Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 093_རྒྱུད་འབུམ།_ཙ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
མས་དཔའ་དང་། སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྐུལ་ནས་སླར་ཡང་འོད་ཟེར་དེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ནུབ་པར་གྱུར་ཏོ། །འདི་ལ་གཞན་ཤར་ཕྱོགས་ལ་སོགས་པ་རྣམ་པར་གནས་པའི་སངས་རྒྱས་ཀྱི་ཞིང་གང་ཡིན་པ་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐུལ་བའི་འོད་ཟེར་དེས་རླུང་གི་དཀྱིལ་
འཁོར་ཡང་དག་པར་བསྐུལ་བས་བསྒྲུབས་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཟླ་བ་ཉིད་ཀྱི་སྣང་བ་དྲི་ཀུན་དུ་གསལ་བའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་དུ་སྣང་བའི་

དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཡང་དག་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་
པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་དུ་སྣང་བ་མཐའ་ཡས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་བཻ་ཌཱུརྱའི་སྣང་བའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པའི་
སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བ་མཐའ་ཡས་ཤིང་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྒྲོལ་མའི་གྲུའི་ཚལ་ན་
གནས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པ་ངེས་པར་སྟོན་པའི་ཚིག་གི་དོན་གྱི་ལེའུ་རབ་འབྱམ་
གསུངས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་འཛུམ་པ་ཡང་དག་པར་སྟོན་པར་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་སུ། ཕྱོགས་བྲལ་རྣམས་སུ་ཞེས་པས། སྟེང་དང་། འོག་དང་། ཐད་ཀ་ཐམས་
ཅད་དུ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྣང་བར་བྱས་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཐམས་ཅད་དུ་ཡང་བདུད་ཀྱི་གནས་ཐམས་ཅད་སྤ་བཀོང་བར་བྱས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ཉན་ཐོས་ཀྱི་
དགེ་འདུན་དང་བཅས་པས་མདུན་དུ་བདར་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་བདག་ཉིད་ཆེན་པོ་ཉིད་ལྟ་བར་འདོད་པ། མཆོག་གི་རིག་པའི་རྗེས་སུ་སྤྱོད་པ་སྒྲུབ་པའི་ཏིང་ངེ་འཛིན་གྱི་ཁྱད་

པར་གྱི་ལེའུ་རབ་འབྱམ་དེ་བཞིན་གཤེགས་པའི་བསྟན་པ་ཐོགས་པ་མེད་པ་ཡང་གསལ་བར་བྱེད་འདོད་པས་སོ་སོར་འཁོད་པར་གྱུར་ཏོ། །འདི་ལྟ་སྟེ། ལག་བཟང་དང་། རིན་ཆེན་བཟང་པོ་དང་། བརྟུལ་ཞུགས་བཟང་པོ་དང་། སྤྱན་
བཟང་པོ་དང་། དགའ་བ་བཟང་པོ་དང་། ཆོས་གོས་བཟང་པོ་དང་། དངོས་གྲུབ་འཆར་བཟང་དང་། ཐམས་ཅད་འཕགས་དང་། ཆོས་འཕགས་དང་། རིན་ཆེན་འཕགས་དང་། རིན་ཆེན་དཔལ་དང་། ལྷུན་པོའི་དཔལ་དང་། བསམ་གྱིས་མི་ཁྱབ་པའི་
དཔལ་དང་། འོད་བྱེད་དཔལ་དང་། རབ་སྣང་དཔལ་དང་། སྣང་བའི་དཔལ་དང་། དོན་ཐམས་ཅད་ཀྱི་དཔལ་དང་། ལག་ན་ཐམས་ཅད་རིན་ཆེན་དང་། གཙུག་ན་ནོར་བུ་དང་། ལག་ན་རིན་ཆེན་དང་། ལག་ན་ལྷུན་པོའི་རྒྱལ་མཚན་དང་། རྣམ་
པར་སྣང་མཛད་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཡེ་ཤེས་སྙིང་པོ་དང་། དོན་བསམ་གྱིས་མི་ཁྱབ་པའི་སྙིང་པོ་དང་། ཆོས་འཕགས་སྙིང་པོ་དང་། མཆོད་སྦྱིན་ཏོག་དང་། ཏོག་བཟང་པོ་དང་། མཐའ་ཡས་ཏོག་དང་། འོད་ཟེར་ཏོག་དང་། དྲི་མེད་
ཏོག་དང་། མ་ལུས་ཏོག་དང་། ནམ་མཁའི་ཏོག་དང་། རིན་ཆེན་ཏོག་དང་། འབྲུག་སྒྲ་དབྱངས་དང་། རྔ་བོ་ཆེའི་ང་རོའི་རྒྱལ་པོ་དང་། མཐའ་ཡས་གསལ་བའི་ཡེ་ཤེས་རྒྱལ་པོ་དང་། མུན་པ་མུན་ནག་ཐམས་ཅད་རྣམ་པར་སེལ་བའི་རྒྱལ་པོ་དང་།
རྣམ་པར་གཡེང་བ་ཐམས་ཅད་འཇོམས་པའི་རྒྱལ་པོ་དང་། སྤྱོད་པ་ཐམས་ཅད་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རྒྱལ་པོ་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་དང་། ཕུལ་དུ་བྱུང་བའི་དབང་པོའི་རྒྱལ་པོ་དང་། རྣམ་པར་སེལ་བའི་རྒྱལ་པོ་དང་། མི་གཡོ་བའི་རྒྱལ་པོ་
དང་། ཉི་མའི་རྒྱལ་པོ་དང་། ཐམས་ཅད་གསལ་བ་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། རང་བཞིན་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། དངོས་པོ་མེད་པར་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། ཕྱོགས་ལྷག་པའི་རྒྱལ་པོ་དང་། རང་

གི་དངོས་པོ་མེད་པར་སྣང་བ་དང་། བསོད་ནམས་སྣང་བ་དང་། ཀུན་དུ་ལྟ་བའི་སྣང་བ་དང་། འོད་དཔག་མེད་དང་། དཔག་ཡོད་སྣང་བ་དང་། སྤྱན་བཟང་སྣང་བ་དང་། ལེགས་འབྱུང་སྣང་བ་དང་། མཐའ་ཡས་སྣང་བ་དང་། མི་ཚུགས་སྣང་བ་
དང་། མ་སྒྱུར་བ་དང་། འོག་མིན་དང་། དྲི་མེད་དང་། མེ་དང་། སྣང་བ་དང་། བློ་གྲོས་དང་། རྟོགས་པ་དང་། བདེ་བ་དང་། བདེ་བའི་མུ་ཁྱུད་དང་། མུ་ཁྱུད་ཀྱི་ཏོག་དང་། འདོད་པའི་ལྷ་དང་། ལྷའི་ལྷ་དང་། ལྟེ་བ་རྒྱས་པ་དང་། འཇིག་
རྟེན་ཞི་བ་དང་། ཉེ་བའི་འཆི་ལྟས་དང་། རྔ་བོ་ཆེ་དང་། གྲུབ་པ་དང་། དཀར་པོར་གྲགས་པ་དང་། ལྷ་རབ་ཏུ་བཟོད་དཀའ་ལ་གདུལ་དཀའ་བ་དང་། གསལ་དཀའ་བ་དང་། རིང་དུ་སོང་བ་དང་། རིང་པོར་ལེན་དང་། རིང་པོར་གནས་དང་། མཐོ་ཞིང་
མཐོ་བའི་མུན་པ་དང་། མཁའ་སྣང་དང་། ཀུན་ནས་སྣང་དང་། སྣང་མིན་དང་། ཁྱུ་མཆོག་དང་། ཀུན་ནས་སྣང་ལྡན་དང་། ངེས་པར་མཉམ་པ་དང་། ལྷ་ཆེན་པོ་དང་། ཤིན་ཏུ་ངེས་པའི་དཀྱིལ་འཁོར་དང་། དྲི་མ་མཐར་ཐུག་པ་དང་། མཉམ་
པའི་མཚན་མ་བཟང་པོ་དང་། དཀར་པོ་དང་། ཨི་མི་ཀི་མི་དང་། ཐ་ཆུང་དང་། དཀའ་བས་འཚོ་བ་དང་། བདེ་བར་འཚོ་བ་དང་། ལེགས་པར་སྐྱེས་པ་དང་། དུ་བའི་ཏོག་དང་། མཆོད་སྦྱིན་ཏོག་དང་། དཀར་པོའི་ཏོག་དང་། ཏོག་བཟང་པོ་དང་།
དབྱིག་གི་ཏོག་དང་། ནོར་དགག་ཏུ་མེད་པ་དང་། ཕ་ཆེན་པོ་དང་། དོ་ཤལ་ཕྱེད་པ་དང་། འཇིག་རྟེན་གྲགས་པ་དང་། ཀུན་དུ་གྲགས་པ་དང་། ཆེན་པོར་གྲགས་པ་དང་། མཆོག་ཏུ་གྲགས་པ་དང་། སྐྱེས་པ་དང་། སྣང་བ་དང་། ཅི་བགྱི་དང་།
མཉམ་པར་བྱེད་པ་དང་། འཇིག་རྟེན་བྱེད་པ་དང་། སྣང་བ་བྱེད་པ་དང་། ཉིན་མོར་བྱེད་པ་དང་། འབྱུང་བར་བྱེད་པ་དང་། དོན་ཐམས་ཅད་བྱེད་པ་དང་། གྲུབ་པར་བྱེད་པ་དང་། འོད་བྱེད་པ་དང་། ཀུན་དུ་གསལ་བར་བྱེད་པ་དང་། རྔ་བོ་ཆེའི་དབྱངས་

དང་། སྒྲ་དབྱངས་དང་། དབྱངས་བཟང་དང་། མཐའ་ཡས་དབྱངས་དང་། ཏོག་གི་དབྱངས་དང་། འབྱུང་བའི་ཐུབ་པ་དང་། གསེར་ཐུབ་དང་། ལོག་པར་དད་སེལ་དང་། འོད་སྲུང་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་།
རྣམ་པར་གཟིགས་དང་། ཤཱཀྱ་ཐུབ་པ་ཞེས་བྱ་བ་འདི་རྣམས་ཀྱིས་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་མང་པོ་རྣམས་ཀྱིས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ཀུན་དུ་སྣང་བར་བྱས་ནས་པདྨའི་གདན་ལ་སོ་སོར་བཞུགས་པར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་
ཚོགས་དེ་རྣམས་ཀྱང་བཞུགས་པ་འདི་ལྟ་སྟེ། ཕྱག་ན་རིན་ཆེན་དང་། ཕྱག་ན་རྡོ་རྗེ་དང་། ཕྱག་ན་བཟང་པོ་དང་། ནམ་མཁའི་ཕྱག་དང་། མཐའ་ཡས་ཕྱག་དང་། སའི་ཕྱག་དང་། སྣང་བའི་ཕྱག་དང་། ཤིན་ཏུ་དྲི་མེད་དང་། བཟང་པོ་བརྩེགས་
པ་དང་། མང་པོ་བརྩེགས་པ་དང་། ནོར་བུ་བརྩེགས་པ་དང་། རིན་ཆེན་བརྩེགས་པ་དང་། ཨེ་ན་བརྩེགས་པ་དང་། རིན་ཆེན་གླང་པོ་དང་། ཀུན་ནས་གླང་པོ་དང་། སྤོས་ཀྱི་གླང་པོ་དང་། བཟང་འགྲོ་དང་། དྲི་མ་དང་བྲལ་བར་འགྲོ་བ་དང་། འཇིག་
རྟེན་འགྲོ་བ་དང་། མཛེས་པར་འགྲོ་བ་དང་། མཐའ་ཡས་འགྲོ་བ་དང་། མཐའ་ཡས་གྲགས་པ་དང་། ལེགས་གྲགས་དང་། དྲི་མ་དང་བྲལ་བར་གྲགས་པ་དང་། འགྲོ་བར་གྲགས་པ་དང་། དྲི་མེད་གྲགས་པ་དང་། གྲགས་པའི་མགོན་པོ་དང་། མགོན་
མེད་ཀྱི་མགོན་པོར་གྱུར་པ་དང་། འཇིག་རྟེན་མགོན་པོ་དང་། ཀུན་ནས་མགོན་པོ་དང་། རྒྱུན་བཤེས་ཀྱི་བུ་དང་། མཐའ་ཡས་བཤེས་ཀྱི་བུ་དང་། ཀུན་དུ་བཤེས་ཀྱི་བུ་དང་། བྱམས་མའི་བུ་དང་། མིག་བཟང་གི་བུ་དང་། ཕྱག་འཚལ་བཤེས་ཀྱི་
བུ་དང་། ཏྭ་ཥ་ཏྲའི་བུ་དང་། འབྲས་བཤེས་ཀྱི་བུ་དང་། རིན་ཆེན་བཤེས་ཀྱི་བུ་དང་། སྐྱབས་གསུམ་བཤེས་ཀྱི་བུ་དང་། ཐེག་གསུམ་བཤེས་ཀྱི་བུ་དང་། མཐུ་བསྒྱིངས་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། ཡིད་འོང་ལྡན་དང་། ཆོས་ཀྱི་དབང་ཕྱུག་

དང་། དངོས་པོ་མེད་པའི་དབང་ཕྱུག་དང་། ཀུན་ནས་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལེགས་གཟིགས་དབང་ཕྱུག་དང་། རྣམ་གཟིགས་དབང་ཕྱུག་དང་། འཇིག་རྟེན་འདྲེན་པ་དང་།
མཆོད་པ་བཟང་པོ་དང་། འབྲུག་སྒྲའི་དབང་ཕྱུག་དང་། རྔ་བོ་ཆེའི་དབང་ཕྱུག་དང་། བཀོད་པའི་དབང་ཕྱུག་དང་། བི་ཥ་ཏེ་སྭ་ར་དང་། ཆར་བཟང་པོ་དང་། མཆོད་པ་བཟང་པོ་དང་། གྲགས་ལྡན་དང་། ཉི་མའི་འོད་དང་། རབ་ཏུ་སྐྱེས་པ་ལ་གནས་པ་
དང་། ཟླ་བའི་དབང་ཕྱུག་དང་། སོ་བའི་ཟླ་བ་དང་། ཟླ་བ་ཉིད་དང་། མཐའ་ཡས་དཔལ་དང་། ཀུན་དུ་དཔལ་དང་། འཇིག་རྟེན་དཔལ་དང་། ནམ་མཁའི་དཔལ་དང་། ནམ་མཁའི་ཀུན་སྡུད་དང་། ནམ་མཁའི་མཛོད་དང་། སའི་དབང་ཕྱུག་
དང་། དབང་ཕྱུག་ཆེན་པོ་དང་། སའི་སྙིང་པོ་དང་། སྒྲིབ་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། བཟང་སྐྱོང་དང་། ནོར་བཟང་དང་། ལེགས་པར་ཀུན་སྡུད་དང་། ལོ་ཐོག་ཀུན་འགྱེད་པའི་ནམ་མཁའ་
དང་། ནམ་མཁའི་སྙིང་པོ་དང་། དོན་ཀུན་རྟོགས་པ་དང་། ཐམས་ཅད་འབྱུང་བ་དང་། ལྡོག་བྱ་མིན་པ་དང་། མི་ལྡོག་པ་དང་། ངན་སོང་བཟོད་དང་། རྣམ་པར་སྒྱུར་མེད་དང་། བཀྲ་ཤིས་རྣམ་འགྲེལ་དང་། གནད་ཐམས་ཅད་སྲུང་བ་ཞེས་
བྱ་བ་འདི་རྣམས་ཀྱིས་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱོད་ཡུལ་དུ་སྒྲོལ་མའི་གྲུ་ལ་བཞུགས་པར་གྱུར་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བུད་མེད་ཀྱི་གཟུགས་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་སྤྱོད་པའི་དོན་མཐའ་ཡས་པ་སྒྲུབ་པ་སེམས་ཅན་མཐའ་ཡས་པ་དག་གི་བསམ་པ་རྣམ་པར་འཇུག་པར་བྱེད་པའི་ལམ་ལ་རབ་ཏུ་གནས་སུ་འཇུག་པའི་བྱ་བ་བསམ་གྱིས་མི་ཁྱབ་པའི་རིག་

སྔགས་ཀྱི་གཞི་རྗེས་སུ་འཛིན་པར་བྱེད་པ་སྨན་གྱི་ཆ་བྱད་ཀྱི་གཟུགས་འཛིན་པ་རྣམས་དང་། འདབ་ཆགས་ཀྱི་ཚོགས་རྣམ་པ་སྣ་ཚོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནོར་བུ་དང་། སྔགས་དང་རིན་པོ་ཆེའི་རྒྱལ་པོ་དང་། སེམས་
ཅན་དང་། སེམས་ཅན་མ་ཡིན་པ་གྲངས་མེད་པ་ཐམས་ཅད་ཀུན་དུ་འཇུག་ཅིང་སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་རྣམས་དང་། བསམ་པ་ཇི་ལྟ་བས་སེམས་ཅན་འདུལ་བ་དེ་ལྟ་བུའི་རྗེས་སུ་འཇུག་པ་རྣམས་དང་། དེ་དག་སོ་སོའི་ཁྱད་པར་དུ་འཕགས་པའི་རྗེས་སུ་
འཇུག་པ་རྣམས་དང་། རིག་པའི་རྒྱལ་པོའི་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ངེས་པར་འབྱུང་བ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཀུན་དུ་འཇུག་པའི་དམ་ཚིག་གི་རིམ་པ་ལས་འདའ་བར་
མི་བྱ་བར་ཚིག་གི་ལམ་ལ་རབ་ཏུ་གནས་པར་བྱེད་ཅིང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པ་རྣམས་ཏེ། འདི་ལྟ་སྟེ། གཙུག་ཏོར་མངོན་པར་འཕགས་པ་དང་། གདུགས་དཀར་མངོན་པར་འཕགས་པ་དང་། ལོ་མ་མཐའ་ཡས་དང་། ལོ་མ་
བརྒྱ་པ་དང་། གཙུག་ཏོར་རྒྱལ་བ་དང་། མངོན་པར་འཕགས་པའི་གཙུག་ཏོར་དང་། པདྨའི་འོད་ཟེར་དང་། གསེར་གྱི་འོད་ཟེར་དང་། འོད་ཟེར་དཀར་པོ་དང་། གཙུག་ཏོར་བཀོད་པ་དང་། གསེར་གྱི་ཕུང་པོ་དང་། དཀར་པོའི་ཕུང་པོ་དང་། གཟི་
བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། རྣམ་པར་གྲགས་པའི་ཕུང་པོ་དང་། འབྱུང་བའི་ཕུང་པོ་དང་། བདེན་པའི་ཕུང་པོ་དང་། དངོས་པོ་མེད་པའི་ཕུང་པོ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕུང་པོ་སྟེ། འདི་རྣམས་དང་།
གཞན་ཡང་གཙུག་ཏོར་གྱི་རྒྱལ་པོ་ཆོས་ཀྱི་དབྱིངས་མཐའ་ཡས་པ་ལ་རབ་ཏུ་ཞུགས་པ་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་ཡོངས་སུ་སྐོང་བར་བྱེད་པ། སྐྱེ་བོ་ཐམས་ཅད་ཀྱི་ཡིད་ཀྱི་བསམ་པ་རྟོགས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་

ཕྲག་གིས་ཀྱང་མི་ནུས་པའི་གཙུག་ཏོར་རྒྱལ་པོ་ནམ་མཁའི་མཐར་ཐུག་པ་བརྗོད་པ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། ཕ་རོལ་གནོན་པའི་བདག་ཉིད་ཆེན་པོ་ལྟ་བུར་སྟོན་པར་འདོད་པས་མཐའ་དག་རྒྱས་པར་བཤད་པ་ལས་མདོར་བསྡུས་ནས་བསྟན་པར་བྱ་སྟེ། རིག་
པའི་རྒྱལ་པོ་རྣམས་ཀྱིས་འདུས་པ་བཤད་པར་བྱ་བ་འདི་ལྟ་སྟེ། མཛོད་སྤུ་དང་། སྨིན་མ་དང་། སྤྱན་དང་། རྫི་མ་དང་། སྙན་དང་། མགྲིན་པ་དང་། མི་འཇིགས་པ་དང་། སྙིང་རྗེ་དང་། བྱམས་པ་དང་། བརྩེ་བའི་ཚིམ་པ་དང་། ཤེས་རབ་དང་།
འོད་ཟེར་དང་། སེམས་དཔའ་དང་། འོད་ཟེར་དྲི་མ་མེད་དང་། ཆོས་གོས་ཏེ་འདི་རྣམས་དང་། གཞན་ཡང་རིག་པའི་རྒྱལ་པོ་མཐའ་ཡས་མུ་མེད་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་སྤྲོས་པ་རྣམས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ལྷུང་བཟེད་དང་།
ཆོས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་གཟིམས་ཆ་དང་། དེ་བཞིན་གཤེགས་པའི་ཐེག་པ་དང་། དེ་བཞིན་གཤེགས་པ་ཀུན་དུ་གསལ་བ་དང་། དེ་བཞིན་གཤེགས་པའི་གསུང་དང་། དེ་བཞིན་གཤེགས་པའི་མཥྛ་དང་། དེ་བཞིན་
གཤེགས་པའི་གཤེགས་པ་དང་། དེ་བཞིན་གཤེགས་པའི་དྲི་མ་དང་། དེ་བཞིན་གཤེགས་པའི་རྒྱལ་མཚན་དང་། དེ་བཞིན་གཤེགས་པའི་ཏོག་དང་། དེ་བཞིན་གཤེགས་པའི་མཚན་མ་སྟེ་འདི་རྣམས་དང་། གཞན་ཡང་དེ་བཞིན་གཤེགས་
པའི་སྔགས་གསུངས་པ་རྣམས་ཏེ། རིག་པའི་རྒྱལ་པོ་དང་། རྒྱལ་མོ་དང་། ཅི་བགྱི་དང་། བྲན་ཕོ་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སེམས་ཅན་དང་སེམས་ཅན་མིན་པ་སོ་སོར་ཁྱད་
པར་དུ་འཕགས་པའི་རྒྱན་བཀོད་པའི་ཆོས་ཀྱི་སྤྲིན་ངེས་པར་སྤྲོས་པ། ཏིང་ངེ་འཛིན་གྱི་ཁྱད་པར་གྱི་རྒྱུ་མཐུན་པ་བྱེ་བ་བརྒྱ་སྟོང་ཕྲག་ཚད་མེད་པས་ཡོངས་སུ་བསྐོར་བ། རིག་པའི་ཚོགས་ཐམས་ཅད་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པའི་རིག་པའི་རྒྱལ་པོ་དེ་རྣམས་

ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེར་རིགས་བཟང་པོར་ལྷག་པར་གནས་པ་དང་ལྡན་པར་གྱུར་ཏོ། །རིག་པའི་རྒྱལ་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཕྱག་བཅུ་གཉིས་དང་། ཕྱག་དྲུག་པ་དང་། ཕྱག་བཞི་བ་དང་། ཧཱ་ལ་
ཧཱ་ལ་དང་། དོན་ཡོད་ཞགས་པ་དང་། རྟ་མགྲིན་དང་། མགྲིན་པ་མཐའ་ཡས་དང་། མགྲིན་པ་སྔོན་པོ་དང་། མགྲིན་པ་བཟང་པོ་དང་། མགུལ་བཟང་དང་། མགྲིན་དཀར་དང་། མགྲིན་སྔོན་དང་། འཇིག་རྟེན་མགྲིན་པ་དང་། རྣམ་པར་
གཟིགས་པའི་དབང་ཕྱུག་དང་། འོད་ཟེར་སྟོང་འདུད་དང་། རྣམ་པར་གྲགས་པའི་ཡིད་དང་། པདྨའི་ཕྱག་དང་། ཡིད་ཀྱི་ཤིང་རྟ་དང་། ཚིག་འབྱིན་པ་པོ་དང་། རབ་ཏུ་བཞད་པ་དང་། སྒྲ་བཟང་དང་། སྐྲ་མཐའ་དང་། རྒྱུ་སྐར་དང་། རྒྱུ་སྐར་རྒྱལ་
པོ་དང་། ཟླ་བའི་བུ་དང་། སྐལ་བཟང་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མཐའ་ཡས་རྣམ་རྒྱལ་དང་། ལྷ་ལས་རྣམ་རྒྱལ་དང་། འདོད་པ་ཕུན་ཚོགས་བྱེད་དང་། ལེགས་པར་འདུལ་བ་དང་། འདུལ་བ་པོ་ཞེས་པ་འདི་རྣམས་དང་།
གཞན་ཡང་རིག་པའི་རྒྱལ་མོ་ཆུ་སྐྱེས་གཙུག་ཏོར་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་སྤྲིན་གྱི་རྒྱུ་མཐུན་པ་མཐའ་ཡས་པ་སྒྲུབ་པའི་ཏིང་ངེ་འཛིན་དུ་གྱུར་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དུ་མའི་རིག་པས་ཡོངས་སུ་བསྐོར་བ་དང་། རིག་པ་འཛིན་པའི་རྒྱལ་མོ་དུ་མ་དང་། འཇིག་རྟེན་
དབང་ཕྱུག་དང་སྐུའི་ཏིང་ངེ་འཛིན་གྱི་རྣམ་པར་སྤྲོས་པ་དུ་མ་རྣམས་ལ་འདི་ལྟ་སྟེ། སྒྲོལ་མ་དང་། བསམ་པའི་སྒྲོལ་མ་དང་། གར་མ་དང་། ཁྲོ་གཉེར་ཅན་མ་དང་། ཨ་ནུཏྟཱ་ཊཱི་དང་། ལཽ་ཊཱི་དང་། ས་ཐོབ་པར་བྱེད་པ་དང་། དྲི་མ་དང་བྲལ་མ་དང་།
དཀར་མོ་དང་། དཀར་ཤམ་མ་དང་། དཀར་ཤམ་ཆེན་མོ་དང་། གོས་དཀར་མོ་དང་། འཇིག་རྟེན་གོས་མ་དང་། དྲི་མེད་གོས་མ་དང་། བྱང་ཆུབ་ཡན་ལག་གི་གོས་མ་དང་། ཆུ་སྐྱེས་གོས་མ་དང་། སྟོབས་བཅུ་གོས་མ་དང་། གྲགས་ལྡན་མ་དང་།

