དང་། རྗེས་སུ་ཡི་རང་བ་དང་། ལྷན་ཅིག་འགྲོ་བའམ། ཐ་ན་ཐོས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་ རྫོགས་པར་འགྱུར་རོ། །སྦྱིན་པ་ཆེན་པོ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །སེམས་ཅན་རེ་རེའི་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ཕྲག་དགུ་བཅུ་རྩ་དགུ་དང་མཉམ་པ་དེའི་དྲུང་དུ་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ ཕུང་པོ་བསྐྱེད་པར་འགྱུར་རོ། །དཀྱིལ་འཁོར་མཐོང་བ་ཙམ་གྱི་མོད་ལ། རྗེས་སུ་ཡི་རང་བ་ཙམ་གྱི་མོད་ལ་འཕྲལ་ཉིད་དུ་མཚམས་མེད་པ་ལྔའི་སྡིག་པ་ཡོངས་སུ་ཟད་པར་འགྱུར་རོ། །ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ། །འཆི་འཕོ་ཞིང་ སྐྱེ་བ་བརྗེས་པའི་དུས་སུ་སོན་ཏེ་འཆི་བའི་མཐར་ཐུག་པ་ན། དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་དུ་སྟོན་ཞིང་སྣང་བར་འགྱུར་རོ། །ལམ་ཉེ་བར་སྟོན་པར་བྱེད་ཅིང་དབུགས་འབྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སྐལ་བ་མཉམ་ པ་ཉིད་ཀྱི་སྐྱེ་བར་བྱེད་དེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེས་པ་ཙམ་གྱི་མོད་ལ། སྐྱེ་བ་ཐམས་ཅད་རྗེས་སུ་དྲན་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་ མོ་དང་། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་ཁ་ཏོན་དུ་གནས་པར་བྱེད་དོ། །ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་ཐམས་ཅད་རྒྱལ་མཚན་གྱི་རྩེ་མོར་བཅིངས་ཏེ་གནས་བར་བྱེད་དོ་ཞེས་སོ། །འདི་ནི་སྐྱེ་བའི་ཐ་མར་འགྱུར་ཏེ། མཆོད་ པ་དང་། དཀྱིལ་འཁོར་གྱི་ཆོ་ག་འདི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རི་དགས་དང་བྱ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། མིར་གྱུར་པ་རྣམས་ཀྱི་ལྟ་ཅི་སྨོས་སོ། །དེ་ལྟར་ཡོན་ཏན་དང་ཕན་ཡོན་ཆེན་པོའི་མཆོད་པ་ཆེན་པོ་དང་། དཀྱིལ་ འཁོར་གྱི་ཆོ་གའོ། །དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་རྣམ་པར་འཕྲུལ་པ་དང་ཕན་ཡོན་གྱི་ཆོ་གའི་སྒྲུབ་ཐབས་སོ།། །།དེ་ནས་རིག་པའི་རྒྱལ་པོའི་རས་རིས་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་སྡིག་པ་ཐམས་ཅད་སེལ་བ་འཕྲལ་དུ་ནད་ཐམས་ཅད་ཟློག་པར་བྱེད་ པ་དངོས་གྲུབ་ཐམས་ཅད་བྱེད་པའི་གནས་མཆོག་ཐམས་ཅད་སྦྱིན་པ་བཤད་པར་བྱའོ། །རས་སམ་གོས་གཞན་ནམ། རྒྱ་དར་ལ་ཀུན་ནས་ཁྲུ་བཞི་པ་ལ་གཙང་མས་གཙང་མའི་གནས་སུ་རི་མོ་མཁན་གཙང་མ་ཉིད་ཀྱིས་ཁྲུས་བྱས་གོས་གཙང་མ་བགོས་ཏེ། དྲི་སྣ་ཚོགས་པས་བདུགས་ལ་མཚོན་སྣ་ཚོགས་པ་རྣམ་པར་ བཀྲ་ཞིང་ལྷག་མ་མ་ཡིན་པ་སྣོད་གསར་པར་བཞག་པས་རས་རིས་བླ་ན་མེད་པ་བྲི་བར་བྱའོ། །དབུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱ་སྟེ། གཞལ་ཡས་ཁང་གི་ཁང་པ་བརྩེགས་པར་སེང་གེའི་ཁྲི་ལ་པདྨའི་རྫིང་བུར་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དང་བཅས་པས་བཅོམ་ལྡན་འདས་ལ་མེ་ཏོག་འཐོར་བར་བྱེད་བཞིན་པའོ། ། གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱ་སྟེ། དོན་ཡོད་ཞགས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་རལ་བའི་ཅོད་པན་གྱིས་བརྒྱན་པ་ཚངས་པའི་ཆ་བྱད་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། ཕྱག་བཞི་པ། སྤྱན་གསུམ་པ། མདུང་རྩེ་གསུམ་འཛིན་པ་པདྨ་འཛིན་པ་ དང་། ཞགས་པ་འཛིན་པ་དང་། ནོར་བུ་རིན་པོ་ཆེ་འཛིན་པ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་བཞིན་པའོ། །གཡས་སུ་རིག་པའི་རྒྱལ་པོ་བྱ་སྟེ། ཕྱག་བཞི་པ་འཕགས་མ་སྒྲོལ་མའི་ཆ་བྱད་འཆང་བ་འོད་དཔག་མེད་ཀྱི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྣ་ཚོགས་པའི་གོས་འཛིན་པ། པདྨ་དང་ཞགས་པ་དང་། རལ་གྲི་འཆང་ཞིང་ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་མཚན་ཐོགས་ཏེ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་ལྷ་མོ་སྒྲོལ་མ་བྱ་སྟེ། ཐལ་མོ་སྦྱར་བ་སྨད་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། ། ལྷ་མོ་སྒྲོལ་མའི་རྒྱབ་ཏུ་གོས་དཀར་མོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་རབ་ཏུ་བཞད་ཅིང་སྨིན་མ་དཔྲལ་བར་གཡོ་ཞིང་། བཅོམ་ལྡན་འདས་ལ་ཟུར་མིག་གིས་ལྟ་བར་བྱེད་པ་བྱའོ། །རིག་པའི་རྒྱལ་པོའི་རྒྱབ་ཏུ་འཕགས་པ་དཔལ་མཛེས་པ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། བཅོམ་ ལྡན་འདས་ལ་ལྟ་བར་བྱེད་བཞིན་པ་སྣ་ཚོགས་པའི་མེ་ཏོག་གི་ཕུར་མ་འཆང་བར་བྱེད་པའོ། །ཐམས་ཅད་ལ་པདྨའི་གདན་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ། །གོས་དཀར་མོའི་རྒྱབ་ཏུ་ཁྲོ་བོ་ཆེན་པོ་ལྕགས་ཀྱུ་བྱའོ། །དཀར་པོའི་གཞོགས་སུ་དོན་ཡོད་པའི་ལྕགས་ཀྱུ་བྱའོ། །རིག་པའི་ རྒྱལ་པོའི་འོག་ཏུ་རལ་པ་གཅིག་མ་བྱ་སྟེ། ཕྱག་བརྒྱད་པ། ཞལ་མཆེ་བ་གཙིགས་པ། རལ་པ་གྱེན་དུ་བརྫེས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ་སྟེ། རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། རལ་གྲི་དང་། མདུང་རྩེ་གསུམ་དང་། རྡོ་རྗེ་དང་། པདྨ་འཆང་བ་བྱ་ཞིང་སྡིགས་མཛུབ་བྱེད་པ་བྱའོ། །སྟེང་དུ་ཕྱོགས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པའོ། །ཁང་པ་བརྩེགས་པའི་སྟེང་དུ། དེ་བཞིན་གཤེགས་པ་བདུན་བྱ་སྟེ། འོད་དཔག་མེད་ཀྱང་དབུས་སུ་བྱའོ། །ལྷས་མཆོད་པ་བྱེད་བཞིན་པ་བྱའོ། །ཕྱག་ གཡོན་དང་གཡས་སུ་རྡོ་རྗེ་འཛིན་པ། བཅོམ་ལྡན་འདས་ལ་ཟས་གསར་པ་འདྲེན་པར་བྱེད་བཞིན་པའོ། །གཞོགས་གཡས་དང་གཡོན་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཆང་བ་བྱའོ། །འོག་གི་གཞོགས་གཡས་སུ་རྒྱལ་པོ་ཆེན་པོ་བཞི་བྱའོ། །གཞོགས་གཡོན་ དུ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་རྣམས་རང་རང་གི་མཚོན་ཆ་འཛིན་པ་བྱ་སྟེ། ཐམས་ཅད་གླུ་ལེན་བཞིན་པ་བྱའོ། །བཅོམ་ལྡན་འདས་འོག་ཕྱོགས་ཀྱི་རྫིང་བུའི་གཡས་ལོགས་སུ་རིག་སྔགས་འཆང་པུས་མོ་བཙུགས་པ་བྱ་སྟེ། བདུག་པའི་པོག་ཕོར་དང་། མེ་ཏོག་འཛིན་ཅིང་བགྲང་ཕྲེང་ཐོགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ་བྱའོ། །རས་རིས་ཀྱི་ཁོ་ར་ཁོར་ཡུག་ཏུ་རི་བོ་བྲི་བར་བྱ་སྟེ། སྣ་ཚོགས་མེ་ཏོག་གི་མགོ་ལྕོགས་བཀྲམ་ཞིང་། རིན་པོ་ཆེའི་ཤིང་ལྗོན་སྣ་ཚོགས་པས་བརྒྱན་པ། ཆུ་བོ་འབབ་ཅིང་རྗེས་སུ་སྤྱོད་པ། རི་ དགས་དང་། བྱས་ཡང་དག་པར་བརྒྱན་པ་བྱའོ། །སྣ་ཚོགས་པའི་རིའི་ལྷ་དང་། ཤང་ཤང་ཏེ་འུས་ཀུན་ཏུ་ཁྱབ་པ། རྣམ་པ་སྣ་ཚོགས་པའི་ཀླུའི་གདེངས་ཀ་དང་མཚུངས་པ་གནས་སུ་གནས་པ་བྱའོ། །དེ་ནས་ཡོངས་སུ་སྦྱང་བ་བྱས་ཏེ་ཟིན་པ་དང་། རས་རིས་ལ་ཚོན་སྣ་ཚོགས་པས་བཀྲ་ བར་བྱའོ། །དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱའོ། །ལེགས་པར་ཁྲུས་བྱ་སྟེ། སྐྱིལ་མོ་ཀྲུང་གིས་འདུག་སྟེ། སྨྲ་བ་བཅད་ལ། དོན་ཡོད་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་དང་། རིག་པའི་རྒྱལ་པོའི་གཟུངས་ལན་བརྒྱ་རྩ་བརྒྱད་དུ་བཟླས་སོ། །དེའི་ ཚེ་རས་རིས་འབར་བར་འགྱུར་རོ། །འོད་ཟེར་ཁ་དོག་སྣ་ཚོགས་པ་འབྱིན་པར་བྱེད་དེ། ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱེད་དོ། །རིག་སྔགས་འཆང་དགའ་ཞིང་འདོད་པར་འགྱུར་ཏེ། རིག་སྔགས་འཆང་གིས་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་དང་། དོན་ཡོད་ཞགས་པའི་ལྕགས་ཀྱུ་ དང་། རིག་པའི་རྒྱལ་པོའི་སྙིང་པོ་འདིའི་དངོས་གྲུབ་ཏུ་ཤེས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་ བསྙེན་ནམ། དགེ་བསྙེན་མའམ། རྒྱལ་པོ་འམ། བློན་པོ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། ཁྱིམ་བདག་གམ། དགེ་བསྙེན་ནམ། དགེ་བསྙེན་མའམ། བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོ་གང་རས་རིས་ཆེན་པོ་འདི་མཐོང་ནས། མཐོང་བ་ཙམ་གྱི་མོད་ལ་མཚམས་ མེད་པ་ལྔའི་སྡིག་པ་རྣམ་པར་སྦྱངས་ཤིང་ཐུན་ཚགས་སུ་འགྱུར་རོ། །མནར་མེད་པའི་སྡིག་པ་དང་སྒྲིབ་པ་རྣམས་འཕྲལ་དུ་ཡོངས་སུ་གྲོལ་ལོ། །བསོད་ནམས་ཀྱི་ཚོགས་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་འདོད་པ་ཐམས་ཅད་དང་ཡིད་ཀྱི་ཤིང་ རྟ་དང་། འདོད་པའི་དངོས་གྲུབ་ཐམས་ཅད་དང་། རིགས་ཐུན་མོང་པ་ལ་འཇུག་པའི་ཐམས་ཅད་ཐུན་མོང་བའི་དམ་ཚིག་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་དང་། ཐམས་ཅད་དུ་དངོས་གྲུབ་བྱེད་པའི་གནས། རྡོ་རྗེའི་གདན་གྱི་དཀྱིལ་འཁོར་ མཆོག་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་བགྲོད་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའི་དཀྱིལ་འཁོར་ཕྱིར་མི་ལྡོག་པར་འཇུག་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར། གནས་ཐམས་ཅད་དུ་སོན་པའི་དངོས་གྲུབ། ཆོ་ག་ཞིབ་མོའི་ དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། ཕྱག་རྒྱ་ཐམས་ཅད་འགུགས་པར་བྱེད་པའི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རབ་ཏུ་འཇུག་པར་བྱེད་པ་བཤད་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་གནས་ཡོངས་སུ་བརྟགས་ཏེ། སའི་ཆ་མཛེས་པར། གཙུག་ལག་ ཁང་ངམ། དགོན་པའམ། གནས་གཉིས་སམ། རི་ཕུག་གམ། ཚང་ཚིང་ངམ། རྒྱལ་པོའི་གནས་སམ། ལམ་གྱི་བཞི་མདོ་འམ། གཞན་ཡང་བྲང་སའམ། དགེ་འདུན་གྱི་ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ནགས་འདབ་ཉིད་དང་། ཀུན་དགའ་ར་བའམ། ཆུ་ ཀླུང་ངམ། ལྟེང་ཀའམ། འབབ་ཆུའི་དངོའམ། མཚོ་བྲན་ནམ། མཚེའུ་དག་དང་། རྫིང་བུ་རྣམ་པར་བཀྲ་བའམ། དེ་བཞིན་གཤེགས་པའི་ཚོན་ནམ། ནེའུ་གསིང་སྔོན་པོའམ། མེ་ཏོག་སྐྱེས་པའི་གནས་སམ། ཐམས་ཅད་དུ་རྗེས་སུ་མཐུན་པར་བརྟག་པར་བྱའོ། །གནས་ གཙང་མར་མ་ཉམས་པའི་མོད་ལ། དཀྱིལ་འཁོར་དེར་དགོད་པར་བྱ་སྟེ། ས་དང་། བ་བྱུང་དང་། ཡང་དག་པར་ལྡན་པའི་དཀྱིལ་འཁོར་གྲུ་བཞི་བྱའོ། །ཁོར་ཡུག་ཏུ་ཁྲུ་བཞི་པ། ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ། བཻ་ཌཱུརྱའི་ཁ་དོག་ཏུ་བྱའོ། །དཀྱིལ་ འཁོར་ལ་ཚོན་སྣ་ཚོགས་པ་མཛེས་པས་ཕྱེ་བའི་ཐིག་གདབ་སྟེ། ཆ་མཉམ་པར་ཕྱེ་ནས་ཟུར་བཞི་པ་ལོགས་བཞི་པ། སྒོ་བཞི་རྣམ་པར་ཕྱེ་བའི་དཀྱིལ་འཁོར་མཆོག་གི་ཐིག་གདབ་བོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་། དཀྱིལ་འཁོར་ཁྲུའི་ཚད་ལ་རེ་ཁཱ་ལྔ་བྱས་པ་སྣ་ཚོགས་ པའི་གཟུགས་མཛེས་པས་ཐིག་གདབ་བོ། །པདྨའི་རི་མོ་དང་། མདུང་རྩེ་གསུམ་པ་དང་། རྡོ་རྗེའི་རི་མོ་གསུམ་པ་དག་གོ། །ཨུཏྤ་ལ་བཞི་པའམ། ནོར་བུ་རིན་པོ་ཆེ་ཆེན་པོ་ནི་ལྔ་པར་བཤད་དོ། །སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ཡུག་ཏུ་འབར་བའི་ཕྲེང་བ་བྱེད་དུ་གཞུག་གོ། །དབུས་ ཀྱི་དཀྱིལ་འཁོར་གྱི་གནས་སོ། །པདྨ་དཀར་པོ་ཞེས་བྱ་བ་འདབ་མ་སུམ་ཅུ་རྩ་གཉིས་པ། གེ་སར་དང་། ཟེའུ་འབྲུ་དང་བཅས་པའི་པདྨ་བྱ་སྟེ། དེ་ལ་རིག་པའི་ལྷ་མོ་གཟུགས་ཇི་ལྟར་མཛེས་པ་དགོད་པར་བྱའོ། །ཇི་ལྟར་རས་རིས་འདི་ལ། གཟུགས་པདྨ་དཀར་པོ་ཞེས་བྱ་བ་དེ་ལྟ་བུ་ བྲིས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མཛེས་པ་དང་། ཞི་བ་དང་། ཁྲོ་གཉེར་ཅན་མ། དྲག་པོ་སྣ་ཚོགས་པའི་གཟུགས་འཆང་བ། མཚོན་ཆ་སྣ་ཚོགས་ཐོགས་པ་དཀྱིལ་འཁོར་གྱི་ཚད་ཇི་ལྟ་བ་བཞིན་དུའོ། །རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གོས་སྣ་ཚོགས་པ་འཆང་བ་སྐྱེས་ པ་ལོ་བཅུ་དྲུག་པའི་གཟུགས་དང་། བུ་མོ་ལོ་བཅུ་དྲུག་པའི་གཟུགས་འཛིན་པ་བསྲེས་པ་རྟག་ཏུ་བྲིས་ནས། པདྨའི་གདན་གྱིས་བརྒྱན་ཅིང་། ཐམས་ཅད་པདྨ་འཆང་བ་བྱེད་དུ་གཞུག་གོ། །སྙིང་པོའི་དཀྱིལ་འཁོར་གྱི་གྲྭ་བཞི་རུ་རྒྱལ་པོ་ཆེན་པོ་བཞི་བྱེད་དུ་གཞུག་སྟེ། གོ་ཆ་དང་ཡ་ ལད་བགོས་པ། དྲག་པོའི་གཟུགས་འཇིགས་པར་བྱེད་པའོ། །ཕྱིའི་དཀྱིལ་འཁོར་རྣམ་པར་ཕྱེ་བ་བྱ་སྟེ། ཁོར་ཡུག་ཏུ་མཚན་མའི་ཕྱག་རྒྱ་ཐམས་ཅད་ལ་པདྨའི་གདན་འཆང་བའོ། །སྒོ་བཞིའི་གནས་རྣམས་སུ་དཀྱིལ་འཁོར་གྱི་ལྷ་བྱའོ། །གང་གཱ་དང་། ཤཱི་ཏྲ་དང་། འཇིགས་ མ་དང་། དཔེ་མེད་མ་དང་། ནོར་བུ་བཟང་པོ་དང་། ཀི་ལཱི་ཀི་ལ་དང་། གཙིགས་ཞལ་མ་སྟེ། དཀྱིལ་འཁོར་གྱི་ལྷ་འདི་རྣམས་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རི་བོའི་ཕྲེང་བ་དག་ལ་མེ་ཏོག་དང་། ལྗོན་ཤིང་སྣ་ཚོགས་པའི་ལྕུག་མས་ཁྱབ་ཅིང་། ཚོན་སྣ་ ཚོགས་པས་རྣམ་པར་མཛེས་པ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་བྱ་བ་ལེགས་པར་མཐར་ཕྱིན་པ་དང་། དེ་ནས་དཀྱིལ་འཁོར་གྱི་རྒྱན་ལ་ཁོ་ར་ཁོར་ཡུག་ཏུ་ཚོན་སྣ་ལྔས་མཛེས་པའི་བ་དན་བརྒྱ་དང་། སྣ་ཚོགས་པའི་གཟུགས་མཛེས་པ་དང་། རྣམ་པར་བཀྲ་བའི་བུམ་པ་གང་ བ་དང་། གཏོར་མ་དང་། དྲིལ་བུ་མཛེས་པ་དང་། གང་བའི་བུམ་པ་དང་། བུམ་བུ་དང་། དྲི་སྣ་ཚོགས་ཀྱི་ཆུས་ཡོངས་སུ་གང་བ་དང་། རོ་སྣ་ཚོགས་པའི་གཏོར་མ་བཞག་ནས། ཁམ་ཕོར་དང་། རིལ་བ་གང་བ་དང་། དྲི་སྣ་ཚོགས་ཀྱིས་བྱུག་པ་དང་། བདུག་པ་སྣ་ཚོགས་པས་ མཛེས་པ་དང་། མེ་ཏོག་གི་ཕྲེང་བ་གཅལ་དུ་བཀྲམ་པ་དང་། འབྲས་ཡོས་དང་། ཡུངས་ཀར་ཉིད་དང་། སྣ་ཚོགས་པའི་འབྲས་བུ་རྣམས་དང་། བཟའ་བའི་རྣམ་པ་གཟུགས་སྣ་ཚོགས་པ་བཞག་ནས། འབྲས་བུ་སྣ་ཚོགས་མཛེས་པ་རྣམས་བཞག་སྟེ། ཁོར་ཡུག་ཏུ་མར་མེའི་ཕྲེང་ བ་དང་། གསེར་དང་། དངུལ་ལས་བྱུང་བའི་སྣོད་དྲིས་གང་བ་རྣམས་བཞག་གོ། །ཐམས་ཅད་ཇི་ལྟར་འབྱོར་པ་བྱ་སྟེ། དཀྱིལ་འཁོར་གཞལ་དུ་མེད་པ་ལས་དམན་པ་ཉིད་དུ་མི་བྱའི་ལྷག་པ་ཉིད་བྱེད་དུ་གཞུག་གོ། །དཀྱིལ་འཁོར་གྱི་ལས་རྣམས་ཇི་ལྟ་བ་བཞིན་དུ་གུས་པ་དང་། སྟོབས་དང་བརྩོན་འགྲུས་ཀྱིས་བྱའོ། །རིག་སྔགས་འཆང་གིས་གཙང་བར་གྱུར་ནས། ལེགས་པར་ཁྲུས་བྱས་ཏེ་གོས་གཙང་མ་བགོས་ནས། སྲུང་བའི་ཆོ་གས་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་དང་། སྲུང་བ་ཆེན་པོ་ཡང་བྱེད་དུ་གཞུག་ གོ། །དེ་ནས་གསང་སྔགས་ཀྱི་ལས་དང་། ཕྱག་རྒྱའི་ལས་བླ་ན་མེད་པར་བྱའོ། །དེ་ནས་སེམས་ཅན་གཞུག་པར་བྱ་སྟེ། དཀྱིལ་འཁོར་གང་འདོད་པར་བཅུག་ནས་ཐམས་ཅད་ཀྱི་དམ་ཚིག་དང་། ཕྱག་རྒྱ་སྦྱིན་དུ་གཞུག་གོ། །ཕྱག་བྱ་བ་དང་། བསྐོར་བ་ལ་ཐམས་ཅད་བཅུག་ ནས། སྙན་གསན་དབབ་པ་དང་སྤྱན་དྲང་བར་བྱ། ལས་ཀྱི་ཆོ་གས་གཏོར་མ་སྦྱིན་པར་བྱ། མེ་ཏོག་དང་བདུག་པ་དབུལ་བར་བྱ། བཟླས་པའི་ལས་རྣམས་དང་། ལས་ཐམས་ཅད་མདོར་བསྡུས་པ་བྱས་ནས། གཤེགས་སུ་གསོལ་བ་འདིར་བྱའོ། །དཀྱིལ་འཁོར་ ན་གནས་པའི་ལྷ་རྣམས་ལ་གཏོར་མའི་ལས་ཀྱི་ཆོ་ག་དང་། དེ་བཞིན་དུ་མེ་ཏོག་དང་བདུག་པ་ཕུལ་བ་ནས་དཀྱིལ་འཁོར་ན་གནས་པ་རྣམས་གཤེགས་སུ་གསོལ་ལོ། །གང་གི་ཚེ། གསང་སྔགས་རྣམས་དང་། ཆོ་ག་ཞིབ་མོ་ཆེན་པོའི་གཟུངས་རབ་ཏུ་འཇུག་པ་ན་སའི་མཐིལ་དུ་ རས་རིས་འབར་བའི་མོད་ལ་འོད་ཟེར་འབྱིན་པར་བྱེད་དེ། དཀྱིལ་འཁོར་མཐོང་ཞིང་གསང་སྔགས་འཆང་ཡང་བར་སྣང་ལ་གནས་སོ། །དེའི་སྐད་ཅིག་ལ་ཏིང་ངེ་འཛིན་ཐོབ་སྟེ། དཀྱིལ་འཁོར་དུ་ཞུགས་པའི་མོད་ལ། ཆོ་ག་ཞིབ་མོའི་དངོས་གྲུབ་བླ་ན་མེད་པ་དང་། དངོས་གྲུབ་ ཐམས་ཅད་རྟག་ཏུ་མྱུར་དུ་འབྱུང་ལ་རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་དབུས་ནས་ལེགས་སོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །རིག་པའི་རྒྱལ་པོའི་དངོས་གྲུབ་བླ་ན་མེད་པ་དང་དོན་ཡོད་ཞགས་པའི་དངོས་གྲུབ་བརྗོད་དོ། །ཇི་ལྟར་ཡིད་ལ་བྱེད་པ་ཐམས་ཅད་མྱུར་དུ་འཛིན་ནོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་སྟེ་འདི་ལ་ཐེ་ཙོམ་མེད་དོ། །སེམས་ཅན་དཀྱིལ་འཁོར་དུ་ཞུགས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕྱིར་མི་ལྡོག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་འགྱུར་རོ། །བྱང་ཆུབ་ཀྱི་ སྙིང་པོར་འདུག་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །སེམས་ཅན་གང་དཀྱིལ་འཁོར་དེ་མཐོང་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལ་སོགས་པ་རྣམས་དང་། མནར་མེད་པར་གཞོལ་བ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་བདེ་བླག་ཏུ་སངས་ རྒྱས་ཉིད་དུ་འགྲོའོ།། །།དེ་ནས་དོན་ཡོད་པའི་ལྕགས་ཀྱུའི་ཆོ་ག་ཞིབ་མོ་ཆེན་པོ་དང་། ཁྲོ་བོ་ལྕགས་ཀྱུ་དང་། རིག་པའི་རྒྱལ་པོ་དང་། དོན་ཡོད་ཞགས་པའི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་རུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐུན་མོང་པའི་ཕྱག་རྒྱ་དགེ་བའི་ལས་ ཐམས་ཅད་བྱེད་པ། འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་པ། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་འབྲོས་པར་བྱེད་པ། བགེགས་ཐམས་ཅད་རྣམ་པར་སྐྲག་པར་བྱེད་པ། འདོད་པའི་རིག་རྣམས་སྲེག་པར་བྱེད་པ། གདུག་པའི་ཀླུ་རྣམས་འཁྲུག་པར་བྱེད་པ། སའི་མཐིལ་ གཡོ་བར་བྱེད་པ། ལྷའི་མེ་ཏོག་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པ་དང་། ལྷའི་གོས་དང་ལྷབ་ལྷུབ་ཀྱི་ཆར་འབེབས་པར་བྱེད་པ། དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཡང་དག་པར་སྐུལ་བར་བྱེད་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙན་ གསན་འབེབས་པར་བྱེད་པ། སུམ་ཅུ་རྩ་གསུམ་གྱི་གནས་ན་གནས་པའི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུགས་འབྱིན་པར་བྱེད་པ། རིག་པའི་རྒྱལ་པོ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འགུགས་པར་བྱེད་པ། བདེ་བ་ཐམས་ ཅད་དང་ཕྱིར་མི་ལྡོག་པའི་གནས་ཐོབ་པར་བྱེད་པ། བླ་ན་མེད་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱེད་པ། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ། ཆོས་ཀྱི་སྒྲོན་མ་འབར་བར་བྱེད་པ། ཆོས་ཀྱི་དུང་འབུད་པར་བྱེད་པ། ཕྱག་རྒྱ་དང་། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ། ཆོ་ག་ཞིབ་མོ་དང་། གསང་སྔགས་བླ་ན་མེད་པ་ཐམས་ཅད་གྲུབ་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཕྱག་རྒྱ་དང་། མཆོག་ཐམས་ཅད་སྦྱིན་པར་བྱེད་པ། གསང་སྔགས་ཐམས་ཅད་འཆང་བ། གཟུངས་རྣམས་ཀྱི་ཁྱད་པར་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་གསང་བའི་དཀྱིལ་ འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། གང་གིས་རྣམ་པར་སྣང་མཛད་དང་། ཐུབ་པ་བརྒྱད་པའི་དམ་ཚིག་གི་གནས་ཐམས་ཅད་ལ་གནས་པ། སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ། ཀུན་ནས་ཉོན་མོངས་པ་རྣམས་སྲེག་པར་ བྱེད་པ། རྟག་ཏུ་འཁོར་བ་ལས་འདོན་པར་བྱེད་པ། བདུད་དང་མ་རུངས་པ་རྣམས་ལས་སྒྲོལ་བ་པོ། རྟག་ཏུ་ཆོས་ཀྱི་ཟམ་སྟེགས་མཆོག །རྒ་བ་དང་། སྐྱེ་བ་དང་། འཆི་བ་ལས་གྲོལ་བར་བྱེད་པ། སྲིད་པ་མི་བཟད་པ་སྟོན་པར་ནུས་པ། ཚུལ་ཁྲིམས་དང་། གཏོང་བ་དང་། བརྩོན་ འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཏིང་ངེ་འཛིན་རྣམས་ཀྱི་དྲི་ཞིམ་པོ་སྦྱིན་ཞིང་སྲུང་བར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ། སྦྱིན་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོ་རྟག་ཏུ་སྦྱིན་པ། རིན་པོ་ཆེའི་ཕུང་པོ་རྟག་ ཏུ་སྦྱིན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་ཐམས་ཅད་ལ་མཆོད་པ་བྱེད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་འཕྲུལ་བ་ ཐམས་ཅད་སྟོན་པར་བྱེད་པ། གཟུགས་སྣ་ཚོགས་དང་། རྫུ་འཕྲུལ་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པ་མཐོང་བར་བྱེད་པ། རྫུ་འཕྲུལ་ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་འདི་ལ་གནས་པར་ བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་བ། མ་རུངས་པ་ཐམས་ཅད་དང་། གདོན་དང་ནད་ཐམས་ཅད་རྟག་ཏུ་རྣམ་པར་འཇིག་པར་བྱེད་པ། ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཟློག་པར་བྱེད་པ། སྒྲུབ་ པར་བྱེད་པའོ། །འཇིགས་པ་རྣམས་ཐམས་ཅད་དང་། འཇིགས་པ་མི་བཟད་པ་བརྒྱད་པོ་རྣམས་ཀྱིས་འཇིགས་པ་མེད་པའོ། །དུག་དང་། བྱད་སྟེམས་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་ཉམས་པར་བྱེད་པར་ཐེ་ཙོམ་མེད་པ་ཞེས་བྱ་བ་བཤད་པར་བྱའོ། །ལག་པ་ གཉིས་བཟློག་ནས། ལག་པ་གཉིས་ཀྱི་མཐེ་བོའི་སོར་མོ་དང་། སྡིགས་མཛུབ་གཉིས་བསྐུམས་ལ་སོར་མོ་གསུམ་བརྐྱང་ལ་སྙིང་གའི་གནས་སུ་གཞག་པར་བྱ་སྟེ། འདི་ནི་དོན་ཡོད་པའི་ལྕགས་ཀྱུའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་དང་མཉམ་པར་མཆོག་སྦྱིན་པ་སྟེ། ཕྱག་རྒྱ་བརྒྱ་སྟོང་ཕྲག་བྱེ་བ་གཉིས་ཙམ་དུ་བཅིངས་པར་འགྱུར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་གང་ཡིན་པ་དང་། ནོར་བུའི་རིགས་ཀྱི་ཕྱག་ རྒྱ་གང་ཡིན་པས་ཏེ། ཕྱག་རྒྱ་སོ་སོ་སོ་སོ་བ་འདི་རྣམས་ཐམས་ཅད་ཕྱག་རྒྱ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་སུ་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བྱེད་དོ། །ཕྱག་རྒྱ་འདི་ནི་ཡིད་བཞིན་གྱི་ནོར་བུའི་མཆོག་སྦྱིན་པ་པོ་འཇིག་རྟེན་དབང་ཕྱུག་མགོན་པོ་དོན་ཡོད་པའི་ སྙིང་པོའོ། །ཤིན་ཏུ་གསང་བའི་ལས་ཐམས་ཅད་དུ་དོན་ཡོད་པའོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པ་དང་། རིགས་ཐུན་མོང་བའི་གསང་བ་དང་། དམ་ཚིག་ཐམས་ཅད་དུ་མཐོང་བའོ། །ཕྱག་རྒྱ་འདིའི་ད་ལྟར་པའི་འདོད་ པ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་འགྱུར་བའོ། །མཆོག་ཐམས་ཅད་སྦྱིན་པར་འགྱུར་བའོ། །ཕྱག་རྒྱ་འདི་ཉིད་ཀྱིས། གུང་མོའི་སོར་མོས་མཐེ་བོང་གི་སོར་མོ་བསྐུམས་ལ། སྡིགས་མཛུབ་ཀྱིས་བསྡིགས་པར་བྱ། མིང་མེད་ དང་། མཐེ་ཆུང་དག་གཅིག་ཏུ་བརྐྱང་ལ། སེན་མོས་སེན་མོ་མཉམ་པར་བཞག་ནས། སྙིང་གའི་གནས་སུ་བཞག་སྟེ། ཁྲོ་བོའི་ལྟ་བ་དང་མཚུངས་པར་བཞག་པས་ཧཱུཾ་ཡིག་གིས་བཙིར་བར་བྱའོ། །འདི་ནི་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་ཁྲོ་བོ་ཐམས་ཅད་ཀྱི་ མཆོག་དང་གཙོ་བོར་བརྗོད་པར་བྱ་སྟེ། རིགས་བྱེ་བ་སྟོང་ཕྲག་རྣམས་ཀྱི་ཐུན་མོང་བའི་ཕྱག་རྒྱ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་རོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་ཁྲོ་བོའི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པའི་རིགས་སུ་བརྗོད་པ་དང་། དེ་བཞིན་དུ་པདྨའི་ རིགས་གང་ཡིན་པ་དང་། རྡོ་རྗེའི་རིགས་སུ་བརྗོད་པ་གང་ཡིན་པ་དང་། ཁྲོ་བོའི་རྡོ་རྗེ་དྲག་པོས་འཇིགས་པར་བྱེད་དོ། །ཁྲོ་བོའི་རྒྱལ་པོ་འདི་ནི་ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོར་བརྗོད་པར་བྱ་སྟེ། ནོར་བུའི་རིགས་གང་ཡིན་པའི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་རྣམས་ གདུག་པ་རྣམས་འཇིགས་པ་སྦྱིན་པའོ། །ཐམས་ཅད་དུ་ཕྱག་རྒྱའི་གཙོ་བོ་ཞེས་བྱ་བ། ཁྲོ་བོའི་རྒྱལ་པོ་བླ་ན་མེད་པའོ། །དེ་བཞིན་དུ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་འདི་འཆིང་བཞིན་པ། རི་རབ་ལྷུན་པོ་བརྒྱ་སྟོང་ཕྲག་དང་། རྒྱ་མཚོ་ཡང་སྐེམས་པར་བྱེད་དོ། ། རི་རབ་ལྷུན་པོའི་རི་ནི་རྡུལ་ཕྲ་རབ་ཇི་ལྟ་བར་རྣམ་པར་འཐོར་བར་བྱེད་དོ། །རྒྱ་མཚོ་ཐམས་ཅད་ཀྱང་སྐེམས་པར་བྱེད་དོ། །རི་དང་རི་བོ་ཡང་ཉམས་པར་བྱེད་དོ། །ལྷ་མ་ཡིན་མ་རུངས་པ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། དེའི་གནས་ཀྱི་ཀླུ་མ་རུངས་པ་རྣམས་སྲེག་པར་བྱེད་དོ། །དེ་བཞིན་དུ་གནོད་སྦྱིན་དང་། སྲིན་པོ་དང་། །འབྱུང་པོ་དང་། གདོན་མ་རུངས་པ་དང་། །བགེགས་བྱེད་པའི་ལྷ་མ་རུངས་པ་གང་ཡིན་པ་དང་། བདུད་ཀྱི་རིགས་རྣམས་གཅིག་ཏུ་འབར་བར་འགྱུར་ལ། ཕྱག་ རྒྱ་འཛིན་པ་ཙམ་གྱིས་དེ་རྣམས་ཐམས་ཅད་རྟག་ཏུ་ཉམས་པར་བྱེད་ཅིང་། སྐད་ཅིག་དེ་ལ་འཇིག་པར་བྱེད་དོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་ཕྱིར་རྒོལ་བ་དང་། དགྲ་དང་། དེ་བཞིན་དུ་མ་རུངས་པའི་སེམས་ཅན་འཇིགས་པར་བྱེད་པ་དེ་རྣམས་ཐམས་ཅད་ སྐྱབས་སུ་འགྲོ་བར་བྱེད་དོ། །ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་ཅད་དུ། བྱ་བ་ཐམས་ཅད་འགྲུབ་པར་བྱེད་དོ། །ཐམས་ཅད་འགྲུབ་པ་དོན་ཡོད་ཅིང་དགེ་བ་ཐམས་ཅད་འགྲུབ་པར་བྱེད་དོ། །ཕྱག་རྒྱ་འདི་ཉིད་ལས་སྡིགས་མཛུབ་གཉིས་ རྡོ་རྗེའི་རྣམ་པར་བསྐུམས་ལ། གུང་མོ་ཡུད་ཙམ་བསྐུམས་ཏེ། མིང་མེད་དང་། མཐེ་བོང་གིས་སོར་མོའི་སེན་མོས་སེན་མོ་མཉམ་གཞག་སྟེ། མཐེའུ་ཆུང་བརྐྱང་ནས་སྙིང་གའི་གནས་སུ་བཞག་པ་འདི་ནི་རིག་པའི་ཕྱག་རྒྱ་ཆེན་པོ་དོན་ཡོད་པའི་ཕྱག་རྒྱ་རྨད་དུ་ བྱུང་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དུ་རིགས་ཐུན་མོང་བའི་ཕྱག་རྒྱ་རིག་པའི་རྒྱལ་པོ་ཐམས་ཅད་ཀྱི་བླ་ན་མེད་པ་འཇིག་རྟེན་གྱི་ཁམས་མགོན་པོས་སྙན་པར་བརྗོད་ཅིང་ལུང་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ རིགས་ཀྱི་གཙོ་བོ་ཞེས་བརྗོད་པ། དེ་བཞིན་དུ་པདྨའི་རིགས་ཀྱི་གཙོ་བོ་དང་། རྡོ་རྗེའི་རིགས་ཀྱི་གཙོ་བོ་ཞེས་བརྗོད་པ་དང་། དེ་བཞིན་དུ་ནོར་བུའི་རིགས་ཀྱི་གཙོ་བོ་དང་། རིག་པའི་རྒྱལ་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་ ཅད་དུ་གཙོ་བོ་སྟེ། གང་གིས་ཕྱག་རྒྱ་འདི་འཆིང་བ་དེ། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་གི་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་བཅིངས་པར་འགྱུར་རོ། །སྡིག་པ་དང་། ཉོན་མོངས་པ་མི་བཟད་པ་དང་། གདུག་པ་ཐམས་ཅད་རྣམ་པར་ཉམས་པར་ བྱེད་དོ། །བསོད་ནམས་ཀྱི་ཕུང་པོ་བརྒྱ་སྟོང་ཕྲག་བསྐྱེད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་ཀུན་ནས་བསྐྱེད་པར་འགྱུར་རོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་པར་བྱེད་ཅིང་དགོངས་པར་བྱེད་དེ་ཐེ་ཙོམ་ མེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་མཆོག་སྦྱིན་པར་འགྱུར་རོ། །ལྷ་རྣམས་ཀྱིས་རྟག་པར་རྒྱུན་དུ་སྲུང་བར་བྱེད་དོ། །ཕྱག་རྒྱ་འདིའི་ཕན་ཡོན་སྔར་བརྗོད་པས་གཞལ་དུ་མེད་ཅིང་གྲངས་མེད་ལ་ཚད་མེད་པར་རབ་ཏུ་བསྒྲགས་ཤིང་ཐེ་ཙོམ་ མེད་དོ། །ཕྱག་རྒྱ་འདི་མཐོང་བ་དང་། བཅིངས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བསྐྱེད་དོ། །ལག་པ་གཡས་པའི་མཐིལ་དུ་གཅིག་བརྐྱངས་ལ། དཔུང་པ་བསྐུམས་ཏེ། མིང་མེད་དང་། མཐེ་བོང་གི་སོར་མོ་འདུད་ལ་མཐེ་ཆུང་བསྐུམ་པར་བྱའོ། ། མིང་མེད་ཀྱི་མཐར་རེག་ལ། གུང་མོ་བསྐུམས་ལ་སྡིགས་མཛུབ་རབ་ཏུ་བརྐྱངས་ཏེ། སྙིང་གའི་གནས་སུ་འདི་གཡོ་བ་ཙམ་མོ། །མེ་ཏོག་གམ། དྲི་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། གོས་སམ། རྒྱན་དང་། སྤུད་པ་རྣམས་ཀྱང་ལག་པ་ གཡོན་དུ་བཟུང་ནས་དབུལ་བར་བྱ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་རྣམས་དང་། དེ་བཞིན་དུ་རིག་པའི་རྒྱལ་པོ་རྣམས་དང་། དེ་བཞིན་དུ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དེ་རྣམས་ཐམས་ཅད་མཆོད་པར་འགྱུར་རོ། ། ལྷ་རྫས་ཀྱི་མཆོད་པ་བླ་ན་མེད་པ་དང་། མཆོག་དང་། རབ་མཆོག་དང་། གྱ་ནོམ་པའི་མཆོད་པ་འདི་རྣམས་བྱེད་དེ། རོ་སྣ་ཚོགས་པའི་བཟའ་བ་རྣམས་དང་། རོ་བརྒྱ་བའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། བཏུང་བ་རྣམ་པ་སྣ་ཚོགས་པ་བདུད་རྩི་བཅུད་ ཀྱིས་ལེན་གྱི་མཆོད་པ་འདི་རྣམས་བྱེད་དོ། །ཕྱོགས་བཅུ་རྣམས་སུ་ཀུན་ནས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབྱུང་ངོ་། །གསེར་དང་དངུལ་གྱི་མེ་ཏོག་བླ་ན་མེད་པ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བ་ཉི་མ་དང་གཟི་བརྗིད་མཚུངས་པས་འབར་ བར་བྱེད་དོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་དོན་ཡོད་པ་མཆོད་པའི་ནོར་བུའི་ཞེས་བྱ་བ་འདི་ཡིད་བཞིན་གྱི་ནོར་བུ་སྟེ། རྟག་ཏུ་ཕྱག་རྒྱའི་གསང་བ་དང་། གསང་སྔགས་རྣམས་ཡིད་ཀྱིས་བསམས་པས་དེ་རྣམས་ཐམས་ཅད་འབྱུང་བར་འགྱུར་རོ། །དཔག་བསམ་ གྱི་ཤིང་དང་མཉམ་ཤིང་མཚུངས་པར་ཇི་ལྟར་ཡིད་ལ་བསམས་པ་བཞིན་དུ་མཆོད་པ་ཐམས་ཅད་བྱེད་དེ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་སྟོང་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་འདིའི་ མཐུས་བླ་ན་མེད་པའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱེད་དོ། །དེའི་ཕྱིར་ཕྱག་རྒྱ་འདི་རྟག་ཏུ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱག་རྒྱ་བཟུང་བཞིན་པ་ནི། མཆོད་པ་བླ་ན་མེད་པ་དང་། ཚེགས་ཆུང་ངུས་མཆོད་པ་ཆུང་ངུ་ཡང་ཚད་ མེད་པར་རབ་ཏུ་འགྱུར་རོ། །སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པ་བྱེད་དོ། །རི་རབ་ལྷུན་པོ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀང་སྟེ། དེ་ བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དེ་བཞིན་དུ། ཕྱག་རྒྱ་འཛིན་བཞིན་པས། དེ་བཞིན་གཤེགས་པ་རེ་རེ་ལ་དེ་ལྟ་བུའི་མཆོད་པའི་ཆོ་ག་བྱེད་དོ། །དེ་ལྟ་བུའི་ཕྱག་རྒྱའི་ཆོ་གའི་རྣམ་པར་འཕྲུལ་པ་ནི། འདྲེན་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའོ། །ཕྱག་ རྒྱ་འདི་ཉིད་ལས་སྡིགས་མཛུབ་གུང་མོ་ལ་རེག་པ་ནི། དཀྱིལ་འཁོར་དུ་དབང་བསྐུར་བ་དང་། མཚམས་བཅིང་བ་དང་། སྤྱན་དྲང་བ་དང་། དམ་ཚིག་ལ་འཇུག་པ་དང་། སྐོར་བ་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། དེ་བཞིན་དུ་དྲི་དང་། མར་མེ་དང་། ཕྲེང་བ་ དང་། བྱུག་པ་དང་། གཏོར་མ་འབུལ་བར་བྱེད་པ་དང་། དེ་བཞིན་དུ་ཁྲུས་དང་། ཉེ་རེག་ཉིད་དང་། གོས་བགོ་བ་དང་། གཙུག་ཏོར་བཅིང་བ་དང་། སྲུང་བ་དང་། གཞན་སྲུང་བ་དང་། དེ་བཞིན་ཉིད་དུ་གྲོགས་སྲུང་བ་དང་། བཟླས་བཞིན་པ་དང་མཉམ་པ་ཉིད་དང་། སྐྱིལ་ མོ་ཀྲུང་བཅིང་བ་དང་། སྦྱིན་སྲེག་གི་ལས་དང་། གཞན་སྤྱན་དྲང་བ་ཉིད་དང་། གསང་སྔགས་སྤྱན་དྲང་བ་ཉིད་དང་། དངོས་གྲུབ་སྒྲུབ་པ་ཉིད་དང་། ཐམས་ཅད་ནས་ཐམས་ཅད་དུ་བྱ་བ་ཐམས་ཅད་ཕྱག་རྒྱ་འདིས་བྱེད་དེ། གནས་ཐམས་ཅད་དུ་སོང་བ་དང་། གནས་གྲུབ་ པ་དང་། བྱ་བ་ཐམས་ཅད་ལེགས་པར་བསྔགས་པ་དང་། ཐམས་ཅད་དུ་མཆོག་གི་ཕྱག་རྒྱ་དོན་ཡོད་པའི་ལས་རབ་ཏུ་གྲུབ་པ་དང་། ཡོན་ཏན་ཐམས་ཅད་བསྐྱེད་པ་དང་། ཐམས་ཅད་དུ་རིགས་ཐུན་མོང་བའི་དཀྱིལ་འཁོར་དུ། དོན་ཡོད་པ་སྒྲུབ་པ་པོའི་ཕྱག་རྒྱ་དོན་ ཡོད་པའི་ཆོ་ག་ཞིབ་མོ་སྒྲུབ་པར་བྱེད་པའོ། །དོན་ཡོད་པའི་ལས་ཞེས་བྱ་བའི་ཕྱག་རྒྱ་འདི། དོན་ཡོད་པའི་མཆོག་སྦྱིན་པ་ཞེས་བྱ་བ་བརྗོད་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལྔ་པོ་འདི་རྣམས་རྨད་དུ་བྱུང་བའི་དེ་ཁོ་ན་ཉིད་མཐོང་བ་དང་། དོན་ཡོད་པ་ཐོས་པ་ཉིད་དང་། དོན་ ཡོད་པའི་འབྲས་བུ་མཐོང་བ་དང་། དོན་ཡོད་པའི་བསོད་ནམས་བསགས་པའི་དེ་ཁོ་ན་ཉིད་དང་། དོན་ཡོད་པར་སྡིག་པ་ཉམས་པ་དང་། སྒྲིབ་པ་ཐམས་ཅད་ཟད་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པའི་ཕྱག་རྒྱ་དང་། དོན་ཡོད་པར་སངས་ རྒྱས་རྣམས་མཐོང་བ་དང་། དོན་ཡོད་པར་སངས་རྒྱས་ཀྱི་ཞིང་མཐོང་བ་དང་། དོན་ཡོད་པར་ཚེ་འཕེལ་བར་བྱེད་པའི་ཕྱག་རྒྱ་དང་། དོན་ཡོད་པར་དངོས་གྲུབ་ཀྱི་མཆོག་སྦྱིན་པར་བྱེད་པ་མཆོག་ཏུ་གྱུར་པའོ། །སྙིང་པོ་དང་། ཕྱག་རྒྱ་འདི་འཇིག་རྟེན་དབང་ཕྱུག་གིས་སེམས་ ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བསྒྲགས་པའོ། །རིག་སྔགས་འཆང་རྣམས་ཀྱིས་ཁྱད་པར་དུ། ཉིན་མཚན་དུ་དང་། ཐུན་མཚམས་སུ་ཡང་། ཕྱག་རྒྱ་འདི་འཆིང་ན། བཀྲ་ཤིས་པའི་མཆོག །བསོད་ནམས་དང་། དག་པ་དང་། སྡིག་པ་ཉམས་པ་དང་། དོན་ ཡོད་པའི་དངོས་གྲུབ་དམ་པར་གྱུར་པའི་མཆོག་སྦྱིན་པར་བྱེད་དོ། །འདི་ནི་ཐར་པ་མཆོག་གི་གནས་མྱ་ངན་ལས་འདས་པ་མཆོག་ཏུ་དགེ་བའོ། །ཕྱག་རྒྱའི་གསང་སྔགས་རྣམས་སུ་འགྱུར་ཏེ། ཨོཾ་ཨ་མོ་གྷཱཾ་ཀུ་ཤ་ཛྭཱ་ལཾ་ཧཱུཾ། ཨོཾ་ཨ་མོ་ གྷ་ཀྲོ་དྷ་དཾ་ཥྚེ་ཧཱུཾ། ཨོཾ་བིདྱཱ་རཱ་ཛ་པདྨེ་ཛྭ་ལཾ་ཧཱུཾ། ཨོཾ་ཨ་མོ་གྷ་བི་བི་དྷ་ཨ་མོ་གྷ་ཙིནྟཱ་མ་ཎི་པྲ་བརྟྷ་ཡ་ཧཱུཾ། ཨོཾ་ཨ་མོ་གྷ་སརྦ་ཏྲ་སཱ་དྷ་ཡ་ཤི་བེ་ཧཱུཾ། ཕྱག་རྒྱ་འཛིན་པའི་སྔགས་སོ། །དེ་ནས་དགེ་བའི་ལས་ཐམས་ཅད་བྱེད་པའི་གསང་སྔགས་ཐམས་ཅད་དུ་སྒྲུབ་པའི་ ཐབས་ཀྱི་དེ་ཁོ་ན་ཉིད་ཀྱི་གནས་ཐམས་ཅད་ལ་འཇུག་པར་བྱེད་པ་བཤད་པར་བྱ་སྟེ། ཨོཾ་ཨ་མོ་གྷ་མཎྜ་ལེ་ཧཱུཾ། དཀྱིལ་འཁོར་བཅིང་བའོ། །ཨོཾ་སམནྟ་ཤུ་བྷི་པྲི་ཐི་བཱི་ས་ཧཱ་ཧཱུཾ། ས་ཡོངས་སུ་སྦྱོང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་པ་རི་ཤོ་དྷ་ནི་ཧཱུཾ། དཀྱིལ་ འཁོར་ཡོངས་སུ་སྦྱོང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་པྲི་ཐི་བཱི་ས་ར་སྠ་ལེ་ཧཱུཾ། ས་དང་བ་བྱུང་གི་སྔགས་སོ། །ཨོཾ་ཨ་མོ་གྷ་ཛ་ལཿཤྲ་བ་ཎེ་ཧཱུཾ། ཆུའི་སྔགས་སོ། །ཨོཾ་ཨ་མོ་གྷ་ཨ་མྲྀ་ཏ་བ་རེ་སྭཱ་ཧཱ། དབང་བསྐུར་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་བི་ བྷཀྟ་བྷ་བ་ན་བ་རེ་ཧཱུཾ། ཐིག་རྣམ་པར་དབྱེ་བའི་སྔགས་སོ། །ཨོཾ་ནཱ་ནཱ་ར་ཏྣ་བ་རེ་ཛྭ་ལ་ཧཱུཾ། ཚོན་རྩིའི་རི་མོའི་སྔགས་སོ། །ཨོཾ་ཛྭ་ལ་བི་མ་ལེ་ཨ་མོ་གྷ་ཤུདྡྷེ་ཧཱུཾ། ཁྲུས་ཀྱི་སྔགས་སོ། །ཨོཾ་སིདྡྷི་ཛ་ལེ་ཨ་མོ་གྷ་བུདྡྷི་ཧཱུཾ། ཉེ་རེག་གི་སྔགས་སོ། །ཨོཾ་ཨ་མོ་གྷ་བསྟྲེ་ ཙྪཱེ་ད་ཧཱུཾ། གོས་བགོ་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་མ་ཎི་ཧཱུཾ། གཙུག་ཏོར་བཅིང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་ར་ཀྵ་ཎ་བ་ར་ད་ཧཱུཾ། བདག་སྲུང་བའི་སྔགས་སོ། །ཨོཾ་སཏྭ་རཀྵ་ཎི་ཨ་མོ་གྷ་དཾཥྚེ་ཧཱུཾ། ཐམས་ཅད་དུ་གཞན་སྲུང་ཞིང་བདེ་བའི་ཆེད་དུ་སྲུང་བའི་ སྔགས་སོ། །ཨོཾ་ཨ་མོ་གྷ་པྲ་བི་ཤ་བྷུ་བ་ནེ་ཧཱུཾ། གནས་སུ་འཇུག་པའི་སྔགས་སོ། །ཨོཾ་ན་མོ་ཨ་མོ་གྷ་བ་ཏི་ཧཱུཾ། ཕྱག་བྱེད་པའི་སྔགས་སོ། །ཨོཾ་ཨ་མོ་གྷ་ཙཀྲེ་ཧཱུཾ། བསྐོར་བའི་སྔགས་སོ། །ཨོཾ་ས་མ་ཡ་སིདྡྷེ་ཨ་མོ་གྷ་བ་ཏི་ཧཱུཾ། དམ་ཚིག་གི་སྔགས་ སོ། །ཨོཾ་ཨ་མོ་གྷ་བུཥྤེ་པྲ་བཙ་གནྔྷི་ནི་ཛ་ཡ་སྭཱ་ཧཱ། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། བདུག་པའི་སྔགས་སོ། །ཨོཾ་ཨ་མོ་གྷ་ས་ར་སཾ་པཱུ་ར་ཎི་ར་ས་ར་སཱ་གྲ་པ་ཏི་ཧཱུཾ། ཐམས་ཅད་དུ་གཏོར་མའི་སྔགས་སོ། །ཨོཾ་ཨ་མོ་གྷ་ཏུ་ཊི་སྭཱ་ཧཱ། མར་ མེའི་སྔགས་སོ། །ཨོཾ་ཨ་མོ་གྷ་བ་ཏི་ཙ་ར་བི་ཙ་ར་སཉྩ་ར་སྭཱ་ཧཱ། ཐམས་ཅད་དུ་གནས་པ་དང་། གནས་ཐམས་ཅད་དུ་སོང་བ་ན་རིག་པའི་རྒྱལ་པོས་བྱའོ། །ཐམས་ཅད་དུ་ལས་ཐམས་ཅད་བྱེད་པ་རིག་པའི་གསང་སྔགས་སྦྱར་བར་བྱའོ། །གཤེགས་སུ་གསོལ་ བ་ཉིད་ཀྱང་སྔགས་འདིས་བྱའོ། །ལས་ཤིན་ཏུ་རྒྱས་པ་གཞན་ཐམས་ཅད་ནི་རིག་པའི་རྒྱལ་པོས་བྱའོ། །ལེགས་པར་བྱས་པའི་ལས་དང་། བྱ་བ་རྣམས་དང་། བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ་གཞན་རྣམས་ནི། དོན་ཡོད་པའི་ལྕགས་ཀྱུ་དང་། ཁྲོ་བོ་ལྕགས་ ཀྱུ་དང་། རིག་པའི་རྒྱལ་པོའི་གསང་སྔགས་ཆེན་པོ་དང་། དཔའ་བོ་གཅིག་པའི་གསང་སྔགས་འདི་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ལས་རྣམས་བྱའོ། །རྩ་བའི་རིག་པ་འདི་ཉིད་ཀྱིས་ལས་ཐམས་ཅད་བྱའི། དེ་ལས་ཕྱི་རོལ་དུ་གྱུར་པའི་ རིག་པ་གཞན་ནི་མེད་དོ། །རིག་པ་འདི་ནི་བཀླགས་པས་གྲུབ་པའོ། །དེ་ནས་དེ་ལ་ཡངས་ཤིང་རྒྱ་ཆེ་བའི་བརྩོན་པ་བྱ་སྟེ། འབྱོར་པ་ཇི་ལྟ་བ་དང་། ཚད་ཇི་ལྟ་བ་དང་། ཇི་ལྟར་གསལ་བ་རྣམས། འབྱོར་པ་དང་བཅས་ཤིང་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་ གསལ་བར་བྱ་བ་རྣམས་བྱའོ། །གཙང་མ་གཙང་མས་ཁྲུས་བྱས་ཏེ། གོས་གཙང་མ་བགོ་བར་བྱ། དད་པ་དང་། གུས་པ་དང་། མཆོག་ཏུ་དང་བ་བསྐྱེད་པར་བྱ། བདེན་པར་སྨྲ་བར་བྱ། བདེན་པར་ཕྱི་རོལ་དུ་འབྱུང་བར་བྱ། བདེན་པར་སྤྲོ་བ་ དང་། བརྩོན་པས་འབྱུང་བར་བྱ། ལྐོག་ཏུ་སྨྲ་བ་དང་། ཕྲ་མ་དང་། སེར་སྣ་མེད་པར་འགྱུར་བར་བྱ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་དང་། བཀླགས་པས་གྲུབ་པའི་རིག་པ་འདི་སྒྲུབ་པར་བྱེད་པར་འགྱུར་བར་བྱ། སེམས་ ཅན་ཐམས་ཅད་ལ་བརྩེ་བ་མཆོག་ཏུ་བྱ། བྲི་བར་བྱ། འདྲིར་གཞུག་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱ། མཆོད་པར་བྱ། རི་མོར་བྱ། ཀུན་ཆུབ་པར་བྱ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདི་གསུངས་པ་དང་། དོན་ཡོད་ ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་ཡང་དག་པར་རྨད་དུ་བྱུང་བ་འདི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་ཐུན་མོང་གི་གསང་བ་དཀྱིལ་འཁོར་རིམ་པར་ཕྱེ་བ་ཐམས་ཅད་ ཀྱི་གསང་བ། ཕྱག་རྒྱ་དང་། གསང་སྔགས་ཐམས་ཅད་ཀྱི་གསང་བའི་ཆོ་ག་ཞིབ་མོ་འདི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། །དེ་ནས་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་གང་ཡིན་པ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་བཅས་པ་ག་ལ་བ་དང་། དེ་བཞིན་གཤེགས་ པ་མངོན་སུམ་དུ་གྱུར་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་སོང་སྟེ། ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བར་གྱུར་པས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་འདི་བདག་གིས་གཟུང་བར་བགྱིའོ། །དོན་ཡོད་པའི་ལྕགས་ཀྱུ། ཆོ་ག་ཞིབ་མོའི་རྒྱལ་པོ་ཡང་། ལྷག་པའི་རྒྱལ་པོ་ཆོ་ག་ཞིབ་མོ་འདི་ཡོངས་སུ་སྲུང་བའི་དོན་དང་། མི་ནུབ་ཅིང་རྒྱས་པར་འགྱུར་རོ། །ཆོ་ག་ ཞིབ་མོའི་རྒྱལ་པོ་ཇི་ལྟར་རྙེད་པ་དེ་བཞིན་བྲིས་པ་འདི་ཡོངས་སུ་རྫོགས་སོ།། །།འདི་ནི་སྔོན་གྱི་ལོཙྪ་བ་མཁས་པ་བཞི་ཙམ་གྱིས་བགོས་ནས་བསྒྱུར་བ་ལ། བར་སྐབས་བར་སྐབས་སུ་ཆད་ཅིང་མཇུག་མ་ཚང་བ་ལས། བླ་མ་ དུས་ཀྱི་འཁོར་ལོ་བ་ཆེན་པོ་ཆོས་གྲགས་དཔལ་བཟང་པོའི་ཕྱག་ནས་རྒྱ་དཔེ་བྱུང་ཞིང་། ཆད་པ་སོབ་པ་དང་། མཇུག་བསྒྱུར་ཅིག་ཅེས་བཀས་བསྐུལ་བ་ལ་བརྟེན་ནས། བམ་པོ་བཅུ་པའི་ནང་དུ། ལས་ཀྱི་དོན་ཀུན་སྒྲུབ་པར་བྱེད་ཅེས་པ་ནས། གསང་ སྔགས་བཟླས་པ་མཆོག་གྱིས་ཤིག་ཅེས་པའི་བར་དང་། བམ་པོ་བཅུ་གཉིས་པའི་ནང་དུ། བཅོམ་ལྡན་འདས་འོན་ཀྱང་དོན་ཁྱད་པར་ཅན་གྱི་ཆེད་དུ་ཞེས་པ་ནས། རིག་སྔགས་འཆང་གི་ལུས་འབར་བར་འགྱུར་ཏེ། ཞེས་པའི་བར་དང་། བམ་པོ་བཅུ་གསུམ་ པའི་ནང་དུ། དཀྱིལ་འཁོར་གྱི་ཆོ་ག་འདི་ཐོས་པ་ཙམ་དང་ཞེས་པ་ནས། མི་གང་ཚད་དུ་བརྐོ་བར་བྱ་ཞེས་པའི་བར་དང་། བམ་པོ་བཅུ་བཞི་པའི་ནང་དུ། པདྨ་དང་། ཆུ་དང་། ཡུངས་ཀར་ལ་ཡོངས་སུ་བཟླས་ཏེ་ཞེས་པ་ནས། རས་དཀར་པོས་བཀྲུ་བར་ བྱ་ཞིང་། ལན་བདུན་དུ་ཞེས་པའི་བར་དང་། བམ་པོ་བཅོ་ལྔ་པའི་མཚམས་སུ། དངུལ་གྱི་པོག་ཕོར་བརྒྱད་དང་ཞེས་པ་ནས། གནས་རྣམ་པ་གཞན་ཐམས་ཅད་དུ་ཇི་ལྟར་ཡིད་ལ་བྱེད་པའི་བྱ་བ་ཐམས་ཅད་དུ་བྱེད་དོ། །ཞེས་པའི་བར་དང་། བམ་པོ་བཅུ་ དྲུག་པ་དང་། བཅུ་བདུན་པའི་མཚམས་སུ། དེ་ནས་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ་ཞེས་པ་ནས། ཕྱག་རྒྱའི་ཆོ་ག་དང་། སྒྲུབ་ཐབས་ཀྱི་ཆོ་གའོ་ཞེས་པའི་བར་དང་། བམ་པོ་བཅུ་བདུན་པ་ཞེས་པ་དང་། དེ་མ་ཐག་པར་བམ་པོ་བཅོ་བརྒྱད་པའི་མཚམས་ སུ། དེ་ནས་རྟག་ཏུ་བཟླས་པའི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ་ཞེས་པ་ནས། འཇིག་རྟེན་མགོན་པོའི་འོད་ཟེར་གྱི་སྦྱིན་སྲེག་རབ་ཏུ་གྲོལ་ལོ་ཞེས་པའི་བར་རྣམས་ཀྱི་ཧོར་ཀོང་བསབས་ཤིང་། མཇུག་ཡོངས་སུ་རྫོགས་པར་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་ བསྒྱུར་ཅིང་ཞུས་པའི་ཡི་གེ་བ་ནི་ཡོ་ག་པ་གྲུབ་པ་དཔལ་བཟང་པོའོ། །ཀུན་ཏུ་ལྷ་མོ་ཐམས་ཅད་ལའོ་ཞེས་པ་ནས། གཏེར་བསྒུལ་ན་ཞེས་པའི་བར་རྒྱ་དཔེ་ལ་མི་འདུག་གོ། །འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །། ༄༅། །རྒྱ་གར་སྐད་དུ། ཨཱརྱཱ་མོ་གྷ་པཱ་ཤ་པཱ་ར་མི་ཏཱ་ཥཊྤ་རི་པཱུ་ར་ཀ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དུས་གསུམ་ དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོྃ་ཨ་མོ་གྷ་པཱ་ཤ་མ་ཧཱ་དཱ་ན་པཱ་ར་མི་ཏཱ་པཱ་རི་པཱ་ར་ཡ་ཧཱུྃ། ད་ར་ད་ར། བི་ བིདྷ། བི་ཙིཏྲཻཿསརྦྦ་སཏྭཱ་ཨུ་པ་བྷོ་ག །སརྦྦ་ཏ་ཐཱ་ག་ཏ། མ་ཧཱ་དཱ་ན། པུ་ཛ་མེ་གྷ་པྲ་བརྟ་ཡ། ཏ་ར་ཏ་ར། ཏཱ་ར་ཡ་མ་ཧཱ་པདྨ་མ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་དོན་ཡོད་པའི་ཞགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཆེན་པོ་སྟེ། གང་གིས་ཡུངས་འབྲུ་ཙམ་གྱི་སྦྱིན་པ་ཡང་བྱིན་ཏེ་དྲན་པ་ཙམ་གྱིས་ལན་བདུན་བཟླས་བརྗོད་ བྱས་ན་མཆོད་སྦྱིན་ཆེན་པོ་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོྃ་ཨ་མོ་གྷ་ཤཱི་ལ། སྃ་བྷ་ར་སྃ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱུ་ཥི་ཏ། བྷུ་ཛ། དྷ་ར་དྷ་ར། ས་མན་ཏ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་གསོ་སྦྱོང་གི་ཡན་ལག་བརྒྱད་བཟུང་ནས་སྨྱུང་བར་གནས་པར་བྱས་ཏེ་མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་ཏུ་ དྲན་པས་བརྗོད་པར་བྱའོ། །དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་ཚུལ་ཁྲིམས་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་མང་པོ་ལུས་ལ་འབྱུང་ ཞིང་། ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་པར་འགྱུར་རོ། །གང་ཞིག་ཉི་མ་རེ་རེ་ཞིང་གཟུངས་འདི་དྲན་པར་བྱེད་ན་དེ་ནི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །དགེ་སློང་གང་ལ་ལ་ཞིག་ཚུལ་ཁྲིམས་ཞིག་ཅིང་ཉམས་པར་གྱུར་པས་སྨྱུང་བར་གནས་པར་བྱས་ཏེ། གཟུངས་འདི་བཟླས་བརྗོད་ བྱས་པ་ཙམ་གྱི་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང་། ཚུལ་ཁྲིམས་མང་པོ་དང་ལྡན་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོྃ་ཨ་མོ་གྷ་ཀྵཱན་ཏི་སརྦྦ་བོ་དྷི་སཏྭ་ཀྵ་མི་ཎི། ཀྵ་ཎ་ཀྵ་ཎ་མ་ཧཱ་མཻ་ཏྲི་ཀཱ་རུ་ཎ་སརྦྦ་སཏྭ་བཏ་ས་ལ། མ་ཧཱ་ཀཱ་རུ་ཎི་ཀ །སརྦྦ་སཏྭ་ཀྵ་མི་ཎི་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་དྲན་པས་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་བཟོད་པ་དང་། བཟོད་པ་ཆེན་པོ་དང་། སྙིང་བརྩེ་བ་དང་། སྙིང་ རྗེ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་མཉམ་པར་གནས་པ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་རི་དགས་དང་། བྱ་དང་། ལྟོས་འགྲོ་ལ་སོགས་པ་གང་དག་འདས་པ་གང་ཡིན་པ་དང་། གནས་པ་གང་ཡིན་པ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་རྣམས་ལ་སྙིང་བརྩེ་བའི་ཕྱིར་གང་ལ་ལ་ཞིག་གཟུངས་ འདི་དྲན་པས་བཟོད་པའི་མཆོག་སྒོམ་པར་བྱེད་ན་དེ་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཞིང་། སྐྱེ་བོའི་ཚོགས་མང་པོ་སྡུག་བསྔལ་ལ་གནས་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་རོ། །ནམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གནས་ པར་གྱུར་གྱི་བར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོྃ་མ་ཧཱ་བཱིརྱ་ ཨ་མོ་གྷ་བི་ལོ་ཀི་ཏེ། བ་ར་བ་ར། དྲྀ་ཌྷ་བཱིརྱ་མ་ཧཱ་བ་ལ། བ་ལ་བ་ལ། མ་ཧཱ་བོ་དྷྱཾ་བ། །བ་ལ་བོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་དུས་རྟག་ཏུ་དྲན་པའམ། ཡོངས་སུ་དག་ཅིང་སྤྲོ་བའི་ཡིད་ཀྱིས་དྲན་པ་ཙམ་གྱི་མོད་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་རོ། །གང་འདི་ཡིད་ལ་བྱེད་ པ་དང་ལྡན་པས་དགེ་བ་སྣ་འགའ་ཙམ་བྱས་པ་ཡང་དཔག་ཏུ་མེད་པ་བྱས་པར་འགྱུར། སྟོབས་དང་ལྡན་པར་འགྱུར། མྱུར་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བརྩོན་འགྲུས་ཉམས་པར་མི་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་མི་འབྲལ་བར་འགྱུར། བརྩོན་ པ་ཆེན་པོར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་མོ་གྷ་ཀཱ་རུ་ཎ། དྷྱཱ་ན། ས་མཱ་དྷི། སརྦྦ་བི་མོ་ཀྵ། ཨ་པྲ་ཀམ་པྱ་ཀ །ཙུ་རུ་ཙུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཡིད་ལ་བྱེད་པས་རྩེ་གཅིག་ཏུ་དྲན་པར་བྱས་ན་དྲན་པ་ཙམ་གྱི་མོད་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་ཡང་ཏིང་ངེ་འཛིན་སྟོང་ཕྲག་བརྒྱ་ སོ་སོར་རབ་ཏུ་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བྱེད་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་ཨ་བ་བྷཱ་ས་སྭ་བྷཱ་བ། ས་མཾ་ཏ་སྥར་ཎ། བུད་དྷི། པྲ་ས་ར་པྲ་ས་ར། ས་མན་ཏ་བུད་དྷི། ཨ་བ་ལོ་ཀི་ཏེ། བྷ་ག་བཱ་ན་པྲཛྙཱ་ཨ་བ་ལོ་ཀི་ཏེ་ཙཀྵུ་ཥཾ་མ་ཧཱ་པྲཛྙཱ་པར་ མ་ནི་མ་ཧཱ་པྲཛྙཱ། པདྨ་དྷཱ་རི་ཎི་བྷུ་ཛེ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་དྲན་པ་ཙམ་གྱི་མོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐབས་དང་ཤེས་རབ་སྣ་ཚོགས་ཀྱི་དགེ་བའི་བློ་ཆེན་པོ་རབ་ཏུ་འཕེལ་བར་འགྱུར་རོ། །རྟག་ཏུ་རྒྱུན་མི་འཆད་པར་ཕ་རོལ་ཏུ་ཕྱིན་པ་བཅུའི་བློ་ དང་ལྡན་པར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། འདས་པ་དང་། མ་འོངས་པ་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱེད་ཅིང་། སངས་རྒྱས་རྗེས་སུ་དྲན་པའི་ཤེས་རབ་ཀྱི་བློ་དང་རབ་ཏུ་ལྡན་པར་འགྱུར་རོ། །ལན་འགའ་ཡང་ཕ་ རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་རོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ རྨོངས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཡང་དག་པར་རྗེས་སུ་སོང་བ་ཞེས་བྱ་བའི་དེ་ཁོ་ན་ཉིད་དང་རབ་ཏུ་ལྡན་པར་འགྱུར་རོ། །བློ་གྲོས་དཔག་ཏུ་མེད་པ་དང་ལྡན་པ་ཕུན་སུམ་ཚོགས་པར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་དགོངས་ པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་སེམས་པར་འགྱུར་རོ། །འཕགས་པ་དོན་ཡོད་པའི་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་ཆེན་པོ་རྫོགས་སོ།། །།པཎྜི་ཏ་མཉྫུ་ཤྲཱི་ཝརྨ་དང་། ལོཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལོ་ཙྪ་བ་ཆོས་ཀྱི་ཤེས་རབ་ཀྱིས་ཀྱང་བསྒྱུར་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ད་ཤ་བྷཱུ་མི་དྷཱ་རཱ་ཎི། བོད་སྐད་དུ། ས་བཅུ་པའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ལོ། །དེ་ནས་གསང་སྔགས་ལ་འཇུག་པ་རྣམས་ཀྱིས་དགོས་པ་ཐམས་ཅད་སོ་སོར་སྒྲུབ་པར་འགྱུར་བ་ནི། ཨོྃ་ཞེས་བྱ་བ་དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གསང་སྔགས་ཡི་གེ་གཅིག་པོ་འཇིག་རྟེན་མགོན་པོའི་སྤྱན་སྔར་འབུམ་དྲན་པར་བྱས་ནས་དང་པོ་ ལ་གནས་པར་འགྱུར་རོ། །སྔོན་སྡིག་པ་བསགས་པའི་སེམས་ཅན་དམྱལ་བ་མི་བཟད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཇི་ལྟར་རླུང་གིས་ཕྱག་དར་གཏོར་བ་བཞིན་འཇིག་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། དོན་ཐམས་ཅད་རྗེས་སུ་འཇུག་པར་འགྱུར། དེ་བཞིན་ གཤེགས་པ་ཐམས་ཅད་དང་། གང་དཀྱིལ་འཁོར་གྱི་ལྷ་གཞན་ཡང་དགྱེས་པར་འགྱུར་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པར་མཛད་དོ། །གསང་སྔགས་ཨོྃ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །གསང་ སྔགས་ཡི་གེ་གཅིག་པའོ། །ཨོྃ་བྷུཿཡི་གེ་གཉིས་པ་འབུམ་བཟླས་བརྗོད་བྱས་ནས་གཉིས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་འདུག་པར་འགྱུར་ཞིང་། མཆོག་ཐམས་ཅད་རྗེས་སུ་སྦྱིན་པར་མཛད་དོ། །སྡིག་པ་ཐམས་ཅད་ཀྱང་ རྣམ་པར་དག་པར་མཛད། སྔོན་གྱི་ལས་ངན་གྱི་ནད་ཀྱང་སོས་པར་འགྱུར། ནོར་གྱི་དབང་ཕྱུག་ནོར་བུ་བཟང་པོའི་བུ་དབང་དུ་འགྱུར་ཞིང་ཉེ་བར་གནས་པར་འགྱུར་རོ། །མི་གང་གིས་ཀྱང་ཕྱིར་ཞིང་བར་ཆད་བྱེད་ནུས་པར་མི་འགྱུར། ཚེ་འཕོས་ནས་ཀྱང་རི་གྲུ་འཛིན་དུ་སྐྱེ་བར་འགྱུར། དོན་ཡོད་ཞགས་པའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །ཡི་གེ་གཉིས་པའོ། །ཨོྃ་པདྨེ། གསང་སྔགས་ཡི་གེ་གསུམ་པ་འབུམ་བཟླས་བརྗོད་བྱས་ནས་གསུམ་པ་ལ་ཡང་དག་པར་འཇུག་པར་འགྱུར། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་གསང་སྔགས་གང་ཡིན་པ་ཐམས་ ཅད་ལ་ཞུགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞོན་ནུའི་ཆ་བྱད་ཅན་མདུན་ན་བཞུགས་པར་འགྱུར་རོ། །འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་མཛད་དོ། །དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་སྟོན་པར་མཛད། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་མཛད། ཐམས་ཅད་དུ་དངོས་གྲུབ་རྗེས་སུ་སྦྱིན་པར་མཛད་དོ། །ཡི་གེ་གསུམ་པའོ། །ཨོཾ་པདྨ་ཧྲཱིཿགསང་སྔགས་ཡི་གེ་བཞི་པ་འབུམ་བཟླས་བརྗོད་བྱས་ན་ས་བཞི་པ་ལ་འཇུག་པར་འགྱུར། འཕགས་པ་དེ་བཞིན་གཤེགས་ པ་མི་འཁྲུགས་པ་སྐུ་མདོག་གསེར་གྱི་ཁ་དོག་ཅན་མདུན་ན་བཞུགས་ཤིང་དཔུང་པ་བརྐྱང་ནས་ཕྱག་སྤྱི་བོར་འཇོག་པར་མཛད་ལ། རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བ་རྗེས་སུ་སྦྱིན་པར་མཛད་དེ། རིག་སྔགས་འཆང་ཚུར་ཤོག་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ སྟེ། རང་གི་ངོ་བོ་ཐམས་ཅད་ཤིན་ཏུ་དྲི་མ་མེད་པར་ཡོངས་སུ་དག་གོ། །མིའི་འཇིག་རྟེན་འདི་ནས་ཚེ་འཕོས་ནས་ངའི་སངས་རྒྱས་ཀྱི་ཞིང་དུ་འོང་ཞིང་ཚེ་རབས་དྲན་པར་འགྱུར་རོ། །ཕྱིར་ཞིང་ནམས་ཀྱང་མངལ་ན་གནས་པས་གོས་པར་མི་འགྱུར། འཇིག་རྟེན་པའི་དགོས་པ་ཐམས་ཅད་འགྲུབ་ པར་འགྱུར་རོ། །ས་བཞི་པའོ། །ཨོཾ་པདྨ་བྷུ་ཛེ་གསང་སྔགས་ཡི་གེ་ལྔ་བ་འབུམ་བཟླས་བརྗོད་བྱས་ནས་ལྔ་པ་ལ་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་རབ་ཏུ་སྟོན་པར་མཛད་དོ། །སྒྲིབ་པ་ཐམས་ཅད་ ཡོངས་སུ་ཟད་པར་འགྱུར་རོ། །རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་སྦྱིན་པར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེས་ཏེ། རིག་སྔགས་འཆང་ཁྱོད་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པས་རིག་སྔགས་འཆང་ཁྱོད་ཚེ་འཕོས་ ནས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱི་དྲུང་དུ་དགེ་བའི་རྩ་བ་མཚུངས་པར་བསྐྱེད་པར་འགྱུར་ཞིང་། ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར། ཁྱོད་ཀྱིས་དོན་ཡོད་ཞགས་པའི་པདྨའི་གཙུག་ཏོར་གྱི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་ཆེན་ པོའི་རིམ་པར་བྱེ་བ་འགྲུབ་ཅིང་རིག་སྔགས་འཆང་ཁྱོད་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྤངས་ཀྱིས་བྱ་བ་ཐམས་ཅད་གྱིས་ཤིག །ཡིད་ལ་བྱ་བའི་སྒྲུབ་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དེ་དག་ཐམས་ཅད་ཤིན་ཏུ་གྲུབ་པར་འགྱུར་རོ། །ས་ལྔ་པའོ། །ཨོྃ་པདྨ་ལོ་ཀི་ཏེ། གཟུངས་ སྔགས་ཡི་གེ་དྲུག་པ་འབུམ་བཟླས་བརྗོད་བྱས་ནས་དྲུག་པ་འཐོབ་སྟེ་འཇུག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་མཛད་པར་འགྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་གཟིགས་ཤིང་མངོན་སུམ་དུ་སྟོན་པར་མཛད། དབུགས་འབྱིན་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་གཟིགས་པའི་རྒྱལ་མཚན་དེས་རིག་སྔགས་འཆང་དེ་ལ་ཡང་དག་པར་དབུགས་འབྱིན་པར་མཛད་ དེ། རིག་སྔགས་འཆང་ཁྱོད་ངའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ཚུར་ཤོག །ལས་བྱས་པ་ཤིན་ཏུ་ཡོངས་སུ་ཟད་ཅིང་། ཁྱོད་ཀྱིས་སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སྒོ་རྣམས་ནི་ཕྱེ། ཁྱོད་ཀྱིས་དེ་བཞིན་ གཤེགས་པ་རྣམས་ཀྱི་ས་བོན་དང་རིགས་སྤྱི་ནི་ཁོང་དུ་ཆུད། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་གྱི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་ནི་གྲུབ། ཁྱོད་ཀྱིས་ཐམས་ཅད་དུ་གནས་ཀྱི་སྒོ་རྣམས་ནི་ཕྱེ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་སྒྲུབ་པ་རྣམས་ཇི་ ལྟར་ཡིད་ལ་བྱས་པ་བཞིན་ལས་ཐམས་ཅད་བྱོས་ཤིག །ཨོཾ་པདྨ་ཛྭ་ལ་ཧཱུྃ་དྷྲྀཀ །ཡི་གེ་བདུན་པ་འབུམ་བཟླས་བརྗོད་བྱས་མ་ཐག་ཏུ་ཏིང་ངེ་འཛིན་པདྨ་དྲི་མ་མེད་པ་སྒྲིབ་པ་དང་བྲལ་བ་དག་པ་ཞེས་བྱ་བ་ཐོབ་པར་འགྱུར་ལ། ཏིང་ངེ་འཛིན་གང་ཐོབ་པས་ལུས་ཤིན་ཏུ་འབར་བར་འགྱུར་ ཞིང་། འོད་ཟེར་ཁ་དོག་སྣ་ཚོགས་སུ་འགྱུར། ས་བདུན་པ་ལ་གནས་པར་འགྱུར། ལུས་ཀྱི་སྣང་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱེད་ཅིང་། གང་དང་གང་དུ་འོད་ཟེར་ཆེན་པོ་ཆེར་འབར་བ་རྣམ་པ་སྣ་ ཚོགས་པ་དག་བབ་པ་ལས་མེ་ཏོག་གི་ཆར་སྣ་ཚོགས་པ་རྣམས་འབྱུང་བར་འགྱུར་ལ། དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཟེར་འབར་བ་གསེར་གྱི་ཁ་དོག་ཅན་དཔུང་པ་བརྐྱང་ སྟེ། ཕྱག་གཡས་པ་རིག་སྔགས་འཆང་གི་སྤྱི་བོར་འཇོག་ཅིང་ལེགས་སོ་ཞེས་བྱ་བ་བྱིན་ནས་དབུགས་འབྱིན་པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་པོ་གསང་བ་བརྗོད་ཀྱི་ཆོ་ག་མཆོད་པའི་མཆོག་ཡིན་ནོ། །འདི་ནི་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་གི་སྙིང་པོ་གསང་བ་གཅེས་པའི་དཀྱིལ་འཁོར་དོན་ཡོད་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཡང་དག་པའོ། །རིག་སྔགས་འཆང་ཁྱོད་ཀྱི་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། པདྨ་གཙུག་ཏོར་གྱི་སྙིང་པོའི་ཆོ་ག་ཞིབ་མོ་དང་། དོན་ཡོད་ཞགས་པའི་སྙིང་ པོར་སྤྲུལ་པ་གྲུབ་ཀྱིས། རིག་སྔགས་འཆང་བའི་སངས་རྒྱས་ཀྱི་ཞིང་དུ་སོང་ལ་སངས་རྒྱས་ཀྱི་མཛད་པ་གྱིས་ཤིག །ཨོྃ་ཨ་མོ་གྷ་མ་ཎི་པདྨེ། གཟུགས་ཀྱི་སྙིང་པོ་ཡི་གེ་བརྒྱད་པ་འབུམ་བཟླས་བརྗོད་བྱས་ན་ལུས་ཤིན་ཏུ་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། བཟླས་བརྗོད་ བྱས་པ་ཙམ་གྱིས་ནོར་བུ་རིན་པོ་ཆེ་མེ་ཤེལ་ལྟར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེ་ལྟར་རིག་སྔགས་འཆང་ལུས་ཡོངས་སུ་དག་པར་འགྱུར་ས་བརྒྱད་པ་ལ་གནས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་ ལུས་ཡོངས་སུ་དག་པ་རང་གི་གཟུགས་ཀྱི་ངོ་བོར་སྟོན་ཅིང་། རིག་སྔགས་འཆང་གི་མདུན་དུ་གནས་པ་ལ་རིག་སྔགས་འཆང་ཡང་དག་པར་དབུགས་འབྱིན་པར་མཛད་དེ། ཕྱག་གཡས་པ་མགོའི་སྤྱི་བོར་འཇོག་པ་མཛད། ལེགས་སོ་ཞེས་བྱ་བ་ཡང་སྦྱིན་པར་མཛད་དེ། རིག་ སྔགས་འཆང་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཁྱོད་ལྷག་པའི་བསམ་པ་དགའ་བ་ལ་ཞུགས་སོ། །རིག་སྔགས་འཆང་སངས་རྒྱས་ཀྱི་ཞིང་མཉམ་པར་འབྲེལ་བའི་འཇིག་རྟེན་རྣམ་པར་ལྟ་བར་ཚུར་ཤོག །དེར་ཁྱོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །ཁྱོད་ ཀྱིས་དོན་ཡོད་ཞགས་པ་པདྨའི་གཙུག་ཏོར་གྱི་སྙིང་པོ་དཀྱིལ་འཁོར་གསང་བ་གྲུབ་ཀྱིས། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སྒྲུབ་པ་དམ་པ་བྱ་བ་ཐམས་ཅད་གྱིས་ཤིག །ཨོཾ་པདྨོ་ལོ་ཙ་ནི་ཧུ་རུ་ཧཱུྃ། གཟུངས་སྔགས་ཡི་གེ་དགུ་པ་འབུམ་བཟླས་བརྗོད་བྱས་ནས་དགུ་པ་ལ་ གནས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་ཀྱི་གཙོ་བོར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་དགུ་བཅུ་དག་རིག་སྔགས་འཆང་ལ་མངོན་སུམ་དུ་སྟོན་ཅིང་། སངས་རྒྱས་ཀྱི་ཡུལ་རྣམ་པར་ སྤྲུལ་པ་སྣ་ཚོགས་སྟོན་པར་བྱེད་དེ། རིག་སྔགས་འཆང་གི་སྤྱི་བོར་ཐམས་ཅད་ཀྱི་ཕྱག་འཇོག་པར་མཛད་དེ། ལེགས་སོ་ཞེས་བྱ་བ་ཡང་སྦྱིན་པ་མཛད་དེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངལ་ཞིང་སྦྱངས་པའི་ལས་ལེགས་པར་སྒྲུབ་པར་བྱས་སོ། །ཁྱོད་ ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སངས་རྒྱས་ཉིད་དུ་སྒྲུབ་པ་གྲུབ་སྟེ། དོན་ཡོན་ཞགས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོར་སྒྲུབ་པ་དང་། མདོ་སྡེ་དང་། ལུང་དང་བཅས་པ་སྒྲུབ་པ་དང་། འཇིག་རྟེན་གྱི་འདྲེན་པས་བསྟན་པ་གང་ཡིན་པ་དེ་དག་གྲུབ་པ་ཡིན། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། གསང་སྔགས་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པར་གྱུར་ནས་ས་བཅུ་ལ་གནས་པར་འགྱུར་ཞིང་། ལྷ་དང་། མིའི་སྐྱེ་དགུ་དག་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དོན་ཡོད་ཞགས་པ་པདྨའི་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཐེ་ཚོམ་མི་བྱའོ། །གསང་སྔགས་ཡི་གེ་བཅུ་པའི་སྒྲུབ་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་འདི་ནི་དོན་ཡོད་ཞགས་པའི་སྙིང་པོ་རྣམ་པར་སྤྲུལ་པ་བཟླས་བརྗོད་ཙམ་གྱིས་འགྲུབ་པ་ཡིན་ཏེ། བདག་ གིས་སྔར་བསྟན་པ་ཐམས་ཅད་ལྷག་པར་ཞེན་པ་གཙང་མ། གཙང་སྦྲ་སྤྱོད་པ། གོས་གཙང་མ་བགོས་པ། བྱམས་པའི་སེམས་དང་། སྙིང་རྗེ་སྐྱེས་པ། བདེན་པར་སྨྲ་བ། བླ་མ་ལ་གུས་པ། དཀོན་མཆོག་གསུམ་ལ་དད་པ་ཆེ་བ། བླ་མ་དང་སློབ་དཔོན་ལ་རྟག་ཏུ་མཆོད་པ་བྱེད་པ་ འདི་ནི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པར་བསྟན་ཏོ། །ས་བཅུ་པའི་གཟུངས་ཕན་ཡོན་དང་རྟོག་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་ཀལྤ་རཱ་ཛ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ཅག་གིས་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་ཤིང་བསྔགས་པ་དོན་ཡོད་པའི་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་ཞེས་བགྱི་བ་འདི་ཉིད་སྐྱེ་བོ་མང་པོ་ ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། རྗེས་སུ་བརྩེ་བར་བགྱི་བའི་སླད་དུ་བརྗོད་པར་བགྱི་ཡིས་གསོན་ཅིག །ཨོཾ་པདྨ་ཧ་སྟ་མ་ཧཱ་ཨ་མོ་གྷ་པཱ་ཤ་ས་ཧཱ་ཡཾ་ས་མ་ཡ་ཧྲྀ་ད་ཡཱཾ་ཙ་ར་ཙ་ར་ཧཱུྃ། དོན་ཡོད་པའི་ཞགས་པའི་རང་བཞིན་གྱི་སྤྱན་རས་གཟིགས་ ཀྱི་སྙིང་པོ་ཞེས་བགྱི་སྟེ། ལས་ཐམས་ཅད་ཀྱང་བགྱི་བའོ། །ཨོྃ་དི་བྱ་སཾ་པཱུ་ར་ནཾ་གེ་བི་ལོ་ཀི་ཀྵ་ཎི་ཧཱུྃ། འཁར་གསིལ་གྱི་རིག་པ་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་སྒྲ་གྲག་པས་སེམས་ཅན་རྣམས་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཨོཾ་པཏྟྲ་པཱུ་ར་ཡ་ཨ་མོ་གྷ་བ་ཏོ་ས་མནྟ་པྲ་བྷེ་སྭཱ་ཧཱ། ལྷུང་བཟེད་ཀྱི་རིག་པ་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་བདུད་རྩིའི་རྣམ་པར་འགྱུར་ཞིང་གང་གིས་ཟོས་པ་རྣམས་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཕྱག་རྒྱ་ཐལ་མོ་ལྷན་ཅིག་ཏུ་དམ་དུ་སྦྱར་བ་ལས་སླར་པདྨའི་ཚུལ་དུ་བགྱིས་ནས་མཛུབ་མོ་ནོར་བུ་ལྟ་བུར་བགྱིས་ཏེ། གུང་མོ་ཡིད་ ཙམ་བཀུག་པ་ནི་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ། ལག་པ་སྤྱི་བོར་བཀན་ནས་བཞག་པ་སྤྱི་བོར་དབང་བསྐུར་བའི་རིག་པ་འདི་ལན་བདུན་བརྗོད་དོ། །ཨོཾ་ཏྱཻ་དྷཱ་ཨ་ནུ་ག་ཏ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏྲཻ་ཡ་དྷྭི་ཀེ་པདྨ་མ་ཎི་སུ་པདྨེ་ཨ་མོ་གྷེ་སརྦ་ཏ་ཐཱ་ག་ཏཱ་ཡ་ཨ་ དྷིཥྛི་ཏེ་ཧཱུྃ། རིག་པ་འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དབང་བསྐུར་བར་འགྱུར་རོ། །རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོར་ཡང་འགྱུར་རོ། ། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་རོ། །འཇིག་རྟེན་གྱི་གཙོ་བོ་གཅིག་པུའི་གནས་སུ་ཡང་འགྱུར་བར་ཐེ་ཚོམ་མ་མཆིས་སོ། །ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་གང་ལ་ལས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འདི་སྙིང་རྗེ་དང་ལྡན་པར་བགྱིས་ཏེ་བཟླས་བརྗོད་བགྱིས་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ནས་ས་བཅུ་ལ་གནས་པའི་བར་དུ་འགྱུར་ཞིང་། ལྷ་དང་། མིའི་སྐྱེ་དགུ་དག་གིས་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་པར་འགྱུར་ ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་དྲི་མ་མེད་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ་འདི་ལ་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འདི་ནི་ཡོན་ཏན་ཆེན་ པོ་ཚད་མ་མཆིས་པ་རྣམས་དང་ལྡན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་གཟུངས་སྔགས་ཀྱི་སྙིང་པོ་འདི་དག་ནི་ཡི་གེ་འབྲུ་རེ་རེ་ཙམ་བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱེད་པར་ འགྱུར་ན། རིགས་ཀྱི་བུ་གང་གིས་ཆེད་དུ་གཉེར་ཏེ། ཆེས་ངལ་ཞིང་དུབ་པར་བཟླས་བརྗོད་དང་། སྒྲུབ་པ་དང་། ཆོ་གས་ཚུལ་བཞིན་དུ་རྒྱས་པར་སྒྲུབ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་དྲི་མ་མེད་པའི་སྙིང་པོ་ཁྲོ་བོའི་གཟུངས་ སྔགས་རིམ་པར་ཕྱེ་བ་གསང་སྔགས་ཆེན་པོ་ཡི་གེ་བཅུ་པ་འདི་ལན་ཅིག་ཙམ་དྲན་ནམ། བཀླགས་སམ། མིང་ཙམ་ཡང་བཟུང་ངམ། དུས་ཚིགས་འགའ་རེར་དྲན་པ་ཙམ་གྱིས་ཀྱང་སེམས་ཅན་དེའི་མཚམས་མེད་པའི་ལས་བྱས་པས་མནར་མེད་པའི་དམྱལ་བར་གཞོལ་བ་ཚེ་བསྐལ་ པར་གནས་པར་འགྱུར་བ་ཡང་ལས་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱང་རང་རབ་ཏུ་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་འགྱུར། ཚེ་འཕོས་ ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་སྒྱུར་བའི་མཆོག་ཏུ་འགྱུར་རོ། །སངས་རྒྱས་ ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རབ་ཏུ་དགོངས་པར་འགྱུར་རོ། །སྒྲུབ་པའི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་གསང་སྔགས་ཀྱི་རྩ་ བ་དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་གྱི་སྙིང་པོ་དྲི་མ་མེད་པ་གསང་བ་འདི་རིག་སྔགས་འཆང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་ལན་ཅིག་ཙམ་ཡང་དྲན་པས་ཡིད་ལ་བྱེད་ ཅིང་། ཡོངས་སུ་དག་པའི་བདག་ཉིད་སྙིང་རྗེ་ཆེན་པོ་དང་། བྱམས་པའི་སེམས་དང་ལྡན་པ་དང་། ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་བློ་དང་། དམིགས་པ་དང་ལྡན་པས་སེམས་ཅན་གང་ཡང་རུང་བའི་རྣ་ཁུང་དུ་བརྗོད་ན་སེམས་ཅན་དེ་དག་ངན་ སོང་དུ་སྐྱེ་བར་མི་འགྱུར་ཏེ་དེ་ནི་གནས་མེད་དོ། །སེམས་ཅན་དེ་དག་ཐམས་ཅད་དགེ་བའི་རྩ་བ་ཆེན་པོ་དང་ཡང་ལྡན་པར་འགྱུར་རོ། །ལན་གཉིས་བརྗོད་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་གསུམ་བརྗོད་ན་རིམས་དང་། འབྲུམ་བུ་དང་། འབྲས་དང་། ལྷོག་པ་དང་། མེ་དབལ་དང་། གཡན་པ་དང་། རྐང་ཤུ་དང་། མཛེ་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་བཞི་བརྗོད་ན། དུག་དང་། དབྱིག་དུག་དང་། བྱད་དང་། གཤེད་བྱེད། ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་ལྔ་བརྗོད་ན་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ དང་། ཤགས་སུ་གྱུར་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་དྲུག་བརྗོད་ན་འཇིགས་པ་ཐམས་ཅད་དང་། གདོན་ཐམས་ཅད་དང་། རིམས་ཐམས་ཅད་དང་། ཕ་རོལ་གྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་བདུན་བརྗོད་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་ དང་། སེམས་ཅན་ཐམས་ཅད་ཀྱི་འཚེ་བ་དང་། ཡམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལག་ན་རྡོ་རྗེ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་བཞིན་དུ་ཚིག་གཞན་མི་སྨྲ་བར་སྙིང་པོ་འདི་ལན་བདུན་བདུན་བཟླས་པར་བྱའོ། །ལག་ན་རྡོ་རྗེ་གང་ལ་ལ་དག་འདི་ ལྟར་སྡིག་པ་མི་དགེ་བ་བཅུ་རབ་ཏུ་སྤྱོད་པ། མཚམས་མེད་པ་བྱེད་པ། དམ་པའི་ཆོས་ལ་སྐུར་པ་འདེབས་པ། འཕགས་པའི་གང་ཟག་ལ་རབ་ཏུ་བརྙས་པས་དེ་དག་སེམས་ཅན་དམྱལ་བར་གཞོལ་བའི་ཚེའི་དུས་བྱས་པར་གྱུར་པ་དང་། དགེ་སློང་གང་ལ་ལ་དག་རང་གི་བསླབ་པའི་ སྡོམ་པ་དྲལ་བ། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་ཅིང་ཞིགས་པ་དང་། མཁན་པོ་དང་། སློབ་དཔོན་ལ་མ་གུས་ཤིང་འཁུ་བ་དང་། དམ་པའི་ཆོས་ལ་རྨ་འབྱིན་པས་ཚེའི་དུས་བྱས་པར་གྱུར་ནས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་པ་དེ་དག་གི་དོན་དུ་བྱེ་མ་གཙང་མ་ལ་ལན་གྲངས་བདུན་ བདུན་བཟླས་ནས། དུར་ཁྲོད་དུ་བོར་བའི་རོ་དང་། རོ་བསྲེགས་པའི་རུས་པའམ། དུར་མཆད་དུ་བཅུག་པའི་རོའམ། རུས་པ་ལ་བྱེ་མ་དེས་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་རྣམས་ཀྱི་རུས་པ་གང་དག་ཡོད་པ་དེ་དང་དེ་དག་ཏུ་བྱེ་མ་དེས་གཏོར་མ་ཐག་ཏུ། དེ་དང་དེར་བྱེ་མས་ཕོག་ པའི་སེམས་ཅན་དེ་དག་རྣམས་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། ཤ་ཟའི་སྐྱེ་གནས་དང་། གནོད་སྦྱིན་གྱི་སྐྱེ་གནས་སུ་སྐྱེས་པར་གྱུར་ན་ཡང་དེ་དག་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིའི