Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 093_རྒྱུད་འབུམ།_ཙ
Văn bản gốc(Tây Tạng)
Trang 2 / 19 (50.000 ký tự/trang)
ན་པ་འགགས་པ་དེ་དག་ཐམས་ཅད་བྱབས་པ་ཙམ་གྱིས་རྣམ་པར་འཇིག་པར་བྱེད་དོ། །ཕྱིས་ཀྱང་ནམ་ཡང་ཚུགས་པར་མི་འགྱུར་རོ། །འདི་དེ་ལྟར་གོ་ སྐབས་ཡངས་ལ་རྒྱ་ཆེ་བ་ཡིན་ནོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པ་པདྨ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་ཞགས་པ་རིག་སྔགས་ཀྱི་རྒྱལ་པོ། དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ། རྡོ་རྗེ་གསང་བའི་སྙིང་པོ། དམ་ཚིག་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ། །དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞུས་པའི་དགེ་མཚན་དང་། བཀྲ་ཤིས་པ་གསང་བ་བྱིན་གྱིས་རློབ་པ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་འཕྲུལ་པ་ཐོས་ནས་ཚིམ་པ་དང་། མགུ་ བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཆོག་སྦྱིན་པར་བྱེད་པ་འདི་ནི་ཤིན་ཏུ་དཀོན་ནོ། །བཅོམ་ལྡན་འདས་རིག་ སྔགས་ཀྱི་རྒྱལ་པོ། དགེ་བའི་རྩ་བ་ཐམས་ཅད་དང་། བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་། གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་དངོས་གྲུབ་བླ་ན་མེད་པ་ཐམས་ཅད་ཡང་དག་པར་རྫོགས་པར་བྱེད་པའི་རིག་སྔགས་ཀྱི་རྒྱལ་པོ་མཆོག་ཏུ་དཀོན་ཏེ། དེ་བཞིན་གཤེགས་པ་དང་ མཉམ་པར་བལྟ་བར་བགྱིའོ། །དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཉམ་པའོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བའི་བར་ནས་ངེས་པར་བྱུང་བ་ནི། རིག་པ་འཛིན་ པ་དེ་དག་ཐམས་ཅད་ལ་ཕན་པའི་དོན་དང་། དངོས་གྲུབ་མཐོང་བའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་གྲུབ་པ་ཆེད་དུ་འགྱུར་རོ། །དགེ་བའི་རྩ་བ་མཆོག་ཏུ་ཉེ་བར་བསགས་པར་འགྱུར་བ་ལས་གཞན་མ་ཡིན་ནོ། །རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དགེ་བའི་རྩ་བའི་ཚོགས་ གཞལ་དུ་མེད་པ་དང་། ཚད་མེད་པ་དང་། གྲངས་མེད་པ་ཉེ་བར་བསགས་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །བཅོམ་ལྡན་འདས་ཉིན་མཚན་དུ་ཡང་རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པར་བགྱི་སྐད་ཅིག་ཀྱང་མི་བརྗེད་པར་བགྱིའོ། །བཅོམ་ལྡན་འདས་ཅི་སྟེ་སླར་ཡང་སྔ་དྲོའམ། ཉིན་མོའམ། མཚན་ མོའམ། ཟླ་བའམ། ལོ་རེ་ཡང་རུང་སྟེ། རིག་སྔགས་ཀྱི་རྒྱལ་པོ་འདི་བརྗེད་ན། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བརྗེད་པར་འགྱུར། ཡོངས་སུ་དོར་བར་འགྱུར། བསོད་ནམས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་དོར་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་དེ་བཞིན་ནོ། །ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་དེ་བཞིན་ཏེ། རིག་སྔགས་ཀྱི་རྒྱལ་པོ་འདི་ལག་ཏུ་སོན་པར་འགྱུར་བའི་སེམས་ཅན་དེ་ནི་དགེ་བའི་རྩ་བ་ཆུང་ངུ་སྐྱེད་པ་མ་ཡིན་ནོ། །ལག་ན་རྡོ་རྗེ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་ རྩ་དགུའི་དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་མ་མཐོང་བ་དང་། བསྙེན་བཀུར་མ་བྱས་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། དམ་ཚིག་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། རིག་སྔགས་ཀྱི་ཆོ་ག་ཞིབ་མོའི་རྒྱལ་པོ་མ་ཐོས་ཤིང་མ་ཞུགས་པ་གང་ཡིན་པ་དེས་ནི། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་དེའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །མི་ཐོས་ཤིང་མི་མཐོང་ལ། མིང་གི་སྒྲ་གྲགས་པ་ཙམ་དུའང་མི་འགྱུར་རོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི། གང་གི་ལག་ཏུ་སོན་པར་འགྱུར་བ་དེས་ནི། ལག་ན་རྡོ་རྗེ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་དགུ་བཅུ་རྩ་དགུའི་དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེའི་ལག་ཏུ་སོན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ། རིགས་ཀྱི་དམ་ཚིག་གི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་ སྔགས་རིམ་པར་ཕྱེ་བ་དང་། སྙིང་པོ་དང་། གསང་བའི་ཆོ་ག་ཞིབ་མོ་ཐམས་ཅད་ལག་ཏུ་སོན་པར་འགྱུར་རོ། །གནས་ཐམས་ཅད་དུ་སོང་ཞིང་རྗེས་སུ་ཞུགས་པར་འགྱུར་རོ། །ཐམས་ཅད་རྗེས་སུ་སོང་ཞིང་། དམ་ཚིག་ཤེས་པར་འགྱུར་རོ། །རིག་སྔགས་ཐམས་ཅད་དང་། གསང་སྔགས་རིམ་ པར་ཕྱེ་བ་དང་། ཕྱག་རྒྱ་ཡང་དག་པར་སྤྱོད་པར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་དང་། གཙོ་བོ་དང་ཐུ་བོར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་དྲུང་ན། སྲས་ཀྱི་གཙོ་བོར་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་པར་ འགྱུར་རོ། །དགེ་བའི་རྩ་བ་ཉེ་བར་སྟོན་པ་དང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཛིན་པར་འགྱུར་རོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི། གང་གི་ལག་ཏུ་སོན་ཅིང་ཐོབ་པར་འགྱུར་བའི་སེམས་ཅན་གང་ཡིན་པ་དེ་ནི། དེའི་ཡོན་ཏན་དང་། ཕན་ཡོན་གཞལ་དུ་མེད་པ་ཐོབ་པར་འགྱུར་རོ། ། རིག་སྔགས་ཀྱི་རྒྱལ་པོ་འདི། གང་གི་ལག་ཏུ་སོན་པར་འགྱུར་བ་དེ། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སོ་སོར་རྙེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། རིག་སྔགས་ཀྱི་རྒྱལ་པོ་འདི་སྨྲས་ནས། རང་ གི་གཟུགས་ཀྱི་བདག་ཉིད་ཀྱི་དངོས་པོ་པདྨའི་ཟེ་འབྲུའི་དབུས་སུ་རིག་སྔགས་ཀྱི་རྒྱལ་པོ་འཕགས་པར་བལྟས་ནས། དོན་ཡོད་པ་ཡིད་བཞིན་ནོར་བུའི་འོད་ཅེས་བྱ་བ་ནོར་བུ་རིན་པོ་ཆེ་ཆེན་པོ་རིག་སྔགས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ལ་ཕུལ་བར་གྱུར་ཏོ། །ཨོཾ་ཨ་མོ་གྷ་ཙིནྟཱ་མ་ཎི་བར་ད་པདྨེ་ཛྭ་ལ་ ཛྭ་ལ་ན་བྷུ་ཛེ་ཧཱུྃ། འདི་ནི་དོན་ཡོད་པ་པདྨ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་ཞགས་པའི་རྩ་བའི་སྙིང་པོའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ཕུལ་བའི་དེ་མ་ཐག་པ་དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཐམས་ཅད། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། བཅོམ་ལྡན་འདས་ལ་སྤྱན་མི་འཛུམས་པར་བལྟ་ཞིང་འཁོད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དོན་ཡོད་པ་ཡིད་བཞིན་ནོར་བུའི་འོད་རིག་སྔགས་ཀྱི་རྒྱལ་པོ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལ་ཡང་། རིག་སྔགས་ཀྱི་རྒྱལ་པོས་སྤྱི་བོ་ནས་དབང་བསྐུར་རོ། །བཅོམ་ལྡན་འདས་ཀྱིས་རིག་སྔགས་ ཀྱི་རྒྱལ་པོ་འདིས་དབང་བསྐུར་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་དང་། ནགས་དང་འབྲོག་དགོན་པར་བཅས་པ་རྣམས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། །ཕྱོགས་བཅུ་ཀུན་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་གྱུར་ཏོ། །དེས་ན་དུས་གསུམ་ དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ནམ་མཁའི་དབྱིངས་སུ་རྫུ་འཕྲུལ་གྱིས་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་མཆོག་ཏུ་རྙེད་པར་དཀའ་ བའི་མངོན་པར་དབང་བསྐུར་བའི་རྒྱལ་པོ་འདིས་མངོན་པར་དབང་བསྐུར་བ་འདི་ལེགས་སོ་ལེགས་སོ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱིས་ཀྱང་དེ་བཞིན་དུ་རིག་པའི་རྒྱལ་པོ་འདིས་དབང་བསྐུར་རོ། །ངེད་ཐམས་ཅད་ཀྱིས་ཀྱང་ཚིག་གཅིག་ཏུ་མཐུན་པས་དོན་ ཡོད་པ་ཡིད་བཞིན་ནོར་བུའི་འོད་ལ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོས་མངོན་པར་དབང་བསྐུར་རོ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས། དེ་རྣམས་ཐམས་ཅད་ལ་རིག་པའི་རྒྱལ་པོས་སྤྱི་བོའི་གཙུག་ནས་མངོན་པར་དབང་བསྐུར་རོ། ། འདི་ནི་མངོན་པར་དབང་བསྐུར་བའི་ཕྱག་རྒྱ་མངོན་པར་དབང་བསྐུར་བ་དང་ལྡན་པའོ། །ཨོཾ་ཨ་མོ་གྷ་བཻ་རོ་ཙ་ན་མ་ཧཱ་མུ་དྲཱ་མ་ཎི་པདྨེ་ཛྭ་ལ་པྲ་བརྡྷ་ཡ་ཧཱུྃ། ཕྱག་རྒྱ་ཆེན་པོས་མངོན་པར་དབང་བསྐུར་མ་ཐག་ཏུ། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ནས་ མི་སྣང་བར་གྱུར་ཏོ། །དེ་ནས་རིག་པའི་རྒྱལ་པོ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་དབང་བསྐུར་བ་རིག་ནས། བཅོམ་ལྡན་འདས་ལ་གཡས་སུ་བསྐོར་བ་གསུམ་བྱས་ནས་ཐལ་མོ་སྦྱར་བ་བཏུད་དེ། ཕྱག་བྱས་ནས་སྤྱན་སྔར་འདུག་སྟེ་སེམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རིག་ སྔགས་འཆང་དེའི་རིག་པའི་རྒྱལ་པོ་སེམས་པར་གཟིགས་ནས། ཇི་ལྟར་ད་ལྟར་ཡིད་ལ་བྱེད་པ་ཡང་དག་པར་རབ་ཏུ་གསལ་བར་མཛད་དོ། །ཨོཾ་ཨ་མོ་གྷ་མཎྜ་ལ་པདྨ་ཨ་བྷི་ཥེ་ཀཾ་མ་ཎི་བཛྲེ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཧཱུྃ། རིག་པའི་རྒྱལ་པོ་དེས་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བས་མངོན་ པར་དབང་བསྐུར་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རིགས་ཐུན་མོང་བའི་དམ་ཚིག་རྡོ་རྗེ་ཆེན་པོའི་ཚུལ་གྱིས་ས་གཞི་བྱིན་གྱིས་བརླབས་སོ། །དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་དང་། ནོར་བུའི་རིགས་རྣམ་པར་ཐར་ པ་ཆེན་པོའི་དཀྱིལ་འཁོར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆེར་འཁྲིགས་པའི་དཀྱིལ་འཁོར་དུ་བརྟགས་པ་མཐོང་ངོ་། །རང་རང་གི་དགེ་བའི་རྩ་བས་རིག་པའི་རྒྱལ་པོའི་དཀྱིལ་འཁོར་བའི་ལྷ་ཐམས་ཅད་མཐོང་ངོ་། །རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེ་ཞིང་ཆེ་བ་དག་བྱུང་ངོ་། །དོན་ཡོད་པའི་རྣམ་པར་འཕྲུལ་ པ་ཆེན་པོ་ཤིན་ཏུ་ངོ་མཚར་བ་དག་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཀྱིལ་འཁོར་ཆེན་པོའི་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ནས་དོན་ཡོད་པའི་མཆོད་པའི་ནོར་བུ་རྡོ་རྗེ་བྱིན་གྱིས་རློབས་པ་དེ་བཞིན་གཤེགས་པའི་ མངོན་པར་དབང་བསྐུར་བ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དང་ལྡན་པའོ། །ཨོཾ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ་ས་མནྟ་པྲ་ས་ར་ཧཱུྃ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་མཆོད་པའི་ནོར་བུའི་སྙིང་པོ་བྱིན་མ་ཐག་ཏུ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ སྣ་ཚོགས་པ་དུ་མ་རབ་ཏུ་བྱུང་སྟེ། ཇི་ལྟར་རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་མཆོད་པ་ཆེན་པོ་རྣམས་རབ་ཏུ་བྱུང་ངོ་། །ལྷ་རྫས་རྣམ་པ་སྣ་ཚོགས་པ་རྣམ་པར་བཀྲ་བ་ཡངས་པ་རྒྱ་ཆེན་པོ་གོ་སྐབས་ཀུན་ཏུ་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཆེ་ཞིང་ཆེ་བའི་བྱིན་གྱིས་བརླབས་ ཀྱི་བཀོད་པ་རིག་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་དག་པར་མཐོང་ངོ་། །དེ་ནས་རིག་པའི་རྒྱལ་པོ་དོན་ཡོད་པ་པདྨ་དྲི་མ་མེད་པ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལས་རིང་པོར་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ལས་མངོན་དུ་ཕྱོགས་ནས་སྟན་ལ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་བ། ཏིང་ངེ་འཛིན་གྱི་སྟོབས་བྱིན་གྱིས་རློབ་པའི་ཁྱད་ པར། ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་དང་། གཟུངས་དང་། ཆོ་ག་ཞིབ་མོའི་མཐུ་སྟོབས་པདྨ་ཡངས་པ་ཆེན་པོའི་གསང་བ་དོན་ཡོད་ཞགས་པའི་རྣམ་པར་འཕྲུལ་པ་རིག་པའི་རྒྱལ་པོའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གྲུབ་པ་དམ་ཚིག་དང་རྗེས་སུ་མཐུན་པ་མཐུ་སྟོབས་དང་ཡོན་ཏན་འབྱུང་བ་ལ་ཕན་ པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རྣམ་པར་འཕྲུལ་པ་ཡིད་ཀྱི་ཤིང་རྟ་རེ་བ་ཐམས་ཅད་ཀྱི་མཆོག་རབ་ཏུ་སྦྱིན་པ་ལ་ལྟོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་རྗེས་སུ་སྦྱིན་ཏེ་རིག་པའི་རྒྱལ་པོ་འདི། ཕྱི་མའི་དུས་ཕྱི་མའི་ཚ་སངས་ རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །རིག་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཀྱི་སྣང་བར་བྱེད་པར་འགྱུར་རོ། །སྐྱབས་དང་། དཔུང་གཉེན་དང་། འཁྲས་དང་། ཡིད་ཀྱི་ཤིང་རྟ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དགྲ་ཐམས་ ཅད་རབ་ཏུ་འདུལ་བར་བྱེད་དོ། །བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་དོ། །ཆར་ཆེས་པ་རབ་ཏུ་ཞི་བར་བྱེད་དོ། །ཆར་མེད་ན་ཆར་འབེབས་སོ། །རླུང་དང་། སད་དང་། སེར་བ་ལྡོག་པར་བྱེད་དོ། །མུ་གེའི་དགོན་པ་རབ་ཏུ་ཞི་བར་བྱེད་དོ། །ནད་ཐམས་ ཅད་ལྡོག་པར་བྱེད་དོ། །གདུག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཚེ་དང་ནད་མེད་པ་འཕེལ་བར་བྱེད་དོ། །བསོད་ནམས་སྦྱིན་པ་དང་། དབང་ཕྱུག་སྦྱིན་པ་དང་། ནོར་སྦྱིན་པ་དང་། འབྲུ་འཕེལ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གིས་དོན་ཡོད་པ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་གཟུངས་ཀྱི་སྙིང་པོའི་ཡོ་བྱད་དང་། ཆོ་ག་བཀླགས་པས་འགྲུབ་པའི་དངོས་གྲུབ་གསུངས་སོ། །དེ་ནས་སྙིང་པོ་འདི་བཀླགས་པས་འགྲུབ་པར་འགྱུར་ཏེ། རིག་པའི་རྒྱལ་པོ་བཀླགས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འགུགས་པར་ འགྱུར་རོ། །སྟོང་ཕྲག་བརྒྱ་བཟླས་པས་པདྨོ་ཡངས་པའི་དཀྱིལ་འཁོར་དང་། གཞལ་མེད་ཁང་གི་རྒྱན་མཐའ་དག་དང་། རིག་པའི་རྒྱལ་པོ་དང་བཅས་པའི་ལྷ་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞལ་མེད་ཁང་དང་དཀྱིལ་ འཁོར་དང་གཞལ་མེད་ཁང་མཐའ་དག་མཐོང་ངོ་། །དེ་ལ་ལྷ་རྣམས་རབ་ཏུ་འཇུག་པར་བྱེད་དོ། །དམ་ཚིག་ཤེས་པར་ཡང་འགྱུར་རོ། །རིག་སྔགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བར་ཡང་འགྱུར་རོ། །ཕྱག་རྒྱ་རིམ་པར་ཕྱེ་བ་དང་རྗེས་སུ་མཐུན་པར་ཡང་འགྱུར་རོ། །དང་པོ་རྨི་ལམ་ མཐོང་བ་ཙམ་གྱིས་འགྲོའོ། །གཉིས་པར་རྨི་ལམ་མཐོང་བ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་མཐོང་ངོ་། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རང་གི་རྒྱན་དང་དཀྱིལ་འཁོར་བརྟགས་པ་མཐོང་ངོ་། ། གཞལ་ཡས་ཁང་རྒྱ་ཆེན་པོ་དང་བཅས་པ་ཡང་མཐོང་ངོ་། །དེར་ཡང་རབ་ཏུ་འཇུག་པར་བྱེད་དེ། དམ་ཚིག་ཀྱང་འཛིན་པར་བྱེད་དོ། །ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། མངོན་པར་དབང་བསྐུར་བ་ཡང་སོ་སོར་ཐོབ་བོ། །རིག་སྔགས་དང་བཅས་པའི་དངོས་གྲུབ་རབ་ ཏུ་ཐོབ་བོ། །གསུམ་པར་རྨི་ལམ་མཐོང་བ་ན། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་མཐོང་སྟེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་བཅས་པ་རང་གི་རྒྱན་དང་དཀྱིལ་འཁོར་དུ་བརྟགས་པ་དང་། གཞལ་མེད་ཁང་རྒྱ་ཆེན་པོ་ དང་བཅས་པ་མཐོང་ངོ་། །དེ་ལ་ཡང་རྡོ་རྗེ་འཆང་རབ་ཏུ་འཇུག་པར་བྱེད་དོ། །དམ་ཚིག་གི་ཕྱག་རྒྱ་སྦྱིན་པར་བྱེད་དོ། །མངོན་པར་དབང་བསྐུར་བས་མངོན་པར་དབང་སྐུར་བར་བྱེད་དོ། །རིག་སྔགས་ཐམས་ཅད་དང་། དོན་ཡོད་པའི་རིམ་པར་ཕྱེ་བའི་དངོས་གྲུབ་ཆེན་པོ་དང་། མངོན་པར་ དབང་བསྐུར་བས་མངོན་པར་དབང་སྐུར་བར་བྱེད་དོ། །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཆེན་པོ་དང་། དམ་ཚིག་ཐམས་ཅད་སོ་སོར་ཐོབ་བོ། །བཞི་པར་རྨི་ལམ་མཐོང་བ་ན། ནོར་བུའི་རིགས་ཆེན་པོའི་དཀྱིལ་འཁོར་དང་ཕྱག་རྒྱའི་རིམ་པར་ཕྱེ་བ་དང་ཆོ་ག་ཞིབ་མོ་དང་། རང་གི་རྒྱན་དང་ དཀྱིལ་འཁོར་མཐོང་ངོ་། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལྷའི་ཚོགས་དང་དཀྱིལ་འཁོར་དུ་གནས་པའི་ལྷ་དང་། རིག་པའི་རྒྱལ་པོ་ཡང་མཐོང་སྟེ། དེ་ལ་ཡང་རབ་ཏུ་འཇུག་པར་བྱེད་དོ། །ཕྱག་རྒྱ་དང་། དམ་ཚིག་དང་། ཆོ་ག་དང་བཅས་པ་རྗེས་སུ་ཐོབ་སྟེ། མངོན་པར་དབང་བསྐུར་བ་ཡང་རབ་ཏུ་ཐོབ་བོ། །དངོས་གྲུབ་ཆེན་པོ་དང་མཆོག་སྦྱིན་ཡང་སོ་སོར་ཐོབ་ཅིང་ཐམས་ཅད་དུ་མངོན་པར་དབང་བསྐུར་བར་ཡང་འགྱུར་རོ། །ལྔ་པར་རྨི་ལམ་མཐོང་བ་ན་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་བརྟགས་པ་དང་། དོན་ཡོད་ཞགས་པའི་དཀྱིལ་འཁོར་དུ་བརྟགས་པ་དང་། པོ་ཊ་ལ་ཀའི་རིའི་གཞལ་མེད་ཁང་དང་བཅས་པ་མཐོང་ངོ་། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། ལྷ་དང་བཅས་པ་དང་། རིག་པའི་རྒྱལ་པོའི་དཀྱིལ་འཁོར་ཀྱི་ལྷ་རྣམས་མཐོང་སྟེ། དེ་ལ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་ཉིད་སེམས་ ཅན་དེ་ལ་རབ་ཏུ་འཇུག་པར་བྱེད་དོ། །དམ་ཚིག་དང་ཕྱག་རྒྱ་དང་། དཀྱིལ་འཁོར་དང་གསང་སྔགས་དང་གཟུངས་ཀྱི་དངོས་གྲུབ་སོ་སོར་ཐོབ་པོ། །རང་ཉིད་ཀྱང་དོན་ཡོད་པའི་རིག་སྔགས་ཀྱི་དབང་གིས་མངོན་པར་དབང་བསྐུར་ཏེ། མངོན་པར་དབང་སྐུར་བར་བྱེད་དོ། །ཆོ་ག་ཞིབ་མོ་ཐམས་ཅད་ དང་། དངོས་གྲུབ་ཀྱང་རྗེས་སུ་སྩོལ་བར་བྱེད་དོ། །མཆོག་ཐམས་ཅད་རབ་ཏུ་སྦྱིན་པ་སོ་སོར་ཐོབ་བོ། །དྲུག་པར་རྨི་ལམ་མཐོང་བ་ན། དཀྱིལ་འཁོར་ཆེན་པོ་མཐོང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་བ་མཐོང་ངོ་། །གཞལ་མེད་ཁང་དང་བཅས་པའི་བྱང་ཆུབ་སེམས་ དཔའི་ཚོགས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མཐོང་སྟེ་དེ་ལ་ཡང་རབ་ཏུ་འཇུག་པར་བྱེད་དོ། །ཕྱག་རྒྱ་དང་གསང་སྔགས་དང་དམ་ཚིག་དང་མངོན་པར་དབང་བསྐུར་བ་སོ་སོར་ཐོབ་སྟེ། རིག་སྔགས་ ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྦྱིན་པ་སོ་སོར་ཐོབ་བོ། །བདུན་པར་རྨི་ལམ་ཆེན་པོ་མཐོང་བས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་རྡོ་རྗེའི་གདན་ལ་བཞུགས་པ་མཐོང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བ་མཐོང་ངོ་། །དེ་ལ་ཡང་དེ་བཞིན་ གཤེགས་པ་རྣམ་པར་སྣང་མཛད་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། རང་ཉིད་ཀྱི་ཕྱག་གིས་བཟུང་ནས། རབ་ཏུ་འཇུག་པར་བྱེད་དོ། །རང་ཉིད་མངོན་པར་དབང་བསྐུར་ཞིང་མངོན་པར་དབང་སྐུར་བར་བྱེད་དོ། །དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་དམ་ཚིག་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་དངོས་གྲུབ་ཀྱི་མཆོག་སྦྱིན་པ་རྗེས་སུ་སྩོལ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་སྟོན་པར་བྱེད་དོ། །ནད་སྣ་ཚོགས་པ་དང་ལྡན་པའི་འཇིག་རྟེན་པ་ཐམས་ཅད་རིག་སྔགས་འཆང་གི་རྒྱལ་པོ་གཅིག་པོར་འགྱུར་རོ། །སྐྱེ་བ་བརྗེ་བ་ འཆི་འཕོ་བའི་དུས་སུ་དྲན་པ་ཉེ་བར་གནས་ཤིང་དུས་བྱེད་པར་འགྱུར་རོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བའི་སྐལ་བ་དང་བཅས་པར་འགྱུར་རོ། །དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་མཆོད་པར་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཐོང་ནས་ཉེ་བར་སྟོན་པར་བྱེད་དོ། །ཐམས་ཅད་དུ་ཡང་དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་ཉེ་བར་སྟོན་པར་བྱེད་དོ། །ཐམས་ཅད་དུ་ཡང་། རང་གི་གསང་བ་དེ་བཞིན་གཤེགས་ པ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཉེ་བར་སྟོན་པར་བྱེད་དོ། །བསྐལ་བ་བརྒྱ་སྟོང་ཕྲག་གི་བར་དུ་ཡང་། སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཁྱུ་མཆོག་ཐམས་ཅད་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་བ་དང་། ཏིང་ངེ་འཛིན་དང་། གསང་བའི་དམ་ཚིག་དང་། དཀྱིལ་ འཁོར་གྱི་རིམ་པར་ཕྱེ་བ་དང་། གསང་སྔགས་དང་། གཟུངས་སྔགས་རྣམས་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །སྐྱེ་བ་སྐྱེ་བར་ཡང་རང་གི་བསོད་ནམས་ཀྱི་ལས་ཀྱི་ཚོགས་དགེ་བའི་རྩ་བ་རྗེས་སུ་དྲན་པར་འགྱུར་རོ། །ཐམས་ཅད་དུ་གནས་ཐམས་ཅད་ཡོངས་སུ་དག་པའི་ལས་ཀྱི་སྒྲུབ་ཐབས་ཀྱི་ཆོ་གའི་ དངོས་གྲུབ་ཏུ་འགྱུར་རོ་ཞེས་རྩ་བའི་སྙིང་པོའི་དངོས་གྲུབ་བླ་ན་མེད་པ་བཀླགས་པས་འགྲུབ་པའོ། །དེ་ནས་འདིའི་ཡོ་བྱད་དང་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་དངོས་གྲུབ་ཏུ་འགྱུར་རོ། །སྡིག་པ་ཐམས་ཅད་ངེས་པར་སྲེག་པ་ལ་བརྒྱ་རྩ་བརྒྱད་བཟླས་པའི་ སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །གང་དང་གང་གི་ལས་ཀྱི་སྒྲིབ་པ་རྣམས་རྗེས་སུ་བཅིངས་པར་འགྱུར་རོ། །དེ་ཡང་ཉི་མ་བདུན་གྱིས་རང་གི་ལུས་དེ་ཡང་རང་གི་གཟུགས་ཀྱིས་ངེས་པར་འགྲོ་སྟེ་མདུན་དུ་ཉེ་བར་འདུག་སྟེ་སྦྱིན་པར་བྱེད་པ་དང་། སྔོན་གྱི་སྒྲིབ་པ་ ཉེ་བར་བསགས་པ་འདི་དང་། སྡིག་པ་ཐམས་ཅད་ཡོངས་སུ་ཟད་པ་ཉིད་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། བདག་ཞུམ་པ་དང་འཁྲུགས་པ་མཐའ་དག་བཟླས་པ་ཙམ་གྱིས་ཡང་དག་པར་སྨྲ་བར་བྱེད་ཅིང་མི་སྣང་བར་བྱེད་དོ། །རིམས་ཐམས་ཅད་ལ་སྐུད་པ་དཀར་པོ་ལ་ མདུད་པ་ཉི་ཤུ་རྩ་གཅིག་བྱ་སྟེ། བརྒྱ་རྩ་བརྒྱད་བཟླས་པས་རིམས་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ། །ནད་ཐམས་ཅད་ལ་བྱབས་པས་ཡོངས་སུ་གྲོལ་བར་བྱེད་དོ། །མཚོན་ཆས་སམ་རྨ་བྱའི་སྒྲོས་སམ། མདའ་ཡིས་ཡང་རུང་སྟེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ། །གདོན་ཐམས་ཅད་ ལ་ཚོན་སྐུད་སྣ་ལྔའི་སྐུད་པ་ལ་མདུད་པ་ལན་ཉི་ཤུ་རྩ་གཅིག་བྱས་ཏེ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱས་ཏེ་གདོན་གྱིས་ཟིན་པ་དེའི་མགུལ་བར་བཅིངས་ཏེ་ལན་བདུན་དུ་བྱ་བ་པར་བྱའོ། །གུ་གུལ་བདུག་པ་སྦྱིན་པར་བྱ། བཟླས་བརྗོད་ལན་བདུན་བྱ་བཞིན་པ་དང་བཅས་པས་གང་དང་གང་གི་ གདོན་གྱིས་ཟིན་པར་གྱུར་པ་དེ་ཡང་རང་གི་ལུས་ཀྱིས་ངེས་པར་འགྲོ་སྟེ། རིག་སྔགས་འཆང་གི་མདུན་དུ་ཉེ་བར་འདུག་ནས་ཐམས་ཅད་སྨྲ་བར་བྱེད་དོ། །རང་གིས་དྲིས་པ་དེ་ཐམས་ཅད་སྨྲ་བར་བྱེད་དོ། །བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །འཐབ་པ་དང་། འཐབ་རྩོད་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །གཞན་ཡང་བསམ་གཏན་དང་། སྦྱིན་སྲེག་གིས་ཡོངས་སུ་གྲོལ་ལོ། །ཁར་མུར་ཏེ། རྒྱལ་པོའི་ཁབ་ཏུ་ཞུགས་ན་རྒྱལ་པོ་འཁོར་དང་བཅས་པ་དབང་དུ་གྱུར་ནས་གནས་སོ། །དུག་འཐུངས་པས་ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་ བྱ་སྟེ་དུག་མེད་པར་འགྱུར་རོ། །དུག་གིས་ཟོས་པ་ལ་བྱབ་པར་བྱ་སྟེ། དུག་མེད་པར་འགྱུར་རོ། །དུག་དང་བྱད་སྟེམས་དང་། གསང་སྔགས་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་ལ་དྲི་དང་བསྲེས་པའི་བུམ་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་པ་བྱས་ལ་བཀྲུ་བར་བྱ་སྟེ། བཀྲུས་པ་ཙམ་ གྱི་མདོ་ལ་ཐམས་ཅད་ཉམས་པར་བྱེད་དོ། །གང་ཡང་ལུས་ཟད་པ་དང་ཉམས་པ་དང་། བསྐམས་པ་དང་། རྒྱལ་པོའི་དཔལ་མེད་པ་དང་། ལུས་ཡོངས་སུ་གདུངས་པ་ལ་རིག་སྔགས་འཆང་དེས་མ་རེག་པས་དྲིའི་ཆུས་ཡོངས་སུ་གང་བའི་བུམ་པ་དགུ་ཡུངས་ཀར་གྱིས་གཏོར་ཏེ་སྟོང་ཕྲག་ བརྒྱད་ཡོངས་སུ་བཟླས་བརྗོད་བྱའོ། །དེ་ནས་ཨཱནྟ་ར་སཔྟ་དང་། བཱི་ཀ་དང་། ཨཱ་ཊ་དང་། བིལ་བ་དང་། ཤུ་ཏི་དང་། ཉེའུ་ཤིང་དང་། ཨེ་ཀསྠཱ་ན་དང་། མོ་ལོ་ཀྱ་དང་། ལུས་ཀྱི་མར་གྱིས་བསྐུ་མཉེ་བྱས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། ཨཱ་ཊ་བྱུག་པར་བྱའོ། །གཟུགས་ བརྙན་བྱ་སྟེ། གོང་བུ་དེ་མཚོན་ཆས་དུམ་བུ་བརྒྱད་དུ་བྱ་སྟེ། སྣོད་ཡོངས་སུ་གང་བ་བཞིར་འཕང་བར་བྱ་ཞིང་། སྣོད་གང་བ་བཞི་མཚམས་བཞིར་འཕང་བར་བྱའོ། །དེ་ནས་སྙིང་པོས་ལན་བརྒྱ་རྩ་བརྒྱད་དུ་བྱབ་པར་བྱའོ། །དེ་ནས་ནེའུ་སིང་སྔོན་པོ་གང་དུ་ཆུ་རྒྱུན་འབབ་པར་དྲིའི་ཆུའི་བུམ་ པས་ཁྲུས་བྱས་ཤིང་གོས་དཀར་པོ་དགུས་གཡོགས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་། དཀོན་མཆོག་གསུམ་ལ་མཆོད་པ་བྱའོ། །ཇི་ལྟར་འབྱོར་པའི་བྲམ་ཟེའི་སྟོན་མོ་ཡོན་དང་བཅས་པ་བྱའོ། །དེ་ནས་རང་ཉིད་བྱམས་པ་དང་ལྡན་པར་བྱའོ། །ཇི་ ལྟར་འབྱོར་པ་གྱ་ནོམ་པ་གྱ་ནོམ་པས་དཀར་བའི་ཟས་ཀྱི་བཟའ་བ་དང་བཏུང་བས་ཚིམ་པར་བྱའོ། །དེ་ནས་དཔལ་མེད་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ཀྱིས་མི་རེག་པ་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲིབ་གནོན་དང་། བརྗེད་བྱེད་དང་། གཟའ་དང་ལོག་འདྲེན་གྱིས་ཟིན་པ་ལས་ཡོངས་སུ་གྲོལ་ལོ། །བཟའ་ཉེས་དང་། འགོམ་ཉེས་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ། །ལུས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐམས་ཅད་དུ་འཇིགས་པ་འཇིགས་ པར་བྱེད་པའི་འཇིགས་པ་མེད་པར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །རིང་དུ་འཚོ་བར་འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྐྱེ་བ་བརྗེས་ནས་བདེ་བ་ཅན་གྱི་འཇིག་རྟེན་ གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟག་ཏུ་ཡང་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་ལྷ་ཐམས་ཅད་ཀྱིས་ཇི་སྲིད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་འཛིན་པར་འགྱུར་རོ། ། མིག་ན་བ་ལ་པ་ལཱ་ཤའི་ཆུ་དང་། ཤིང་མངར་གྱི་ཆུ་དང་། དྲི་མ་མེད་པའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱར་བར་བྱ་སྟེ་མིག་ནད་འཕྲལ་དུ་ཞི་བར་བྱེད་དོ། །མགོ་བོའི་ཟུག་རྔུ་དང་། གཞོགས་ཕྱེད་ན་བ་ལ། མར་དང་ཏིལ་མར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་ འཇམ་པར་བསྲོས་པས་སྨན་ཤུ་ཏི་ལ་བསྒོས་ནས་མགོ་ལ་བསྐུ་མཉེ་བྱས་ན། མགོ་བོའི་ནད་ཐམས་ཅད་དང་། གཞོགས་ཕྱེད་ན་བའི་ནད་ཐམས་ཅད་ཡོངས་སུ་གྲོལ་ལོ། །སོའི་ཟུག་རྔུ་ལ་མེ་ཏོག་སྣ་མ་དང་། སོ་ཤིང་ལ་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ནས་བཟའ་བར་བྱས་ན་སོའི་ཟུག་རྔུ་ ཡོངས་སུ་གྲོལ་ལོ། །རྣ་བའི་ཟུག་རྔུ་ལ། ཤུ་ཏི་དང་ཏིལ་མར་ལ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་བཀང་བར་བྱ་སྟེ་རྣ་བའི་ཟུག་རྔུ་ཐམས་ཅད་ཡོངས་སུ་གྲོལ་ལོ། །ཁ་ན་བ་ལ། སྨན་མ་ཤཱུ་རོའི་ཆུ་དང་། མར་ལ་བརྒྱ་རྩ་བརྒྱད་བཟླས་ནས་འཇམ་པར་བསྲོས་པ་བཏུང་བར་བྱ་སྟེ་ཁའི་ ནད་ཐམས་ཅད་ཡོངས་སུ་གྲོལ་ལོ། །ལྟོ་བའི་ཟུག་རྔུ་ལ་ལན་ཚྭ་དང་ཆུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་བཏུང་བར་བྱ་སྟེ་ལྟོ་བའི་ཟུག་རྔུ་ཡོངས་སུ་གྲོལ་ལོ། །སྙིང་གི་ཟུག་རྔུ་ལ། སོ་སོ་རྩ་ལམ་དང་། གོ་སྙོད་དང་པུ་སྐ་རའི་རྩ་བ་རྣམས་བཞི་འགྱུར་གྱི་ཆུའི་སུམ་ཆ་ལྷག་མར་ ལུས་ཀྱི་བར་དུ་བསྐོལ་བར་བྱས་ནས་བཏུང་བར་བྱའོ། །ལན་བརྒྱད་བཟླས་པས་སྙིང་གི་ཟུག་རྔུ་དང་། གཞོགས་ན་བ་དང་། མཆིན་པ་ན་བ་དང་། མཚན་བར་རྡོལ་བ་དང་། གསུད་པ་དང་སྐྱུག་བྲོ་བ་དང་། གཅིན་ནད་རྣམས་ཏེ། དེ་བཞིན་དུ་ནད་ཐམས་ཅད་འཕྲལ་དུ་སེལ་བར་འཇིག་རྟེན་གྱི་ མགོན་པོས་འདི་གསུངས་སོ། །རྒྱལ་པོའི་འཇིགས་པས་འཇིགས་པ་རྣམས་ཀྱིས་ཡུངས་ཀར་ལ་ཡོངས་སུ་བཟླས་ནས་རྒྱལ་པོ་རྣམས་ཀྱི་སྒོར་གཏོར་བར་བྱ་སྟེ། རྒྱལ་པོའི་འཇིགས་པའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་ཏེ། ཐམས་ཅད་དུ་ཡང་རྒྱལ་བ་སྟེར་བར་འགྱུར་ རོ། །ན་ལེ་ཤམ་ལ་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ། ན་ལེ་ཤམ་གྱི་འབྲས་བུ་ཁའི་རྩེ་མོར་བཅུག་སྟེ་བཅངས་ན། གང་སྨྲས་པ་དེ་དབང་དུ་འགྱུར་རོ། །གང་བླངས་པ་དེ་སོ་སོར་རྙེད་དོ། །གནས་ཐམས་ཅད་དུ་འགྲོ་བ་རྣམས་ལ་རྒྱལ་བའི་མཆོག་ཆེན་པོ་སྦྱིན་པར་འགྱུར་རོ། །ཀླུའི་ཆར་ འབེབས་པ་ལ་བལ་པོ་སེའུའི་ལྕུག་མས་བྱ་སྟེ་གང་དུ་འདོད་པ་དེར། ཀླུའི་ཆར་འབེབས་སོ། །ཀླུའི་མཚོར་སོང་ནས་མཚན་མོ་བདུན་དུ་ཞོ་དང་། སྦྲང་རྩི་དང་། མར་དང་། ཡུངས་ཀར་གྱི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་དུ་བྱས་ན། གཏེར་ཆེན་པོ་རྙེད་པར་འགྱུར་རོ། །དབང་ཕྱུག་ཐོབ་ པ་ལ་འབྲས་ཡོས་དང་། ཡུངས་ཀར་དང་། མར་དང་བསྲེས་པས་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་དུ་བྱས་ན་དབང་ཕྱུག་ཆེན་པོ་སོ་སོར་ཐོབ་པར་འགྱུར་རོ། །དགྲ་འཇོམས་པ་ལ་སཱ་ལུའི་ཕུབ་མ་དང་། ལན་ཚྭ་དང་། ཚ་བའི་ཏིལ་མར་དང་། བསྲེས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ དགྲ་ཐམས་ཅད་མེད་པར་འགྱུར་རོ། །དགྲ་རྣམས་ཐམས་ཅད་རབ་ཏུ་འདུལ་བར་འགྱུར་རོ། །སྐྲོད་པར་འདོད་པས། དེ་ཉིད་ཀྱི་ཐལ་བ་ལས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། དགྲའི་སྒོར་གཏོར་བར་བྱ་སྟེ། མཚན་མོ་གཅིག་ཏུ་མི་གནས་ཏེ། ཕྱོགས་དང་ཕྱོགས་མཚམས་རྣམས་ སུ་འབྲོས་པར་བྱེད་དོ། །འཁྲུག་པའི་གཡུལ་ངོར་འཇུག་པར་འདོད་པས་ཡུངས་ཀར་ལ་ལན་སྟོང་ཕྲག་བརྒྱད་དུ་ཡོངས་སུ་བཟླས་ཏེ། འཁྲུག་པའི་གཡུལ་ངོའི་དབུས་སུ་གཏོར་བར་བྱ་སྟེ། ཐམས་ཅད་དུ་རྨུགས་པ་དང་། རེངས་པ་དང་། རྨོངས་པར་འགྱུར་ཏེ་ཐམས་ཅད་དུ་རྒྱལ་བ་སྟེར་ བར་འགྱུར་ཞིང་། ཐམས་ཅད་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འབྲོས་པར་བྱེད་དོ། །གནས་ན་གནས་པ་ཐམས་ཅད་ཀྱི་ཡང་རྒྱལ་བ་སྟེར་བར་འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པར་འགྱུར་རོ། །ལྡོང་རོས་ལ་ལན་ སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ཏེ། མིག་གི་མིག་སྨན་དུ་བྱས་ན་མི་སྣང་བར་འགྱུར་ཏེ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱིས་མི་མཐོང་བར་འགྱུར་རོ། །གི་ཝཾ་ལ་ལན་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ཏེ་ཐིག་ལེ་བྱས་ནས་བུ་ག་ཐམས་ཅད་དུ་རབ་ཏུ་ འཇུག་པར་བྱེད་ཅིང་། བུ་གའི་སྒོ་ཐམས་ཅད་བྱེ་སྟེ་སྒོར་གནས་པར་བྱེད་དོ། །གང་དུ་འདོད་པ་དེར་འཇུག་པར་བྱེད་དོ། །གི་ཝཾ་གིས་སྙིང་གར་ཐིག་ལེ་བྱས་ནས། གང་དུ་འཇུག་པར་བྱེད་པ་དེ་དང་དེ་ཉིད་དུ། མཆོད་པ་ཆེན་པོར་འགྱུར་ཏེ། ནོར་ཆེ་བ་དང་། འབྲུ་འཕེལ་བ་ཐོབ་བོ། །ལག་པ་གཉིས་ལ་ བྱུགས་པས་གང་ལ་རེག་པ་དེ་དབང་དུ་འགྱུར་ཏེ། གང་བླངས་པ་དེ་ཐམས་ཅད་སོ་སོར་རྙེད་དོ། །རྒྱལ་པོ་དབང་དུ་བྱེད་པར་འདོད་པས། ལག་པ་གཡས་པ་ལ་གི་ཝཾ་གིས་བྱུགས་ནས་ལན་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ། རྒྱལ་པོའི་སྒོ་ལ་ཐལ་ལྕག་སྦྱིན་པར་བྱ་སྟེ། རྒྱལ་པོ་དང་བཙུན་ མོ་སྲས་དང་འཁོར་དང་བཅས་པ་བདག་ཉིད་དང་ནོར་གྱིས་ཀྱང་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱེད་པ་ལ་མེ་ཏོག་དང་འབྲས་བུ་ལ་ལན་སྟོང་ཕྲག་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ། ཡང་ན་མངག་པར་བྱ་སྟེ། འཕྲལ་ཉིད་དུ་དབང་དུ་བྱེད་པར་འགྱུར་རོ། །གང་དུ་འདོད་པ་ དེ་དང་དེ་ཉིད་དུ་འགྲོའོ། །སླར་ཡང་འོང་ངོ་། །ཡང་ན་མིང་སྨོས་པས་ནམ་མཁའ་ལ་འཕང་བར་བྱ་སྟེ། གང་གི་མིང་སྨོས་པ་དེ་འགུགས་པར་འགྱུར་ཞིང་། མཚན་མོ་འོང་བར་བྱེད་དོ། །མཐུ་སྟོབས་ཀྱིས་སླར་ཡང་ཕྱིར་ལྡོག་སྟེ་འགྲོའོ། །སྐྱེས་པ་དབང་དུ་བྱེད་པ་ལ། ཛཱ་ཏི་དང་སྣ་མའི་མེ་ ཏོག་ལ་ལན་བདུན་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱའོ། །ཡང་ན་མངག་པར་བྱ་སྟེ། རེག་པ་ཙམ་གྱིས་བདག་ཉིད་དང་ནོར་གྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ། །གང་སྨྲས་པ་དང་། གང་བླངས་པ་དེ་ཐམས་ཅད་བྱེད་དོ། །འབངས་དང་ཅི་བསྒོ་བ་བྱེད་པར་འགྱུར་རོ། །གཞོན་ནུ་མ་དབང་དུ་ བྱེད་པ་ལ། འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་བའམ། མངག་པར་བྱ་སྟེ་བཟུང་བ་ཙམ་གྱིས་དབང་དུ་འགྱུར་རོ། །གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་ཞིང་ཇི་སྲིད་འཚོ་བར་ཉེ་བར་གནས་པར་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ། བ་ཤ་ཀའི་མེ་ ཏོག་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། སྦྱིན་པར་བྱ་སྟེ་དབང་དུ་གྱུར་ནས་ཉེ་བར་གནས་སོ། །བྲམ་ཟེ་དབང་དུ་བྱེད་པས་ཞོ་དང་འོ་མའི་བཟའ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། བྲམ་ཟེ་དབང་དུ་བྱེད་པ་གྲུབ་བོ། །རྒྱལ་རིགས་དབང་དུ་བྱེད་པ་ ལ། བུ་རམ་དང་འོ་མ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་དབང་དུ་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ། གང་དང་གང་གི་བཟའ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་སྟེ་ཟོས་པ་ཙམ་གྱི་མོད་ལ་དབང་དུ་འགྱུར་རོ། །རང་གི་འདོད་པའི་བྱ་བ་ གཞན་རྣམ་པ་སྣ་ཚོགས་པ་བྱ་བ་རྣམས་ནི་བཀླགས་པས་གྲུབ་པར་འགྱུར་རོ། །དོན་ཡོད་པདྨའི་ཆུ་སྐྱེས་ཀྱི་རྩ་བའི་སྙིང་པོའི་ཡོ་བྱད་དང་ཆོ་གའི་སྒྲུབ་ཐབས་སོ། །དེ་ནས་དོན་ཡོད་པའི་ཕྱག་རྒྱ་དབང་བསྐུར་བའི་གཟུངས་ཀྱི་ཡོ་བྱད་དང་། ཆོ་གར་འགྱུར་ཏེ། གཟུངས་འདིའི་རིག་སྔགས་འཆང་གིས་ དྲན་པ་ཙམ་དང་། བཀླགས་པ་དང་། ཕྱག་རྒྱ་བཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་གསང་བའི་ཕྱག་རྒྱ་དང་། དབང་བསྐུར་བའི་ཕྱག་རྒྱ་དྲན་པར་འགྱུར་རོ། །རིག་པའི་རྒྱལ་པོའི་གཟུངས་སྟོང་ཕྲག་བཟླས་པ་འདིས་དུས་གསུམ་དུ་གཤེགས་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་གསང་བའི་ཕྱག་རྒྱས་མངོན་པར་དབང་དུ་བསྐུར་བར་འགྱུར་རོ། །རིག་སྔགས་འཆང་དེས་ཀྱང་དང་པོར་རྨི་ལམ་གྱི་ནང་དུ་མཐོང་ངོ་། །དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་ཡིད་བཞིན་ནོར་བུའི་ཕྱག་རྒྱའི་ དབང་བསྐུར་བས། མངོན་པར་དབང་སྐུར་བར་བྱེད་དོ། །དེ་ཡང་དེ་བཞིན་གཤེགས་པའི་རིགས་ཀྱིས་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ལ་རབ་ཏུ་འཇུག་པར་བྱེད་དོ། །དེ་བཞིན་གཤེགས་པ་རང་རང་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་དབང་བསྐུར་བ་ རྗེས་སུ་སྦྱིན་པར་འགྱུར་རོ། །ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་མཛད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སྒོ་རྣམས་བྱེ་བར་གྱུར་པའི་སྒོར་མཐོང་ངོ་། །གང་དུ་འདོད་པ་དེར་འཇུག་གོ། །དེས་ཀྱང་དེ་བཞིན་གཤེགས་པའི་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རིག་སྔགས་འཆང་དེ་སྲིད་འཚོའི་བར་ཏུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་མཐོང་བ་དང་ལྡན་པར་གནས་སོ། །སྟོང་ཕྲག་གཉིས་པ་བཟླས་པས། གཉིས་པར་རྨི་ལམ་མཐོང་བར་བལྟའོ། །པདྨའི་རིགས་ཀྱི་དཀྱིལ་ འཁོར་གང་ལ་ཡང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་། གཟུངས་དང་། གཞལ་མེད་ཁང་མཐའ་དག་ཡོངས་སུ་རྫོགས་པར་མཐོང་ངོ་། །དེར་ཡང་དུས་གསུམ་དུ་གཤེགས་པའི་གཞལ་མེད་ཁང་ཐམས་ཅད་མཐོང་ངོ་། །དེ་བཞིན་གཤེགས་པའི་གཞལ་མེད་ཁང་མཐོང་ངོ་། །དེ་ལ་ཡང་དེ་བཞིན་ གཤེགས་པ་པདྨའི་རིགས་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའི་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་རོ། །རང་རང་གི་དེ་བཞིན་གཤེགས་པའི་གསང་བའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་རྣམས་སྟོན་པར་མཛད་དོ། །རིག་སྔགས་འཆང་ རང་ཉིད་ལ་ཡང་། མངོན་པར་དབང་སྐུར་བར་བྱེད་དོ། །ལེགས་སོ་ལེགས་སོ། །ཞེས་བྱ་བའི་སྒྲ་རྗོད་པར་བྱེད་དོ། །པདྨོ་ཡངས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་ཡིད་ བཞིན་གྱི་ནོར་བུ་ཆེན་པོའི་ཕྱག་རྒྱས་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་ཞིང་། ཡོངས་སུ་འཛིན་པར་ཡང་འགྱུར་རོ། །སྟོང་ཕྲག་གསུམ་པ་བཟླས་པས་རྨི་ལམ་ཆེན་པོ་གསུམ་པ་བསྟན་པ་མཐོང་སྟེ། གཞལ་མེད་ཁང་མཐའ་དག་ཏུ་རབ་ཏུ་གནས་པའི་རྡོ་རྗེའི་རིགས་ ཀྱི་ཕྱག་རྒྱ་དང་། མངོན་པར་དབང་བསྐུར་བ་རྗེས་སུ་སྩོལ་བར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དུས་གསུམ་དུ་གཤེགས་ཤིང་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པའི་ཡིད་བཞིན་གྱི་ནོར་བུ་རྡོ་རྗེ་བྱིན་གྱིས་རློབ་པའི་མངོན་པར་དབང་བསྐུར་བ་དང་ཕྱག་རྒྱ་ཡང་མཐོང་ངོ་། །དེ་ ཡང་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་རྡོ་རྗེའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བས། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་སྐུར་བར་མཛད་དོ། ། རང་རང་རྣམས་ཀྱང་རྡོ་རྗེའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་རྗེས་སུ་སྩོལ་བར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་དམ་ཚིག་ལ་རབ་ཏུ་འཇུག་པར་མཛད་དོ། །རྡོ་རྗེ་བྱིན་གྱིས་བརླབས་པའི་མངོན་པར་དབང་བསྐུར་བ་ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་རིགས་ཡང་དག་པར་བྱིན་གྱིས་རློབ་པའི་དངོས་གྲུབ་ཉེ་བར་སྟོན་པར་མཛད་དོ། །ཐམས་ཅད་དུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱས་མངོན་པར་དབང་སྐུར་བར་འགྱུར་རོ། །སྟོང་ཕྲག་བཞི་པ་བཟླས་པས་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་དབང་བསྐུར་ བ་ཐོབ་བོ། དེ་ལ་ཡང་ནོར་བུའི་རིགས་ཆེན་པོའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་དབང་བསྐུར་བ་ཐོབ་པོ། །རྨི་ལམ་སྟོན་པ་དེ་ཡང་དུས་གསུམ་པའི་དེ་བཞིན་གཤེགས་པ་ནོར་བུའི་ཕྱག་རྒྱས་དབང་བསྐུར་བའི་དཀྱིལ་འཁོར་རྣམས་མཐོང་ངོ་། །དུས་གསུམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ ཐམས་ཅད་ཀྱང་། རིགས་སྔགས་འཆང་དེ་ལ་ནོར་བུའི་རིགས་ཀྱི་དམ་ཚིག་གསང་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། མངོན་པར་དབང་བསྐུར་བས་ཡང་མངོན་པར་དབང་སྐུར་བར་བྱེད་དོ། །རང་རང་རྣམས་ཀྱང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ནོར་བུ་གསང་བའི་ཕྱག་རྒྱས་ དབང་བསྐུར་བ་གཙུག་གི་ནོར་བུ་བྱིན་གྱིས་རློབ་པ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་སྐུར་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ནོར་བུའི་དཀྱིལ་འཁོར་རྣམས་ཉེ་བར་སྟོན་པར་མཛད་དོ། །ཡིད་བཞིན་གྱི་ནོར་བུའི་དངོས་གྲུབ་ཀྱི་དམ་ ཚིག་གི་དབང་བསྐུར་བ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་བྱའོ། །ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་ཅིང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཇི་སྲིད་སངས་རྒྱས་ཀྱི་བར་དུ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པར་ཡང་དག་པར་དགོངས་པར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་གསང་བའི་སྙིང་པོའི་མཆོག་ཏུ་འགྱུར་རོ། །བཟླས་པ་ལྔ་པས་ རྨི་ལམ་ཆེན་པོའི་ཕྱག་རྒྱ་སྟོན་པར་བྱེད་པ་ནི། དཀྱིལ་འཁོར་ཆེན་པོ་མཐའ་དག་རྫོགས་པར་ཕྱིར་མི་ལྡོག་པའི་གནས་ཀྱི་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པ་ཆེན་པོའི་དཀྱིལ་ འཁོར་ཆེན་པོར་མངོན་པར་དབང་སྐུར་བར་མཛད་དོ། །དཀྱིལ་འཁོར་ཐམས་ཅད་དང་། ཕྱག་རྒྱ་ཆེན་པོ་མངོན་པར་དབང་བསྐུར་བར་འགྱུར་རོ། །བཟླས་པ་དྲུག་པས་རྨི་ལམ་ཡང་དག་པར་སྟོན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་རྡོ་རྗེའི་གདན་བྱིན་ གྱིས་རློབ་པས་བྱིན་གྱིས་བརླབས་ཏེ། མངོན་པར་དབང་བསྐུར་བར་འགྱུར་རོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་མཐོང་སྟེ་སེང་གེའི་གདན་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་རང་རང་གི་རིག་སྔགས་འཆང་ཕྱིར་མི་ལྡོག་པར་མངོན་པར་ དབང་སྐུར་བར་མཛད་དོ། །ལེགས་སོ་ལེགས་སོ་ཞེས་བྱ་བའི་གསུང་རྗོད་པར་མཛད་དོ། །དགོངས་པ་ཆེར་བརྟན་པས་དགོངས་པར་འགྱུར་རོ། །ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་རོ། །བཟླས་པ་བདུན་པས་ རྨི་ལམ་ཆེན་པོ་སྟོན་པས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བ་དང་། དམ་པའི་ཆོས་ཀྱི་ཆར་འབེབས་པ་དང་། ཆོས་ཀྱི་སྒྲོན་མེ་སྦར་བ་དང་། ཆོས་ཀྱི་རྒྱལ་མཚན་སྒྲེང་བ་དང་། དམ་པའི་ཆོས་ཀྱི་དུང་ འབུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོས་མངོན་པར་དབང་བསྐུར་བ་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བ་དང་། ཕྱག་རྒྱས་དབང་བསྐུར་བས་མངོན་ པར་དབང་སྐུར་བར་མཛད་དོ། །ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་མཛད་དོ། །ཕྱག་རྒྱ་ཆེན་པོ་དང་དཀྱིལ་འཁོར་དང་། ཀུན་ནས་གསང་བ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་དང་མངོན་པར་དབང་སྐུར་བར་མཛད་དོ། །དེ་བཞིན་དུ་བཀླགས་ པ་དང་། བཟླས་པ་ཙམ་གྱིས་ཆོ་ག་དང་ལས་ཀྱི་འབྲས་བུ་སྟོན་པར་མཛད་དོ། །དོན་ཡོད་པའི་ནོར་བུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུངས་ཀྱི་རྣམ་པར་འཕྲུལ་པའི་ཆོ་ག་འདི་ཡང་རྣམ་པར་སྤྱོད་པར་འགྱུར་རོ། །འདི་བཀླགས་པ་དང་དྲན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་རྗེས་སུ་འཇུག་པར་འགྱུར་རོ། །ཐམས་ཅད་དུ་གནས་ལ་གནས་པའི་དམ་ཚིག་ཤེས་པར་འགྱུར་རོ། །བཟླས་པ་ཙམ་གྱི་མོད་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་ནས་སྨོས་ནས་མངོན་སུམ་དུ་ སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྟོན་པར་མཛད་པར་འགྱུར་རོ། མཚན་སྨོས་ནས་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ བའི་མཆོག་ཏུ་འགྱུར་རོ། །སྡིག་པ་དང་སྒྲིབ་པ་དང་། གདུག་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལ་སོགས་པ་སྔོན་གྱི་སྡིག་པ་དང་། སྒྲིབ་པ་རྣམ་པར་འཇོམས་པར་བྱེད་དོ། །བཀླགས་པ་ཙམ་དང་། ལན་ཅིག་བཟླས་པ་ཙམ་གྱིས་དེ་ཐམས་ཅད་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ། །སེམས་ཅན་གྱི་སྡིག་པའི་ཆོས་གང་ཅུང་ཟད་ཀུན་ཏུ་སྤྱད་པ་དང་། མཚམས་མེད་པ་ལྔ་བྱེད་པ། མནར་མེད་པ་ལ་མཆོག་ཏུ་གཞོལ་བའི་སེམས་ཅན་དེའི་མདུན་དུ་ལན་གསུམ་དུ་དབྱངས་གསང་བསྟོད་པས་བརྗོད་ཅིང་། དྲན་པར་བྱ་སྟེ་དེའི་ སྒྲ་ཐོས་པ་ཙམ་གྱི་མོད་ལ་སྡིག་པ་དང་། སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པར་སོད་བ་ཐམས་ཅད་དང་། མནར་མེད་པ་ལ་མཆོག་ཏུ་གཞོལ་བ་རྣམས་ཡོངས་སུ་དག་པར་འགྱུར་རོ། །སེམས་ཅན་དེ་ཡང་སྡིག་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཡང་ན་སྡིག་ པ་ཅན་གྱི་སེམས་ཅན་ཤི་བར་གྱུར་པས་བསོད་ནམས་ཀྱི་དོན་དུ་བསོད་ནམས་འདོད་པས་སེམས་ཅན་དེའི་དོན་དུ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་སེམས་ཅན་དེའི་དོན་དུ་རོ་བསྲེག་པའམ་མཆད་པའམ། སྦས་པའམ། རུས་པའི་རྐང་རུས་སམ། དུར་ཁྲོད་ཀྱི་དབུས་ སུ་དེའི་སྟེང་དུ་གདབ་ཅིང་དེར་གཏོར་བར་བྱའོ། །གཏོར་བ་ཙམ་གྱི་མོད་ལ་སེམས་ཅན་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ཉིད་དུ་སེམས་ཅན་དེའི་ལུས་ལ་བྱང་ཆུབ་ཆེན་པོའི་ཡན་ལག་གི་ཆུའི་དྲིའི་མཆོག་བསྒོས་པར་འགྱུར་རོ། །འཕྲལ་ཉིད་དུ་དམྱལ་བ་དང་། དུད་འགྲོ་ དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་ལུས་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་རོ། །དེར་ཡང་ངན་འགྲོ་རྣམས་ལས་འཕོས་པར་འགྱུར་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་ འགྱུར་རོ། །འདི་ལ་སོམ་ཉི་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །གང་གི་ཚེ་ནད་དྲག་པོས་ཐེབས་པར་གྱུར་པ་དེའི་ཚེ། རིག་སྔགས་འཆང་གིས་རྣ་བར་བཟླས་བརྗོད་བརྒྱ་རྩ་བརྒྱད་སྦྱིན་པར་བྱ་སྟེ། དེ་ཡང་ནད་ཡུན་རིང་པོ་ལས་གྲོལ་ཏེ་རང་གི་གནས་སུ་འགྱུར་རོ། །ནད་ཀྱི་སྡུག་བསྔལ་ ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སྤྱི་བོའི་གཙུག་ཏུ་ཕྱག་རྒྱས་བཏབ་སྟེ་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བྱ་སྟེ་འཕྲལ་ཉིད་དུ་ཡོངས་སུ་གྲོལ་ལོ། །གལ་ཏེ་ནག་པོ་ཆེན་པོས་རང་གི་ཕྱག་རྒྱས་བཏབ་ན་དེ་ལྟར་དེ་ཉིད་ལ་བལྟས་པས་ཕྱག་རྒྱ་ཐམས་ཅད་འབྱེད་པར་འགྱུར་རོ། ། གལ་ཏེ་ཡུན་རིང་དུ་མ་གྲོལ་ན་གང་གིས་ཕྱག་རྒྱས་བཏབ་པར་གྱུར་པ་དེ་མིག་གཉིས་པོ་དག་འབྱིན་པར་འགྱུར་རོ། །གདོན་གྱིས་ཟིན་པ་ཐམས་ཅད་ལ་ཚོན་སྐུད་སྣ་ལྔའི་སྐུད་པ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ནས་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་བཅིང་བར་བྱ་སྟེ། གདོན་དང་བརྗེད་ བྱེད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ནད་ཐམས་ཅད་ལ་སྐུད་པ་དཀར་པོས་བཅིང་བར་བྱ་སྟེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་དུ་འགྲོ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་ཁ་ ཏོན་ཏུ་བཟུང་ན་ཐམས་ཅད་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ན་ལེ་ཤམ་དང་། རྒྱ་སྤོས་དང་། རུ་རྟ་དང་། ཡུང་བ་གཉིས་དང་། རོའི་མིག་སྨན་ལ་སྔགས་སྟོང་རྩ་བརྒྱད་དུ་བཟླས་ལ་ཕྱེ་མ་ཞིབ་མོར་བྱས་ཏེ། མིག་སྨན་དང་མཉམ་པར་སྦྱར་ནས་གདོན་གྱིས་ཟིན་པ་རྣམས་ཀྱི་མིག་ལ་བསྐུས་ ན། བསྐུས་པ་ཙམ་གྱི་མོད་ལ་གདོན་ཐམས་ཅད་ཡོངས་སུ་གྲོལ་ལོ། །གལ་ཏེ་ཡུན་རིང་པོར་མ་གྲོལ་ན་གདོན་གྱི་མིག་གཉིས་འབྱིན་པར་འགྱུར་རོ། །རིམས་ཉིན་བཞི་པ་ལ་མིག་གཉིས་ལ་བསྐུ་བར་བྱའོ། །གལ་ཏེ་ཡུན་རིང་དུ་མ་གྲོལ་ན་མགོ་བོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། ། ལུས་ལ་མེ་འབར་བར་འགྱུར་རོ། །རིམས་ཐམས་ཅད་ལ་བསྐུས་པ་ཙམ་གྱིས་ཡོངས་སུ་གྲོལ་ལོ། །གལ་ཏེ་ཡུན་རིང་དུ་མ་གྲོལ་ན་མགོ་བོ་དུམ་བུ་བདུན་དུ་འགས་པར་འགྱུར་རོ། །དུག་གིས་ཟོས་པའི་མིག་ལ་བསྐུ་བར་བྱ་ཞིང་མངག་གཞུག་པར་བྱའོ། །དུག་འཐུངས་པ་ལ་བསྐུས་ན་དུག་མེད་ པར་འགྱུར་རོ། །ཤི་བའི་མིག་ལ་བསྐུས་ན་ལྡང་བར་འགྱུར་ཏེ། དེ་སྨྲ་བར་བྱེད་དོ། །ཆུ་དང་ཡུངས་ཀར་བརྡེགས་ན་སླར་ཡང་འགྱེལ་བར་བྱེད་དོ། །མགོ་བོའི་ཟུག་རྔུ་དང་། གཞོགས་ཕྱེད་ན་བ་རྣམས་ཀྱི་མིག་ལ་བསྐུ་སྟེ། ཕྱག་རྒྱ་ཐམས་ཅད་འཇིག་པར་བྱེད་དོ། །རྒྱལ་པོ་ཁྲོས་པ་གང་གིས་ སྐྱེ་བོ་གནས་ནས་འབྱིན་པ་དང་། དེ་བཞིན་དུ་མཚོན་ཆ་མང་པོ་འབབ་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོ་ཉིད་ལ་ཡང་འདིས་བསྐུས་པའི་མིག་གིས་བལྟས་ན་ཐམས་ཅད་དགའ་བར་འགྱུར་རོ། །དེ་རྣམས་ཐམས་ཅད་རྟག་ཏུ་དབང་དུ་གྱུར་ནས་གནས་ཏེ་འདི་ལ་ཐེ་ཚོམ་མི་བྱའོ། །དོན་ཡོད་པའི་ ཕྱག་རྒྱའི་དབང་བསྐུར་བའི་སྙིང་པོ་དང་གཟུངས་ཀྱི་ཆོ་གའི་སྒྲུབ་ཐབས་སོ། །དེ་ནས་དོན་ཡོད་པའི་དཀྱིལ་འཁོར་ཆེན་པོ་པདྨའི་དབང་བསྐུར་བའི་ནོར་བུའི་གཟུངས་ཀྱི་སྙིང་པོའི་ཡོ་བྱད་དུ་འགྱུར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རིགས་ཐུན་མོང་བར་རྗེས་སུ་འཇུག་པར་ འགྱུར་རོ། །སྟོང་རྩ་བརྒྱད་བཟླས་པས་མི་འཕམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་པདྨ་ཆེན་པོའི་དབང་བསྐུར་བ་ཡིད་བཞིན་གྱི་ནོར་བུའི་པདྨ་བཅིངས་པས་སྤྱི་བོར་མངོན་པར་དབང་བསྐུར་བར་འགྱུར་རོ། །དེ་ནས་དུས་གསུམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ བཟླས་པ་ཙམ་གྱི་མོད་ལ་དེའི་རྨི་ལམ་མཐོང་བ་ཉེ་བར་སྟོན་པར་བྱེད་དོ། །དཀྱིལ་འཁོར་ཆེན་པོ་ཡངས་པའི་རྣམ་པར་འཕྲུལ་པ་ཡང་དག་པར་མཐོང་བ་དང་ཆོ་འཕྲུལ་སྟོན་པར་བྱེད་དོ། །གཞལ་ཡས་ཁང་དང་བཅས། རྣམ་པར་འཕྲུལ་པ་དང་བཅས། ལྷའི་ཚོགས་དང་བཅས་པའི་རིག་པའི་ རྒྱལ་པོའི་དཀྱིལ་འཁོར་པའི་ལྷ་རྣམས་ཉེ་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དང་། པདྨའི་རིགས་ཀྱི་དཀྱིལ་འཁོར་དང་། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དང་། དོན་ཡོད་ ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་དེ་རྣམས་ཐམས་ཅད་ཀྱང་སོ་སོ་སོ་སོའི་དཀྱིལ་འཁོར་དུ་དབང་བསྐུར་བས་མངོན་པར་དབང་བསྐུར་རོ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ རྣམས་མཐའ་དག་ཉེ་བར་སྟོན་པར་བྱེད་དེ། ཇི་སྲིད་དུ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བའི་བར་གྱི་དཀྱིལ་འཁོར་ཉེ་བར་སྟོན་པར་བྱེད་དོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་དེ་རྣམས་ ཀྱིས་སོ་སོ་སོ་སོའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བས་མངོན་པར་དབང་སྐུར་བར་མཛད་དོ། །དཀྱིལ་འཁོར་གྱི་མཆོག་ཐམས་ཅད་དུ་མངོན་པར་དབང་བསྐུར་བས་མངོན་པར་དབང་སྐུར་བར་མཛད་དོ། །དེ་ནས་རིག་སྔགས་འཆང་དེ་དེ་ལྟ་བུའི་རྨི་ལམ་ཆེན་པོ་མཐོང་ནས། དགའ་ བ་ཆེན་པོ་རྒྱས་པར་འགྱུར་རོ། །དགའ་བ་དང་རབ་ཏུ་མགུ་བའི་སྙིང་དེས་ཀྱང་དོན་ཡོད་པ་པདྨའི་དྲི་མ་མེད་པའི་མངོན་པར་དབང་བསྐུར་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་། རིག་སྔགས་འཆང་དེ་ལ་ལེགས་སོ་ལེགས་སོ་ཞེས་རྗོད་པར་མཛད་ དེ། རིག་སྔགས་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་རིགས་ཐུན་མོང་བའི་དམ་ཚིག་གིས་མངོན་པར་དབང་བསྐུར་བས་ཁྱོད་མངོན་པར་དབང་བསྐུར་རོ། །གྲུབ་པ་ཐོབ་པ་དེ་རྣམས་རིག་སྔགས་འཆང་ཆེན་པོ་དང་དཀྱིལ་འཁོར་གྱི་གསང་བའི་རྗེས་སུ་འཇུག་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོར་འགྱུར་རོ་ཞེས་སོ་སོར་སད་དོ། །དེ་ནས་རིག་སྔགས་འཆང་གིས། བཟླས་པ་ཙམ་དང་བཀླགས་པ་ཙམ་གྱིས་དེ་མ་ཐག་པར་རྒྱ་ཆེན་པོའི་ཡོན་ཏན་གསལ་བ་དེ་ལྟ་བུ་སྐྱེ་བར་འགྱུར་རོ། །སླར་ཡང་འདིའི་གོང་ནས་གོང་དུ་རྣམ་པར་འཕྲུལ་པ་སྟོན་ པར་བྱེད་དོ། །རིག་སྔགས་འཆང་གང་ཡང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཡང་རུང་བར་གྱུར་ཀྱང་རུང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མར་གྱུར་ཀྱང་རུང་སྟེ་དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། དབང་བསྐུར་ བ་བྱེད་པར་འདོད་པ་དེས་གཟུངས་ཀྱི་སྙིང་པོ་འདིས་བགྲང་ཕྲེང་ངམ། ཅོད་པན་ནམ། དར་དཔྱངས་སམ། དབུ་རྒྱན་ལ་ལན་སྟོང་རྩ་བརྒྱད་དུ་ཡོངས་སུ་བཟླས་ཏེ་དེ་བཞིན་གཤེགས་པའི་དབུ་ལ་བཅིངས་ན། སྤྱན་རས་གཟིགས་དབང་ཕྱུག་གིས་མངོན་པར་དབང་བསྐུར་ཏེ། རིག་སྔགས་འཆང་དེའམ། རིགས་ ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས་གསང་བའི་དཀྱིལ་འཁོར་ཆེན་པོ་རེ་རེའི་དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རིན་པོ་ཆེ་སྣ་བདུན་ལས་བྱུང་ བའི་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ནོར་བུ་ཆེན་པོ་ཡིད་བཞིན་གྱི་ནོར་བུའི་རིན་པོ་ཆེའི་དབུ་རྒྱན་འོད་ཟེར་སྣ་ཚོགས་བརྒྱ་སྟོང་ཕྲག་འབར་བས་ཡང་དག་པར་བརྒྱན་པའི་དབུ་རྒྱན་ཆེན་པོ་དང་། དར་དཔྱངས་ཀྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དབང་བསྐུར་བར་འགྱུར་ཞིང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་མངོན་པར་དབང་བསྐུར་བར་འགྱུར་རོ། །དེ་ལྟར་རྒྱ་ཆེ་ཞིང་ཡངས་པ་ཆེ་བའི་གཞལ་མེད་ཁང་འདི་མཆོད་པ་དང་བསྙེན་བཀུར་བ་ཉེ་བར་གནས་པར་འགྱུར་རོ། །གང་གིས་དུས་གསུམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབང་བསྐུར་བ་དང་མཆོད་པ་དང་། བསྙེན་བཀུར་བ་ཆེན་པོར་བྱས་པར་འགྱུར་རོ། །སྙིང་པོ་འདི་བཟླས་པ་ཙམ་གྱིས་རིག་སྔགས་འཆང་གི་སྡིག་པ་དང་། སྒྲིབ་པ་དང་། གདུག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རྣམ་པར་ཉམས་པར་བྱེད། རྣམ་ པར་ཞིག་པར་བྱེད། ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་འགྱུར་རོ། །ཉོན་མོངས་པ་དང་། སྒྲིབ་པ་དང་བྲལ་ཞིང་ངེས་པར་གྲོལ་བར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སོགས་པར་འགྱུར་རོ། །དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །དངོས་གྲུབ་ཆེན་པོའི་མཆོག་ཏུ་ འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ། །མཆོད་པ་དང་། བསྙེན་བཀུར་བ་དང་། ཚིག་བཙུན་པར་འགྱུར་རོ། །སྡིག་པ་ཐུན་ཚགས་དང་བྲལ་བར་འགྱུར་རོ། །ལུས་ལ་དྲི་བཟང་པོ་འབྱུང་བར་འགྱུར་རོ། །རྟག་ཏུ་དེ་དྲན་པས་ཁ་ནས་ཨུཏྤ་ལའི་དྲི་འབྱིན་ནོ། །ལུས་ ཙནྡན་གྱི་དྲིས་བསྒོས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་མཆོག་ཏུ་བྱམས་པ་དང་། མཆོད་པའི་འོས་སུ་འགྱུར་རོ། །ཐམས་ཅད་དུ་དངོས་གྲུབ་ཆེན་པོའི་མཆོག་ཏུ་འགྱུར་རོ། །བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རབ་ཏུ་འདུལ་བར་འགྱུར་རོ། །འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་ཐམས་ཅད་མཐོང་བ་ཙམ་གྱིས་རིང་དུ་འབྲོས་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་སྦྱིན་པར་འགྱུར་རོ། །རྟག་ཏུ་ཡང་མཐོང་བར་འབྱུང་བར་འགྱུར་རོ། །རིག་པའི་ རྒྱལ་པོ་ཡང་རྟག་པར་རྒྱུན་དུ་རྗེས་སུ་འབྲང་བར་འགྱུར་རོ། །དུས་རྒྱུན་དུ་རྟག་ཏུ་མཐོང་བ་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་རྗེས་སུ་འབྲང་བ་དང་། དངོས་གྲུབ་ཏུ་འགྱུར་རོ། །ཐམས་ཅད་དུ་དཀྱིལ་འཁོར་གྱི་སློབ་དཔོན་དུ་མངོན་པར་དབང་བསྐུར་བར་འགྱུར་རོ། །ཐམས་ཅད་དུ་དོན་ཡོད་པའི་ དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །དོན་ཡོད་པ་པདྨའི་དཀྱིལ་འཁོར་གྱི་དབང་བསྐུར་བའི་གཟུངས་སོ། །དེ་ནས་དོན་ཡོད་པའི་ནོར་བུའི་མཆོད་པའི་སྤྲིན་གྱི་ཉེ་བར་སྤྱོད་པའི་ཆོ་གར་འགྱུར་ཏེ། དྲན་པ་དང་། བཀླགས་པ་དང་། བཟླས་པ་ཙམ་གྱིས་གཞལ་མེད་ཁང་ཆེན་པོ་རྒྱ་ཆེ་བ་ཡངས་པའི་མཐུ་ སྟོབས་ཡངས་པ་འབྱུང་བར་འགྱུར་རོ། །མཐུ་སྟོབས་ཆེན་པོའི་ཡོན་ཏན་འབྱུང་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོའི་ཚོགས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་ འབྱུང་བར་འགྱུར་རོ། །རིག་པའི་རྒྱལ་པོ་འདི་དྲན་པ་ཙམ་དང་བཟླས་པ་ཙམ་གྱི་མོད་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོར་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་འགྱུར་རོ། །འདི་ལྟ་སྟེ། པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མཉྫུ་ཥ་ཀ་དང་། ཟླ་བ་མཛེས་པ་དང་། དྲི་མ་མེད་པ་སྟེ་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། སྐམ་ལས་སྐྱེས་པའི་མེ་ཏོག །སཱ་ལ་དང་། ཏ་མཱ་ལ་དང་། ཙམ་པ་ཀ་དང་། མྱ་ངན་འཚང་དང་། ཨ་ཏི་མུཀྟཀ་དང་། སྐྱ་སྣར་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀ་དམ་པ་དང་། དོང་ཀ་དང་། སིན་དྷུ་བཱ་རི་ཀའི་མེ་ཏོག་དང་། སྣ་མའི་མེ་ཏོག་དང་། ཡཱུ་ཐི་ཀ་དང་། མཱ་ལི་ཀ་གསར་པ་དང་། ཏ་ར་ཎ་དང་། ཀུ་པྱ་ཀ་དང་། མ་རུ་བ་ཀའི་མེ་ ཏོག་གི་ཆར་འབབ་པར་འགྱུར་རོ། །ལྷ་རྫས་སྣ་ཚོགས་པ་རྣམས་དང་། ཀུ་མུ་དའི་རིགས་རྣམས་དང་། གཟུགས་དང་། ཁ་དོག་སྣ་ཚོགས་པ་དང་། རི་དང་ཆུ་དང་། དགོན་དུང་དང་། ཐིབས་པོ་དང་། ཆུ་རླབས་དང་། ནགས་དང་། ནགས་འདབ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། ལྟེང་ཀ་དང་། རྫིང་ བུ་དང་། ཨ་སཱ་ཧི་ཏ་དང་། ཕུག་དང་། དགོན་པར་འབབ་པའི་ས་ལས་སྐྱེས་པའི་མེ་ཏོག་དང་། དྲི་མ་མེད་པའི་ལྷ་རྫས་དང་། ལྷ་རྫས་ཀྱི་དྲི་བཟང་དང་། ཡིད་དུ་འོང་བའི་གཟུགས་དང་། ཁ་དོག་དང་། ཤིན་ཏུ་གཞོན་ཤ་ཆགས་པ་དང་། རབ་ཏུ་སིམ་པར་བྱེད་པའི་རེག་པ་ལས་སྐྱེས་པའི་ཆར་འབབ་པར་བྱེད་ དོ། །མེ་ཏོག་ཆེན་པོ་དང་། མེ་ཏོག་སྐྱེས་པ་རྣམས་ཀྱི་ཕུང་པོ་ཆེན་པོ་གཅལ་དུ་བཀྲམ་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དྲན་པ་དང་བསམས་པ་ཙམ་གྱིས་མེ་ཏོག་གི་མཆོད་པ་ཆེན་པོ་བྱེད་དོ། །འདི་ལྟ་སྟེ། དྲན་པ་དང་བསམས་པ་ཙམ་གྱིས་གོས་དང་ རྒྱན་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་མཆོད་པའི་སྤྲིན་ཆེན་པོ་ཕྱོགས་བཅུ་ཀུན་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པར་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། དོ་ཤལ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། གསེར་སྐུད་དང་། མུ་ཏིག་གི་དྲ་བ་དང་། རྐེད་ཆིངས་དང་། ཉིས་སྐོར་དང་། སུམ་སྐོར་དང་། སྐར་མའི་ཕྲེང་བ་དང་། གཙུག་ཏོར་འཆིང་བ་དང་། ཟླ་བ་ཕྱེད་པ་ཅན་དང་། གསེར་ཕྱེད་པ་དང་། གདུ་བུ་རྒྱན་ཅན་ཟླ་བ་ཕྱེད་པ་དང་། ཤང་ཤང་ཏེའུ་ཅན་དང་། དབུ་རྒྱན་དང་། ཅོད་པན་གྱི་དྲ་བ་དང་། གསེར་གྱི་དྲ་བ་དང་། ཨཾ་བི་ཀ་དང་། ཀརྞཱ་ཕ་ལ་ཀ་དང་། བྲེ་ཙ་ཀ་དང་། ཏཱམྤའི་སྐུད་པ་དང་། མཆོད་ཕྱིར་ཐོགས་དང་། ཀསྥའི་ཕྲེང་བ་དང་། གསེར་གྱི་ཕྲེང་བ་དང་། རིན་པོ་ཆེས་སྤྲས་པའི་ཕྲེང་བ་དང་། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་དང་། རྣ་བ་གང་བ་དང་། གཙུག་ཏོར་འཆིང་བ་དང་། ཡོངས་སུ་དཀྲི་བ་དང་། གཙུག་གི་ནོར་བུའི་ཆར་རབ་ཏུ་ འབབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་གྱུར་ ནས། རང་རང་གི་གཞལ་མེད་ཁང་གི་འབྱོར་པར་རབ་ཏུ་འགྱུར་རོ། །ཆར་དང་། ཚོན་སྣ་ཚོགས་སུ་བཙོས་པའི་ཕྱོགས་བྲལ་གྱི་གོས་སྣ་ཚོགས་པའི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་རྣམས་ཀྱི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་དང་རྗེས་སུ་མཐུན་པའི་རི་མོའི་གོས་དང་། རི་མོའི་གཞལ་མེད་ཁང་གི་མཆོད་པའི་སྤྲིན་གྱི་ཆར་འབེབས་སོ། །འདི་ལྟ་སྟེ། ཡུལ་ཀ་ཤི་ཀའི་གོས་ཚོན་སྣ་ཚོགས་སུ་བཙོས་པ་དང་། གོས་ཀྱི་གཞལ་མེད་ཁང་དང་། དར་གོས་རྣམས་ཀྱི་ཆར་འབེབས་སོ། ། འདི་ལྟ་སྟེ། ཉི་མའི་འོད་དང་། ཟླ་བ་དང་། སེང་གེ་སྐྱེས་དང་། དར་ཐོད་དང་། ཀ་ཤི་ཀ་དང་། ཀོ་ས་ལ་པའི་མིའི་དབང་པོ་དང་། ཉི་མ་དང་། ཟླ་བའི་སྣང་བ་དང་། པདྨོ་དང་། ཨུཏྤ་ལ་ཅན་གྱི་ཁ་དོག་དང་། ཀོ་དྲི་ཀཱ་དང་། གསེར་གྱི་གདུ་བུ་དང་། མུ་ཏིག་གི་འབྲས་བུ་དང་། ཀླུའི་གོ་ཆ་དང་། རྣམ་པར་ སྣང་བ་དང་། ལྷའི་རྒྱན་དང་། མེ་ཏོག་སྣ་མ་དང་། ཀོ་ཤ་དང་། ཙམ་པ་ཀ་དང་། ཁ་དོག་ཅན་དང་། དར་ཐོད་ཅན་དང་། ཀནྟ་རའི་ཚོགས་དང་། ཟླ་བའི་རྒྱན་ཅན་དང་། དོང་ཀའི་མེ་ཏོག་ཅན་དང་། པདྨ་དཀར་པོ་ཅན་ཞེས་བྱ་བ་དང་། བ་མ་ལཾ་ཀ་དང་། ཀོ་ཤཱ་ཏ་ཀི་དང་། རྫོགས་པར་འཕེལ་ བར་བྱེད་པ་ཅན་དང་། སྔོན་གྱི་ཡུལ་དང་གླིང་དང་ལྡན་པ་ཀུན་ནས་འོད་གསལ་བ་དང་། གདུ་བུ་རིང་པོ་དང་། དགའ་བ་འཁྱིལ་བ་དང་། རྒྱན་བསྐོར་བ་དང་། སྣ་མའི་མེ་ཏོག་གི་ཁ་དོག་ཅན་དང་། ཀན་དའི་འདབ་མ་ཅན་དང་། དཀྵི་ཎཱ་ཀཾ་དང་། ཀཉྩི་ནཱ་སའི་ཁ་དོག་ཅན་ནམ་བསྐོར་བ་དང་། གསེར་ མདོག་དང་། རིན་པོ་ཆེའི་མདོག་དང་། ཟླ་བའི་ཁ་དོག་གི་ལག་པ་དང་། མེའི་ཁ་དོག་ཅན་དང་། བཻ་ཌཱུརྱའི་ཁ་དོག་ཅན་དང་། ནམ་མཁའི་ཁ་དོག་ཅན་དང་། ཀ་ནགྣི་ཤུ་ཀཾ་དང་། ཀུན་ནས་འཁྱིལ་ཞིང་ཡིད་བདེ་བའི་བ་སྤུ་རྣམ་པར་སྣང་ཞིང་རྣམ་པར་གསལ་པ་ཙན་དང་། ཀུན་ནས་འོད་ གསལ་ཞིང་དྲི་མ་མེད་པའི་རིག་སྔགས་འཆང་གི་ཅོད་པན་ཅན་ཡང་ངོ་ཞེས་སོ། །གོས་རྣམ་པ་སྣ་ཚོགས་པ་གཞལ་དུ་མེད་པའི་ཆར་འབེབས་ཏེ། བཅོམ་ལྡན་འདས་རྣམས་གཞལ་དུ་མེད་པའི་མཆོད་སྤྲིན་དང་བཅས་པའི་ཆར་འབེབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་ འཁོར་དུ་གནས་པའི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། རྡོ་རྗེ་འཆང་དང་། རིག་སྔགས་འཆང་གི་དབང་པོ་རིག་སྔགས་འཆང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་ལྟར་རིག་སྔགས་དྲན་པ་ཙམ་གྱིས་དེ་བཞིན་དུ་རྣམ་ པ་སྣ་ཚོགས་པའི་མཆོད་པར་འགྱུར་རོ། །དྲི་སྣ་ཚོགས་པའི་ཆུ་གཞལ་དུ་མེད་པ་དང་། དྲིའི་ཕྱེ་མ་གཞལ་དུ་མེད་པ་དང་། བདུག་པ་གཞལ་དུ་མེད་པའི་མཆོད་པར་འགྱུར་རོ། །འདི་ལྟ་སྟེ། ཙནྡན་གོ་ཤིརྵ་དང་། ཏ་མ་ལའི་འདབ་མ་དང་། ཙནྡན་དང་། ཙནྡན་དམར་པོ་དང་། པདྨ་ཅན་དང་། དྲི་ཞིམ་ པ་དང་། སར་ལམ་དང་། གུར་གུམ་དང་། གོས་དང་ལྡན་པ་དང་། དྲི་དང་ལྡན་པ་དང་། པུ་ཤེལ་ཙི་དང་། རྒྱ་སྤོས་དང་། ཏུ་རུཥྐ་དང་། སྤྲྀཀ་དང་། བོ་ལ་དང་། སྲ་རྩི་པོག་དང་། ན་མེ་རུ་དང་། ཤྲཱི་བེཥྚཱ་ཀ་དང་། པོག་དང་། སལླ་ཀི་དང་། གུ་གུལ་གྱི་བདུག་པ་དང་། ཧྭགས་དང་། སྦྲང་རྩི་དང་། ལྔ་བསྐོར་བ་དང་། ཀ་ཛོ་ཀ་དང་། བལླི་ཀའི་ཤིང་དང་། བལླི་ཀ་དང་། ག་པུར་དང་། གླ་རྩི་དང་། རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་བདུག་པ་གཞན་སྦྱར་བ་རྣམས་དང་། དྲི་ཡི་ཆུའི་རྣམ་པ་རྣམས་དང་། རྣམ་པ་སྣ་ཚོགས་པས་བསྒོས་པའི་ཕྱེ་མ་དང་ལྡན་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་མཆོད་ སྤྲིན་གྱི་ཆར་འབེབས་སོ། །སྒྲོན་མའི་ཤིང་སྣ་ཚོགས་པ། སྦར་བ་གཞལ་དུ་མེད་པས་སྣང་བར་བྱེད་བཞིན་པ་འབར་བར་བྱེད་དོ། །ཕྱོགས་བཅུ་རྣམས་སུ་ཀུན་ནས་སྒྲོན་མའི་ཤིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དང་མཉམ་པའི་སྒྲོན་མའི་ཤིང་རབ་ཏུ་འབྱུང་ངོ་། །འདི་ལྟ་སྟེ། ཏུ་རུཥྐའི་ ཏིལ་མར་དང་། ཙམ་པ་ཀའི་ཏིལ་མར་དང་། ཨུཏྤ་ལའི་ཏིལ་མར་དང་། སྣ་མའི་ཏིལ་མར་དང་། བརྵི་ཀའི་ཏིལ་མར་དང་། ཀོནྟའི་ཏིལ་མར་དང་། ཨ་ཏི་མུཀྟ་ཀའི་ཏལ་མར་དང་། པ་ལ་ཤའི་ཏིལ་མར་དང་། ཙནྡན་གྱི་ཏིལ་མར་དང་། ཛཱ་ཏིའི་འབྲས་བུའི་ཏིལ་མར་དང་། བལླའི་ཏིལ་ མར་དང་། ཨ་ཤོ་གནྡྷ་ལ་སོགས་པའི་ཏིལ་མར་ལ་སྒྲོན་མེ་རབ་ཏུ་བྱེད་དེ། དེ་བཞིན་གཤེགས་པ་མཆོད་པའི་སྤྲིན་དུ་འགྱུར་རོ། །འདི་ལྟ་སྟེ། རོ་བརྒྱ་པའི་ཁ་ཟས་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་དང་དུས་སུ་ཉེ་བར་བཞུགས་པ་ རྣམས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པའི་གཟུགས་དང་། རྣམ་པ་དང་། ཞིམ་ཞིང་མངར་བ་མྱང་བར་འོས་པ་དགའ་བར་བྱ་བ་ཡིད་དགའ་བ། ཙོ་ལེ་ཛྱ་དང་ཚིམ་པར་འོས་པ་དང་། དྲིའི་རིགས་ལྷ་རྫས་རྣམ་པ་སྣ་ཚོགས་པས་དུས་ གསུམ་དུ་གཤེགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་གྱི་ཚོགས་དང་བཅས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་བཅས་པ་རྣམས་ཀུན་ཏུ་ཚིམ་པར་བྱེད་ པའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྦྲང་རྩི་མངར་པོའི་རོ་མྱོང་བ་དང་ལྡན་པ་བཅོམ་ལྡན་འདས་འཁོར་གྱི་ཚོགས་དང་བཅས་པའི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱེད་པའི་མཆོད་པའི་སྤྲིན་ཆེན་ པོར་འགྱུར་རོ། །འདི་ལྟ་སྟེ་ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ། དགའ་བར་འོས་པའི་རོལ་མོའི་ཕེག་རྡོབ་པ་རྣམས་དང་། འདི་ལྟ་སྟེ། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པའི་མིའམ་ཅི་དང་། དྲི་ཟའི་གླུ་དབྱངས་རྣམ་པ་སྣ་ཚོགས་པ་དང་བཅས་པ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་ གྱི་བུ་མོ་དང་། ལྷའི་བུ་མོ་དང་། ཆུ་ལས་བྱུང་བའི་བུ་མོ་རྣམས་ཀྱིས་རྣམ་པ་ཐ་དད་རྣམ་པ་སྣ་ཚོགས་པའི་གསང་སྔགས་ཀྱི་གླུ་དབྱངས་ཀྱི་རོལ་མོའི་སྒྲ་རབ་ཏུ་འཁྲོལ་བཞིན་པ་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་དུས་གསུམ་པའི་རོལ་མོ་ཆེན་པོའི་མཆོད་ པའི་སྤྲིན་དུ་འགྱུར་རོ། །རྣམ་པ་སྣ་ཚོགས་པར་མཛེས་པའི་བསྟོད་པའི་རྣམ་པས་རོལ་མོའི་ཆོ་ག་ཞིབ་མོ་ཇི་ལྟ་བ་བཞིན་དུ་གསང་བའི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་དང་། རྗེས་སུ་མཐུན་པས་ཡང་དག་པར་བསྟོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་རིག་ སྔགས་ཀྱི་ལྷ་དང་། དཀྱིལ་འཁོར་གྱི་ལྷས་རྗེས་སུ་འཛིན་པར་འགྱུར་རོ། །ཡང་དག་པར་བསྟོད་པ་རྣམས་ཀྱང་མཚན་སྨོས་པས་ཡང་དག་པར་བསྟོད་པ་བྱས་པར་འགྱུར་རོ། །དེ་བཞིན་དུ་ཡངས་པ་དང་ལྡན་པའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ ཐམས་ཅད་དུ་མཆོད་པའི་སྤྲིན་དུ་གྱུར་པ། བླ་ན་མེད་པ་དཔག་བསམ་གྱི་ཤིང་ལྟ་བུའོ། །སྣ་ཚོགས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་པས་རིག་སྔགས་འཆང་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་མཆོག་གི་དངོས་གྲུབ་སྟེར་བར་བྱེད་ པའོ། །སེམས་ཅན་ཐམས་ཅད་ཀྱི་མ་དང་ཕར་གྱུར་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་གྱུར་པའོ། །གསང་སྔགས་འཛིན་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་དང་། བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། ཉོན་མོངས་པ་ དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པའོ། །ནད་ཐམས་ཅད་སེལ་བར་བྱེད་པའོ། །སྡུག་བསྔལ་མི་བཟད་པ་གདུག་པ་ཐམས་ཅད་འཇོམས་པར་བྱེད་པའོ། །བཀྲ་ཤིས་པ་དང་། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཡང་དག་པར་སྐུལ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུགས་འབྱིན་པར་བྱེད་པའོ། །རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་བྱེད་པའོ། །ཀླུ་ཐམས་ཅད་འགུགས་ པར་བྱེད་པའོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ལྡོག་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་སྦྱིན་པར་བྱེད་པའོ། །དབུགས་མ་ཕྱིན་པ་རྣམས་ཀྱི་དབུགས་འབྱིན་པར་བྱེད་པའོ། །མ་གྲོལ་ བ་རྣམས་གྲོལ་བར་བྱེད་པའོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་སོ། །དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ནོ། །མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་པའོ། །འཁྲ་ས་མེད་པ་རྣམས་ཀྱི་འཁྲ་སའོ། །བསྙེན་གནས་མ་བྱས་པ་རྣམས་ལ་བསྙེན་གནས་སྦྱིན་པའོ། །གཙང་སྦྲ་མ་ བྱས་པ་རྣམས་ལ་གཙང་སྦྲར་སྤྱོད་པའོ། །མི་ཚངས་པར་སྤྱོད་པའི་གནས་ལ་ཞེན་པ་རྣམས་ལ་ཚངས་པར་སྤྱོད་པའི་གནས་སྦྱིན་པའོ། །ཐུབ་པའི་བརྟུལ་ཞུགས་མ་བྱས་པ་རྣམས་ལ་ཐུབ་པའི་བརྟུལ་ཞུགས་སྦྱིན་པའོ། །ཆོས་མ་ཡིན་པ་ལ་སྤྱོད་པ་རྣམས་ཆོས་ལ་སྦྱོར་བའོ། །མི་དགེ་བའི་ལས་ཀྱི་ ལམ་ལ་སྤྱོད་པ་རྣམས་དགེ་བའི་ཆོས་ལ་སྦྱོར་བའོ། །འཇིགས་པས་ཉམ་ཐག་པ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །དབུལ་པོ་རྣམས་ལ་ནོར་སྦྱིན་པའོ། །འབྲུ་དང་བཟའ་བ་དང་བྲལ་བ་རྣམས་ལ་འབྲུ་འཕེལ་བ་ཆེན་པོ་སྦྱིན་པའོ། །མུ་གེས་ཉམས་ཐག་པ་རྣམས་ལ་སྐྱ་རྒྱལ་གྱི་ཚོགས་པ་ལ་ངེས་པར་ སྦྱོར་བར་བྱེད་པའོ། །ལམ་ཉམས་པ་རྣམས་ཀྱི་ལམ་སྟོན་པར་བྱེད་པའོ། །དུས་མ་ཡིན་པར་འཆི་བར་འགྱུར་བ་རྣམས་ཀྱི་དུས་མ་ཡིན་པའི་འཆི་བ་སོ་སོར་འགོག་པའོ། །ལོང་བ་རྣམས་ཀྱི་མིག་སྦྱིན་པར་བྱེད་པའོ། །འོན་པ་རྣམས་རྣ་བ་སྦྱིན་པར་བྱེད་པའོ། །སྣ་ཉམས་པ་རྣམས་ཀྱི་སྣ་རྣམ་པར་ སྦྱོང་བར་བྱེད་པའོ། །རེག་པ་མེད་པ་རྣམས་ཀྱི་བདེ་བའི་རེག་པ་ལ་ངེས་པར་སྦྱོར་བར་བྱེད་པའོ། །ལོངས་སྤྱོད་ཀྱིས་ཉམ་ཐག་པ་རྣམས་ཀྱི་ལོངས་སྤྱོད་སྦྱིན་པར་བྱེད་པའོ། །དྲན་པ་ཉམས་པ་རྣམས་ཀྱི་དྲན་པ་ཡོངས་སུ་སྦྱོང་བར་བྱེད་པའོ། །བསམ་པ་ཉམས་པ་རྣམས་ཀྱི་བསམ་པ་ཡོངས་སུ་ དག་པར་བྱེད་པའོ། །ཚུལ་ཁྲིམས་ཉམས་པ་རྣམས་ཀྱི་ཚུལ་ཁྲིམས་སྦྱིན་པའོ། །སྦྱིན་པ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ། །བརྩོན་འགྲུས་ཉམས་པ་རྣམས་ལ་སྟོབས་དང་བརྩོན་འགྲུས་ཀྱི་མཆོག་སྦྱིན་པའོ། །བཟོད་པ་དང་བྲལ་བ་རྣམས་ ལ་བཟོད་པ་དང་ཞི་བ་སྦྱིན་པའོ། །བསམ་གཏན་ཉམས་པ་རྣམས་ལ་བསམ་གཏན་དང་ཏིང་ངེ་འཛིན་ནི་ཡོངས་སུ་རྫོགས་པར་བྱེད་པའོ། །ཤེས་རབ་ཉམས་པ་རྣམས་ལ་ཤེས་རབ་ཀུན་ཏུ་སྣང་བ་དང་། བློ་གསལ་བ་དང་། ཤེས་རབ་ཆེན་པོའི་སྣང་བ་ཡོངས་སུ་རྫོགས་པར་བྱེད་དོ། །དམ་ཚིག་མི་ ཤེས་པ་རྣམས་ལ་དམ་ཚིག་སྦྱིན་པའོ། །ཕྱག་རྒྱ་དང་བྲལ་བ་རྣམས་ཀྱི་ཕྱག་རྒྱ་ཡོངས་སུ་སྦྱོར་བར་བྱེད་པའོ། །རིག་སྔགས་དང་། གསང་སྔགས་ལ་མི་མཁས་པ་རྣམས་ལ་རིག་སྔགས་དང་གསང་སྔགས་རབ་ཏུ་སྦྱིན་པའོ། །མུ་སྟེགས་རྣམས་ལ་མུ་སྟེགས་སྨྲ་བ་དང་། འཇུག་ངོགས་བཟང་པོ་ དང་ལམ་རབ་ཏུ་སྒྲུབ་པར་བྱེད་པའོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མཆོག་སྦྱིན་པའོ། །འཁོར་བ་ལས་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་པའོ། །མུན་པས་ལོང་བར་བྱེད་ཅིང་བསྒྲིབས་པ་རྣམས་ལ། མྱོས་པའི་མུན་པ་སེལ་བ་སྦྱིན་ པར་བྱེད་པའོ། །སྒྲིབ་པར་བྱ་བ་རྣམས་ཀྱི་སྒྲིབ་པ་དང་བྲལ་བར་བྱེད་པའོ། །མཚམས་མེད་པ་ལྔའི་འགྲོ་བ་རྣམས་ཀྱི་མཚམས་མེད་པ་ལྔ་སྦྱོང་བར་བྱེད་པའོ། །ངག་ཉམས་པ་རྣམས་ཀྱི་ངག་རྣམ་པར་དག་པར་བྱེད་པའོ། །མ་གྲུབ་པ་རྣམས་ལ་མཆོག་གི་དངོས་གྲུབ་སྦྱིན་པའོ། ། ཐུན་ཚགས་དང་བཅས་པ་རྣམས་ཀྱི་ཐུན་ཚགས་དང་བྲལ་ཞིང་ཡོངས་སུ་དག་པར་བྱེད་པའོ། །ངན་པ་རྣམས་ལ་མཆོག་སྦྱིན་པའོ། །མྱ་ངན་ལས་མ་འདས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་མཆོག་གོ། །བརྡ་མི་ཕྲད་པ་རྣམས་ལ་བརྡ་སྤྲོད་པར་བྱེད་པའོ། །ཀུན་ནས་འཁྲུགས་པ་ རྣམས་ཀྱི་སེམས་གནས་པའི་མཆོག་གོ། །མཆོག་མེད་པ་རྣམས་ལ་མཆོག་སྦྱིན་པའོ། །རྨི་ལམ་ངན་པ་མཐོང་བ་རྣམས་ལ་རྨི་ལམ་ཆེན་པོའི་མཆོག་སྟོན་པའོ། །བཀྲེས་པ་རྣམས་ལ་ཁ་ཟས་ཀྱི་མཆོག་སྦྱིན་པའོ། །སྐོམ་པ་རྣམས་བཏུང་བ་ཆེན་པོའི་རོ་ལ་ཡོངས་སུ་ལོངས་སྤྱོད་པར་ བྱེད་པའོ། །གཅེར་བུ་རྣམས་ཀྱིས་གོས་དང་བགོ་བ་སོ་སོར་ཐོབ་ཅིང་གྲུབ་པའོ། །མཛེ་ཅན་རྣམས་ཀྱི་མཛེ་དང་བྲལ་བར་བྱེད་པའོ། །ཤ་བཀྲ་ཅན་རྣམས་ཀྱི་ཤ་བཀྲ་ཡོངས་སུ་སྦྱོང་བར་བྱེད་པའོ། །རིམས་ཀྱིས་བཏབ་པ་རྣམས་ཀྱི་རིམས་དང་བྲལ་བར་བྱེད་པའོ། །གདོན་གྱིས་ཟིན་པ་ རྣམས་ཀྱི་གདོན་དང་གཤེད་བྱེད་དང་། གདུལ་དཀའ་བ་རྣམས་འདུལ་བར་བྱེད་པའོ། །དགྲ་བོ་ཕྱིན་ཅི་ལོག་པ་རྣམས་ཀྱི་དགྲ་རྣམས་དང་བྲལ་བར་བྱེད་པའོ། །དབུལ་པོ་རྣམས་ལ་ནོར་སྦྱིན་པར་འགྱུར་རོ། །བུ་བཟའ་ཅན་རྣམས་ཀྱི་བུ་བཟའ་ཆེར་འཕེལ་བར་འགྱུར་རོ། །མུན་པས་ལོང་ བར་བྱས་པ་ཐམས་ཅད་ཀྱི་སྒྲོན་མའི་ཤིང་དང་། ཉི་མའི་འོད་ཟེར་སྟོང་གིས་ཀུན་ཏུ་སྣང་བའོ། །རྒྱལ་པོས་བཅོམ་པ་རྣམས་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཆེར་བྱིན་པའོ། །འཁོན་པ་རྣམས་གཅིག་ཏུ་བྱེད་པའོ། །སེར་སྣ་ཅན་རྣམས་ཀྱི་སེར་སྣ་ཤིན་ཏུ་འཇོམས་པའོ། །འདོད་