ལོངས་སྤྱོད་ལྡན་མ་དང་། ལོངས་སྤྱོད་ཚེ་ལྡན་མ་དང་། ཨུཪྞཱུ་ཀཱ་དང་། ཥལཱུ་ཀཱ་དང་། དྲི་མེད་མཐར་བྱེད་མ་དང་། དྲི་བྲལ་མཐར་བྱེད་མ་དང་། ཀུན་དུ་མཐར་བྱེད་མ་དང་། སྡུག་བསྔལ་མཐར་བྱེད་མ་དང་། འབྱུང་པོ་མཐར་བྱེད་མ་དང་། དཔལ་མོ་
དང་། དཔལ་ཆེན་མོ་དང་། མཐར་དཔལ་དང་། སྟོད་པའི་དཔལ་དང་། འཇིག་རྟེན་དཔལ་དང་། རྣམ་པར་གྲགས་པའི་དཔལ་དང་། འཇིག་རྟེན་ཡུམ་དང་། ཀུན་དུ་ཡུམ་དང་། སངས་རྒྱས་ཡུམ་དང་། སྲིང་མོ་དང་། སྐལ་ལྡན་ཤིང་རྟ་མ་དང་།
ཤིང་རྟ་བཟང་མོ་དང་། ཤིང་རྟ་ལྡན་མ་དང་། ཀླུ་འདུལ་མ་དང་། འདུལ་བྱེད་མ་དང་། འབྱུང་པོ་ལྡན་མ་དང་། དཔག་མེད་མ་དང་། ལོངས་སྤྱོད་སྟོབས་མ་དང་། འགུགས་བྱེད་མ་དང་། འོད་ཟེར་རྨད་བྱུང་མ་དང་། རོ་བཟང་མོ་དང་། ཆང་ལྡན་མ་
དང་། རབ་ཏུ་འགུམ་དང་། མཆོད་ལྡན་མ་དང་། འགྲམ་མ་དང་། ཀུན་དུ་འགྲམ་མ་དང་། སྐར་འོད་མ་དང་། ཟླ་བ་མ་དང་། ཟླ་བ་ལྡན་མ་དང་། རྨ་བྱ་མ་དང་། ནགས་ལྡན་མ་དང་། ནོར་སྦྱིན་མ་དང་། ཆང་ལྡན་མ་དང་། འཇིག་
རྟེན་ལྡན་མ་དང་། འོད་འཕྲོ་ལྡན་མ་དང་། སྟོང་བུ་ཆེན་མོ་དང་། ཆེ་ལྡན་མ་དང་། ལེགས་པར་རྒྱས་བྱུང་མ་དང་། ལེགས་པར་དགའ་མ་དང་། དབྱིག་སྦྱིན་མ་དང་། དཔལ་མོ་དང་། དག་ལྡན་མ་དང་། ནད་མཐར་བྱེད་མ་དང་། ནད་ཐམས་
ཅད་གསོ་བྱེད་མ་དང་། ནད་མེད་ལྷ་མོ་དང་། གྲགས་བྱེད་མ་དང་། དབང་བྱེད་མ་དང་། མྱུར་བྱེད་མ་དང་། བདེ་སྦྱིན་མ་དང་། བཀྲ་ཤིས་མ་དང་། བཀྲ་ཤིས་ཐོབ་བྱེད་དགའ་མ་དང་། ཟླ་བ་བཟང་མོ་དང་། ཟླ་བ་ལྡན་མ་ཞེས་བྱ་བ་འདི་རྣམས་དང་གཞན་
ཡང་རིག་པའི་རྒྱལ་མོ་རི་ཁྲོད་ལོ་མ་ཅན་དང་། དུག་སེལ་མ་དང་། ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་གྱི་སྒྲུབ་པ་མཐའ་ཡས་པ་སྤྱོད་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབས་པ་ཡང་དག་པར་སྐྱེས་པ་

ཡིད་ལས་བྱུང་བ་རྣམས་ཏེ་ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ཅི་བགྱི་དང་། ཅི་བགྱི་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སྲིན་པོ་དང་། སྲིན་མོ་དང་། ཤ་ཟ་དང་། ཤ་ཟ་མོ་པདྨའི་
རིགས་ཀྱི་དམ་ཚིག་ལ་རྗེས་སུ་འཇུག་པ་གསང་སྔགས་རྣམ་པར་སྤྱོད་པ་རྣམས་གང་གིས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པ་དག་པའི་སེམས་ཅན་ངེས་པར་འཁོད་པ་དེས་རབ་ཏུ་གནས་པར་བྱེད་པས་རབ་ཏུ་གནས་ཏེ་རང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་
པའི་ལས་བྱེད་པ་ལ་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉེ་བར་ལོགས་དེར་གནས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བོས་པར་གྱུར་ཏེ། འདིར་འདུས་པར་འགྱུར་པ་ཁྱེད་རྣམས་ནི་རིག་པའི་ཚོགས་
ཀྱིས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་དང་། རྒྱལ་མོ་དང་བཅས་པ་རྣམས་ཀྱི་ཕོ་ཉ་མོ་ཆེན་མོ་དྲན་པ་ཙམ་ཉིད་ཀྱིས་རིག་པའི་ཚོགས་ཐམས་ཅད་འདུས་པ་རྣམས་འདི་ལྟ་སྟེ། རིག་པ་མཆོག་དང་། རིག་པ་བཟང་པོ་དང་། ལེགས་པར་གྲུབ་པ་དང་། དཔུང་
བཟང་དང་། སྡེ་བཟང་དང་། ལྷ་མཐར་བྱེད་དང་། སོ་བཟང་དང་། གང་བ་བཟང་པོ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེའི་མཐའ་དང་། རྡོ་རྗེའི་ལག་པ་དང་། རྡོ་རྗེའི་དཔུང་པ་དང་། རྡོ་རྗེའི་རྒྱལ་མཚན་དང་། རྡོ་རྗེའི་བ་དན་དང་། རྡོ་རྗེའི་སྤྱོད་ཡུལ་
དང་། རྡོ་རྗེ་མགོ་བོ་འཆང་དང་། རྡོ་རྗེ་མཆེ་བ་དང་། དག་པའི་རྡོ་རྗེ་དང་། རྡོ་རྗེའི་སྤུ་དང་། རྡོ་རྗེ་མཆོད་པ་དང་། རྡོ་རྗེ་དུ་མ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མགྲིན་པ་དང་། རྡོ་རྗེ་གསུང་བ་དང་། རྡོ་རྗེ་ལྟེ་བ་དང་། རྡོ་རྗེ་མཐའ་དང་། རྡོ་རྗེ་
གུར་དང་། རྡོ་རྗེ་ར་བ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་གཞུ་དང་། རྡོ་རྗེ་མདའ་དང་། རྡོ་རྗེ་ལྕགས་མདའ་དང་། རྡོ་རྗེ་མཚན་མ་དང་། རྡོ་རྗེ་དགྱེས་པ་དང་། རྡོ་རྗེ་ས་འོག་དང་། རྡོ་རྗེ་འཇིགས་སྤྱན་དང་། རྡོ་རྗེ་ནོར་མཐའ་དང་། རྡོ་རྗེ་ཁྲོ་བོ་དང་། ཆུའི་

ཡིད་དུ་འོང་བའི་ང་རོ་དང་། འབྱུང་པོའི་ཡིད་དུ་འོང་བའི་ང་རོ་དང་། ཁྲོ་བོ་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། དབང་ཕྱུག་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། སྦྱིན་པའི་བུའི་ཡིད་དུ་འོང་བའི་ང་རོ་དང་། རིག་པ་ཐམས་ཅད་ཀྱི་ཡིད་དུ་འོང་བའི་ང་རོ་དང་། དྲག་
པོ་དང་། ཤིན་ཏུ་དྲག་པོ་དང་། འཕེན་པ་དང་། ཉེ་བར་འཕེན་པ་དང་། རྟག་ཏུ་འཕེན་པ་དང་། འདུལ་བའི་མཐའི་འཕེན་པ་དང་། ཤིན་ཏུ་རྣམ་བཀོད་འཕེན་པ་དང་། འཚོལ་བར་འཕེན་པ་དང་། སྟོབས་དང་། སྟོབས་པོ་ཆེ་དང་། ལེགས་
འབྱུང་གསོང་བྱེད་དང་། བྷྲྀང་གི་རི་ཊི་དང་། ཁྲོ་བོ་དང་། ཁྲོ་བོ་ཆེན་པོ་དང་། མི་རྒས་པ་དང་། མི་གཉིད་པ་དང་། གདུང་བའི་དབྱངས་དང་། ཀླུའི་མཐའ་དང་། དབྱུག་ཆུ་དང་། དབྱུག་པ་སྔོན་པོ་དང་། ལུས་སྦྱིན་དང་། ལུས་དམར་དང་། རྡོ་རྗེའི་
དབྱུག་པ་དང་། སྤྲིན་དང་། སྤྲིན་ཆེན་དང་། ནག་པོ་དང་། ནག་པོ་བརྩེགས་པ་དང་། སྣ་ཚོགས་ནད་དང་། ཐམས་ཅད་འཕེན་པ་པོ་དང་། འདུད་དང་། འདུད་ཆེན་པོ་དང་། ཉམ་ཐག་པ་དང་། ཉམ་ཐག་པ་ཆེན་པོ་དང་། དུས་མཐར་བྱེད་པ་དང་།
གནོད་སྦྱིན་ནག་པོ་དང་། དྲག་པོ་དང་། དྲག་པོའི་གཟུགས་དང་། རྩེ་གསུམ་ཁ་གདེངས་པ་དང་། མདའ་བོ་ཆེ་དང་། བེ་ཅོན་རབ་འཇོམས་དང་། ཟ་བ་སྡུད་པའི་དཔའ་བོ་དང་། དུས་ཀྱི་མཐའི་ཉི་མ་དང་། སྲོག་འཕྲོག་པ་དང་། སྒྲ་འཇོམས་པ་དང་། ཞེ་
སྡང་མི་འཛིན་པ་དང་། འཁྱིལ་པ་དང་། འཁྱིལ་པ་མིན་པ་དང་། མཐའ་ཡས་འཁྱིལ་པ་དང་། ཁྲག་འཁྱིལ་པ་དང་། དཔུང་པ་དང་། དཔུང་པ་ཆེན་པོ་དང་། གདུག་པའི་ནད་ཆེན་པོ་དང་། མེ་དཔལ་དང་། མཛེ་ཐམས་ཅད་ལས་རྒྱལ་བ་དང་། འབྲོས་པ་
དང་། རྣམ་པར་འབྲོས་པ་པོ་དང་། དེ་བཞིན་རྣམ་འབྲོས་དང་། ཟ་བ་པོ་དང་། ཚིམ་མེད་འཚོལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྣམས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གདུལ་བ་དང་། སྐྲོད་པ་དང་།

གཞིག་པ་དང་། དགག་པ་དང་། གསོད་པ་དང་། རྣམ་པར་འཇོམས་པ་དང་། ཕ་དང་། ཟས་རྣམས་སྟེར་བར་བྱེད་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་གྱི་ལས་རྣམས་ཤིན་ཏུ་སྦྱོར་བར་བྱེད་པ་པོ་རིག་
པའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་སེམས་པས་རང་གི་རིག་པའི་རྒྱལ་པོ་རྡོ་རྗེའི་རིགས་སྐྱོང་བ་ལ་ཕྱག་
འཚལ་ཏེ་གནང་བ་ནོས་ནས་རང་གི་རིགས་ལ་གནས་པར་བྱེད་ཅིང་གནས་པས་རང་རང་གི་སྟན་ལ་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕུལ་བའི་ཕོ་ཉ་མོ་རིག་པའི་རྒྱལ་མོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་ཡང་རང་ཆོས་ཀྱི་དབྱིངས་ནམ་མཁའི་རང་
བཞིན་སྤྲོས་པ་མེད་པ་ལ་དམིགས་ནས་གནས་དེར་འདུས་པར་གྱུར་པ་འདི་ལྟ་སྟེ། འོག་པག་མ་དང་། འོག་པག་མ་བཟང་མོ་དང་། ལུ་གུ་རྒྱུད་མ་དང་། རྡོ་རྗེ་འོད་དང་། རྡོ་རྗེའི་ལྕེ་མ་དང་། རྡོ་རྗེའི་སྨིན་མ་དང་། རྡོ་རྗེའི་སྤྱན་དང་། རྡོ་རྗེའི་ལྟེ་བ་དང་། རྡོ་རྗེ་
ཁྲོ་གཉེར་མ་དང་། རྡོ་རྗེ་སྙན་མ་དང་། རྡོ་རྗེ་རི་མོ་མ་དང་། རྡོ་རྗེ་ཁབ་མ་དང་། རྡོ་རྗེ་ཁུ་ཚུར་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་རལ་གྲི་མ་དང་། རྡོ་རྗེ་ཐོ་བ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། སཱ་ལ་ལྡན་མ་དང་། སཱ་ལ་བིར་ཊི་མ་དང་། མཆོག་
ཏུ་བྱེད་མ་དང་། འདོད་ལྡན་མ་དང་། རྡོ་རྗེ་འདོད་ལྡན་མ་དང་། འདོད་པའི་རྡོ་རྗེ་མ་དང་། མཐོང་ཅན་མ་དང་། མཐོང་ལྡན་མ་དང་། མཐོང་བ་ཆེན་མོ་དང་། རྩེ་མོའི་གོས་མ་དང་། ཕུག་ལེན་མ་དང་། ཕུག་ལྡན་མ་དང་། ཕུག་གནས་མ་དང་། སྒོ་
གནས་མ་དང་། འདོད་པ་རྡོ་རྗེ་མ་དང་། ཡིད་མགྱོགས་མ་དང་། མི་འཕམ་མགྱོགས་མ་དང་། མྱུར་མགྱོགས་མ་དང་། སྤྱན་བཟང་མ་དང་། ཆང་གནས་མ་དང་། བུང་བ་མ་དང་། བུང་བ་ལས་བྱུང་བ་མ་དང་། མཆོད་སྦྱིན་གྲུབ་མ་དང་། རླུང་མ་

