Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 093_རྒྱུད་འབུམ།_ཙ
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅། །རྒྱུད་འབུམ་ཙ་བཞུགས་སོ།། ༄༅༅། །དེ་ནས་ཧཱུཾ་ཞེས་བྱ་བ་དྲན་པས་ཁྲོ་བོའི་རྒྱལ་པོ་གཤེགས་པར་འགྱུར་རོ། །ལས་འགྲུབ་པ་སྟོན་པ་དང་མཐོང་བ་སྦྱིན་པ་དང་འདོད་པའི་མཆོག་ཐམས་ཅད་རབ་ཏུ་སྦྱིན་པར་ འགྱུར་རོ། །འོན་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཁྲོ་བོའི་རྒྱལ་པོ་སྤྱན་དྲང་བར་འདོད་ན། ཤིང་སུ་ར་བིས་མེ་སྦར་ལ། འབྲས་ཡོས་དང་། པདྨ་དང་ཨུཏྤ་ལ་དང་། ཡུངས་ ཀར་དང་། ཙནྡན་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རིག་སྔགས་འཆང་བས་ཁྲུས་ལེགས་པར་བྱ་ཞིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཁྲོ་བོའི་རྒྱལ་པོའི་སྐུ་མདུན་ན་བཞུགས་ཤིང་རིག་སྔགས་འཆང་བ་དབུགས་འབྱིན་པར་མཛད་དོ། །མཆོག་གང་འདོད་ཅིང་གསོལ་བའི་ མཆོག་དེ་ཐམས་ཅད་སྦྱིན་པར་མཛད་དོ། །ཕྱག་གཡས་པ་མགོ་བོའི་སྤྱི་བོར་འཇོག་པར་མཛད་དོ། །གལ་ཏེ་སྐལ་བ་ཆུང་བ་ཞིག་སྟེ་མངོན་དུ་ཞལ་མི་མཐོང་ན་དེའི་ཚེ་རྨི་ལམ་དུ་བསྟན་ཏེ། ཐམས་ཅད་བཀའ་སྩོལ་ཅིང་ཇི་ལྟར་འདོད་པའི་མཆོག་སྦྱིན་ཏེ། གསང་སྔགས་གྲུབ་པ་ཆེན་པོ་དང་། ཆོ་ག་ཞིབ་མོ་གྲུབ་པ་དང་། དཀྱིལ་འཁོར་དང་ཕྱག་རྒྱ་དང་། རིམ་པར་ཕྱེ་བ་གྲུབ་པར་སྦྱིན་ནོ། །དམ་ཚིག་གྲུབ་པ་ཆེན་པོ་རབ་ཏུ་སྟོན་ ཏོ། །དབང་ཕྱུག་ཐོབ་པར་བྱ་ན། འབྲས་སོ་བ་སྟུ་ར་ས་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དབང་ཕྱུག་སོ་སོར་ཐོབ་པར་འགྱུར་རོ། །གྲོང་ཐོབ་པར་བྱ་ན། ཏན་ཏུ་ལི་ཡ་ཁ་དང་ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ་ལན་བརྒྱ་ རྩ་བརྒྱད་སྦྱིན་སྲེག་བྱས་ན་གྲོང་ཐོབ་པར་འགྱུར་རོ། །ཡུལ་གྱི་བདག་པོར་བྱ་ན་འབྲས་སཱ་ལུ་དང་རས་བལ་ས་བོན་རྣམས་མར་དང་བསྲེས་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཡུལ་ཐོབ་པར་འགྱུར་རོ། །མི་སྣང་བར་བྱ་ན། སྐེ་ཚེ་དང་ལན་ཚྭའི་སྦྱིན་སྲེག་བྱའོ། ། ནམ་མཁའ་ལ་འགྲོ་བར་བྱ་ན། ཤ་ཏ་པད་ཏྲི་ཀའི་མེ་ཏོག་གིས་སྦྱིན་སྲེག་བྱའོ། །སངས་རྒྱས་ཀྱི་སྐུ་མཐོང་བར་བྱ་ན། ཤི་ལི་དང་ཙནྡན་གྱི་ཕྱེ་མ་དང་། ཏུ་རུཥྐ་རྣམས་ཏིལ་དང་སྦྱར་ཏེ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་བཞིན་གཤེགས་པའི་སྐུ་མང་པོ་ མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གིས་རིག་སྔགས་འཆང་བ་ལེགས་སོ་ལེགས་སོ་ཞེས་གསུང་ཞིང་དབུགས་འབྱིན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་མགོ་བོའི་སྤྱི་བོར་ཕྱག་འཇོག་ཅིང་མཆོག་གྲུབ་པ་ཆེན་པོ་སྩོལ་བར་མཛད་དོ། ། ཐམས་ཅད་དུ་མཆོད་པ་འོས་པ་ཆེན་པོར་འགྱུར་རོ། །ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །འཇིག་རྟེན་ཀུན་གྱི་བླ་མར་འགྱུར་རོ། །དགྲ་ཐམས་ཅད་གཞོམ་པར་འདོད་ན་འབྲས་མ་ གྲུགས་པས་སྦྱིན་སྲེག་བྱའོ། །གཏེར་བསྒུལ་ན་དེ་ནས་དོན་ཡོད་པ་ཆེན་པོའི་སྤྱན་སྔར་བརྗོད་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཆེན་པོ་སྒྱུ་མའི་དངོས་གྲུབ་བླ་ན་མེད་པ། བཀླགས་པས་གྲུབ་པ་སོ་སོར་བསྟན་པའི་དངོས་གྲུབ་བླ་ན་མེད་པ། གྲུབ་པ་རིགས་སྔགས་འཆང་གི་རྣམ་ པར་འཕྲུལ་པ་སྟོན་པ་ལྷུར་ལེན་པ་བདེ་བ་སྐྱེད་པ་ལ་མཁས་པ་རྣམས་ཀྱི་རིགས་སྔགས་འཆང་གི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཆོག་ཏུ་གསང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ། ངོགས་སུ་ཞུགས་པ་ རྣམས་ཀྱི་རབ་ཏུ་སྒྲུབ་པ། དད་པའི་རྗེས་སུ་འབྲང་བ་རྣམས་རྣམ་པར་སེལ་བ། དོན་གྱི་སྟེགས་མཆོག་ཏུ་གྲུབ་པ། མལ་ཆ་དང་སྟན་མེད་པ་རྣམས་ཀྱི་གོས་སེམས་ཅན་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཆེན་པོ། ཐམས་ཅད་དུ་ལས་ཐམས་ཅད་ལེགས་པར་གྲུབ་པ། སྡིག་པ་དང་སྒྲིབ་པ་ ཐམས་ཅད་འཕྲོག་པ། གདུག་པ་ཐམས་ཅད་འཇོམས་པ། རྒྱལ་པོ་མཉེས་པར་བྱེད་པ། རྣམ་པར་ཐར་པ་དང་དུལ་བའི་གྲོང་ཁྱེར་ཉིད་དེ། དགེ་བསྙེན་རྣམས་ཀྱི་མཆོག་ཏུ་སྐྱིད་པ། དགེ་བསྙེན་མ་རྣམས་ཀྱི་དགའ་བ་འཕེལ་བར་བྱེད་པ། རིག་པའི་རྒྱལ་པོའི་ཡོན་ཏན་རྨད་དུ་བྱུང་ བའི་དེ་ཁོ་ན་ཉིད་སྒྲུབ་པ་གྲུབ་པ་རྣམས་གཙང་མ་གཙང་སྦྲར་སྤྱོད་པ། གོས་གཙང་མ་བགོས་ཏེ། བཟའ་བ་མཆོག་ཤིན་ཏུ་གསང་བ་དང་། བག་ཡོད་ཅིང་བདེན་པར་སྨྲ་བ། དཀོན་མཆོག་གསུམ་ལ་མཆོག་ཏུ་དད་པ། བླ་མ་ལ་གུས་པ། རྟག་པར་རྒྱུན་དུ་བྱམས་པའི་སེམས་ལ་ མཉམ་པར་གཞག་པ། སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་པ། སྦྱིན་པ་ལ་མངོན་པར་དགའ་བའི་ཡིད་ཅན། འབྱུང་པོ་ཐམས་ཅད་ལ་བརྩེ་བའི་སེམས་དང་བྱམས་པས་བླ་ན་མེད་པའི་སྒྲུབ་པ་འདི་བྱའོ། །བསླབ་པ་དང་སྡོམ་པ་བླངས་པ། དོན་ཡོད་པ་ཆེན་པོའི་སྒྱུ་ མ་བླ་ན་མེད་པ་ནི་འདིའོ། །གི་ཝང་དང་། སྤྲྀ་ཀ་དང་། པུ་ཤེལ་ཙེ་དང་། ཙནྡན་དང་། ལྡོང་རོས་དང་། ཤིང་ཀུན་དང་། སྤང་སྤོས་དང་། ན་ལ་ད་དང་། རུ་རྟ་དང་བཅས་པ་དང་། དེ་བཞིན་དུ་འབྲས་དགང་སྟེ་འདི་རྣམས་ཐམས་ཅད་ཆ་མཉམ་སྟེ། ཕྱེ་མར་བྱས་ནས། ཐམས་ཅད་ཞིབ་མོར་བཏགས་ལ། ག་བུར་དང་། གླ་རྩིས་བསྒོས་ཏེ། སྙིགས་མ་འདི་དག་ཚ་བའི་ཏིལ་མར་གྱིས་བཅོས་པ། ཉེའུ་ཤིང་དང་། བིལ་བ་དང་། མེ་ཏོག་བརྒྱ་པ་དང་། པུཥྐ་ར་དང་། གནྡྷ་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། ས་མུ་སྟ་དང་། པྲ་ པུཎྜ་རཱི་ཀ་དང་། ཤིང་མངར་རྣམས་ཆུ་བྲེ་བདུན་གང་བར་སྦྱིན་པར་བྱ་སྟེ་དྲུག་ཆ་ལྷག་མར་ལུས་པ་དང་། སྙིགས་མ་བྲེ་གང་དང་འོ་མའི་སྙིགས་མ་བོར་ཏེ། ཏིལ་མར་སྲང་གཉིས་ལ་རྟག་ཏུ་བཙོ་བར་བྱའོ། །ལེགས་པར་གྲུབ་པའི་གསང་སྔགས་བཟླས་བརྗོད་བྱས་ལ་གཏོར་མ་དང་། དཀྱིལ་འཁོར་དུ་མེ་ཏོག་དང་། དྲི་བཟང་པོའི་བདུག་པ་དང་། ཏིལ་མར་བཙོ་བའི་ཆོ་ག་བཞིན་དུ་རབ་ཏུ་སྦྱར་ལ་གང་ལས་གྲུབ་པ་ཁྱད་པར་དུ་བསྐྱེད་ཅིང་བབས་པའི་ཏིལ་མར་བྱས་པ་སྲུང་བའི་ཆོ་ག་བྱ་སྟེ། སྣོད་གཙང་མ་བཀང་ནས་སླར་ཡང་གསང་སྔགས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ བརྗོད་བྱས་ནས་གསང་བའི་གནས་སུ་གཞག་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་སྟེ། རིག་སྔགས་འཆང་ཁྲུས་ལེགས་པར་བྱས་པ། དྲིས་བསྒོས་པའི་ཏིལ་མར་རྟག་ཏུ་ལུས་ལ་བྱུགས་པ་འདིས། ལུས་དེ་མི་སྣང་ཞིང་དངོས་པོ་མེད་པར་སྟོན་པར་བྱེད་དོ། །ངག་ཐོས་ ལ་རེག་པར་མི་བྱེད་དོ། །གང་གིས་ལུས་ཁྲུས་མ་བྱས་ཀྱི་བར་དེ་སྲིད་དུ་བདག་ཉིད་མི་སྣང་སྟེ་ལུས་མི་མཐོང་ངོ་། །དཔྲལ་བར་ཐིག་ལེ་བྱས་ནས། ཡན་ལག་དང་། ཉིང་ལག་རྣམས་ལ་རེག་སྟེ། གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ན་ནམ་མཁའ་ལ་འགྲོ་བར་འགྱུར་ཏེ། སྐད་ཅིག་ལ་དགའ་བར་བྱེད་པ་དང་། ལྷ་དང་བཅས་པའི་རིག་སྔགས་འཆང་གི་དབང་པོ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ལྷན་ཅིག་ཏུ་ཏིལ་མར་མགོ་ལ་བྱུགས་པས་མདོག་སྔོ་བ་དང་། སྐྲ་ཅུང་ཟད་ལི་ཞིང་འཁྱིལ་བར་འགྱུར་རོ། །ཏིལ་མར་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ ལོས་སྒྱུར་བའི་མངའ་བདག་ཏུ་འགྱུར་རོ། །རེག་པ་ཙམ་གྱིས་ཚེ་བསྐལ་པ་ཁྲི་ཐུབ་པར་འགྱུར་རོ། །ལུས་པདྨ་དཀར་ཤམ་ལྟ་བུར་འགྱུར་རོ། །ལུས་རྡོ་རྗེ་ལྟར་བརྟན་པ་དང་། གནས་ཀྱི་སྒོ་ཐམས་ཅད་བྱེ་སྟེ་འདུག་གོ། །གང་དུ་འདོད་པར་འཇུག་པར་བྱེད་དོ། །དཀྱིལ་འཁོར་སྒྲུབ་ པའི་དུས་སུ་རིག་སྔགས་འཆང་ལ་ཐིག་ལེ་བྱས་ནས་ལག་ཏུ་རྡོ་རྗེ་དང་ནོར་བུ་བྱས་ན། ནམ་མཁའ་ལ་འཕུར་བར་འགྱུར་ཏེ། མོད་ལ་དཀྱིལ་འཁོར་གྲུབ་པ་སྟོན་པར་བྱེད་དོ། །ཏིལ་མར་གྱིས་རྐང་པ་ལ་བྱུགས་ན། ནམ་མཁའ་ལ་འོང་བར་བྱེད་དོ། །ལུས་ལ་བྱུགས་ན་མི་སྣང་བར་ སྟོན་པར་བྱེད་དོ། །མཚལ་དང་ཏིལ་མར་ལྷན་ཅིག་སྦྱར་ཏེ། ཡན་ལག་དང་། ཉིང་ལག་ལ་ཐིག་ལེ་བྱས་ན། ལུས་འབར་བའི་སྙིང་པོ་མཐོང་བར་བྱེད་དོ། །འདི་དག་རིག་སྔགས་འཆང་གི་རྣམ་འཕྲུལ་སོ་སོར་བསྟན་པའོ། །ཡུངས་ཀར་ལ་བཟླས་ཏེ། ལན་ཅིག་བསྐུས་སམ། དཀྱིལ་འཁོར་གྱི་སྟེང་དུ་གཏོར་ན། དཀྱིལ་འཁོར་གཡོ་བར་འགྱུར་ཏེ། འཁོར་ལོ་བཞིན་དུ་བསྐོར་བར་བྱེད་དོ། །གཏོར་མའི་སྣོད་གང་བ་རྣམས་དང་། བུམ་པ་གང་བ་རྣམས་སོར་མོ་བརྒྱད་ཀྱི་ཚད་དུ་ནམ་མཁའ་ལ་འཕགས་ཏེ་འདུག་གོ། །རང་ཉིད་སེ་གོལ་གྱི་སྒྲས་ཡོངས་སུ་འདོན་ པར་བྱེད་ན། སླར་ཡང་སྣོད་ནམ་མཁའ་ལ་འཕགས་ཏེ་འདུག་པ་རང་རང་གི་གནས་སུ་གནས་པར་འགྱུར་རོ། །འདི་རྣམས་དཀྱིལ་འཁོར་དགོས་པ་བླ་ན་མེད་པའི་དངོས་གྲུབ་བོ། །དེ་ནས་སེང་གེའི་ཁྲག་དང་ཏིལ་མར་ལྷན་ཅིག་སྦྱར་ཏེ། བདག་ཉིད་ཀྱི་ལུས་ལ་བྱུགས་ན། མི་ཡི་སེང་གེ་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་ཏེ། ཇི་སྲིད་ལུས་ཁྲུས་མ་བྱས་པ་དེ་སྲིད་དུ་མིའི་སེང་གེར་ཀུན་ཏུ་གནས་སོ། །གཞན་ཡང་ཇི་ལྟར་བསམས་པ་བཞིན་དུ། ནམ་མཁའ་ལ་འཕགས་ཏེ་འདུག་པ་དང་། མི་སྣང་བར་འགྱུར་བ་དང་། མེ་འབར་བ་སྟོན་པར་བྱེད་ དོ། །ཕག་གི་ཁྲག་དང་སྦྱར་ན། ཕག་གི་གཟུགས་སུ་སྟོན་པར་བྱེད་དེ། ཤུགས་དང་སྟོབས་ཆེན་པོར་སྟོན་པར་བྱེད་དོ། །གླང་པོ་ཆེའི་ཁྲག་དང་སྦྱར་བས་ཚོགས་ཀྱི་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་པར་བྱེད་དོ། །རྟའི་ཁྲག་དང་སྔོན་པོ་ལྷན་ཅིག་སྦྱར་བ་ལུས་ལ་བྱུགས་པ་ ཙམ་གྱིས་རྟ་མགྲིན་གྱི་གཟུགས་སུ་སྟོན་པར་བྱེད་དེ་ཇི་སྲིད་ཁྲུས་མ་བྱས་པ་དེ་སྲིད་དུ་མཐོང་བར་བྱེད་དོ། །བ་ལང་གི་མཁྲིས་པ་དང་ལྷན་ཅིག་སྦྱར་ན། །ཁྱུ་མཆོག་ཆེན་པོ་ལ་ཞོན་པར་མཐོང་བར་འགྱུར་རོ། །ཉའི་མཁྲིས་པ་དང་ལྷན་ཅིག་སྦྱར་ན། ཀླུའི་རྒྱལ་པོ་ཆུ་བདག་ཆེན་པོའི་གཟུགས་ སུ་མཐོང་བར་འགྱུར་རོ། །སྦྲུལ་དམར་པོའི་ཁྲག་དང་བསྲེས་ནས་སྦྱར་ན། སྦྲུལ་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་རོ། །རའི་ཁྲག་དང་བསྲེས་པས། ར་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་རོ། །པདྨའི་ལོ་མ་དང་། ཕྱེ་མ་དང་། རྩ་བ་དང་བཅས་པ་ དང་། འདབ་མ་དང་མེ་ཏོག་དང་སྡོང་བུ་དང་བཅས་པ་ཏིལ་མར་གྱིས་ལྷན་ཅིག་སྦྱར་བས་ཡུངས་ཀར་ལ་བསྐུས་ཏེ་ལུས་ལ་བྱུགས་ལ་ཏིལ་མར་གྱིས་ཐིག་ལེ་བྱའོ། །མཁས་པས་ཡན་ལག་དང་ཉིང་ལག་ལ་བྱུག་པ་བྱས་ན་རྒྱལ་པོ་ཆེན་པོའི་ཆ་ལུགས་སུ་མཐོང་བར་འགྱུར་ཏེ། མ་མོའི་ཚོགས་དང་ བཅས་པས་ཡོངས་སུ་བསྐོར་བས་དགོས་པ་སྣ་ཚོགས་པ་དང་། རྒྱལ་པོའི་དགོས་པ་རྣམས་བྱེད་པར་འགྱུར་རོ། །ཡིད་ལ་བསམས་པའི་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །ལྡོང་རོས་ཀྱི་མིག་སྨན་དང་ལྷན་ཅིག་བསྲེས་ནས་མིག་ལ་བྱུགས་ན། འཁོར་ཆེན་པོའི་དབུས་སུ། སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་མཐོང་བར་འགྱུར་རོ། །རིག་པའི་རྒྱལ་པོ་བཟླས་ཏེ་ཡུངས་ཀར་དེ་ནམ་མཁའ་ལ་གཏོར་ན། འབྲས་བུ་སྣ་ཚོགས་ཀྱི་ཆར་འབབ་པར་མཐོང་བར་འགྱུར་རོ། །པདྨའི་སྙིང་པོས་སྦྱར་ན། པདྨ་ཆེན་པོའི་ཆར་འབྱུང་བར་འགྱུར་རོ། །ཨུཏྤ་ ལ་སྔོན་པོའི་ཁུ་བས་སྦྱོར་ན། ཨུཏྤ་ལ་སྔོན་པོ་ཆེན་པོའི་ཆར་འབྱུང་བ་མཐོང་བར་འགྱུར་རོ། །ཇི་ལྟར་མེ་ཏོག་གི་ཁུ་བས་སྦྱར་བ་དེ་ལྟ་དེ་ལྟར་མེ་ཏོག་གི་ཆར་ཆེན་པོ་འབྱུང་བར་འགྱུར་རོ། །ཇི་ལྟར་ཡིད་ལ་འདོད་པའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་སུ་མཐོང་བར་ འདོད་པ་དེ་ལྟ་དེ་ལྟར་ལྷའི་ཏིལ་མར་རྙིང་པ་དང་ལྷན་ཅིག་སྦྱར་ན། དེ་ལྟ་དེ་ལྟར་དེ་དང་དེ་ཉིད་ཀྱི་གཟུགས་སུ་མཐོང་བར་འགྱུར་རོ། །གཞལ་ཡས་ཁང་ཡང་མཐོང་བར་འགྱུར་རོ། །ལག་པས་ནོར་བུ་གཅིག་བླངས་ཏེ། ཡིད་ལ་རྗེས་སུ་དྲན་པར་བྱས་ན། རྣམ་པ་སྣ་ཚོགས་པ་དུ་མའི་བདག་ཉིད་ དུ་མཐོང་བར་འགྱུར་རོ། །གོས་དང་། རྒྱན་སྣ་ཚོགས་པ་རྣམས་སྟོན་པར་བྱེད་དོ། །ལག་པས་སྣོད་ལ་གཟུང་ན། སྣོད་སྣ་ཚོགས་པ་བཏོན་པར་བྱེད་དོ། །ལག་པས་བུམ་པ་ལ་གཟུང་ན། བུམ་པ་བརྒྱ་སྟོང་ཕྲག་སྟོན་པར་བྱེད་དོ། །རྐང་པའི་མཐིལ་ལ་བསྐུས་ན། གང་དུ་རྡོ་བ་ལ་རྐང་པ་ བཞག་པ་དེ་དང་དེ་ཉིད་དུ་རྐང་པའི་རྗེས་འཇོག་པར་བྱེད་དེ། མར་གསར་ལ་ཉེ་བར་འཇོག་པ་ཇི་ལྟ་བ་བཞིན་དུ། མར་གསར་མཉེན་པ་བཞིན་དུ་རྡོ་བ་ཡང་འདྲ་བར་འགྱུར་རོ། །གཏུན་ཤིང་ལ་བྱུགས་ན། རྟགས་འབྱུང་བར་འགྱུར་རོ། །མ་མོའི་དཀྱིལ་འཁོར་གྱི་གནས་སུ་ཞུགས་ན། མ་མོའི་ལྷ་རྣམས་ཀྱི་སོ་སོ་ཐ་དད་པའི་རྡུལ་བཟུང་སྟེ་ཏིལ་མར་དང་ལྷན་ཅིག་སྦྱར་ནས་སོ་སོའི་གདོང་ལ་བྱུགས་ན། ལྷ་དེ་དང་དེ་ལྟ་བུའི་གཟུགས་སུ་སྟོན་པར་བྱེད་དོ། །གཞན་ཡང་དགོས་པ་རྣམ་པ་སྣ་ཚོགས་པ་རྣམས་རང་གི་འདོད་པའི་བློས་ལས་བྱའོ། །དེ་ནས་བློ་འཕེལ་བར་བྱེད་པ་ ནི། ཏིལ་མར་དང་། འོ་མ་ལྷན་ཅིག་ཟོས་ན། བློ་དང་དྲན་པ་ཆེན་པོ་འཕེལ་བར་འགྱུར་རོ། །ནུབ་གསུམ་གྱི་སྦྱོར་བས་ཚིགས་སུ་བཅད་པ་སྟོང་ཀློག་པར་བྱེད་ཅིང་འཛིན་པར་བྱེད་དོ། །ཞག་བདུན་གྱི་སྦྱོར་བས་བློ་གྲོས་རྒྱ་མཚོ་ཆེན་པོ་ལྟ་བུ་འཕེལ་བར་བྱེད་ཅིང་སོགས་པར་བྱེད་དོ། ། ཞག་བཅུ་བཞིའི་སྦྱོར་བས་ཚེ་ལྷའི་ལོ་སྟོང་དུ་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གི་སྦྱོར་བས། བཅུད་ལེན་སྒྲུབ་པའི་དངོས་གྲུབ་འབྱུང་བར་འགྱུར་ཏེ། གཉེར་མ་དང་། སྐྲ་དཀར་སྤངས་པ་དང་། སྐྲ་ཅུང་ཟད་འཁྱིལ་བར་འགྱུར་རོ། །ལུས་འཇམ་ཞིང་མཉེན་པ་དང་། པདྨའི་ ཁ་དོག་དང་འདྲ་བར་འགྱུར་རོ། །སྐྱེས་ནས་ལོ་བཅུ་ལོན་པ་དང་འདྲ་བར་གཟུགས་དང་ལང་ཚོ་དང་ལྡན་པར་འགྱུར་རོ། །གླང་པོ་ཆེ་སྟོང་ཕྲག་བཅུའི་སྟོབས་སུ་འགྱུར་རོ། །ཞག་ཉི་ཤུ་རྩ་བརྒྱད་ཀྱི་སྦྱོར་བས་གླང་པོ་ཆེས་སྲུང་གི་སྟོབས་སུ་འགྱུར་རོ། །ཞག་སུམ་ཅུ་སོ་ལྔའི་སྦྱོར་བས་ ནམ་མཁའ་ལྡིང་ཆེན་པོའི་སྟོབས་སུ་འགྱུར་རོ། །ཞག་བཞི་བཅུ་རྩ་གཉིས་ཀྱི་སྦྱོར་བས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་འདྲ་བར་བརྩོན་འགྲུས་དང་སྟོབས་ཆེན་པོར་འགྱུར་རོ། །ཞག་བཞི་བཅུ་རྩ་དགུའི་སྦྱོར་བས་རི་རབ་ལྷུན་པོ་ཆེན་པོའི་དཀྱིལ་འཁོར་དང་འདྲ་བར་འགྱུར་ཏེ། ཀླུའི་ རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོས་ཡོངས་སུ་བསྐོར་བ། མི་གཡོ་ཞིང་མི་བསྒུལ་བ། རེག་པར་བྱ་བ་མ་ཡིན་ཞིང་མི་མཐོང་བ། མི་མ་ཡིན་པ་རྣམས་ཀུན་ཏུ་སྤྱོད་པ། ལྷ་རྣམས་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་། ཕྱག་བྱ་བའི་འོས་སུ་གྱུར་པ། དྲང་སྲོང་རྣམས་ཀྱིས་བསྟོད་པའི་ འོས་སུ་གྱུར་པ། གནོད་སྦྱིན་དང་སྲིན་པོ་རྣམས་ཀྱི་ཕྱག་བྱ་བའི་འོས་སུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རབ་ཏུ་བསྔགས་པའི་འོས་སུ་གྱུར་པ། རིག་སྔགས་ འཆང་བའི་དབང་པོ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གྲུབ་པ། ལྷའི་དབང་པོ་རྣམས་ཀྱིས་ལྷན་ཅིག་འགྲན་པའི་འོས་སུ་གྱུར་པ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱི་མངོན་དུ་སྨྲ་བའི་འོས་སུ་གྱུར་པ། ཀླུའི་དབང་པོ་ཐམས་ཅད་ཀྱི་ཉེ་བར་བགྲོད་པར་བྱ་བ་ སྟེ། དེ་ལྟར་དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཏིལ་མར་གྱི་རྒྱལ་པོའི་རྣམ་པར་འཕྲུལ་པ་ཡོན་ཏན་ཆེན་པོ་རྨད་དུ་བྱུང་བ་བརྒྱ་སྟོང་ཕྲག་གིས་གང་བའོ། །ཏིལ་མར་གྱི་རྒྱལ་པོའི་རིག་སྔགས་འཆང་འདིས། ཏིལ་མར་གྱི་རྒྱལ་པོ་རལ་གྲི་ལ་བྱུགས་ན། བྱུགས་ པ་ཙམ་གྱིས་རལ་གྲི་འབར་བར་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རལ་གྲིའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །རྡོ་རྗེ་ལ་བྱུགས་ན་རྡོ་རྗེ་འབར་བར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ནམ་མཁའ་ལ་འགྲོ་ ཞིང་། རྡོ་རྗེའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །འཁོར་ལོ་ལ་བྱུགས་ན་འཁོར་ལོ་འབར་བར་འགྱུར་ཏེ། རིག་སྔགས་འཆང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །བལྟ་ན་སྡུག་པའི་འཁོར་ལོའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་མོད་ལ་འགྱུར་རོ། ། དགྲ་ཐམས་ཅད་རབ་ཏུ་འཇོམས་སོ། །མདུང་རྩེ་གསུམ་པ་ལ་བྱུགས་ན་འབར་བར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། ནམ་མཁའ་ལ་གནས་པར་བྱེད་དོ། །སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་དབང་ཕྱུག་ཆེན་པོ་དང་འདྲ་བར་འགྱུར་རོ། ། འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། མེ་དབལ་དང་། ཤུ་བ་དང་། མཛེ་དང་། རྐང་ཤུ་དང་། རྩའི་རྨ་དང་། མགུལ་པ་འགགས་པ་དང་། རྣ་བའི་རྩ་ནད་དང་། མཚན་བར་རྡོལ་བ་དང་། དམུ་ཆུ་དང་། སྐྲན་དང་། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་ ཉིད་ལ་ཡང་། མཁས་པས་ཆུ་དྲོན་མོ་འཐུངས་པ་ཙམ་དང་། བྱུགས་པ་ཙམ་གྱིས་ནད་ཐམས་ཅད་སེལ་ལོ། །ཏིལ་མར་གྱིས་ནད་ཐམས་ཅད་སེལ་བ་དེ་བཞིན་དུ། རྩིབ་ལོགས་ན་བ་དང་། ཚད་པ་དང་། སྙིང་ན་བ་དང་། མཆིན་པ་ན་བ་དང་། བཤང་བ་འཁྱིམ་པ་དང་། ཕོ་ བའི་ནད་ཀྱི་ཉེས་པ་དེ་རྣམས་ཐམས་ཅད་འཐུངས་པ་ཙམ་གྱིས་རྣམ་པར་འཇིག་པར་ཐེ་ཙོམ་མེད་དོ། །ཉམས་པ་དང་། ཟད་པ་དང་། དེ་བཞིན་དུ་རྒྱལ་པོའི་དཔལ་བཅོམ་པ་དང་། གསོ་དཔྱད་ངན་པ་རྣམས་བསྐུས་པ་ཙམ་མམ་ཟོས་པ་ཙམ་གྱིས་སྟོབས་དང་ལྡན་པར་འགྱུར་རོ། །ལུས་ རྣམས་རྒྱས་པ་དང་། མགུ་བ་དང་། སྤྲོ་བ་ཆེན་པོར་འགྱུར་རོ། །གདོན་རྣམ་པ་སྣ་ཚོགས་པར་བསྲུང་བ་དང་། བརྗེད་བྱེད་མི་བཟད་པ་ལ་ཡང་། རེག་པ་ཙམ་གྱིས་དེ་དག་ཐམས་ཅད་རྣམ་པར་འཇིག་པར་ཐེ་ཚོམ་མེད་དོ། །བྱད་མི་བཟད་པ་དང་། སྡུག་བསྔལ་དང་། དུག་དང་། སྦྱར་དུག་ཉིད་ཀྱང་རེག་པ་ཙམ་གྱིས་རྣམ་པར་འཇིག་པར་འགྱུར་རོ། །བརྟན་པ་དང་། གཡོ་བའི་དུག་གང་ཡིན་པ་དང་། མཆེ་བའམ། སྦྲུལ་གོ་ཎ་ས་དང་། སྡིག་པ་ཡང་རུང་། སྲིན་བུ་དང་། ཕྱེ་མ་ལེབ་གདུག་པའམ། ནོར་རྒྱས་ཀྱི་བུ་དང་། འཇོག་པོའམ། སྦྲུལ་གྱིས་མཐོང་བའི་ དུག་གམ། དབུགས་ཀྱི་དུག་མི་བཟད་པ་གང་ཡིན་པ་དང་། རེག་པའི་དུག་གང་ཡིན་པ་དང་། ཧཱ་ལ་ཧཱ་ལའི་གདུག་པ་གང་ཡིན་པ་དང་། གཞན་ད་ར་དའི་དུག་གང་ཡིན་པ་དང་། རྩ་བའི་དུག་གང་ཡིན་པ་དང་། སྡོང་བུའི་དུག་དང་། འདབ་མའི་དུག་དང་། མེ་ཏོག་གི་དུག་དང་། མདངས་ ཀྱི་དུག་གང་ཡིན་པ་དང་། གཞན་དུག་རྣམ་པ་སྣ་ཚོགས་པ་དེ་རྣམས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཏིལ་མར་རེག་པ་ཙམ་གྱིས། ལམ་མཆོག་དང་། ལམ་གོལ་བར་སོང་བ་རྣམས་དང་། རྒྱལ་པོའི་སྒོ་དྲུང་དུ་སོང་བ་ཡང་རུང་། བསད་པར་འོས་པར་གྱུར་པ་གང་ཡིན་པ་དང་། བཅིངས་པར་གྱུར་པ་གང་ཡིན་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་གང་ཡིན་པ་དང་། གཞན་ཡང་དགྲའི་གཟེབ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་ཉིད་དང་། མི་མཛའ་བ་དང་། ཕྱིར་རྒོལ་བ་གང་ཡིན་པ་ཡང་ཏིལ་མར་འདི་མངོན་པར་སྦྱར་བས་སྐད་ཅིག་དེ་ལ་ཐམས་ ཅད་འཇོམས་སོ། །རྒྱལ་པོ་ཁྲོས་པ་གང་ཡིན་པ་འཛུམ་བཞིན་དུ་བཀའ་སྩོལ་ཏོ། །གཡུལ་འགྱེད་པའི་ནང་དུའམ། ཕན་ཚུན་འཐབ་བཞིན་པ་ཐམས་ཅད་ལ་ཏིལ་མར་རྒྱལ་པོ་བླ་ན་མེད་པས་རྟག་ཏུ་རྒྱལ་བ་སྟེར་རོ། །མཁས་པས་མིག་ལ་བྱུགས་ན། མི་ཐུབ་ཅིང་ཐམས་ཅད་ དུ་འགྲོ་བར་འགྱུར་རོ། །གཞན་གྱིས་ཀྱང་དགོས་པ་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱ་སྟེ། དངོས་གྲུབ་ཀྱི་གནས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེ་ནས་ཁྲོ་བོ་ལྕགས་ཀྱུ་བླ་ན་མེད་པ། སྡིག་པ་ཐམས་ཅད་སེལ་བ། མོད་ལ་གདུག་པ་ཐམས་ཅད་འཇིགས་པར་བྱེད་པ། ནད་ཐམས་ཅད་ རབ་ཏུ་ཞི་བར་བྱེད་པ། མོད་ལ་ཐམས་ཅད་དུ་གྲུབ་པ་བླ་ན་མེད་པ། ནད་ཐམས་ཅད་ཞི་བ། དེ་ཁོ་ན་ཉིད་ཁྲོ་བོ་ལྕགས་ཀྱུ་བླ་ན་མེད་པའི་རས་རིས་ཀྱི་སྐུ་གཟུགས་བརྗོད་པར་བྱ་སྟེ། རས་རིས་ཀྱི་སྐུ་གཟུགས་བླ་ན་མེད་པ་འདི་མཐོང་བ་ཙམ་གྱི་མོད་ལ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པ་དང་། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་བ་དང་། རིག་པའི་གནས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་མཐོང་བ་དང་། མཆོད་པ་དང་། རིམ་གྲོར་བྱ་བ་དང་། ཞེ་སར་བྱ་བ་དང་། བླ་མར་བྱས་པ་དང་། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྤྱན་སྔར་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་བ་དང་། རས་རིས་ཀྱི་སྐུ་གཟུགས་གང་ཡིན་པ་འདི་མཐོང་བ་ཙམ་གྱི་མོད་ལ། མཐས་ཀླས་ པ་ཙམ་དང་འདི་མཚུངས་པར་འགྱུར་ཏེ། འདི་དང་མཚུངས་པའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །རས་གྲུ་བཞི་པ་གྲུ་བཞིར་ཆ་ མཉམ་པ། ཤིན་ཏུ་ཐགས་བཟང་བ། ཤིན་ཏུ་གསར་བ། ཤིན་ཏུ་འཇམ་པ་མཆོག་ཏུ་མཛེས་པ། ཁྲུ་གཉིས་པའི་ཚད་ཁ་ཚར་མ་བཅད་པ། སྐྲ་དང་བྲལ་བའམ། ཡང་ན་དར་གཙང་མ་གྲུ་བཞི་ཤིན་ཏུ་རྣམ་པར་འབྱེས་པ་ལ། རི་མོ་མཁན་གཙང་མ་སྨྱུང་བར་གནས་པས། ལྷག་ མ་མ་ཡིན་པའི་ཚོན་སྣོད་གསར་པར་བཞག་ལ། ཚོན་སྣ་ཚོགས་རྣམ་པར་འབྱེས་པས། འཕགས་པ་དོན་ཡོད་ཞགས་པའི་ཁྲོ་བོ་ལྕགས་ཀྱུ་བྲི་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཞི་པ། ཞལ་དང་པོ་ནི་ཞི་བ། སྤྱན་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་ པ། འོད་དཔག་མེད་ཅོད་པན་དུ་འཆང་བ། ཟླ་བས་ཉེ་བར་མཛེས་པ། ཕྱག་བཞི་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡས་པའི་ཞལ་དྲག་པོའི་གཟུགས་ཅན་འཇིགས་པར་བྱེད་པ། ཚེམས་ཀྱིས་མ་མཆུ་མནན་པ། དབུ་སྐྲ་གྱེན་དུ་བརྫེས་པའི་རལ་པའི་ཐོར་ཚུགས་ ཀྱིས་བརྒྱན་པ། གཡོན་པ་དྲག་པོ་ཆེན་པོ་མཆེ་བ་གཙིགས་པ། ཞལ་རྣམ་པར་འགྱུར་བ། དབུ་སྐྲ་འཁྱིལ་ཞིང་གྱེན་དུ་བརྫེས་པའི་རལ་པ་ཀུན་ཏུ་བཅིངས་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། དྲག་ཏུ་བཞད་པའོ། །ཞི་བའི་ཞལ་རལ་པའི་ཅོད་པན་གྱིས་བརྒྱན་པའི་སྟེང་དུ། སྐུ་ཕྱེད་པའི་ཁྲོ་བོའི་རྒྱལ་པོ་འབར་བའི་སྙིང་པོར་ཆུད་པ་བྱ་སྟེ། སྐུ་ཨུཏྤ་ལ་སྔོན་པོའི་ཁ་དོག་ཅན། དབུ་སྐྲ་དམར་པོ་ཅུང་ཟད་འཁྱིལ་བ། འོད་དཔག་མེད་ཀྱི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཉིས་ཀྱི་གཅིག་གིས་རལ་གྲི་དང་། གཉིས་པས་ ཐོ་བ་འབར་བ་ཅན་བྱའོ། །ཕྱག་གཅིག་གིས་པདྨ་འཆང་བ་སྟེ། པདྨའི་གེ་སར་འབར་བའི་སྙེན་པ་ཅན་ནོ། །གཉིས་པས་ལྕགས་ཀྱུ་དང་མདུང་རྩེ་གསུམ་སྟེ། གཡས་པ་ནའོ། །གཡོན་པས་ཁྲོ་བོ་ཆེན་པོ་དྲག་ཏུ་རྒོད་པའི་གཟུགས་ཅན། དོན་ཡོད་པའི་ཞགས་པ་འཛིན་པའོ། །གཡས་ པ་དབུགས་འབྱིན་པའི་རིན་པོ་ཆེ་ཆེན་པོའི་ཆར་འབེབས་པ། ཕྱག་ཐམས་ཅད་འབར་བའི་སྙིང་པོ་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱ་སྟེ། པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བྱའོ། །རྒྱ་མཚོའི་སྙིང་པོར་རི་རབ་ལ་གནས་པ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོས་ དཀྲིས་པ་བྱའོ། །ཉ་དང་ཆུ་སྲིན་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་དཀྲིས་པ། པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་དང་། པདྨ་དཀར་པོས་གཅལ་དུ་བཀྲམ་པ། དང་པ་དང་། བཞད་དང་། ངུར་པ་དང་། ཤང་ཤང་ཏེའུས་ཁྱབ་པ་བྱའོ། །གཡས་ལོགས་སུ་ ལྷ་མོ་སྒྲོལ་མ། དབུ་ཅུང་ཟད་དུད་པ། ཐལ་མོ་སྦྱར་བ་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འཛེམ་བག་དང་བཅས་པ་བྱའོ། །དཀར་ཤམ་ཆེན་མོ་ཐལ་མོ་སྦྱར་ཏེ་ཅུང་ཟད་འདུད་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འཛེམ་བག་དང་བཅས་ པ་བྱའོ། །སྲིན་མོ་ཆེན་མོ་རལ་པ་གཅིག་མ་ཁྲག་འཛག་པའི་ཐོད་པ་དང་། དྲག་མོ་དྲག་ཏུ་རྒོད་པ་བྱ་སྟེ། འབར་པའི་སྙིང་པོར་ཁྲོ་བོ་ལྕགས་ཀྱུ་ལ་བལྟ་བཞིན་པ། ལག་པ་བཞི་པ། ལག་ན་རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། རྡོ་རྗེ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ པར་བྱའོ། །གཡོན་ཕྱོགས་སུ་གནོད་སྦྱིན་གྱི་དབང་པོ་བྱ་སྟེ། ཞལ་ཁྲོ་གཉེར་ཅན་དྲག་པོ། དབུ་སྐྲ་གྱེན་དུ་བརྫེས་པ། འཇིགས་པར་བྱེད་པ། འབར་བའི་སྙིང་པོར་པུས་མོ་གཡས་པ་བཙུགས་པ། རལ་གྲི་དང་། དགྲ་སྟ་ཐོགས་པ། ཕྱག་གཉིས་ཐལ་མོ་སྦྱར་བ་འཆང་བ། རྒྱན་ ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཁྲོ་བོའི་རྒྱལ་པོ་ལྕགས་ཀྱུ་ལ་ངེས་པར་བལྟ་བཞིན་པ། ཁོ་ར་ཁོར་ཡུག་ཏུ་འོད་འདོམ་གང་བ། འོད་ཟེར་སྣ་ཚོགས་འབར་བ་བྱའོ། །ལྕགས་ཀྱུ་དང་བཅས་པའི་ཁོ་ར་ཁོར་ཡུག་གི་སྟེང་དུ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ དང་། གཤིན་རྗེ་དང་། ཆུ་ལྟ་དང་། ལུས་ངན་པོ་བྱ་སྟེ། མེ་ཏོག་སྣ་ཚོགས་ཀྱི་ཕུར་མ་ཐོགས་ཏེ། མཆོད་པ་བྱེད་བཞིན་པ་བྱའོ། །ཁྲོ་བོའི་རྒྱལ་པོ་དོན་ཡོད་ལྕགས་ཀྱུའི་རྒྱབ་ཏུ། རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཤིང་ལྗོན་པ་བྱ་སྟེ། ཡལ་ག་དང་། འདབ་མ་དང་། ལོ་མ་རྣམ་ པར་བཀྲ་བར་བྱའོ། །ཁྲོ་བོའི་རྒྱལ་པོའི་ཞབས་ཀྱི་དྲུང་དུ། རིག་སྔགས་འཆང་བྱ་སྟེ། པུས་མོ་བཙུགས་པ་མེ་ཏོག་སྣ་ཚོགས་ཐོགས་ཤིང་། ལག་ན་བགྲང་ཕྲེང་འཛིན་པ། ཁྲོ་བོའི་རྒྱལ་པོ་ལ་སྟེང་དུ་བལྟ་བཞིན་པ་བྱའོ། །ཞབས་གཉིས་པའི་དྲུང་གི་གནས་སུ་ཕོ་ཉ་མོ་བྱ་སྟེ། ཟུར་མིག་ཅན་དྲག་མོ། ལག་ན་རལ་གྲི་ཐོགས་པ། རྣམ་པར་འགྱུར་བ་ཕྱག་ཐལ་མོ་སྦྱར་བ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བྱའོ། །རས་རིས་ཀྱི་སྐུ་གཟུགས་ཀྱི་བྱ་བ་ཡོངས་སུ་མཐར་ཕྱིན་ནས། བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་གསང་བའི་གནས་སུ་གཞག་པར་ བྱའོ། །དེའི་དྲུང་དུ་གཙང་མས་ཟས་མི་བཟའ་བར། དེའི་སྤྱན་སྔར་ཁྲོ་བོ་ལྕགས་ཀྱུ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། མེ་ཏོག་དང་། བདུག་པ་དང་། མཆོད་ཡོན་དང་། ཞབས་བསིལ་ཇི་ལྟར་རྙེད་པ་དབུལ་བར་བྱའོ། །རས་རིས་ཀྱི་སྐུ་གཟུགས་སྒྲུབ་པའི་ཆོ་ག་འདིས་སྒྲུབ་པའི་ཆོ་ག་ རྒྱས་པ་གཞན་ཡང་བྱའོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་ཉི་མ་རེ་རེར་རས་རིས་ཀྱི་མདུན་དུ། གཙང་མས་ཟས་མི་ཟ་བར། དེའི་སྤྱན་སྔར་མེ་ཏོག་དང་། བདུག་སྤོས་ཕུལ་ནས། ཁྲོ་བོའི་རྒྱལ་པོ་ལན་གཅིག་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་དང་དགོས་པ་ཐམས་ཅད་ བྱའོ། །འདི་ནི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བཀླགས་པས་གྲུབ་པ་སྟེ། རིག་སྔགས་འཆང་གིས། གསང་བ་མཆོག་གི་ལས་བསྒྲུབ་པ་བྱའོ། །དེ་ནས་སྐུ་གཟུགས་མཐོང་བ་ཙམ་ལ་སོགས་པས་མཚམས་མེད་པ་ལྔ་དང་། མནར་མེད་པ་ལ་གཞོལ་བ་དང་། དམ་པའི་ཆོས་སྤོང་བ་རྣམས་ འདི་མཐོང་བ་ཙམ་གྱིས་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་། སྒྲིབ་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་བསགས་པ་དང་བཅས་པ་དང་། བསྐལ་པ་བརྒྱར་བསགས་པའི་སྡིག་པ་དེ་དག་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ནད་དང་འཇིགས་པ་ཐམས་ ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སྡིག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བ་རྣམ་པར་འཇིག་པར་འགྱུར་རོ། །རས་རིས་ཀྱི་སྐུ་གཟུགས་ཤིན་ཏུ་ཆུང་བ་བྱེད་པ་གང་ཡིན་པ་དེ་ཡང་ཕན་པ་བྱེད་པར་འགྱུར་ཏེ། མེ་ཏོག་གམ། བདུག་ པ་དང་། དྲིའམ། བྱུག་པའམ། དཀྱིལ་འཁོར་དང་བཅས་པ་བྱེད་པའམ། ཁྲུས་ཀྱི་བུམ་པ་གང་བཀོད་པའམ། རྡུལ་སེལ་བར་བྱེད་པ་ཙམ་ཡང་རུང་སྟེ། རིག་སྔགས་འཆང་དེའི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པའི་དྲུང་དུ་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །མཚམས་མེད་པ་ལྔ་རྣམ་པར་སྦྱངས་ཤིང་བསྐལ་པའི་མཐར་ཐུག་པར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གཟིགས་འདོད་པར་འགྱུར་རོ། །སྐྱེ་བ་བརྗེས་ནས་ཀྱང་། འཇིག་རྟེན་གྱི་ཁམས་ བདེ་བ་ཅན་དུ་འགྲོ་བར་འགྱུར་ཏེ། པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེ་བའི་སྐྱེ་བ་དྲན་པར་ཡང་འགྱུར་རོ། །རྣམ་པར་གྲོལ་བའི་དཀྱིལ་འཁོར་གསང་བ་པདྨ་ཡངས་པའི་དཀྱིལ་འཁོར། དོན་ཡོད་ཞགས་པའི་སྙིང་པོ། དོན་ཡོད་པའི་ཁྲོ་བོ་ལྕགས་ཀྱུའི་གཟུངས་འདི་ཡང་མཐའ་ དག་ཡོངས་སུ་རྫོགས་པར་ཁ་ཏོན་དུ་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རིགས་ཀྱི་དམ་ཚིག་གསང་བ་རྣམས་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ ཐམས་ཅད་མངོན་སུམ་དུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །དགེ་བའི་རྩ་བ་ཐམས་ ཅད་ཡང་དག་པར་སྡུད་པར་ཡང་འགྱུར་རོ། །བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ། །ཚིག་བཙན་པར་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ། །ཐམས་ཅད་དུ་མཆོད་པར་འོས་པར་ ཡང་འགྱུར་རོ། །རིག་སྔགས་ཐམས་ཅད་གྲུབ་པར་འགྱུར་རོ། །ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དགོས་པ་ཐམས་ཅད་གྲུབ་པར་ཡང་འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པ་མཁས་པའི་བློ་རུ་འགྱུར་རོ། །དེ་ནས་ཁྲོ་བོའི་ལྕགས་ཀྱུའི་དཀྱིལ་ འཁོར། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། གསང་བའི་ཕྱག་རྒྱ་བླ་ན་མེད་པ་བཤད་པར་བགྱིའོ། །ཁོར་ཡུག་ཏུ་ཐེམ་སྐས་བཞི་དང་ལྡན་པ། ས་དང་བ་བྱུང་བསྲེས་པའི་དཀྱིལ་འཁོར་གྲུ་བཞི་པ་བྱ་སྟེ། གཟིངས་ཀྱི་རྒྱ་དང་ཚད་མཉམ་པ། ཤིན་ཏུ་ཚད་ལ་བབ་ཅིང་ ལེགས་པར་རྣམ་པར་འབྱེས་པ། ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ། འཇམ་ཤིང་མཉེན་པ་དང་ལྡན་པའོ། །ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་བ་དང་། དཀྱིལ་འཁོར་མཆོག་གི་ཐིག་བཏབ་ལ། །སྣ་ཚོགས་ཚོན་རྩིས་རྣམ་པར་དབྱེ། །སྒོ་བཞི་ཤིན་ཏུ་རྣམ་འབྱེས་པ། །ཁོར་ཡུག་ ཐེམ་སྐས་བཞི་དང་ལྡན། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དབུས་ཀྱི་དཀྱིལ་འཁོར་སྙིང་པོར་ཡང་། །ཤིན་ཏུ་རྣམ་འབྱེས་ཚད་ལ་བབ། །ཁྲུ་ཡི་ཚད་དུ་བྱ་བའོ། །དཀྱིལ་འཁོར་གྲུ་བཞི་མཉམ་པ་ཡི། །སྙིང་པོའི་དཀྱིལ་འཁོར་དབུས་སུ་ཡང་། །མཁས་པས་ཤིན་ཏུ་རྣམ་འབྱེས་པའི། ། པདྨ་འདབ་མ་བཅུ་གཉིས་བྱ། །ལྕགས་ཀྱུ་ཕྱོགས་དང་རྩེ་གསུམ་དང་། །གེ་སར་པདྨའི་ཁོར་ཡུག་ཏུ། །སྙིང་པོར་གྱུར་པའི་དབུ་མཆོག་ལ། །ཁྲོ་བོ་ཞགས་པ་ཡང་བྱའོ། །དྲག་པོའི་གཟུགས་ཅན་འཇིགས་པར་བྱེད། །རལ་གྲི་དང་ནི་དགྲ་སྟའི་ཕྱག །རལ་པའི་ཅོད་པན་གྱིས་བརྒྱན་ ཅིང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལུས་ཕྱེད་པ་དང་། ཞགས་པས་ཀུན་ནས་དཀྲིས་པ། མདུང་རྩེ་གསུམ་པ། ནམ་མཁའ་ལ་ཕྱིར་ཕྱོགས་པ། པདྨ་དང་བཅས་པ་བྱས་པ་ལ། གྲྭ་གྲྭར་འབར་བའི་གདོང་བྱའོ། །མདུང་རྩེ་གསུམ་དང་པདྨ་ལ་རབ་ཏུ་གནས་པ། དྲག་པོའི་ཞལ་འཇིགས་པར་བྱེད་པ་ཆེན་པོ་མཆེ་བ་རྣམ་པར་གཙིགས་པ། ཞལ་འཇིགས་སུ་རུང་བ་འབར་བའི་སྙིང་པོར་ཆུད་པའོ། །ནང་གི་རི་མོ་ལ། ལྕགས་སྒྲོག་དང་། མདུང་རྩེ་གསུམ་པའི་གདོང་བྲི་བར་བྱ་སྟེ། འབར་བའི་སྙིང་པོ་དང་བཅས་པ། ཁ་དོག་སྣ་ཚོགས་པའི་ ཚོན་རྩིས་བྱའོ། །རི་མོ་གཉིས་པའི་ནང་དུ། པདྨ་ཁ་ཕྱེད་བྱེ་བ་གེ་སར་འབར་བ་དང་བཅས་པའི་པདྨ་བྱའོ། །རི་མོ་གསུམ་པའི་ནང་དུ། འཁོར་ལོའི་རྣམ་པའོ། །མུ་ཁྱུད་ཀྱི་ཕྱི་རོལ་ཏུ་ལག་པའི་ཕྱག་རྒྱ་ཡང་བྲི་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་པ་འཛིན་པའོ། །རལ་གྲི་དང་། ཞགས་ པ་དང་། མདུང་རྩེ་གསུམ་དང་། ཙ་བ་ལ་དང་། མདུང་རྩེ་གཉིས། དུང་དང་། ཏིརྱ་དང་། འཁོར་ལོ་དང་། རྩེ་གསུམ་ཁ་གདེངས་དང་། ཐོ་བ་དང་། མདུང་དང་། རལ་གྲི་དང་། ནོར་བུ་དང་། མདུང་རྩེ་གསུམ་དང་། མདའ་བོ་ཆེ་དང་། ལས་ཀྱི་རྡོ་རྗེ་དང་། རྩེ་ལྔ་དང་། པརྴ་སཱུ་ ལ་དང་། རྡོ་རྗེ་ཟུར་གསུམ་དང་། པདྨ་དང་། རྩེ་གསུམ་དག་ཁ་དོག་སྣ་ཚོགས་འབར་བ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །ཁ་ཁྱེར་གྱི་རྣམ་པས་བརྒྱན་པ་ལ་ཁ་ཁྱེར་གྱི་ཕྱི་རོལ་དཀྱིལ་འཁོར་གྱི་གནས་སུ་མཚན་མ་སྣ་ཚོགས་བྲི་བར་བྱ་སྟེ། རིགས་ཆེན་པོ་བཞི་ཐུན་ མོང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བྲི་བར་བྱའོ། །ཤར་གྱི་གནས་སུ། དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མའི་ཕྱག་རྒྱ་ཡང་བྲི་བར་བྱའོ། །ལྷོ་རུ་པདྨ་ཡངས་པའི་མཚན་མ་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །ནུབ་ཀྱི་གནས་ཀྱི་དཀྱིལ་འཁོར་དུ། ནོར་བུའི་རིགས་ཀྱི་མཚན་མའི་ཕྱག་ རྒྱ་རྣམས་ཀྱང་བྲི་བར་བྱའོ། །བྱང་དུ་རྡོ་རྗེའི་རིགས་ཀྱི་མཚན་མའི་ཕྱག་རྒྱ་ཡང་དག་པར་བྲིའོ། །ཤར་གྱི་སྒོ་རུ། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་སྒོ་རུ་བྲི་བར་བྱའོ། །ལྷོ་རུ་པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཁྲོ་བོ་རྣམས་སོ། །ནུབ་ཏུ་ནོར་བུ་རིགས་ཀྱི་ཁྲོ་བོའོ། །བྱང་ དུ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་བྲི་བར་བྱའོ། །ཁྲོ་བོ་ཐམས་ཅད་ཀྱི་གཟུགས་འབར་བའི་སྙིང་པོ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་བཞི་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ་བྱའོ། །རི་རབ་ལ་གནས་པ། སྐྱིལ་མོ་ཀྲུང་ཕྱེད་པ་ལུས་ཅུང་ཟད་བསྐུམ་པ་བྱའོ། །ཕྱིའི་རི་ མོའི་དཀྱིལ་འཁོར་དུ། ནོར་བུ་དང་། རྡོ་རྗེ་དང་། མེ་ཏོག་དང་། མདུང་རྩེ་གསུམ་པ་དག་གོ། །ཁོར་ཡུག་ཏུ་ཁ་ཁྱེར་འབར་བས། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བརྒྱན་པའོ། །ལྷབ་ལྷུབ་དང་། བ་དན་དང་། རྒྱལ་མཚན་དང་། ཚོན་སྣ་ལྔ་པའི་སྐུད་པས་ཀུན་ ནས་དཀྱིལ་འཁོར་ལ་ཡང་དག་པར་བརྒྱན་པའོ། །རོ་བྲོ་བའི་མཆོག་དང་ལྡན་པའི་གཏོར་མས་གང་བའི་སྣོད་ཅི་འབྱོར་པ་དང་། གཏོར་མའི་ལས་ཀྱི་ཆོ་གས་འབྱོར་པ་དང་། རྗེས་སུ་མཐུན་པར་གཞག་པར་བྱའོ། །བུམ་པ་གང་བ་དང་། པོག་ཕོར་དང་། བུམ་བུ་དང་། བུམ་པ་དང་། གཏོར་མ་དཀར་པོས་བཀང་བ་དང་། འབྲས་བུ་རྣམ་པ་སྣ་ཚོགས་པ་ཉིད་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མེ་ཏོག་ཀུན་ནས་གཅལ་དུ་དགྲམ་མོ། །འབྲས་ཡོས་དང་། ཡུངས་ཀར་གྱིས་གཏོར་བར་བྱའོ། །སྙིང་པོའི་དཀྱིལ་འཁོར་གྱི་གྲྭར། མཆོད་ཡོན་དང་། ཞབས་བསིལ་གྱི་སྣོད་དང་། རིན་པོ་ཆེ་སྣ་བདུན་རབ་ཏུ་དགྲམ་མོ། །དྲིའི་ཆུས་བཀང་བའི་བུམ་པ་དང་། ལེགས་པར་བརྒྱན་པའི་བུམ་པ་བྱས་ནས། མཁས་པས་དར་བཟང་པོ་བཅིངས་ཏེ། དབུས་ཀྱི་དཀྱིལ་འཁོར་དུ་གཞག་པར་བྱའོ། །སྒོ་བཞིར་དྲི་ཆབ་ཀྱིས་གང་བའི་བུམ་པ་ དར་གྱིས་བཅིངས་པ་གཞག་པར་བྱའོ། །མཁས་པས་སྒོ་དང་། སྒོ་རུ་ནི། བུ་རམ་དང་། ཤ་ཁ་ར་དང་། སྦྲང་རྩིའི་རོ་དང་། གཏོར་མ་གཞག་པར་བྱའོ། །མདུང་རྩེ་གསུམ་ལ། ཞོ་དང་། འོ་མ་དང་། ཟན་དང་། མཆོག་གི་བཟའ་བ་མ་ཉམས་པས། ཤིན་ཏུ་མཛེས་པའི་ གཏོར་མ་གཞག་པར་བྱའོ། །དེ་བཞིན་དུ། འཁུར་བ་དང་། འཁུར་བ་ཟླུམ་པོ་ཉིད་དང་། སྣུམ་འཁུར་དང་། བེ་ཊི་མ་ཀ་དང་། ས་རཱའི་ལ་དུ་དང་། མུད་གའི་ལ་དུ་དང་། ཧྭགས་དང་། ཁ་ཡྻཱ་ནི་བཟང་པོ་རྣམས་གཞག་པར་བྱའོ། །གཏོར་མའི་ལས་ལ། ཁོར་ཡུག་ཏུ་མེ་ཏོག་ བཟང་པོ་དགྲམ་ཞིང་། ཕྲེང་བས་བརྒྱན་པར་བྱའོ། །འབྲུའི་རྣམ་པ་སྣ་ཚོགས་པ་གཞག་པར་བྱའོ། །འབྲས་བུའི་ངོ་བོ་རྣམ་པ་སྣ་ཚོགས་པ་དང་། ནེའུ་གསིང་སྔོ་བསངས་དང་། ལོ་མ་མཛེས་པ་བཀྲམ་སྟེ་གཞག་པར་བྱའོ། །ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། དེ་བཞིན་དུ། ཨ་ག་ རུ་དང་། ཙནྡན་སྤྲྀ་ཀ་དང་། ཏུ་རུཥྐ་དང་། དཔལ་གྱིས་དཀྲིས་པ་དང་། གུ་གུལ་དང་། ཀུན་ཏུ་རུ་དང་། སྦྲང་རྩི་དང་། ཧྭགས་སྦྱར་བའི་བདུག་པ་སྟེ། བདུག་པ་འདི་དག་དབུལ་བར་བྱའོ། །དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བདུག་པ་འཐུལ་བའི་པོག་ཕོར་གཞག་པར་ བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བདུག་པ་དབུལ་བར་བྱའོ། །ཕྱོགས་བཅིངས་པ་དང་། དཀྱིལ་འཁོར་བཅིང་བ་བྱ་སྟེ། གཙུག་ཏོར་བཅིང་ཞིང་། བདག་སྲུང་བ་དང་། གཞན་བསྲུང་བ་བྱའོ། །དེའི་འོག་ཏུ་འཇུག་པར་བྱའོ། །རིག་སྔགས་དཀྱིལ་འཁོར་མཆོག་མཐོང་བ་དང་། ཕྱག་བྱ་ཞིང་། བསྐོར་བ་ཉིད་དང་། དམ་ཚིག་ཀྱང་སྦྱིན་པར་བྱའོ། །རྟག་ཏུ་བསང་བའི་ལས་བྱས་ཏེ། དེ་ཁོ་ན་བཞིན་དུ་གསང་སྔགས་བཟླས་པ་ཡང་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་ཚད་མ་ལས། ད་གོས་པ་འདི་དག་ཐམས་ཅད་བྱས་ནས། དེའི་འོག་ཏུ་རིག་སྔགས་འཆང་ གིས་ལས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པའོ། །རྒྱལ་བ་རིགས་བཞིའི་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ་ཞུགས་པ་དེ་དག་ཐམས་ཅད་ནི། འགྲོ་བ་བཟང་པོར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བདེ་བ་ཅན་དུ། འོད་དཔག་མེད་ཀྱི་སྤྱན་སྔར་པདྨ་ལས་བརྫུས་ཏེ་ སྐྱེ་བར་ཐེ་ཙོམ་མེད་དོ། །ལྷའི་གཟུགས་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མི་བྱའོ། །འཇིག་རྟེན་པའི་དཀྱིལ་འཁོར་གྱི་དངོས་གྲུབ་བླ་ན་མེད་པ་དང་། ཆོ་ག་ཞིབ་མོའི་དངོས་ གྲུབ་དང་། ཕྱག་རྒྱའི་དངོས་གྲུབ་དང་། ཁྲོ་བོའི་རྒྱལ་པོ་དངོས་གྲུབ་བླ་ན་མེད་པ་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་སེལ་བ་དང་། མོད་ལ་གདུག་པ་ཐམས་ཅད་འཇིག་པ་དང་། དགྲ་ཐམས་ཅད་བཟློག་པ་དང་། མོད་ལ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། དགོས་པ་ ཐམས་ཅད་དང་། ཐམས་ཅད་དུ་དངོས་གྲུབ་བླ་ན་མེད་པ་གང་ཡིན་པ་གྲུབ་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག་དང་རྟག་ཏུ་དགའ་བར་འགྱུར་རོ། །དེ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་རྒྱལ་པོ་དང་། བློན་པོར་བཅས་པ་རྣམས་ཀྱིས་དུས་རྒྱུན་དུ་བླ་ ན་མེད་པའི་མཆོད་པའི་གནས་སུ་འགྱུར་རོ། །གཞན་ཡང་ལྗོངས་ཐམས་ཅད་བལྟ་ཞིང་མཆོད་པས་རྗེས་སུ་འབྲང་བར་འགྱུར་རོ། །དེ་བཞིན་ཉིད་དུ་ཡང་དགེ་སྦྱོང་རྣམས་དང་། བྲམ་ཟེ་རྣམས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་ དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྟག་ཏུ་ཚིག་བཙན་པ་དང་། རྟག་ཏུ་ལྷ་རྣམས་ཀྱིས་མངོན་པར་བསྲུངས་པ་དང་། སྐབས་གསུམ་གྱི་དབང་པོ་དང་། རྡོ་རྗེ་འཆང་བ་ཉིད་དང་། རྡོ་རྗེ་སྙིང་པོ་བདག་ཉིད་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་ དང་། དབང་ཕྱུག་ཆེན་པོ་དང་། གཞོན་ནུ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་ཉིད་དང་། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་རྣམས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །ཁྲོ་བོའི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང་བ་ལ་ཡང་དུས་རྟག་ཏུ་སྲུང་བ་དང་། རྗེས་སུ་འབྲང་བར་འགྱུར་ཏེ་ ཐེ་ཙོམ་མི་བྱའོ། །ཡུན་རིང་དུ་འཚོ་བར་འགྱུར། རྟག་ཏུ་སྨྲ་བ་ཉུང་ཞིང་མཁས་པ་དང་། ཐམས་ཅད་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་མཐོང་བ་དང་། འཇུག་པ་ལ་དགའ་བར་འགྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་དགྱེས་པ་དང་བཅས་ པས་བྱིན་གྱིས་རློབ་པར་འགྱུར་རོ། །སངས་རྒྱས་རྣམས་དང་། འཇིག་རྟེན་ལས་འདས་པ་དང་། དེ་བཞིན་གཤེགས་པས་དབུགས་འབྱིན་པར་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པའི་སྲས་ཇི་ལྟ་བ་བཞིན་ནོ། །འདི་ནི་དེ་རྣམས་ཀྱི་མངལ་གྱི་གནས་སུ་སྐྱེ་བའི་ཐ་ མ་ཡིན་ནོ། །རྟག་ཏུ་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མི་བྱའོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང་། རྟག་ཏུ་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་ཆོས་ཉན་པར་ཐེ་ཙོམ་མེད་དོ། །འདི་ནི་སྐྱེ་བའི་ཐ་མ་ཡིན་ ཏེ། ཇི་སྲིད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དགོས་པ་གཞན་རྣམ་པ་སྣ་ཚོགས་པ་དང་། ཁྲོ་བོ་ལྕགས་ཀྱུའི་ལས་བརྒྱ་ཕྲག་སྟོང་རྣམས་རང་གི་འདོད་པའི་བློས་བྱའོ། །ཐམས་ཅད་དུ་ལན་ཅིག་བཟླས་བརྗོད་བྱས་ལ། ཐམས་ཅད་དུ་ལས་ ཐམས་ཅད་བྱའོ། །བཀླགས་པས་འགྲུབ་པའི་ཆོ་གའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ། བཞིན་འཛུམ་པས་ཁྲོ་བོ་ཆེན་པོ་ལྕགས་ཀྱུའི་གཟུངས་ཀྱི་ཀུན་ཏུ་ སྣང་བཞིན་པའི་འོད་ཟེར་སྣ་ཚོགས་འབར་བའི་སྙིང་པོ་ལུས་ལས་ཕྱུང་ངོ་། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་སོ། །འོད་ཟེར་གྱི་སྣང་བ་གང་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་ པའི་སྙིང་པོ་རབ་ཏུ་འབེབས་པར་འདོད་པའི་དོན་དང་། ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པའི་དོན་དང་། ལྷའི་དྲི་དང་མཐུན་པར་གསལ་བའི་དྲི་དང་རྗེས་སུ་མཐུན་པའི་དྲི་རྣམ་པར་བཀྲ་བའི་ཆར་རྣམས་ཀྱིས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ལ་ཕབ་བོ། །རབ་ཏུ་དགྱེས་པའི་ཐུགས་ཀྱིས་ལྷའི་ཆུ་གསལ་ཞིང་རྒྱ་ཆེ་བ། དྲི་འཕྲོ་བས་རྣམ་པར་མཛེས་པའི་དཔྲལ་བའི་ཆུ་མུ་ཏིག་དང་མཉམ་ཞིང་མཚུངས་པ། ཛ་ཏིའི་འབྲས་བུ་དང་འདྲ་བར་རྣམ་པར་མཛེས་པའི་དཔྲལ་བའི་ལྷའི་ཆུས་ཡོངས་སུ་དབང་བསྐུར་ཏེ། ཐིགས་པ་ནམ་མཁའ་དང་མཉམ་པ་བཞུ་བའི་མིག་འབྲས་ལས་ལྷུང་བའི་ཆུ་སྐར་མ་ལས་རབ་ཏུ་ལྷུང་བའི་གོས། དེ་ལྟ་བུའི་དཔྲལ་བར་ཐིག་ལེ་འབར་བ་ཉི་མ་དང་། སྨིག་རྒྱུ་རྣམ་པར་མཛེས་པའི་འོད་ཟེར་ས་ལ་ལྷུང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞབས་ཀྱི་དྲུང་དུ་ལྷུང་ངོ་། ། པདྨའི་འདབ་མ་བརྒྱ་སྟོང་ཕྲག་ཁ་བྱེ་བ་ལྟར་རབ་ཏུ་འཛུམ་པས་རྣམ་པར་མཛེས་པ། པདྨའི་ཟེ་འབྲུ་ལྟར་མཉེན་པ་བྱུང་བར་གྱུར་ཏོ། །བཻ་ཌཱུརྱའི་སྡོང་བུ་ཉི་མ་བརྒྱ་སྟོང་ཕྲག་པས་ལྷག་པའི་མཐུ་སྟོབས་དང་ལྡན་པའི་འོད་ཟེར་སྣང་བས་འབར་བཞིན་པ། བཅོམ་ལྡན་འདས་ལ་མི་གང་གི་ ཚད་ལྟ་བུར་གནས་པར་གྱུར་ཏོ། །དེ་ནས་རིག་པ་འཛིན་པའི་དབང་པོ་ཆེན་པོ་རྡོ་རྗེ་འཆང་གིས། ཆུའི་ཐིགས་པ་འདབ་མ་མཉམ་པ། བཻ་ཌཱུརྱ་མཆོག་ཏུ་མཛེས་ཤིང་འབར་བ་པདྨ་ཁ་བྱེ་བ་དེ་མཐོང་ནས། ཐུགས་ངོ་མཚར་དང་། ཡ་མཚན་སྐྱེས་ཏེ། བཅོམ་ལྡན་འདས་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་ཤིན་ཏུ་ངོ་མཚར་བ་མཐོང་ལགས་སོ། །རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་མཐོང་ལགས་སོ། །སེམས་དཔའ་ཆེན་ པོ་བདག་གིས། ལྟད་མོའི་མཆོག་མཐོང་ལགས་སོ། །སེམས་དཔའ་དག་པ་ཆེན་པོ། ཁྱོད་ཀྱིས་བདག་གི་ལྟད་མོའི་ཐེ་ཙོམ་མེད་པར་མཛོད་ཅིག་ཅེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་ པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ། བདག་ལ་དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞབས་ཀྱི་ལྕགས་ཀྱུ་ཞེས་བྱ་བ། དོན་ཡོད་ཞགས་པའི་སྙིང་པོ། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ལྷ་རྣམས་ཡོད་དེ། དེ་བདག་གིས་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ཆེན་པོའི་དབུས་སུ། དེ་བཞིན་གཤེགས་པའི་སྤྱན་སྔར་ཡོངས་སུ་བསྒྲག་པར་བགྱིའོ། །དེའི་མཐུ་དང་། རིག་སྔགས་ཀྱི་རྒྱལ་པོའི་མཐུ་སྟོབས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་འདི་མཐོང་ངོ་། །དེའི་མཐུས་པདྨ་འདི་བྱུང་ངོ་། །རིག་ སྔགས་ཀྱི་རྒྱལ་པོ་འདི་བདག་གི་དཔྲལ་བ་ནས་ཕྱུང་བས་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་རྒྱ་ཆེ་ཞིང་ཆེ་བ་དང་ཡང་དག་པར་ལྡན་པར་གྱུར་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས། ལན་གསུམ་བསྐོར་བ་བྱས་ཏེ། མཆོད་པ་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བྱིས་པའི་ཆ་བྱད་བཟུང་ནས། བཅོམ་ལྡན་འདས་ལ་བསིལ་ཡབ་གཡོབ་པར་ བྱེད་བཞིན་དུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞགས་ པའི་སྙིང་པོ་ཞེས་བྱ་བ། དོན་ཡོད་པའི་ཞགས་པའི་སྙིང་པོ། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ལྷ་རྣམས་སྨྲོས་ཤིག །གང་གིས་སྨྲས་པ་ཙམ་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གསང་བའི་དཀྱིལ་འཁོར་ རིམ་པར་ཕྱེ་བ་དང་། ཕྱག་རྒྱ་དང་། གསང་སྔགས་འདི་རྣམ་པར་དབྱེ་བ་བྱས་པར་འགྱུར་རོ། །སྒྲིབ་པ་མེད་པར་དཀྱིལ་འཁོར་མཐོང་བ་ཀུན་ཏུ་གནས་པར་བྱེད་དོ། །ཆོ་ག་ཞིབ་མོ་ཐམས་ཅད་དང་། གསང་སྔགས་དང་། དམ་ཚིག་དང་། ཕྱག་རྒྱ་རྣམས་རྗེས་སུ་མཐུན་པར་ཕྱོགས་ ཏེ་གནས་པར་བྱེད་དོ། །དཀྱིལ་འཁོར་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་རྒྱལ་པོའི་ལྷ་ཐམས་ཅད་མདུན་ན་ཉེ་བར་གནས་པར་བྱེད་དོ། །སྒྲུབ་པའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་མཐོང་བར་འགྱུར་རོ། །རིག་སྔགས་འཆང་ཕྱིས་ཀྱང་རྣམ་པ་གཞན་དུ་མི་འགྱུར་རོ། ། ལས་ཐམས་ཅད་སྒྲུབ་པའི་ཆོ་ག་རྣམས་ལ་ལེགས་པར་སྒྲུབ་པའི་ཆོ་གར་ཡང་འགྱུར་རོ། །རྟག་ཏུ་རིག་སྔགས་འཆང་གི་རྗེས་སུ་འབྲང་ཞིང་། ཕྱི་བཞིན་ཕྱི་བཞིན་ལྷན་ཅིག་རྗེས་སུ་འབྲང་བར་འགྱུར་རོ་ཞེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས། སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་དོན་དུ། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་གི་སྒྲུབ་པ་བཀླགས་པས་གྲུབ་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ཆེན་པོའི་དབུས་སུ། བཞིན་འཛུམ་ ཞིང་མིག་མི་འཛུམས་པས་རིག་སྔགས་ཀྱི་རྒྱལ་པོ་འདི་སྨྲས་སོ། །དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རབ་འབྱམ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་རབ་འབྱམ་རྒྱ་ མཚོ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་འཛིན་པ་རིགས་ཐམས་ཅད་ཀྱི་གསང་བ་དང་། རིག་སྔགས་འཆང་གི་དབང་པོར་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་དང་། རང་ སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་གསང་བ་ཐམས་ཅད་དང་། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་སྒྲུབ་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན། རིག་སྔགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོའི་བདག་ཉིད་ཆེན་པོའི་རྣམ་པར་འཕྲུལ་པ་གྲུབ་པ་རྣམས་དང་ཕྱག་རྒྱ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་བི་མ་ལེ། བི་མ་ལ་གརྦྷེ། བི་མ་ལ་ཨམྦུ་ཛ་པདྨེ་སཱུརྱ་བརྩ་སེ། ས་ཧ་ སྲ་རསྨི་ཀི་ར་ཎེ་མ་ཧཱ་ར་སྨི་ཛྭཱ་ལ་ཨ་བ་བྷཱ་ཥི་ཏེ། ཙ་ར་ཙ་ར། ཙ་ར་ཙ་ར། སཉྩ་ར་པདྨོ་ད་རི་པདྨ་གརྦྷེ། པདྨ་བྷུ་ཛེ། སུ་བི་མ་ལ་ཨམྦུ་ཛ་བི་མ་ལེ་མ་ཎི་ཀ་ཎ་ཀ་བཛྲ་བཻ་ཌཱུརྱ་ཨིནྡྲ་ནཱི་ལ་མ་ར་ཀ་ཏ། པདྨ་རཱ་ག་བི་བི་དྷ་མ་ཧཱ་མ་ཎི་རཏྣཱ་ལྃ་ཀྲྀ་ཏ་ཤ་རཱི་རེ། དྷ་ར་དྷ་ར། མ་ཧཱ་པདྨ་དྷ་ར། པ་ར་པ་ར་པ་ ར་ཤུ་པཱ་ཤེ་དྷ་ར། ས་ར་ས་ར་ས་མནྟ་བཻ་རོ་ཙ་ན། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨདྷིཥྛི་ཏེ། ཀུ་ལ་ས་མ་ཡ་པ་རི་པཱུ་ར་ཎི། བ་ར་བ་ར། བཛྲ་ཛྭཱ་ལ་མཱ་ལཱ་གརྦྷེ། བཛྲེ་བཛྲེ་བཛྲ་ཨ་དྷིཥྛི་ཏ་པདྨེ་ཧཱུྃ་ཧཱུྃ། མ་ཎི་མ་ཎི་མ་ཧཱ་མ་ཎི་ཙིནྟཱ་མ་ཎི་པཱ་ཤ་དྷ་ར། ཧུ་རུ་ཧུ་རུ་པདྨ་པདྨ་གཽ་རེ་པདྨ་པཱ་ཎི་བར་དེ། ཨ་མོ་གྷ་པདྨེ། ཨོྃ་པདྨི་ནི་ པདྨ་མ་ཎི་བཛྲ་དྷ་རཱ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་སཱ་ནཱ་མྱ་ས་མ་ཡ་ཨ་དྷིཥྛི་ཏེ། མ་ཧཱ་བི་པུ་ལ་བྷུ་ཛེ། བྷ་ར་བྷ་ར། སམྦྷ་ར། བྷུ་རུ་བྷུ་རུ་བྷུ་རི་ཎི། བྷི་རི་བྷི་རི། ས་མནྟ་ཨ་བ་ལོ་ཀི་ཏ་བཱིརྱ་རཱ་ཛེ་པྲ་ས་ར་པྲ་ས་ར་སནྟ་བི་མ་ལེ། སརྦ་བིདྱཱ་མཎྜ་ལ་དེ་བ་ཏཱ་ན་མ་སྐྲྀ་ཏེ། ཏ་ར་ཏ་ར། ཏཱ་ར་ཡ་ཏཱ་ར་ཡ། ས་མནྟ་ པ་རི་པཱུ་ར་ཎི་སརྦ་བོ་དྷི་སཏྭ་ཨ་བྷི་ཥེ་ཙ་ནི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་ཨ་བྷི་ཥིཀྟ་ཨ་བྷི་ཥིཉྩ་ཡ་ས་མཾ་སརྦ་བིདྱཱ་མཎྜ་ལ་ཀུ་ལ། ས་མ་ཡ་ཨ་བྷི་ཥེ་ཀཻཿསརྦ་ཏ་ཐཱ་ག་ཏ་པཱ་ཎི་བར་དེ། པདྨ་གཽ་རེ་པདྨ་པྲ་བྷེ། པདྨ་བི་ཀ་ཙམྦུ་ཛ་གརྦྷེ། ཧཱུྃ་ཧཱུྃ། བཛྲེ་བཛྲེ། བཛྲེ་པདྨེ་ཏ་ཐཱ་ག་ཏ་ཀུ་ལ་ཨ་དྷིཥྛི་ཏེ། ཨ་མོ་གྷ་བ་ར་དེ། སརྦཱ་སཱ་པ་རི་པཱུ་ར་ཎི་སརྦ་པཱ་པ་དུཿཁ་པྲ་ཤ་མ་ནི། ཨ་མོ་གྷ་ཧྲྀ་ད་ཡ་སིདྡྷི་སཱ་དྷ་ཡ་བི་མ་ལེ་ཧཱུྃ་ཕཊ། ཨོྃབ་ར་དེ་པདྨ་བྷུ་ཛེ་ན་མ་སྟུ་ཏེ་པདྨ་སུ་ཏེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དོན་ཡོད་པ་དྲི་མ་མེད་པ་པདྨོའི་ཆུ་སྐྱེས་ཀྱི་ པདྨའི་ལྕགས་ཀྱུ་དོན་ཡོད་ཞགས་པའི་སྙིང་པོ་རིགས་ཀྱི་རྒྱལ་པོ་གཟུངས་ཆེན་པོ་ཀུན་ནས་རྣམ་པར་སྣང་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པའི་དེ་མ་ཐག་གི་འོག་ཏུ་པདྨ་ཟེ་འབྲུ་དང་བཅས་པའི་གེ་སར་གསལ་ བར་རྣམ་པར་བྱེ་སྟེ། དཔེར་ན་གྲོང་ཁྱེར་གྱི་ཕྱོགས་གཅིག་གི་སྒོ་བྱ་ནས་རྒྱལ་མོ་བྱུང་བ་བཞིན་དུ། ལྷའི་གཟུགས་བལྟ་ན་སྡུག་པ་འོད་མཐའ་ཡས་པ་ཕྱག་བཞི་པ་རྒྱན་གྱིས་རྣམ་པར་བརྒྱན་པ། ཕྱག་ན་པདྨ། དོན་ཡོད་ཞགས་པའི་ངོ་བོའི་ཞགས་པའི་ཕྱག་དང་། ཡིད་བཞིན་གྱི་ ནོར་བུ་རིན་པོ་ཆེའི་རྒྱལ་མཚན་ཆེན་པོའི་ཕྱག་དང་། མདུང་རྩེ་གསུམ་པའི་ཕྱག །སྤྱན་གསུམ་པ། ཞལ་གསུམ་པ་ཟླ་བའི་ཅོད་པན་འཆང་བ་ཞི་བ། ཞི་ཞིང་འཛུམ་པའི་ཞལ། སྐུ་ལ་འོད་ཟེར་སྣ་ཚོགས་འབར་བའི་སྙིང་པོ། པདྨ་དང་། སེང་གེའི་གདན་ལ་བཞུགས་ པ། པདྨ་ཁ་བྱེ་བའི་སྙིང་པོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། མགོ་བོས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་ སྤྱན་སྔར་འདུག་སྟེ། མིག་མི་འཛུམས་པར་བལྟ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞགས་པའི་ལྕགས་ཀྱུ་རིག་སྔགས་ཀྱི་རྒྱལ་པོ་བུད་མེད་ཀྱི་གཟུགས་འཛིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ཅན་དག་པ་ཆེན་པོ་ཁྱོད་ཅིའི་ཕྱིར་མིག་མི་འཛུམས་པར་བལྟ། མཆོག་ཅི་དོན་དུ་གཉེར་བཞིན་དུ་འཁོད་ཅེས་སོ། །རིག་སྔགས་ཀྱི་རྒྱལ་མོས་གསོལ་པ། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་ཀྱི་སྤྱིའི་ཕྱག་རྒྱ་དང་། སྔགས་ དང་། དམ་ཚིག་གསང་བའི་རྗེས་སུ་འཇུག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་མོ་ཉོན་ཅིག །ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ། དམ་ཚིག་གི་དཀྱིལ་འཁོར་དང་། ཕྱག་རྒྱའི་གསང་བར་ལུང་བསྟན་ཅིང་། ཁྱོད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཏུ་ལུང་བསྟན་ནོ། །ངས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་། དཀྱིལ་འཁོར་དང་ཕྱག་རྒྱའི་དམ་ཚིག་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་ལུང་བསྟན་ནོ། །ཏུཎྜཱ་དང་། ཀར་ཤམ་ དང་། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། པདྨ་རིགས་མཛེས་མ་དང་། ལྷ་མོ་ཆེན་མོ་ཀི་ལཱི་ཀི་ལཱི་དང་། རྡོ་རྗེ་ཕོ་ཉ་མོ་དང་། དྲི་མེད་བྱེད་མ་དང་། པདྨའི་སྤྱན་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མ་དང་། རྡོ་རྗེ་ཁྲོ་གཉེར་ཅན་དང་། ལྷ་མོ་པདྨ་རབ་སྣང་མ་དང་། པདྨ་སྤྱོད་བྱེད་མ་དང་། རིག་སྔགས་ ཀྱི་རྒྱལ་མོ་ཆེན་མོ་དོན་ཡོད་པའི་ཕྱག་དང་། ལོངས་སྤྱོད་ལྡན་མ་དང་། དཔལ་མོ་དང་། འཇིགས་མ་དང་། དཔེ་མེད་མ་དང་། དབྱངས་ཅན་མ་དང་། རལ་གཅིག་མ་སྤྱན་སྟོང་པ། ཕྱག་སྟོང་པ། དབུ་སྟོང་པ། དོན་ཡོད་པའི་པདྨ་དང་། རིན་ཆེན་ལྷ་མོ་དང་། རིན་ཆེན་འབྱུང་གནས་ དང་། འཇིག་རྟེན་དབང་ཕྱུག་ཉིད་དང་། རིག་པའི་དབང་ཕྱུག་ཉིད་དང་། ལྷ་མོ་ཆེན་མོ་ཕྱག་རྒྱའི་དབང་ཕྱུག་དང་། རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་མོ་དང་། ཧུ་ཧྭ་བཟླས་པའི་སྦྱིན་སྲེག་དང་། ཞི་བའི་ལས་དང་། ལྷ་མོ་རིགས་མཛེས་མ་དང་། རིག་སྔགས་འཆང་ཆེན་མོ་རྡོ་རྗེ་མཛེས་མ་ཉིད་དང་། ཕྱག་ན་འཁོར་ལོ་གྲུབ་པ་དང་། དེ་བཞིན་དུ་རལ་གྲི་བཟང་པོའི་རིག་པ་འཛིན་པ་དང་། ཁྲོ་བོ་ཉིད་དང་། ཁྲོ་བོའི་རྒྱལ་པོ་དང་། དུས་ཀྱི་མཚན་མོ་དང་། ཞལ་རྣམ་པར་འགྱུར་མ་དང་། མཆེ་བ་གཙིགས་མ་དང་། སེར་སྐྱ་མ་ཉིད་དང་། རང་གསལ་མ་དང་། ཕྱག་ན་རིན་ཆེན་མ་ཉིད་དང་། སའི་ དཀྱིལ་འཁོར་གྱི་ལྷ་མོ་དང་། དེ་བཞིན་དུ་རྫས་ཡོངས་སུ་འཛིན་པའི་ལྷ་མོ་དང་། མཆོད་ཡོན་དང་། ཞབས་བསིལ་དང་། གཏོར་མ་ཉིད་ཀྱི་ལྷ་དང་། ཨ་གྲི་ཎི་དང་། མེ་ཏོག་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པའི་ལྷ་དང་། ཐམས་ཅད་དུ་རྗེས་སུ་སོང་བའི་ལྷ་མོ་ཁྱོད་དང་། གསང་ སྔགས་ཐམས་ཅད་ལ་དབང་སྒྱུར་མ་དང་། བུད་མེད་ཀྱི་གཟུགས་འཛིན་པའི་རིག་སྔགས་ཀྱི་རྒྱལ་པོའི་མཆོག་སྒྲོལ་བར་བྱེད་པ་དང་། བདག་གི་གསང་སྔགས་ཐམས་ཅད་འཛིན་པའི་རིག་སྔགས་ཀྱི་རྒྱལ་མོའི་མཆོག་མ་དང་། རིག་སྔགས་འཆང་གི་དབང་མོ་དང་། རིགས་ཀྱི་གསང་ སྔགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་པོ་ངེས་པར་སྦྱིན་པ་འཇིག་རྟེན་དབང་ཕྱུག་སྐྱེས་པ་ཉིད་དུ་དཔྲལ་བའི་སྨིན་མའི་བར་དུ་ལྷའི་ཆུའི་དངུལ་ལས་ངེས་པར་སྐྱེས་ཤིང་བྱུང་བ། སྐར་མའི་རྣམ་པ་དང་མཚུངས་པ། སྣ་ཚོགས་པའི་གཟུགས་ཅན་དུ་གྱུར་ པའོ། །ཞེས་ལས་སྣ་ཚོགས་དང་། དབྱངས་ཅན་གང་ཡིན་པ་འདི་འཆང་བར་བྱེད་དོ། །ཞེས་དེ་བཞིན་གཤེགས་པས་ལུང་བསྟན་པ་དང་དུ་བླངས་ནས་གསུངས་སོ། །རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་མཉམ་པར་སྐྱོབ་པ་ཐོབ་པ་དང་། དེ་བཞིན་དུ་ཆོ་ག་ཞིབ་མོའི་སྒྲུབ་པ་དང་། ཕྱག་རྒྱ་དང་། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པ་སྣ་ཚོགས་པ་དང་། དོན་ཡོད་པའི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ། །དོན་ཡོད་པའི་འབྲས་བུ་མཐོང་བ་དང་། བཀླགས་པས་གྲུབ་པའི་རྒྱུ་མཚན་གཞན་དང་། ཐམས་ཅད་དུ་རིགས་སྤྱིའི་དཀྱིལ་འཁོར་དང་། ཕྱག་ རྒྱའི་དངོས་གྲུབ་ཀྱི་ཕྱིར་དང་། སྤྱིའི་དཀྱིལ་འཁོར་དང་ཕྱག་རྒྱའི་དམ་ཚིག་ཉིད་ཀྱང་འདི་དྲན་པ་ཙམ་གྱིས་ཐམས་ཅད་ཐོབ་པར་བྱེད་དོ། །དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། ལྷ་དེ་དག་ཐམས་ཅད་ཀྱང་དྲན་པ་ཙམ་གྱིས་རྗེས་སུ་འབྲང་བར་འགྱུར་བར་ཐེ་ཙོམ་ མེད་དོ། །རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་དང་ལྷ་རྣམས་དམ་ཚིག་ལ་ཀུན་ཏུ་གནས་པར་བྱེད་དོ། །དེ་ལྟ་བས་ན། འབད་པ་ཐམས་ཅད་ཀྱིས་ཟུང་ཅིག །དེ་བཞིན་དུ་ཐུབ་པ་རྣམ་པར་སྣང་མཛད་དང་། ཤཱཀྱའི་རྒྱལ་པོས་རིག་སྔགས་ཀྱི་རྒྱལ་པོར་ལུང་བསྟན་པ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་མིང་ཀུན་ཏུ་གཟིགས་ཤིང་ཐམས་ཅད་དུ་རྗེས་སུ་འགྲོ་བ་སྟེ། དེའི་ཕྱིར་སྤྱན་རས་གཟིགས་པདྨ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་པོ་བླ་ན་མེད་པ། རྡོ་རྗེའི་དངོས་གྲུབ་དངོས་གྲུབ་ཆེན་པོ། པདྨའི་རིགས་ཀྱི་དངོས་གྲུབ་བླ་ན་མེད་པ། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་ གྲུབ་སྒྲུབ་པ་གྲུབ་པ། དཀྱིལ་འཁོར་ཆེན་པོའི་རིགས་དང་ནོར་བུ་ཆེན་པོའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་སྒྲུབ་པ་གྲུབ་པ། དོན་ཡོད་པའི་སྙིང་པོའི་དཀྱིལ་འཁོར་ཐམས་ཅད་དུ་མཆོག་གི་དངོས་གྲུབ། མཆོག་གི་དང་པོ་རྡོ་རྗེའི་རིགས་སུ་བསྟན་པ། རྡོ་རྗེ་རྩེ་མོ་ཆེན་པོའི་ལྷ་ དང་། དེ་བཞིན་དུ་རྡོ་རྗེ་ས་འོག་དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་ཕྲེང་བ་རིམ་པར་ཕྱེ་བའི་གྲངས་དང་རྡོ་རྗེ་མཆུའི་མཆོག་གི་དངོས་གྲུབ་རྣམས་ལ་སྤྱན་རས་གཟིགས་པདྨ་དང་། པདྨ་མཛེས་པ་དང་། དེ་བཞིན་དུའམ། མིང་སྨོས་པ་ཙམ་གྱི་མོད་ལ་རྗེས་སུ་འབྲང་ཞིང་འོང་བར་བྱེད་དོ། །དེ་ བཞིན་དུ་རྡོ་རྗེ་དབང་པོ་དང་། རྡོ་རྗེ་འཛིན་པ་དང་། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོ་རྣམས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །དེ་ལྟ་བས་ན། རྟག་ཏུ་ཤེས་པས་རིག་སྔགས་སྨྲ་བ་དང་། མིང་གང་གི་མཆོག་འཛིན་པ་ལ། དེ་བཞིན་གཤེགས་པས་རྟག་ཏུ་རྣམ་པར་ གཟིགས་པར་འགྱུར་རོ། །དེ་བཞིན་ཉིད་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཐུབ་པ་རྣམ་པར་སྣང་མཛད་ཀྱིས་རྟག་ཏུ་ལུང་སྟོན་པར་འགྱུར་བར་ཐེ་ཚོམ་མེད་དོ། །བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་འདི་ལུང་བསྟན་མ་ཐག་ཏུ་ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ སོ། །གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །འུར་འུར་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་མོ། །ལྷའི་མེ་ཏོག་གི་ཆར་བབ་སྟེ། འདི་ལྟ་སྟེ། ཟླ་བ་མདོག་མཛེས་དང་། དྲི་མེད་མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མནྡཱ་ ར་བ་དང་། མནྡཱ་ར་བ་ཆེན་པོ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤལ་སྔོན་པོ་དང་། ཨུཏྤ་ལ་དམར་པོ་དང་། མྱ་ངན་འཚང་དང་། སྐྱ་ནར་དང་། པུནྣཱ་ག་དང་། གནྡྷ་ག་པཱརྵི་ཀ་དང་། ཀོནྟ་དང་། ཨ་དྷི་མུཀྟ་ཀ་དང་། པ་ལཱ་ཤ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཙམྤ་ཀ་དང་། སཽ་གནྡྷི་ཀ་དང་། སནྡྷ་བཱ་ར་ཎ་དང་། ནཱ་ག་པུཥྤ་དང་། སྣ་མ་དང་། ཡཱུ་ཐི་ཀ་དང་། ན་བ་མཱ་ལི་ཀ་དང་། ཏ་ར་ཎ་དང་། མ་རུ་བ་ཀ་དང་། ཀུ་བྱ་ཀའི་མེ་ཏོག་གི་ཆར་འབབ་པའི་དོན་དང་། ཚོན་རྩི་སྣ་ཚོགས་པས་བཙོས་པའི་ལྷའི་གོས་ཀྱི་ཆར་ འབབ་པའི་དོན་དང་། རིན་པོ་ཆེ་སྣ་བདུན་གྱི་ལྷའི་རྒྱན་དང་། ལྷབ་ལྷུབ་དང་། རྒྱན་ཆའི་ཆར་འབབ་པའི་དོན་དང་། ལྷའི་གསེར་གྱི་མེ་ཏོག་གི་ཆར་འབབ་པའི་དོན་དང་། ལྷའི་དྲི་ཙནྡན་དང་། ཏ་མཱ་ལ་དང་། ག་པུར་དང་། གླ་རྩི་དང་། གུར་གུམ་དང་། ལྷའི་གོས་དང་། དྲི་བཟང་ པོས་བསྒོས་པའི་ཕྱེ་མའི་ཆར་འབབ་པའི་དོན་དང་། ལྷའི་དྲི་ཆབ་ཀྱི་ཆར་འབབ་པའི་དོན་དང་། མ་དཀྲོལ་བར་ནམ་མཁའི་མཐིལ་དུ་རོལ་མོའི་སྒྲ་འབྱུང་བ་དང་། སུམ་ཅུ་རྩ་གཉིས་པའི་རིས་ཀྱི་ལྷའི་བུ་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་པ་དང་། གོས་དང་། རིན་པོ་ཆེ་སྣ་ཚོགས་ འཚེར་བར་བྱེད་པ་དང་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་མུ་ཏིག་གི་དོ་ཤལ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྒྱན་ཟླ་གམ་ཅན་དང་། མུ་ཏིག་དམར་པོ་དང་། ཀ་ཤི་ཀའི་གོས་སྣ་ཚོགས་པ་འཐོར་བར་བྱེད་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་ འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ལ་སོགས་པ་ལྷའི་བུ་འབུམ་ཕྲག་དགུ་བཅུ་རྩ་དགུས་ལྷའི་གཞལ་ཡས་ཁང་རྣམ་པ་སྣ་ཚོགས་པ་དང་། ལྷའི་གོས་དང་མེ་ཏོག་དང་། དྲི་དང་། ཕྲེང་བ་ དང་། བྱུག་པ་རྣམས་དང་། རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་གདུགས་སྣ་ཚོགས་པ་རྣམས་ནམ་མཁའི་མཐིལ་དུ་ཀུན་ཏུ་གཏོར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། རིག་སྔགས་ཀྱི་རྒྱལ་པོའི་ འཁོར་ལ་མཆོད་པའི་སྤྲིན་ཆེན་པོར་གྱུར་ཏེ་མཆོད་པ་ཆེན་པོ་བྱེད་པར་གྱུར་ཏོ། །རྫུ་འཕྲུལ་ཆེན་པོའི་ཆོ་འཕྲུལ་ཆེན་པོ་མཐོང་བར་གྱུར་ཏོ། །དངོས་གྲུབ་ཆེན་པོའི་མཚན་མ་བྱུང་བར་གྱུར་པ་རྣམས་ཡང་དག་པར་མཐོང་ངོ་། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན། དེ་ བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཐོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་ཀུན་ཏུ་ཡང་དག་པར་བྱེའོ། །ལྷའི་གཞལ་ཡས་ཁང་སྣ་ཚོགས་པ་བྱུང་བར་གྱུར་པ་མཐོང་ངོ་། །དེ་ནས་ཡང་ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་རྡོ་རྗེ་གསོར་བཞིན་དུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་ བཞིན་འཛུམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེ་ཞིང་ཆེ་བ་ཡང་དག་པར་སྣང་བ་དང་། མཆོད་པའི་སྤྲིན་གྱི་ཆར་ཆེ་ཞིང་ཆེ་བ་རབ་ཏུ་འབབ་པ་དང་། བཅོམ་ལྡན་འདས་དངོས་གྲུབ་ཀྱི་མཚན་མ་ཆེ་ ཞིང་ཆེ་བ་སྣང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་འཁོར་ཆེན་པོ་འདུས་པར་གྱུར་པའི་རིག་སྔགས་ཀྱི་རྒྱལ་པོ་སྐྱེས་པར་མཐོང་བར་སྣང་བ་དང་། ཆོ་ འཕྲུལ་ཆེ་ཞིང་ཆེ་བ་སྣང་བ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རིག་སྔགས་ཆེན་པོ་འབྱུང་བར་སྣང་བ་ནི། བཅོམ་ལྡན་འདས་རྒྱུ་ཅི་ལགས། རྐྱེན་ཅི་ལགས། འདི་ཅིའི་ མཐུས་སྔོན་གྱི་མཚན་མ་ཡང་དག་པར་སྣང་བ་ལགས། འདི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་གང་ཞིག་ཡང་དག་པར་སྣང་བ་ལགས། བཅོམ་ལྡན་འདས་བདག་གི་སེམས་ལ་ཐེ་ཙོམ་དེ་སྐྱེས་པར་གྱུར་པས། དེ་ངེས་པར་བསྟན་དུ་གསོལ། ཞུ་བ་ལུང་སྟོན་པར་འགྱུར་བ་གང་གིས། བདག་གི་ དོགས་པ་རྣམ་པར་སེལ་བ་དང་། སོམ་ཉི་རྣམ་པར་སེལ་བར་བྱེད་པས་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་རུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ངེས་ པར་བསྟན་པར་བྱའི་ཉོན་ཅིག །ལག་ན་རྡོ་རྗེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་ བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་རྣམ་པར་འཕྲུལ་པའོ། །ལག་ན་རྡོ་རྗེ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣང་བར་བྱེད་དོ། །དོན་ཡོད་པ་རྣམ་པར་འཕྲུལ་པ། ཀུན་ཏུ་སྣང་བའི་དཀྱིལ་ འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། གཟུངས་དང་། རིག་སྔགས་ཀྱི་རྒྱལ་པོའི་རྣམ་པར་འཕྲུལ་པ་དང་། རིག་སྔགས་ཀུན་ཏུ་སྣང་བ་དང་། རིག་སྔགས་ཀྱི་རྒྱལ་པོ་རྣམ་པར་སྣང་བར་བྱེད་དོ། །དེའི་མཐུས་སྣང་བ་འདི་དང་། རྫུ་འཕྲུལ་གྱི་རྣམ་ པར་འཕྲུལ་པ་དང་། ཆོ་འཕྲུལ་འདི་སྣང་ངོ་། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་མཐོང་བ་དང་། མིང་བཟུང་བ་ཙམ་གྱིས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱི་རྡུལ་ཕྲ་ རབ་དང་མཉམ་པ་མངོན་སུམ་དུ་མཐོང་བ་དང་། མཚན་གཟུང་བའི་དགེ་བའི་རྩ་བ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། རིག་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་ རིམ་པར་ཕྱེ་བ་དང་། སྙིང་པོའི་མཐུ་རབ་ཏུ་འཇུག་པར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་གསང་བར་རབ་ཏུ་ཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་ཞིབ་མོའི་རྗེས་སུ་འཇུག་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་ པ་དེ་རྣམས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྙིང་པོ་དང་། ཕྱག་རྒྱ་དང་། གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་དང་། གསང་སྔགས་ ཆེན་པོ་རིམ་པར་ཕྱེ་བའི་སྒྲུབ་པ་ལ་རྗེས་སུ་འཇུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་ནི། རྫུ་འཕྲུལ་ཆེ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་ཀྱི་དྲུང་དུ། སྙིང་པོ་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་གསང་བ་ལ་རབ་ཏུ་ཞུགས་ཤིང་དབང་བསྒྱུར་བའི་རྗེས་སུ་ཞུགས་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོར་གྱུར་པ་གཅིག་པུའོ། །འདི་ལྟ་སྟེ། འོ་མ་དང་ཆུ་ཡང་དག་པར་འབྱུང་བ་བཞིན་ ནོ། །སྙིང་པོ་གཅིག་པོ་འདི། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྗེས་སུ་ཞུགས་པའོ། །དེས་ན་ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་འདི། ཀུན་ནས་རྗེས་སུ་འཇུག་པ་ཞེས་བྱའོ། །ལག་ན་རྡོ་རྗེ་རྒྱུ་དེས་ན། རིགས་ ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་རིག་སྔགས་ཀྱི་རྒྱལ་པོ་འདི། མིང་ལན་ཅིག་གཟུང་བ་ཙམ་གྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དྲུང་དུ། གསང་བ་ཐམས་ ཅད་ཀྱི་སྙིང་པོ་དང་། གཟུངས་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་རབ་ཏུ་སྟོན་པ་དང་། མཚན་གཟུང་བར་བྱས་པར་འགྱུར་རོ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ ཡོངས་སུ་གཟུང་བར་འགྱུར་རོ། །དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་། བྱང་ཆུབ་སེམས་དཔའ་ལེགས་སོ་ཞེས་བྱ་བ་སྩོལ་བར་འགྱུར་རོ། །དོན་ཡོད་པ་ཡངས་པ་ཆེན་པོའི་དངོས་གྲུབ་ རབ་ཏུ་སྩོལ་བར་འགྱུར་རོ། །མཆོག་ཏུ་གྲུབ་པ་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་སོ་སོར་རྙེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། རིག་སྔགས་ཀྱི་སྙིང་པོ་དང་། ཏིང་ ངེ་འཛིན་དང་། རྫུ་འཕྲུལ་གྱི་ཡུལ་དང་། བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྗེས་སུ་སོང་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་སྦྱོར་ཞིང་དམ་ཚིག་གི་རྗེས་སུ་འཇུག་པར་འགྱུར་རོ། །ལག་ན་རྡོ་རྗེ་ དེ་བཞིན་དུ། རིག་སྔགས་ཀྱི་རྒྱལ་པོའི་མཐུ་ཆེན་པོས་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའོ། །ལག་ན་རྡོ་རྗེ། དེ་བས་ན། དེ་རྣམས་རིག་སྔགས་ཀྱི་རྒྱལ་པོའི་མཐུ་ ཆེན་པོའོ། །ལག་ན་རྡོ་རྗེ། རིག་སྔགས་ཀྱི་རྒྱལ་པོ་འདི། མེ་ཏོག་གམ། བདུག་པའམ། དྲི་དང་བྱུག་པ་དང་། རོལ་མོ་གཅིག་གིས་མཆོད་པ་དང་། ལན་ཅིག་ཙམ་གྱིས་ཀྱང་། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྙིང་པོ་གསང་བ་ དང་། མཆོད་པ་རྣམས་བྱས་པ་དང་། མཉེས་པར་བྱས་པ་དང་། ཀློག་པར་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། གཟུངས་དང་། རིམ་ པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་མཆོད་པ་བྱས་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས། གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་པར་འདྲེན་པ་དང་། བདུད་ཀྱི་རིགས་ཀྱི་ལྷ་དེ་རྣམས་ཐམས་ཅད་ཕྱོགས་དང་ཕྱོགས་མཚམས་ རྣམས་སུ་འབྲོས་པར་བྱེད་དོ། །ཡམས་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་དང་། གདོན་ཐམས་ཅད་དང་། ནད་ཐམས་ཅད་དང་། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་དང་། གཏམ་ངན་གྱི་འཇིགས་ པ་རྣམས་རབ་ཏུ་ཞི་བར་བྱེད་དོ། །གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བ་རྣམས་རབ་ཏུ་ཞི་བར་བྱེད་དོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་དོ། །མཚམས་མེད་པ་ལྔ་ལ་སོགས་པ། སྡིག་པ་དང་སྒྲིབ་པ་དང་། ཉོན་མོངས་པ་རྣམས་རྣམ་པར་ གྲོལ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །ལྷ་རྣམས་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་སྲུང་བར་འགྱུར་རོ། །ལག་ན་རྡོ་རྗེ་རིག་སྔགས་འཆང་གི་དབང་པོ་རྗེས་སུ་འབྲང་བར་འགྱུར་ཞིང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་ཡང་དཔུང་དང་བཅས། འཁོར་དང་བཅས་པས་ཀུན་ནས་ཕྱོགས་བཞིར་སྲུང་བར་བྱེད་དོ། །ཐམས་ཅད་དུ་ཆོ་ག་ཞིབ་མོ་དང་། གསང་ སྔགས་དང་ཕྱག་རྒྱའི་དངོས་གྲུབ་མཆོག་སྦྱིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཆེན་པོ་སྦྱིན་པར་འགྱུར་རོ། །པདྨ་ཡངས་པའི་དཀྱིལ་འཁོར་འདི་དང་། དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་གསང་བ་དོན་ཡོད་ པའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་ཐམས་ཅད་ཀྱང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མཆོད་པ་ཆེན་པོ་ བྱེད་པར་འགྱུར་རོ། །བཀྲ་ཤིས་དང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཤེད་བྱེད་དང་། བྱད་སྟེམས་དང་། གསང་སྔགས་དང་། རོ་ལངས་དང་། སེམས་བསྒྱུར་བ་དང་། སྦོད་གཏོང་གི་སྦྱོར་བ་དང་། མཁའ་འགྲོ་མ་རྣམས་ཐམས་ཅད་འབྱེར་བར་བྱེད་ དོ། །དུག་དང་། སྦྱར་དུག་དང་། ཕྱེ་མའི་སྦྱོར་བ་རྣམས་ཐམས་ཅད་འབྱེར་བར་བྱེད་དོ། །རིམས་རྣམས་ཐམས་ཅད་འབྱོར་བར་འགྱུར་རོ། །ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། མཚན་གཅིག་པ་དང་། ཉིན་གཅིག་པ་དང་། གྲང་བའི་རིམས་ དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། མགོ་གཟེར་དང་། ཕོལ་མིག་དང་། གཡན་པ་དང་། མིག་ནད་དང་། གཞོགས་ཕྱེད་ན་བ་དང་། མ་རོ་ཙ་ཀ་དང་། མཚན་བར་རྡོལ་བ་དང་། ཕོ་བའི་ནད་དང་། བཤང་བ་ འཁྱིལ་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། རྩིབ་ལོགས་ན་བ་དང་། མཆིན་པ་ན་བ་དང་། ཚད་པ་དང་། གཅིན་ནད་དང་། གསུད་པ་དང་། ལྟོ་བ་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་དེ་དག་ཐམས་ཅད་དྲན་པ་ཙམ་གྱིས་རྣམ་པར་འཇིག་པར་བྱེད་དོ། ། ཤ་བཀྲ་དང་། མཛེ་དང་། འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། རྐང་ཤུ་དང་། མེ་དབལ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། རྨ་དང་། མགྲི