དང་། གང་བའི་གོས་མ་དང་། སྐྲག་བཟང་མ་དང་། ཧིཎྜ་ནི་དང་། སྡིགས་མཛུབ་མ་དང་། ཕོ་ཉ་མོ་དང་། ཕོ་ཉ་མོ་བཟང་མོ་དང་། མཱ་མ་ཀཱི་དང་། གཡོན་པ་མ་དང་། གཟུགས་ཅན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། གཞན་གྱིས་
མི་ཐུབ་མ་དང་། དགེ་ལེགས་མ་དང་། བཞད་ལྡན་མ་དང་། བཞད་པའི་རྡོ་རྗེ་མ་དང་། འཇིག་རྟེན་ལྡན་མ་དང་། གྲགས་ལྡན་མ་དང་། རྡོ་རྗེ་ལྡན་མ་དང་། མ་དུལ་མ་དང་། འཇིག་རྟེན་གསུམ་པོ་དབང་དུ་བྱེད་མ་དང་། དབྱུག་པ་མ་དང་། དབྱུག་པ་
ཆེན་མོ་དང་། སྙན་པར་སྨྲ་བ་ལྡན་མ་དང་། སྐལ་བཟང་ཉིད་ལྡན་མ་དང་། དོན་ལྡན་མ་དང་། དོན་ཆེན་ལྡན་མ་དང་། གོང་མ་སྲེག་མ་དང་། དཀར་མོ་དང་། ཤིན་ཏུ་སྤྲུལ་མ་དང་། ཤིན་ཏུ་དྲི་མེད་མ་དང་། དྲིལ་བུ་མ་དང་། རལ་གྲི་མ་དང་། རྩེ་
གསུམ་ཁ་གདེངས་མ་དང་། ཁམ་མ་དང་། རྒྱལ་བྱེད་མ་དང་། གོས་མ་དང་། ཕྱག་འཚལ་མ་དང་། མིང་ཅན་མ་དང་། གསང་བ་མ་དང་། དབྱུག་འབྱིན་མ་དང་། གཏུན་ཤིང་མ་དང་། ཕོ་ཉ་མོ་ཐམས་ཅད་དབང་བྱེད་མ་ཞེས་པ་འདི་རྣམས་དང་།
གཞན་ཡང་ཕོ་ཉ་མོ་ཆེན་མོ། ཕོ་ཉ་མོ་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ། །ཏིང་ངེ་འཛིན་གྱི་རྒྱུ་མཐུན་པ་ཡོངས་སུ་སྒོམ་པའི་ཡིད་ལས་བྱུང་བའི་གཟུངས་མ་དུ་མའི་གདུག་པའི་སེམས་ཅན་རྣམས་ཚར་
གཅོད་ཅིང་ཆད་པས་གཅོད་པ་འདི་ལྟ་སྟེ། རྡོ་རྗེའི་མེ་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་མ་དང་། རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། རིན་ཆེན་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། ས་འཛིན་མ་དང་། ལེགས་པར་བརྩེགས་
མ་དང་། ཆད་པའི་གཟུངས་མ་དང་། ཚར་གཅོད་པའི་གཟུངས་མ་དང་། དགུག་པའི་གཟུངས་མ་དང་། དཔུང་རྒྱན་མ་དང་། དཔུང་རྒྱན་ལྡན་མ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མ་དང་། རིན་ཆེན་རྩེ་མོའི་དཔུང་རྒྱན་མ་དང་། འཇིག་རྟེན་རྩེ་མོའི་

དཔུང་རྒྱན་མ་དང་། ག་དན་རྩེ་མོའི་དཔུང་རྒྱན་མ་དང་། གསུམ་འཁྱིལ་མ་དང་། འཇིག་རྟེན་འཁྱིལ་མ་དང་། སྟོང་འཁྱིལ་མ་དང་། ཉི་མའི་བུ་འཁྱིལ་མ་དང་། འབྱུང་པོ་ཀུན་འཁྱིལ་མ་དང་། ཏོག་ལྡན་མ་དང་། རིན་ཆེན་ལྡན་
མ་དང་། ནོར་བུ་རིན་ཆེན་གཙུག་མ་དང་། བྱང་ཆུབ་ཡན་ལག་གི་སྟོབས་དང་ལྡན་མ་དང་། མཐའ་ཡས་ཏོག་དང་། ཀུན་དུ་ཏོག་དང་། རིན་ཆེན་ཏོག་དང་། རྣམ་པར་གྲགས་པའི་ཏོག་དང་། འབྱུང་པོ་ཐམས་ཅད་ཀྱི་ཏོག་དང་། མི་འཕམ་ལྡན་མ་དང་།
གོས་ཤིན་ཏུ་དྲི་མེད་མ་དང་། གདོང་དྲུག་མ་དང་། དྲི་བྲལ་མ་དང་། འཇིག་རྟེན་གྲགས་མ་ཞེས་པ་འདི་དག་དང་། གཞན་ཡང་གཟུངས་མ་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ། །སངས་རྒྱས་
མཐའ་ཡས་པས་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་སངས་རྒྱས་ཀྱིས་རྣམ་པར་སྤངས་པ་ན་རང་སངས་རྒྱས་བཅོམ་ལྡན་འདས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་
སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་པར་གྱུར་པ་ལྷག་པར་གནས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པ། དེ་འཁོར་བའི་རྗེས་སུ་འཇུག་པ་རྟག་ཏུ་ཡིད་སྐྱོ་བ་རྒྱུད་ལ་སྙིང་རྗེ་ཆེན་པོ་སྤངས་ཤིང་མ་འདྲེས་པའི་སེམས་ཀྱི་བག་ཆགས་ཀྱིས་ཡོངས་སུ་
བསྒོས་པ་དང་། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྒོས་པའི་སེམས་པས་ས་གཅིག་དང་། ས་གཉིས་དང་། ས་གསུམ་དང་། ཇི་སྲིད་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་བར་ལ་ཡིད་མི་འཇུག་པ། འཁོར་བས་ཡིད་སྐྱོ་ཞིང་། འཇིགས་ཤིང་
འཇིགས་པ་དང་ལྡན་པ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། །སྤོས་དྲི་ལེན་དང་། ཀུན་ནས་སྐྱེ་མཆེད་དང་། ཀུན་དུ་འོད་དང་། ཙནྡན་དང་། དུས་དང་། མུ་ཁྱུད་དང་། ཉེ་བའི་མུ་ཁྱུད་དང་། འཆི་ལྟས་དང་། ཉེ་བའི་འཆི་

ལྟས་དང་། ལོགས་བཟང་པོ་དང་། རྔ་བོ་ཆེ་དང་། ཉེ་བའི་རྔ་བོ་ཆེ་དང་། འཇིག་རྟེན་གྲགས་པ་དང་། འཇིག་རྟེན་འོད་དང་། རྒྱལ་བྱེད་དང་། རྡུལ་མེད་དང་། ཉེ་བའི་རྡུལ་དང་། ཆ་ཤས་དང་། ཉེ་བའི་ཆ་ཤས་དང་། མཚན་མ་དང་།
མཚན་མ་བཟང་པོ་དང་། ཉིན་མོར་བྱེད་པ་དང་། ལེགས་བྱེད་འོད་ལྡན་དང་། འོད་བྱེད་དང་། འཇིག་རྟེན་བྱེད་པ་དང་། རྣམ་ཐོས་དང་། ལེགས་ཐོས་དང་། མཛེས་སྡུག་དང་། ལེགས་འཛིན་མཐའ་དང་། དུལ་མཛེས་དང་། མཐའ་ཡས་མཐའ་
དང་། སྲིད་མཐའ་དང་། ཏོག་དཀར་པོ་དང་། མཚན་མའི་ཏོག་དང་། ཏོག་དང་། ཉེ་བའི་ཏོག་དང་། རྒྱལ་དང་། པདྨའི་བླ་མ་དང་། པདྨའི་འབྱུང་བ་དང་། རང་འབྱུང་དང་། སྐྱེས་པ་དང་། ཡིད་འོང་དང་། ཡིད་ལས་བྱུང་དང་། དབང་
ཆེན་དང་། བརྩེགས་པར་གྲགས་པ་དང་། བུམ་པ་དང་། མཐའ་དག་སྤྱན་དང་། བདེ་བྱེད་དང་། ཕན་བྱེད་དང་། ཞི་བ་དང་། ཞི་བའི་ཡིད་དང་། ཆོས་དང་། ཉེ་བའི་ཆོས་དང་། རྣམ་པར་སྣང་བྱེད་དང་། མེ་ཏོག་དང་། ལེགས་སྔོ་དང་།
དཔལ་ལྡན་དང་། གཉེན་ལས་ཐག་རིང་བྱེད་པ་དང་། བཟོད་པར་དཀའ་བ་དང་། གསེར་དང་། དྲི་མེད་ཏོག་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། སྡེ་བཟང་དང་། ལེགས་པར་སྦྱངས་པ་དང་། བརྒྱ་བྱིན་དང་། འདོད་པ་དང་། ཉེ་དབང་
དང་། ནོར་ལྷ་ཞེས་པ་འདི་རྣམས་དང་། གཞན་ཡང་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བསམ་གྱིས་མི་ཁྱབ་ཅིང་གཞལ་གྱིས་མི་ལང་བ་སྨོན་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་ཅིང་འདུས་མ་བྱས་པ་ཐེག་པ་འབྲིང་ལ་རབ་
ཏུ་ཞུགས་ཤིང་ངེས་པར་གཏན་ཏེ་གནས་པ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་དང་ཐབས་ཅིག་ཏུ་བཞུགས་པར་གྱུར་ཏོ། །ཉན་ཐོས་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བའི་

ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་པ་འདི་ལྟ་སྟེ། འོད་སྲུང་ཆེན་པོ་དང་། ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་དང་། ལྟེང་རྒྱས་འོད་སྲུང་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། བྷ་ར་དྷྭ་ཛ་དང་། མཽད་གལ་གྱི་བུ་དང་། མཽད་གལ་གྱི་
བུ་ཆེན་པོ་དང་། ཤཱ་རིའི་བུ་དང་། ཤཱ་རིའི་བུ་ཆེན་པོ་དང་། སྣ་ཚོགས་མཛེས་དང་། རབ་འབྱོར་དང་། རབ་འབྱོར་ཆེན་པོ་དང་། བ་ལང་བདག་དང་། ཀ་ཏྱའི་བུ་དང་། ཀ་ཏྱའི་བུ་ཆེན་པོ་དང་། ཉེ་བར་འཁོར་དང་། བཟང་ལྡན་དང་། ཀ་པི་ན་དང་། དགའ་
བོ་དང་། མཛེས་དགའ་བོ་དང་། ཉེ་དགའ་དང་། རྣ་བ་བྱེ་བ་རི་བ་དང་། འཇིག་རྟེན་འབྱུང་བ་དང་། མཐའ་ཡས་འབྱུང་བ་དང་། ཡིད་འོང་བ་དང་། ཉེ་བའི་ཡིད་འོང་བ་དང་། དགའ་ལྡན་དང་། ཉེ་བའི་དགའ་ལྡན་དང་། མ་འགགས་པ་དང་། རྩ་བ་
ཀུན་དུ་གང་བ་དང་། ཉེ་བར་གང་བ་དང་། རྒྱལ་དང་། ན་བ་སོ་དང་། རུ་རུ་དང་། དྲག་པོའི་བུ་དང་། རུ་རུའི་བུ་དང་། ཀུ་རུ་དང་། ལྔས་རྩེན་དང་། ཉེ་བའི་ལྔས་རྩེན་དང་། དུས་དང་། མཉམ་པའི་དུས་དང་། ལྷ་འཛིན་དང་། སྒྲ་གཅན་
འཛིན་དང་། ལྗང་སྔོ་དང་། ཉེ་བའི་ལྗང་སྔོ་དང་། བསམ་བྱ་དང་། དགའ་བ་སེམས་པ་པོ་དང་། འཆར་ཀ་དང་། ཉེ་པའི་འཆར་ཀ་དང་། དཔལ་ལྡན་དང་། ཀ་དྲུའི་བུ་དང་། གྱད་ཀྱི་བུ་དང་། ཉེར་རྫས་ལྡན་དང་། དུམ་བུ་དང་། རྒྱལ་བ་དང་།
ཉེ་རྒྱལ་དང་། རྒྱལ་ཆེན་པོ་དང་། ཀུན་དུ་རྒྱལ་དང་། འབོད་བྱེད་དང་། གྲགས་སྦྱིན་དང་། གྲགས་ལྡན་དང་། ནོར་ཅན་དང་། ནོར་གྱི་རྒྱ་མཚོ་དང་། ཉེ་བའི་ནོར་ཅན་དང་། པི་ལིནྡའི་བུ་པི་པ་ལ་ཀ་དང་། འབྲས་བུ་དང་། ཉེ་བའི་འབྲས་བུ་དང་།
མཐའ་ཡས་འབྲས་བུ་དང་། འབྲས་བུ་དང་བཅས་པ་དང་། གཞོན་ནུ་དང་། གཞོན་ནུ་འོད་སྲུང་། ཆེར་སྦྱིན་དང་། བཅུ་དྲུག་སྡེ་པའི་དགའ་བྱེད་དང་། ཉེ་བའི་དགའ་བྱེད་དང་། ཡོན་པོར་ཡོ་བ་དང་། རྒྱལ་བའི་ཞགས་པ་དང་། དབུགས་

འབྱིན་ཆེན་པོ་དང་། བེའུའི་བུ་དང་། ཀུ་རུ་ཀུལླེ་དང་། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བ་དང་། ཁྲག་ཕ་རོལ་གྱི་མཐར་བྱེད་པ་དང་། གང་གཱའི་བུ་དང་། རིའི་རྣ་བ་ཅན་དང་། ཉེ་བའི་ཟེ་བ་དང་། དབྱར་ཅན་དང་། སྣང་བ་དང་། མཛེས་པར་སྣང་
བ་དང་། དཔལ་སྦས་དང་། འཇིག་རྟེན་སྦས་པ་དང་། བླ་མ་སྦས་པ་དང་། སྣང་བ་ལ་དགའ་བ་དང་། ཞི་བྱེད་དང་། བྱིས་པ་དང་། ཉེ་བའི་བྱིས་པ་དང་། བྱེ་བ་ཉི་ཤུ་པ་དང་། མགོན་མེད་སྦྱིན་དང་། ཉེ་བའི་འཇུག་པ་དང་། ལྡོག་པ་
དང་། སྨྱོ་བྱེད་དང་། ཀུན་དུ་འོད་དང་། མཚོ་བཟང་དང་། ལེགས་པ་དང་། རབ་སད་དང་། ལེགས་འོངས་དང་། ཉེར་འོངས་དང་། ཉེར་འགྲོ་དང་། འཇིག་རྟེན་འགྲོ་དང་། སྡུག་བསྔལ་མཐར་བྱེད་དང་། བསྐལ་པ་བཟང་པོ་དང་། ཆེན་པོ་
བཟང་ལྡན་དང་། དོན་སྤྱོད་པ་དང་། ཕ་ཆེན་པོ་དང་། འགྲོ་ལྡན་དང་། རྒྱལ་སྐྱོང་དང་། རྒྱལ་དང་། གསལ་ལྡན་དང་། ཉེ་བའི་གསལ་ལྡན་དང་། སྨན་ཆེན་པོ་དང་། གཟི་བརྗིད་ཆེན་པོ་དང་། ལྷ་མཚམས་དང་། སྒྲུབ་བྱེད་དང་། ཚོགས་ཅན་དང་།
ཚངས་པ་བཟང་པོ་དང་། མཛེས་མ་བཟང་དང་། འཇིག་རྟེན་བཟང་དང་། མཉམ་པ་དང་། ཡང་དག་གཞལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་ཆོས་ཀྱི་དབྱིངས་མཐའ་ཡས་པ་རྣམ་པར་གྲོལ་བའི་རོའི་རོ་མྱོང་བ། ཐེག་པ་གསུམ་ལ་སྙོམས་པར་འཇུག་པ།
ཐེག་པ་ཆུང་ངུའི་ལམ་ཀུན་དུ་ཐོབ་པ། འཁོར་བ་ལས་བྲོས་པ། རྣམ་པར་ཐར་པའི་ལམ་གསུམ་གྱི་བསམ་གཏན་བསམས་པ། ཚངས་པའི་གནས་བཞིའི་སྤྱོད་ལམ་ལ་སྙོམས་པར་ཞུགས་པ། ལེགས་པར་མཉམ་པར་བཞག་པ། ལེགས་པར་བསྙེན་པར་
རྫོགས་པ། ལེགས་པའི་ཚུལ་ལ་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་མཉམ་པར་འཇུག་པ་མཉམ་པ་ཉིད་སྤྲོས་པ་མེད་པ་བློ་གྲོས་ཅན་རྣམས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ས་བཅུ་

པའི་བར་མ་ཆད་པ་དཀོན་མཆོག་གསུམ་གྱི་གནས་སུ་གནས་པ་དང་ཐབས་ཅིག་ཏུ་དེ་རྣམས་ཀྱང་དེར་ཀུན་དུ་འཁོད་པར་གྱུར་ཏོ། །ཉན་ཐོས་མ་ཆེན་མོ་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་མཉམ་པར་འཇུག་པས་རབ་ཏུ་ཞུགས་པ་དུ་མ་རྣམས་ཀྱང་།
འདུས་མ་བྱས་ཀྱི་ལམ་གྱི་ཐེག་པ་ལ་དམིགས་པ་དག་ཅིང་འདོད་ཆགས་དང་བྲལ་བ་ཀུན་ནས་སྣང་བ་ཀུན་དུ་ཐོབ་པ་སྦྱིན་པར་བྱ་བའི་ཞིང་གི་ཡོན་ཏན་འཛིན་ཅིང་རྣམ་པར་སྦྱོང་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་མཆོག་གི་
བདག་མོ་ལྷས་མཆོད་པ་བསོད་ནམས་ཀྱི་ཞིང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་དང་། རྐང་མེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་བདག་མོ་རྣམས་ལ་འདི་ལྟ་སྟེ། གྲགས་འཛིན་མ་དང་། གྲགས་སྦྱིན་མ་དང་། སྐྱེ་དགུའི་
བདག་མོ་ཆེན་མོ་དང་། སྐྱེ་དགུའི་བདག་མོ་ལེགས་སྐྱེས་མ་དང་། དགའ་མོ་དང་། སྦོམ་དགའ་མོ་དང་། མཛེས་དགའ་མོ་དང་། སེམས་པ་མོ་དང་། མཛེས་མ་དང་། མཐའ་ཡས་མ་དང་། ཡིད་ཀྱི་ཤིང་རྟ་མ་དང་། རྒྱལ་ལྡན་མ་དང་། དཔའ་
མོ་དང་། ཉེ་བའི་དཔའ་མོ་དང་། ལྷ་མོ་དང་། ལེགས་ལྷ་མོ་དང་། ལེགས་དཔལ་མོ་དང་། དཔལ་མ་དང་། རབ་སྤྱོད་མ་དང་། རབ་དགའ་མ་དང་། སྙན་པར་སྨྲ་མ་དང་། སྣར་མ་མ་དང་། ཡུལ་འཁོར་སྲུང་མ་དང་། སྲུང་མ་དང་། རྗེ་
བོ་མ་དང་། ཕུན་ཚོགས་མ་དང་། ལུས་ཅན་མ་དང་། པད་པ་མ་དང་། དགའ་མ་དང་། རལ་པ་མ་དང་། ཉེ་བའི་རལ་པ་མ་དང་། ཀུན་ནས་རལ་པ་མ་དང་། འབྱུང་བ་མ་དང་། སྣང་ལྡན་མ་དང་། ཡིད་མགྱོགས་མ་དང་། སྐྲ་ལྡན་མ་དང་།
ཁྱབ་འཇུག་ལེན་མ་དང་། ཁྱབ་འཇུག་ལྡན་མ་དང་། ཡིད་བཟངས་མ་དང་། ཡིད་མངས་མ་དང་། དཔལ་ལྡན་མཱ་དང་། སྡུག་བསྔལ་མཐར་ཐུག་མ་དང་། ལས་སྦྱིན་མ་དང་། ལས་འབྲས་མ་དང་། རྣམ་རྒྱལ་མ་དང་། རྒྱལ་ལྡན་མ་དང་། ནོར་

བདག་མ་དང་། ནོར་སྦྱིན་མ་དང་། ཆོས་སྦྱིན་མ་དང་། ལེགས་སྦྱིན་མ་དང་། རབ་ཟ་མ་དང་། ཨ་མྲ་མ་དང་། གྲགས་པ་འཇུག་མ་དང་། ཡིད་ལྡན་མ་དང་། རབ་བཞད་མ་དང་། སྲིད་གསུམ་མཐར་བྱེད་མ་དང་། འཁོར་གསུམ་མཐར་བྱེད་མ་དང་།
སྡུག་བསྔལ་བ་མོ་དང་། ཡིད་འབྱུང་མ་དང་། ལོ་མ་གསུམ་པ་དང་། པདྨའི་ལོ་མ་དང་། པདྨ་ལྡན་མ་དང་། པདྨའི་འོད་མ་དང་། དཀའ་ཟློག་རྐང་སྤྱོད་མ་དང་། དཀའ་ཟློག་རྐང་སྤྱོད་ལྡན་མ་དང་། འདབ་གསུམ་མ་དང་། འདབ་བདུན་མ་དང་། ཨུཏྤ་ལའི་
མདོག་མ་ཞེས་པ་འདི་དག་དང་། གཞན་ཡང་གནས་བརྟན་མ་ཆེན་མོ། །ཉན་ཐོས་མ་ཆེན་མོ་རྣམས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་ཕྱག་འཚལ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ། །འཁོར་གྱི་དཀྱིལ་འཁོར་དེ་རྣམས་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོའི་
རྣམ་པར་འཕྲུལ་པའི་མཐུ་མཐོང་བར་འདོད་ནས་འདུས་ཤིང་འཁོད་པར་གྱུར་ཏེ་ཆོས་ཉན་པའི་ཕྱིར་དང་། སྔགས་ཀྱི་སྤྱོད་པའི་དོན་བསྒྲུབ་པ་ལ་བརྩོན་པར་འདོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་
གཟིགས་ནས་ལྷག་པའི་བསམ་པ་རིག་པ་དང་། དངོས་པོ་མེད་པའི་རང་བཞིན་ནམ་མཁའི་ངོ་བོ་སེམས་ཅན་གྱི་ཁམས་གསུམ་ལས་ཡང་དག་པར་འདས་པ་མཁྱེན་ནས་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་སེམས་ཅན་གྱི་དོན་གྱི་སྤྱོད་པ་
ལ་སོ་སོར་སོམས་ཤིག །བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་ལ་དད་པ་དང་ལྡན་པ། སྔགས་ཀྱི་སྤྱོད་པའི་དོན་ཡང་དག་པར་ཐོབ་པ་ཞེས་བྱ་བའི་ཆོས་ཀྱི་ཚིག་དང་། ཞི་བའི་ཚིག་དང་། ཐར་པའི་ཚིག་དང་། རྟོག་པའི་སྒྲུབ་པ་
དང་། རྣམ་པར་རྟོག་པའི་མཉམ་པ་ཉིད་ཐོབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཀུན་གྱི་སྟོབས་དང་། བདུད་ཀྱི་སྟོབས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒོམས་ཤིག །དེ་ནས་བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་པར་གྱུར་ཏོ། །སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་མ་ཐག་ཏུ། ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དག་པར་རབ་ཏུ་གཡོས་ཏེ་སྣང་བ་ཆེན་པོས་གསལ་བར་བྱས་ནས། རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་སྟོན་པར་གྱུར་ཅིང་། རང་གི་སྔགས་ཀྱི་ཚིག་ཀྱང་གསུངས་པར་གྱུར་ཏོ། །རྟོག་པའི་སྔགས་རྣམས་ཀྱང་སྔགས་དུ་མ། ཐུན་
མོང་པ་ཅིག་གིས་རིམ་པ་ལས་མ་འདས་པར་འབྱུང་བ་ནི། ན་མཿསམནྟ་བུདྡྷཱ་ནཱཾ་ཨ་བྷཱ་བ། སྭ་བྷཱ་བ། ས་མུངྒ་ཏཱ་ནཱཾ། ན་མཿ པྲ་ཏྱེ་ཀ་བུདྡྷཱ་ཨཱརྱ་ཤྲཱ་བ་ཀཱ་ནཱཾ། ན་མོ་བོ་དྷི་སཏྭཱ་ནཱཾ། ད་ཤ་བྷུ་མི་པྲ་ཏིཥྛི་ཏེ་ཤ་ར་ཎཾ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་སཏྭ་ནཱཾ།
མ་ཧཱ་སཏྭཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ། ཁཱ་ཧི། དུཥྚ་སཏྭཱ་ད་མ་ཀ །ཨ་སི། མུ་ས་ལ། པ་ར་ཤུ། པཱ་ཤ །ཧསྟི། ཙ་ཏུར་མུ་ཁ། ཥཊ་ཙ་ར་ཎ། གཙྪ་གཙྪ། མ་ཧཱ་བིགྷྣཱ་ན། བིགྷྣཱ་ན་ཏ་ཀ། །བི་ཀྲྀ་ཏཱ་ནན། སརྦ་བྷཱུ་ཏ། བྷེ་ཡཾ་
ཀ་ར། ཨཊྚཱཊྚ། ཧཱ་ས་ནཱ་དི་ནེ། བྱཱ་གྷྲ་ཙརྨ་ནི་བཱ་ས་ན། ཀུ་རུ་ཀུ་རུ་སརྦ་ཀརྨ་ཎཱཾ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ས་ར་མུ་དྲཾ། ཨཱ་ཀརྵ་ཨཱ་ཀརྵ། བྷཱུ་ཏཱ་ན། ནིརྨ་ཐ་ན། སརྦ་དུཥྚཱཾ། པྲ་བེ་ཤ་ཡ། མཎྜལ་མ་དྷྱེ། བཻ་བ་སྭ་ཏ་ཛཱི་བི་ཏཱ་ན་ཏཱ།
ཀ་ར་ཀུ་རུ་ཀུ་རུ་མ་མ་ཀྱཱརྱཱཾ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ་ས་མ་ཡ་མ་ནུ་སྨ་ར། ཧཱུྃ་ཧཱུྃ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀ། ཧེ་ཧེ་བྷ་ག་བཱ་ན། ཀཉྩི་རཱ་ཡ་སི་མ་མ། སརྦ་ཨཪྠ་སཱངྔ་ཡ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་མ་འཕགས་
མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་སྒྲོལ་མས་གནོན་པ་ཞེས་བྱ་བ་གང་འདོད་པ་དེ་འགུགས་པར་བྱེད་ཅིང་ཐོབ་པར་བྱེད་པ། དབང་པོ་དང་། གཤིན་རྗེའི་རྒྱལ་པོ་ཡང་འགུགས་པར་བྱེད་ཅིང་འཇོམས་པར་བྱེད་པ་ཡིན་ན་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྲོ་བོའི་རྒྱལ་

པོ་ཆེན་པོས་གསུངས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཉམ་ཐག་ཅིང་འཇིགས་སྐྲག་སྟེ་ཡིད་སྐྱོ་ཞིང་སྙིང་གས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས་པ་སྐྱབས་གཞན་མེད། སྐྱོབ་པ་གཞན་མེད། དཔུང་
གཉེན་གཞན་མེད་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་ལྷགས་པར་གྱུར་ཏོ། །དེ་ནས་གང་ལ་ལ་ས་ལ་སྤྱོད་པ་དང་། མཁའ་ལ་སྤྱོད་པ་དང་། བརྟན་པ་དང་། གཡོ་བ་དང་། མངལ་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་སྐྱེས་དང་། བརྫུས་ཏེ་སྐྱེས་
པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ན་རྣམ་པར་གནས་པ་སྟེང་དང་། འོག་དང་། ཐད་ཀ་དང་། ཕྱོགས་དང་ཕྱོགས་བྲལ་རྣམས་སུ་སྐད་ཅིག་དེ་དང་། ཡུད་ཙམ་དེ་ལ་གབ་པ་རྣམས་ཁྲོ་བོའི་རྒྱལ་པོ་ཆེན་པོས་
སྐད་ཅིག་ལ་འདིར་བཀུག་པར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོ་སྒྲུབ་པར་གྱུར་པ་འདི་འདོད་ཆགས་དང་མ་བྲལ་བར་གྱུར་པ་རྣམས་ཀྱི་མདུན་དུ་བཟླས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའང་འཆི་བར་འགྱུར་རམ། སྐམ་པར་འགྱུར་བའི་ཕྱིར་རོ། །དེ་ཚིག་བྱིན་གྱིས་
བརླབས་ནས། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔའམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། དམ་པའི་ཆོས་ཀྱི་གླེགས་བམ་མམ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་བཟླས་བརྗོད་བྱའི། ལས་གཞན་གྱི་ཆེད་དུའམ། གང་ཡང་རུང་བ་
དེར་བཀླག་པར་མི་བྱ་སྟེ། ཅིའི་ཕྱིར་ན་ལྟས་ངན་ཆེན་པོ་དང་། མྱ་ངན་ཆེན་པོ་དང་། བདག་ཉིད་ཉེ་བར་འཇོམས་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབའ་ཞིག་ནི་ཐུགས་རྗེ་
མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་པ་སྒྲུབ་ཅིང་རྗེས་སུ་འཇུག་པ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ། ཆོས་ཀྱི་ཚུལ་ཡང་དག་པར་གནས་པར་བྱེད་པ། སེམས་ཅན་གྱི་ཁམས་མ་ལུས་པ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ། བསྟན་པ་

མེད་པར་བསྟན་པ་དང་། ལམ་གསུམ་ལ་ཡང་དག་པར་སྦྱོར་བ་དང་། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང་། སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཐུགས་རྗེ་ཆེན་པོའི་མཐུའི་རྒྱུ་མཐུན་པའི་ཐུགས་ཀྱིས་བདུད་ཀྱི་སྟོབས་ཟིལ་གྱིས་
གནོན་པ་དང་། བགེགས་ཆེན་པོ་རྣམ་པར་གཞིག་པ་དང་། གདུག་པའི་རྒྱལ་པོ་བཟློག་པ་དང་། བདག་གི་སྟོབས་མངོན་པར་འཕེལ་བ་དང་། གཞན་གྱི་སྟོབས་ཟློག་པར་བྱེད་པ་དང་། རེངས་པ་དང་། ལྟུང་བ་དང་། ཉམས་དགང་འཆོས་པ་དང་། སྐེམས་པ་
དང་། དགའ་བ་དང་། རང་གི་སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཚེ་དང་། ནད་མེད་པ་དང་། རང་གི་དབང་ཕྱུག་མངོན་པར་འཕེལ་བ་དང་། མྱུར་དུ་ལས་རྗེས་སུ་སྒྲུབ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་
པོ་དང་། བཏང་སྙོམས་ཆེན་པོ་དང་། ཡང་དག་པར་སྡོམ་པ་དང་། དེ་དག་གི་རྒྱུ་མཚན་དང་། རྒྱུ་ལ་ཐམས་ཅད་དུ་རྟོག་གེ་པ་དང་། རྣམ་པར་རྟོག་གེ་པ་དང་བྲལ་བའི་སེམས་ཀྱིས་སྨྲས་སོ། །དེ་ནས་ཀླུ་དང་། ཀླུ་ཆེན་པོ་དང་། གནོད་སྦྱིན་དང་།
གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། སྲིན་པོ་ཆེན་པོ་དང་། ཤ་ཟ་དང་། ཤ་ཟ་ཆེན་པོ་དང་། སྲུལ་པོ་དང་། སྲུལ་པོ་ཆེན་པོ་དང་། ལུས་སྲུལ་པོ་དང་། ལུས་སྲུལ་པོ་ཆེན་པོ་དང་། མ་མོ་དང་། མ་མོ་ཆེན་མོ་དང་། གྲུལ་བུམ་དང་།
གྲུལ་བུམ་ཆེན་མོ་དང་། གཅན་གཟན་དང་། གཅན་གཟན་ཆེན་པོ་དང་། རོ་ལངས་དང་། རོ་ལངས་ཆེན་པོ་དང་། ཀམ་པོ་ཛ་དང་། ཀམ་པོ་ཛ་ཆེན་པོ་དང་། སྲིང་མོ་དང་། སྲིང་མོ་ཆེན་མོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་མ་ཆེན་མོ་དང་།
གཞིབས་པ་དང་། གཞིབས་པ་ཆེན་པོ་དང་། གནོན་པོ་དང་། གནོན་པོ་ཆེན་པོ་དང་། བྱིས་པ་དང་། བྱིས་པ་ཆེན་པོ་དང་། བྲམ་པ་དང་། བྲམ་པ་ཆེན་པོ་དང་། ནད་དང་། ནད་ཆེན་པོ་དང་། བརྗེད་བྱེད་དང་། བརྗེད་བྱེད་ཆེན་པོ་དང་། གདོན་དང་།

གདོན་ཆེན་པོ་དང་། ནམ་མཁའ་མ་མོ་དང་། ནམ་མཁའ་མ་མོ་ཆེན་མོ་དང་། གཟུགས་ཅན་མ་དང་། གཟུགས་ཅན་མ་ཆེན་མོ་དང་། གཟུགས་ངན་མ་དང་། གཟུགས་ངན་མ་ཆེན་མོ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། གྲིབ་གནོན་དང་།
གྲིབ་གནོན་ཆེན་པོ་དང་། སྦོད་གཏོང་དང་། སྦོད་གཏོང་ཆེན་པོ་དང་། ཅི་བགྱི་དང་། ཅི་བགྱི་ཆེན་པོ་དང་། གནོད་སྦྱིན་མོ་དང་། གནོད་སྦྱིན་མོ་ཆེན་མོ་དང་། ཤ་ཟ་མོ་དང་། ཤ་ཟ་མོ་ཆེན་མོ་དང་། རིམས་ནད་དང་། རིམས་ནད་ཆེན་པོ་དང་།
རིམས་ཉིན་གཅིག་པ་དང་། རིམས་ཉིན་གཅིག་པ་ཆེན་པོ་དང་། རྟག་པའི་རིམས་དང་། རིམས་མི་བཟད་པ་རྣམས་དང་། རྟག་པ་ལས་བྱུང་བའི་རིམས་དང་། ཡུད་ཙམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་
གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། གཅོང་དང་གཅོང་ཆེན་པོ་དང་། གྲུབ་པ་དང་། གྲུབ་པ་ཆེན་པོ་དང་། སྦྱོར་ལྡན་དང་། སྦྱོར་ལྡན་ཆེན་པོ་དང་། དྲང་སྲོང་དང་། དྲང་སྲོང་ཆེན་པོ་དང་། མིའམ་ཅི་དང་། མིའམ་ཅི་ཆེན་པོ་དང་། ལྟོ་འཕྱེ་
ཆེན་པོ་དང་། ལྟོ་འཕྱེ་ཆེན་པོ་ཆེན་པོ་དང་། དྲི་ཟ་དང་། དྲི་ཟ་ཆེན་པོ་དང་། ལྷ་མ་ཡིན་དང་། ལྷ་མ་ཡིན་ཆེན་པོ་དང་། མི་དང་མི་ཆེན་པོ་དང་། ལྗོངས་དང་། ལྗོངས་ཆེན་པོ་དང་། རྒྱ་མཚོ་དང་། རྒྱ་མཚོ་ཆེན་པོ་དང་། ཆུ་ཀླུང་དང་། ཆུ་ཀླུང་ཆེན་
པོ་དང་། རི་དང་། རི་ཆེན་པོ་དང་། གཏེར་དང་། གཏེར་ཆེན་པོ་དང་། ས་དང་། ས་ཆེན་པོ་དང་། ཤིང་དང་། ཤིང་ཆེན་པོ་དང་། འདབ་ཆགས་དང་། འདབ་ཆགས་ཆེན་པོ་དང་། རྒྱལ་པོ་དང་། རྒྱལ་པོ་ཆེན་པོ་དང་། བརྒྱ་བྱིན་དང་། དབང་པོ་ཆེན་
པོ་དང་། ནོར་ལྷའི་བུ་དང་། སྒྲ་སྒྲོགས་དང་། འབྱུང་པོའི་བདག་པོ་དང་། དབང་ལྡན་དང་། གཤིན་རྗེ་དང་། ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཉི་མའི་བུ་དང་། ནོར་སྦྱིན་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་།

ལུས་ངན་པོ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ལྔས་རྩེན་དང་། རྨུགས་འཛིན་དང་། རེངས་འཛིན་དང་། ཀུཥྨ་འཛིན་དང་། ལྗང་སྔོ་དང་། སྐྲ་ལྗང་སྔོ་དང་། སེངྒེ་དང་། འཕྲོག་མ་དང་། དགའ་བྱེད་དང་། ནོར་
བྱེད་དང་། ཆུའི་དབང་པོ་དང་། འཇིག་རྟེན་དབང་པོ་དང་། ཉེ་བའི་དབང་པོ་དང་། གསང་བ་དང་། གསང་བ་ཆེན་པོ་དང་། གཡོ་བ་དང་། གཡོ་བྱེད་དང་། ཆུ་སྟོད་དང་། རྟག་པའི་རི་དང་། ཁ་བའི་རི་དང་། རི་ཆེན་པོ་དང་། མིག་བརྩེགས་པ་དང་།
མགོ་བོ་གསུམ་པ་ཞེས་པ་འདི་རྣམས་དང་། གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་ཆོས་མཉན་པའི་ཕྱིར་
འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །གང་ཡང་སྲིན་པོའི་རྒྱལ་པོ་ཆེན་པོ་སྲིན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་ཆེན་པོས་བཀུག་པ་འདི་ལྟ་སྟེ། བྲོས་པ་དང་། འབྲོས་བྱེད་དང་། རྣམ་པར་
འཇུ་བྱེད་དང་། གཟེར་གྱི་རྣ་བ་དང་། བུམ་པའི་རྣ་མ་དང་། ཀུན་ནས་རྣ་མ་དང་། གཤིན་རྗེ་དང་། རྣམ་པར་འཇིགས་བྱེད་དང་། འཇིགས་སུ་རུང་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་དང་། མི་བཟད་པ་དང་། སྡིག་ལྡན་དང་། དབང་པོ་རྒྱལ་
དང་། འཐབ་པ་དང་། ལེགས་པར་འཐབ་པ་དང་། མདུང་དང་། མདུང་རྩེ་གསུམ་དང་། མགོ་བོ་གསུམ་པ་དང་། མགོ་བོ་མཐའ་ཡས་པ་ཞེས་པའང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །གང་ཡང་ཤ་ཟ་དང་། ཤ་ཟ་ཆེན་པོ་དང་། ཤ་ཟ་ཆེན་པོ་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འདི་ལྟ་སྟེ། འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་དང་། ལེགས་པར་འཐུང་གཅོད་དང་། མཐའ་ཡས་འཐུང་གཅོད་དང་། ཡིད་ཀྱི་ཤིང་རྟ་དང་། ལེགས་པར་ཡིད་ཀྱི་ཤིང་རྟ་དང་། ལེགས་

པར་འདྲེན་པ་དང་། ཟ་བྱེད་དང་། སྤུ་བཟང་པོ་དང་། དྲག་པོའི་གཟུགས་ཅན་ཞེས་པ་དེ་རྣམས་ཀྱང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །གང་ཡང་ཀླུའི་རྒྱལ་པོ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་ཁྲོ་བོའི་རྒྱལ་པོས་བྱང་ཆུབ་སེམས་དཔའི་
རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་བཀུག་པ་འདི་ལྟ་སྟེ། དགའ་བོ་དང་། ཉེ་དགའ་བོ་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། ནོར་རྒྱས་ཀྱི་བུ་དང་། མཐའ་ཡས་དང་། འཇོག་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། དུང་དང་། དུང་སྐྱོང་མ་དང་།
སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། བརྫུན་པའི་བཏུང་བ་དང་། བུམ་པ་སྦྱིན་དང་། རྡོ་རྗེ་ཅན་དང་། ཙམ་པའི་བུ་དང་། ཡིད་ལྡན་ཀླུ་དང་། ང་རྒྱལ་འཇོམས་དང་། ཌཾ་ཀུ་ར་དང་། ཉེ་བའི་ཌཾ་ཀུ་ར་དང་། ལ་ཀུ་ཊཱ་དང་། ལ་ཀུ་ཊཱ་ཆེན་པོ་དང་། དཀར་པོ་དང་།
དཀར་པོ་བཟང་པོ་དང་། སྔོན་པོ་དང་། སྔོན་པོ་ཆུ་སྦྱིན་དང་། འོ་མའི་ཆུ་དང་། སོག་མ་མེད་དང་། རྒྱ་མཚོ་དང་། ཉེ་བའི་རྒྱ་མཚོ་ཞེས་པ་འདི་རྣམས་དང་གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་ཀླུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཆོས་མཉན་པའི་ཕྱིར་འཁོར་
གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འདུག་པར་གྱུར་ཏོ། །གང་ཡང་དྲང་སྲོང་དང་དྲང་སྲོང་ཆེན་པོ་དེ་རྣམས་འདི་ལྟ་སྟེ། རྒྱུན་ཤེས་ཀྱི་བུ་དང་། གནས་འཇོག་དང་། གཽ་ཏ་མ་དང་། སྐལ་ལྡན་ཤིང་རྟ་དང་། ཛ་ཧྣུ་དང་། ཨཾ་གི་རས་དང་། ཨ་མསྟི་དང་། སུ་
ལ་སྟི་དང་། རི་བྱི་དང་། རྒྱས་པ་དང་། ནག་པོ་དང་། གཽ་ཏམ་ནག་པོ་དང་། མེ་དང་། མེའི་རྒྱུད་དང་། ཏྲཾཿགི་རས་དང་། ཛཱ་མད་ཨགྣི་དང་། ཡོད་པ་པ་དང་། ཐུབ་པ་དང་། ཐུབ་པ་མཆོག་དང་། བཻ་ས་མྦ་ཡ་ན་དང་། རྩིབ་ལོགས་སྐྱེས་དང་།
དགྲ་སྟ་དང་། རྣལ་འབྱོར་དབང་ཕྱུག་དང་། པི་སྦ་ལ་དང་། པི་སྦ་ལ་ཟ་བ་དང་། གྲོག་མཁར་བ་དང་། བདུད་མདའ་ཞེས་པ་འདི་རྣམས་དང་། གཞན་ཡང་དྲང་སྲོང་ཆེན་པོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་

ཉེ་བར་ཕྱིན་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་གསང་སྔགས་སྤྱོད་པའི་དོན་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་ཅིང་རྗེས་སུ་ཡི་རང་བར་འདོད་པས་འཁོད་པར་གྱུར་ཏོ། །གང་ཡང་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་དེ་རྣམས་ཀྱང་འཁོར་གྱི་
དཀྱིལ་འཁོར་ཆེན་པོ་དེར་རབ་ཏུ་ཞུགས་ཤིང་འཁོད་པར་གྱུར་པ་འདི་ལྟ་སྟེ། བྷེ་རཎྜ་དང་། བྷུ་རུཎྜ་དང་། མ་རུཎྜ་དང་། འོད་ཟེར་དང་། འོད་ཟེར་འབར་བ་ཞེས་པའོ། །གང་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་རྣམས་ཀྱང་ནམ་མཁའ་ལྡིང་བརྒྱ་སྟོང་ཕྲག་དུ་མས་
ཡོངས་སུ་བསྐོར་ཏེ་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་པ་འདི་ལྟ་སྟེ། འདབ་བཟང་དང་། འདབ་དཀར་དང་། ཀླུ་དང་། འདབ་འགྲོ་དང་། འདབ་བཟང་སྐྱེས་དང་། ཡིད་མགྱོགས་དང་། ཀླུ་འཇོམས་དང་། རྣམ་འདུད་བུ་དང་། བྷ་ར་དྷྭ་ཛ་དང་། དགེ་
མཚན་དང་། དགེ་མཚན་ཆེན་པོ་དང་། འདབ་ཆགས་རྒྱལ་པོ་སྟེ། དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། །གང་ཡང་མི་འམ་ཅིའི་རྒྱལ་པོ་མི་འམ་ཅི་བརྒྱ་སྟོང་ཕྲག་དུ་མས་བསྐོར་བ་དེ་རྣམས་ཀྱང་འདི་ལྟ་སྟེ། ལྗོན་པ་དང་། ཉེ་
བའི་ལྗོན་པ་དང་། ལེགས་པའི་ལྗོན་པ་དང་། མཐའ་ཡས་ལྗོན་པ་དང་། འཇིག་རྟེན་ལྗོན་པ་དང་། ལྗོན་པ་གསལ་བ་དང་། བྲང་རྒྱས་དང་། བྲང་རྒྱས་ཆེན་པོ་དང་། ཡིད་ཀྱི་གཟི་བརྗིད་དང་། གཟི་བརྗིད་ཆེན་པོ་དང་། རྫུ་འཕྲུལ་ཆེན་པོ་དང་།
རྣམ་པར་སྒྲོགས་པ་དང་། དབྱངས་བཟང་པོ་དང་། ཡིད་འོང་དང་། སེམས་སྐྱེད་པར་བྱེད་པ་དང་། སྨྱོ་བྱེད་དང་། ད་ན་དྷཱ་ཏ་དང་། བཏང་སྙོམས་དང་། སྙིང་རྗེ་དང་། སྙིང་རྗེ་མེད་པ་ཞེས་པ་འདི་རྣམས་དང་། གཞན་ཡང་མི་འམ་ཅིའི་རྒྱལ་པོ་སྟོང་
ཕྲག་གིས་ཡོངས་སུ་བསྐོར་བ་རྣམས་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཀུན་དུ་འོད་གསལ་དང་། རབ་ཏུ་འོད་གསལ་དང་། དགའ་བའི་འོད་དང་། བསོད་ནམས་འོད་དང་། མི་

ཆེ་བ་དང་། མི་གདུང་བ་དང་། འོག་མིན་དང་། འོག་བཟང་དང་། འཇིག་རྟེན་མཐའ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཅི་ཡང་མེད་པ་མིན་པ་དང་། ནམ་མཁའ་མཐའ་ཡས་དང་། ནམ་མཁའ་མཐའ་ཡས་མིན་པ་ཉིད་དང་། གྱ་ནོམ་སྣང་དང་།
ཤིན་ཏུ་མཐོང་དང་། ལེགས་པར་སྤྲུལ་པ་དང་། ཡོངས་སུ་སྤྲུལ་པ་དང་། གནས་གཙང་མ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་དང་། རྟག་མྱོས་དང་། ཕྲེང་ཐོགས་དང་། གཞོང་ཐོགས་དང་།
པི་ཝང་གསུམ་པ་དང་། རི་ལ་གནས་པ་དང་། ཁང་པ་བརྩེགས་པ་ལ་གནས་པ་དང་། རྩེ་མོར་གནས་པ་དང་། ལྕང་ལོ་ཅན་ན་གནས་པ་དང་། གྲོང་ན་གནས་པ་དང་། གཞལ་མེད་ཁང་ན་གནས་པ་དང་། ནང་ན་གནས་པ་དང་། བར་སྣང་ལ་
རྒྱུ་བ་དང་། ས་ན་གནས་པ་དང་། ཤིང་ལ་གནས་པ་དང་། ཁྱིམ་ན་གནས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རབ་ཚིམ་དང་། སྟོབས་ལྡན་དང་། ཐགས་ཟངས་རིས་དང་། ལེགས་བཀྲ་དང་། དགེ་བཀྲ་དང་། སྒྲ་གཅན་དང་། ལག་
པ་ལ་སོགས་པའི་ལྷ་མ་ཡིན་བྱེ་བ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འགྲོས་རྣམ་པ་སྣ་ཚོགས་དང་། ནོར་རྣམ་པ་སྣ་ཚོགས་དང་། ལྷ་དང་གཡུལ་འགྱེད་པའི་ལྷ་མ་ཡིན་དེ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་
ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བར་འདོད་པས་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། །གང་ཡང་གཟའ་དང་། གཟའ་ཆེན་པོའི་འཇིག་རྟེན་གྱི་དོན་དུ་སྤྱོད་པ་བར་སྣང་ལ་སྤྱོད་པ་ལ་འདི་ལྟ་སྟེ། ཉི་མ་དང་། ཟླ་བ་དང་། མིག་
དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། སྒྲ་གཅན་དང་། ས་འགུལ་དང་། མཇུག་རིངས་དང་། ཐོག་གིས་འཇོམས་པ་དང་། སྐར་མ་དང་། རྒྱལ་མཚན་དང་། དྲག་པོ་དང་། དུ་ལྡན་དང་། དུ་བ་

དང་། རྡོ་རྗེ་དང་། དྲང་སྲོང་དང་། ཆར་དང་། ཉེ་བའི་ཆར་དང་། དོན་ཉམས་དང་། ངེས་པར་ཉམས་དང་། དགོད་པའི་མཐའ་དང་། མཱཥྚི་དང་། རིཥྚི་དང་། དགའ་མ་དང་། འཇིག་རྟེན་མཐའ་དང་། ཟད་པ་དང་།
རྣམ་པར་ལྟུང་བྱེད་དང་། མི་ལྟུང་བ་དང་། ཏོག་དང་། གླ་སྒང་དང་། དུས་ཀྱི་མཐའ་དང་། དུར་ཁྲོད་དང་། བི་ཤཱི་ཏ་དང་། དྲག་པོ་དང་། དཀར་པོ་དང་། བྱི་བཞིན་དང་། བྱི་བཞིན་གྱི་བུ་དང་། བྱམས་པ་དང་། ཕུར་བུ་དང་། ཕུར་བུ་གསུམ་པ་དང་།
ལུ་བྷ་དང་། རོ་ཏྲ་དང་། བརྟན་པ་དང་། ཉམས་བྱེད་དང་། སྟོབས་ལྡན་དང་། དྲག་པོ་དང་། སྐྱ་རེངས་དང་། རྣམ་པར་དགོད་པ་དང་། འཆི་ལྟས་མིན་པ་དང་། སྐེམ་བྱེད་དང་། སྡེ་དང་། ཉེ་སྡེ་དང་། གཞོན་ནུ་དང་། རྩེ་བྱེད་དང་། དགོད་བྱེད་དང་།
སེམས་པར་བྱེད་པ་དང་། ཐེང་པོ་དང་། གཟུགས་ངན་ཞེས་པ་སྟེ་གཟའ་ཆེན་པོ་དེ་རྣམས་ཀྱང་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་བཅས་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གཙང་མའི་གནས་དེར་འཁོར་དུ་འདུས་ཤིང་འཁོད་པར་གྱུར་ཏོ། །དེ་ནས་རྒྱུ་སྐར་ནམ་མཁའ་ལ་
འགྲོ་ཞིང་རྗེས་སུ་འབྲང་བ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འདི་ལྟ་སྟེ། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནམ་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་གཉིས་དང་། མེ་བཞི་
དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲུ་དང་། མོན་གྲེ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ལྷ་མོ་དང་། བྱི་
བཞིན་དང་། སླར་ཡང་འབྱུང་བ་དང་། སྐར་འོད་དང་། ཨདྒི་ར་སཱ་དང་། རྒྱུ་སྐར་ལྡན་མ་དང་། ཉེ་བར་སྡུ་གུ་དང་། ཉེ་བའི་གྲེ་དང་། འཇིག་རྟེན་རབ་མཆོག་དང་། རབ་མཆོག་ལྡན་མ་དང་། དཔལ་ལྡན་མ་དང་། འཇིག་རྟེན་མགོན་པོ་དང་། ཆང་ལྡན་དང་།

རྒྱལ་བ་ཐོབ་པ་དང་། ནོར་ལྡན་དང་། ལྷའི་ནོར་ཞེས་པ་དེ་ལྟར་རྒྱུ་སྐར་རྒྱལ་པོ་དེ་རྣམས་རྒྱུ་སྐར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གནས་གཙང་མའི་གནས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འཁོད་
པར་གྱུར་ཏོ། །ཁྱིམ་སུམ་ཅུ་རྩ་དྲུག་ལ་འདི་ལྟ་སྟེ། ལུག་དང་། གླང་དང་། འཁྲིག་པ་དང་། ཀཪྐ་ཊ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་པ་དང་། ཉ་དང་། སྤྲེའུ་དང་། ཉེ་བའི་
བུམ་པ་དང་། གསེར་བུམ་དང་། རལ་གྲི་དང་། གླང་པོ་ཆེ་དང་། མ་ཧེ་དང་། ལྷ་དང་། མི་དང་། དགེ་མཚན་དང་། དྲི་ཟ་དང་། འཇིག་རྟེན་དགོངས་པ་དང་། རྒྱལ་བའི་མཆོག་དང་། གཟི་བརྗིད་དང་། ནམ་མཁའ་དང་། གྲིབ་མ་དང་། ས་གཞི་
དང་། མུན་པ་དང་། རྡུལ་དང་། ཉེ་བའི་རྡུལ་དང་། སྡུག་བསྔལ་དང་། བདེ་བ་དང་། ཐར་པའི་བྱང་ཆུབ་དང་། རང་བྱང་ཆུབ་དང་། ཉན་ཐོས་དང་། དམྱལ་བའི་རིགས་འཛིན་དང་། གཟི་བརྗིད་ཆེན་པོ་དང་། གཟི་བརྗིད་ཆེན་པོ་ལྡན་པ་དང་།
བྱོལ་སོང་དང་། ཡི་དགས་དང་། ལྷ་མ་ཡིན་དང་། ཤ་ཟ་དང་། ཤ་ཟ་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་པ་དང་། ཕྱོགས་ཀྱི་གླང་པོ་དང་། སྟེང་འགྲོ་དང་། ཐམས་ཅད་འགྲོ་དང་། རྣམ་བྱེ་དང་། རྣལ་འབྱོར་འགྲོ་དང་། རབ་ཏུ་
གནས་པ་དང་། མཆོག་དང་། འབྲིང་དང་། ཐ་མ་ཞེས་པ་འདི་རྣམས་དང་། ཁྱིམ་ཆེན་པོ་ཁྱིམ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འདི་རྣམས་འཁོར་གྱི་དཀྱིལ་འཁོར་ཆེན་པོར་འདུས་པ་གང་ན་བ་དེར་ཉེ་བར་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་
འཚལ་ཏེ་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །གང་ཡང་གནོད་སྦྱིན་ཆེན་མོ་གནོད་སྦྱིན་མོ་བརྒྱ་སྟོང་ཕྲག་བྱེ་བས་བསྐོར་བ་འདི་ལྟ་སྟེ། མིག་བཟང་མ་དང་། སྨིན་མ་བཟང་མོ་དང་། སྐྲ་བཟང་མ་དང་། དབྱངས་སྙན་མ་དང་། བློ་གྲོས་བཟང་མོ་དང་།

དབྱིག་ལྡན་མ་དང་། མིག་བཀྲ་མ་དང་། བསམ་རྫོགས་མ་དང་། གསང་བ་མ་དང་། འོག་བག་མ་དང་། འོག་པག་བཟང་མོ་དང་། པདྨའི་དུས་མ་དང་། མི་འཇིགས་མ་དང་། མི་འཇིགས་སྦྱིན་མ་དང་། རྒྱལ་མ་དང་། རྣམ་པར་
རྒྱལ་མ་དང་། ནམ་གྲུ་ཅན་མ་དང་། སྐྲ་ལྡན་མ་དང་། སྐྲ་མཐའ་མ་དང་། རླུང་མ་དང་། ཡིད་འཕྲོག་མ་དང་། ཡིད་ལྡན་མ་དང་། མེ་ཏོག་ལྡན་མ་དང་། མེ་ཏོག་གྲོང་གནས་མ་དང་། སེར་སྐྱ་མོ་དང་། འཕྲོག་མ་དང་། དཔའ་མོ་ལྡན་མ་དང་།
དཔའ་མོ་དང་། དཔའ་བཟང་མ་དང་། སྣ་བཟང་མ་དང་། འོད་ལྡན་མ་དང་། ལྷ་མཛེས་མ་དང་། རོ་བཟང་མ་དང་། གསང་མཆོག་མ་དང་། བརྗོད་པ་ལ་གནས་མ་དང་། མྱ་ངན་མེད་མ་དང་། སྣང་བར་མཛེས་མ་དང་། འོད་ལྡན་མ་དང་།
ཕུལ་བྱུང་ལྡན་མ་དང་། གཟུགས་ལྡན་མ་དང་། གཟུགས་མཛེས་མ་དང་། དཀར་མིན་དང་། ཞི་བ་མ་དང་། ཕྲ་མོ་མ་དང་། སྡེ་མ་དང་། དགའ་བྱེད་མ་དང་། ཉེ་བར་དགའ་བྱེད་མ་དང་། འཇིག་རྟེན་འདས་མ་ཞེས་པ་སྟེ། གནོད་སྦྱིན་མ་ཆེན་མོ་
འདི་རྣམས་གནོད་སྦྱིན་མ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཏེ་འཁོད་པར་གྱུར་ཏོ། །གང་ཡང་ཤ་ཟ་མོ་དག་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་
བ་དེ་རྣམས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཏེ་འདུས་པར་གྱུར་པ་ལ་འདི་ལྟ་སྟེ། རྒྱན་པ་མོ་དང་། ཕྱག་དར་གྱི་ཤ་ཟ་མོ་དང་། དྲག་མོ་ཤ་ཟ་མོ་དང་། ཏ་ལ་ལའི་ཤ་ཟ་མོ་དང་། འབར་བའི་ཤ་ཟ་མོ་དང་། ཐལ་བ་ཟ་མ་དང་། ཤ་
ལ་ཟ་བ་མོ་དང་། འཛིན་དཀའ་མ་དང་། འཁྲུལ་བྱེད་མ་དང་། རྨོངས་བྱེད་མ་དང་། སྒྲོགས་བྱེད་མ་དང་། སྐྱེད་བྱེད་མ་དང་། འཇིག་རྟེན་མཐར་གནས་མ་དང་། ཐལ་བའི་མཐའ་ཅན་མ་དང་། འཐུང་གཅོད་ལྡན་མ་དང་། མང་པོ་མ་དང་།

གདུལ་དཀའ་མ་དང་། ཨེ་ལ་མོ་དང་། མཚན་མ་ཅན་མ་དང་། དུ་བའི་མཐའ་ཅན་མ་དང་། དུ་བ་མ་དང་། དུ་བ་བཟང་མོ་མ་ཞེས་པ་ཤ་ཟ་མོ་ཆེན་མོ་འདི་རྣམས་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་རྣམས་ཀྱང་འཁོར་འདུས་པའི་དཀྱིལ་
འཁོར་ཆེན་པོ་དེར་རབ་ཏུ་ཞུགས་པར་གྱུར་ཏོ། །གང་ཡང་མ་མོ་དང་། མ་མོ་ཆེན་མོ་དག་འཇིག་རྟེན་གྱི་རྗེས་སུ་སྤྱོད་ཅིང་སེམས་ཅན་ལ་རྣམ་པར་འཚེ་བར་བྱེད་པ་གཏོར་མ་དང་ཕྲེང་བ་ཉིད་སྡུད་པར་བྱེད་པ་ལ་འདི་ལྟ་སྟེ། ཚངས་མ་དང་། དབང་ཕྱུག་ཆེན་མོ་དང་། ཁྱབ་
འཇུག་མ་དང་། གཞོན་ནུ་མ་དང་། རྒན་བྱད་མ་དང་། ཕག་མོ་དང་། དབང་མོ་དང་། གཤིན་རྗེ་མ་དང་། མེ་མོ་དང་། ཉི་མའི་བུ་མོ་དང་། འཇིག་རྟེན་བར་མ་དང་། ཆུ་ལྷ་མོ་དང་། དབང་ལྡན་མོ་དང་། རླུང་ལྷ་མོ་དང་། གཞན་གྱི་སྲོག་འཕྲོག་མ་དང་།
ཞལ་རྒྱན་པ་མོ་དང་། དགེ་མཚན་མ་དང་། དགེ་མཚན་མ་ཆེན་མོ་དང་། སྲུལ་མོ་དང་། ལུས་སྲུལ་མོ་དང་། སྐེམ་བྱེད་མ་ཞེས་པ་མ་མོ་ཆེན་མོ་འདི་རྣམས་མ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་འཁོར་འདུས་པའི་དཀྱིལ་འཁོར་ཆེན་
པོ་དེར། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་འདོན་ཅིང་འཁོད་པར་གྱུར་ཏོ། །དེ་བཞིན་དུ་མི་དང་མི་མ་ཡིན་པ་བརྒྱ་སྟོང་ཕྲག་དུ་མ་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པ་ཇི་སྲིད་དམྱལ་བ་ཆེན་པོ་མནར་མེད་པ་ནས། སྲིད་པའི་རྩེ་མོའི་
བར་སྐབས་འདིར་ཐམས་ཅད་ནམ་མཁའི་དཀྱིལ་དུ་གསལ་བར་གྱུར་ཏོ། །སེམས་ཅན་གྱི་ཚོགས་ཀྱི་སྲོག་ཆགས་འགའ་ལ་ཡང་གནོད་པ་མེད་པར་གྱུར་ཏོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྒྱན་གྱིས་སེམས་
ཅན་ཐམས་ཅད་ཀྱི་སྤྱི་བོ་ན། སངས་རྒྱས་བཅོམ་ལྡན་འདས་དང་། སྤྱན་རས་གཟིགས་དབང་ཕྱུག་བཞུགས་པ་ཡང་དག་པར་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐམས་ཅད་དང་ལྡན་པའི་འཁོར་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་

ནས་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་ཏོ། །སེམས་ཅན་དག་གསང་སྔགས་ཀྱི་སྤྱོད་པའི་དོན་རྣམ་པར་ངེས་པའི་ཏིང་ངེ་འཛིན་གྱི་ལེའུ་རབ་འབྱམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་ཤོད་ཅིག །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྗེས་སུ་གནང་བས། ནམ་མཁའི་རང་བཞིན་གྱིས་རྒྱན་བཀོད་པ་རྡོ་རྗེ་སྡུག་ཅིང་སྲ་བའི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སེམས་དཔའ་ཆེན་པོ་
སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཐམས་ཅད་དཔག་ཚད་བརྒྱ་སྟོང་ཕྲག་དུ་མར་རྡོ་རྗེའི་རང་བཞིན་རྒྱ་ཆེན་པོར་ལྷག་པར་གནས་པར་གྱུར་ཏོ། །དེར་གནོད་སྦྱིན་དང་སྲིན་པོ་དང་། དྲི་ཟ་དང་། རླུང་ལྷ་དང་། ཤ་ཟ་དེ་རྣམས་དང་། མདོར་
བསྡུས་ན་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་གཞལ་ཡས་ཁང་དེ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུར་ཡང་དག་པར་རབ་ཏུ་གནས་སོ། །འཁོད་པར་གྱུར་པ་རྣམས་ཕན་ཚུན་རྣམ་པར་འཚེ་བ་མེད་དོ། །དེ་ནས་སེམས་དཔའ་ཆེན་
པོ་དེ་འཁོར་ཆེན་པོ་འདུས་པར་མཁྱེན་ནས། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ལ་བོས་པར་གྱུར་ཏོ། །ཀྱེ་ཀྱེ་ཁྲོ་བོ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པ་འདིའི་སེམས་ཅན་ཐམས་ཅད་སྲུངས་ཤིག །
དབང་དུ་གྱིས་ཤིག །གདུག་པ་རྣམས་ཐུལ་ཅིག །ཞི་བ་རྣམས་སད་པར་གྱིས་ཤིག །མ་དད་པ་རྣམས་དད་པར་གྱིས་ཤིག །ཇི་སྲིད་པའི་རིག་སྔགས་དང་། གསང་སྔགས་སྤྱོད་པ་རྗེས་སུ་སྒྲུབ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་ཆེན་པོ་དེ་ཉིད་
ཀྱི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆང་བ་དེ་སྲིད་ཀྱི་བར་དུ་འདི་དག་གི་ཕྱི་རོལ་དུ་སོང་ལ་སྲུངས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོ་བཀའ་མནོས་ནས། རྣམ་པར་འགྱུར་བ་ཆེན་པོའི་གཟུགས་ཡོངས་སུ་

བརྟགས་ཏེ་སེམས་ཅན་ཐམས་ཅད་བསྲུང་བར་བྱ་བའི་དོན་དང་། བརྟན་པར་བྱ་བའི་དོན་དུ་བཀོད་པ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཁྲོ་བོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་ཕྱོགས་བཞི་ཀུན་ནས་དེ་ལྟར་སྟེང་དང་འོག་དང་ཐད་
ཀར་སྒྲ་དྲག་པོ་འདོན་བཞིན་པས་རབ་ཏུ་གནས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་རྣམས་ཞི་བ་ཉིད་ཀྱི་ཡིད་དང་ལྡན་པས་ཡང་དག་པར་འཇུག་པའི་བཀའ་ལས་མི་འདའ་བར་གྱུར་ཏེ། སྒྲ་འདི་ལྟ་བུའང་ཐོས་པར་གྱུར་ཏོ། །གང་དམ་ཚིག་འདི་འདའ་བར་བྱེད་པ་
འདི་དག་ནི་ཨརྫ་ཀའི་དོག་པ་བཞིན་དུ་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱང་དེ་ཡིན་ནོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་དེ་རང་གི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དོན་དུ་ཆོས་ཀྱི་ཚིག་གསུངས་པ་
ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་གྱུར་ཏོ། །གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་ཡང་དག་པར་རྗེས་སུ་མི་མཐོང་བའོ། །ཆོས་གཉིས་པོ་དག་ལ་རབ་ཏུ་གནས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་འགྱུར་ཏེ། གཉིས་པོ་དག་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དོ། །ཆོས་གསུམ་རྣམས་ཀྱི་རང་གི་གསང་སྔགས་ཀྱི་སྤྱོད་
པའི་དོན་ངེས་པར་བརྟན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམས་ཅན་ཡོངས་སུ་མི་གཏོང་བ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྲུང་བ་ཉིད་དང་། རང་གི་གསང་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཆོས་བཞི་
ཡང་དག་པར་ལྡན་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་རིག་སྔགས་འགྲུབ་པར་འགྱུར་ཏེ། བཞི་གང་ཞེ་ན། རང་གི་གསང་སྔགས་རྫོགས་པ་ཡོངས་སུ་མི་གཏོང་བ་ཉིད་དང་། གཞན་གྱི་གསང་སྔགས་ཉེ་བར་གཅོད་པ་མིན་པ་ཉིད་དང་། སེམས་ཅན་ཐམས་

ཅད་ལ་བྱམས་པའི་སེམས་ཉེ་བར་གནས་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྒོམ་པའི་སེམས་ཏེ་ཆོས་བཞི་པོ་འདི་དག་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་འགྲུབ་པར་འགྱུར་རོ། །ཆོས་ལྔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་
ཡང་དག་པར་འཇུག་ཅིང་གསང་སྔགས་ཀྱི་སྤྱོད་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། རྣམ་པ་སྣ་ཚོགས་པའི་ཡུལ་བསྟེན་པ་ཉིད་དང་། བས་མཐའི་དགོན་པ་བསྟེན་པ་ཉིད་དང་། སེམས་ཅན་གཞན་ལ་ཞེ་སྡང་མེད་པ་ཉིད་དང་། འཇིག་
རྟེན་པའི་སྔགས་ལ་མི་ལྟ་བ་ཉིད་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྤྱོད་པ་ལ་གནས་པར་བྱེད་པ་ཉིད་དེ། ཆོས་ལྔ་པོ་འདི་དག་གིས་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་དྲུག་ནི་གསང་སྔགས་ཀྱི་སྤྱོད་
པའི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲུག་གང་ཞེ་ན། དཀོན་མཆོག་གསུམ་ལ་དད་པ་ཉེ་བར་གཅོད་པ་མེད་པ་ཉིད་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཚིག་གི་དོན་མི་འདོར་བ་ཉིད་དང་། སྐྱོ་བ་མེད་པའི་སེམས་ཉིད་ཀྱིས་གསང་སྔགས་
ཀྱི་སྤྱོད་པའི་དོན་ཡོངས་སུ་ཚོལ་ཞིང་དགེ་བའི་ཕྱོགས་ཡོངས་སུ་མི་སྤོང་བ་ཉིད་དེ། ཆོས་དྲུག་པོ་འདི་ནི་རིག་སྔགས་ཀྱི་སྤྱོད་པ་དང་། གསང་སྔགས་ཀྱི་དངོས་གྲུབ་ལ་ཡང་དག་པར་ཀུན་དུ་འཇུག་པ་ཉིད་དུ་འགྱུར་རོ། །ཆོས་བདུན་རྣམས་ནི། རིག་སྔགས་གྲུབ་
པའི་ཆོ་ག་དང་། གསང་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཉིད་དུ་འགྱུར་ཏེ། བདུན་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་ཟབ་མོ་སྒོམ་པ་དང་། ཟློས་པ་དང་། ཉན་པ་དང་། ཁ་ཏོན་བྱེད་པ་དང་། འདྲི་བར་བྱེད་པ་དང་། བྱང་
ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པས་དུས་གསུམ་དུ་སྟོན་པ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། སྨྲ་བཅད་དང་། དཀའ་ཐུབ་ལ་མ་ཐོགས་པ་དང་། བློ་གྲོས་དང་། དྲན་པ་དང་། ཤེས་རབ་དང་། བརྟན་པ་དང་དུ་

ལེན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་ཐེག་པ་ཆེན་པོའི་ཆོས་ཟབ་མོའི་ཚུལ་ལ་ཡང་དག་པར་རབ་ཏུ་འཇུག་པའི་ཚུལ་དང་། རང་གི་གསང་སྔགས་དང་། སྔགས་དགུག་པ་དང་། སྲུང་བ་དང་། བསྒྲུབ་པའི་བྱ་བ་ལ་མཁས་པ་ཉིད་དང་།
སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ་ཡོངས་སུ་སྒོམ་པར་བྱེད་པ་ལས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པ། གཉིས་སུ་
མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་ལས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ་ཐེག་པ་དམན་པ་ལ་དགའ་བ་མེད་པ་ལས་ཏེ་ཆོས་བདུན་པོ་འདི་རྣམས་ནི་རིག་སྔགས་དང་གསང་སྔགས་ཀྱི་དངོས་གྲུབ་ཡོངས་སུ་རྫོགས་
པར་འགྱུར་རོ། །ཆོས་བརྒྱད་ནི་རིག་སྔགས་དང་གསང་སྔགས་ཀྱི་སྤྱོད་པའི་དོན་གྱིས་དངོས་གྲུབ་ཡང་དག་པར་འཇུག་པ་ཉིད་དུ་འགྱུར་ཏེ། བརྒྱད་གང་ཞེ་ན། མཐོང་བ་དང་མ་མཐོང་བའི་འབྲས་བུ་ལ་དད་པས་ངོ་མཚར་བར་སེམས་པར་འདོད་པ་ཉིད་དང་།
བྱང་ཆུབ་སེམས་དཔའི་དད་པའི་འབྲས་བུ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཐེ་ཚོམ་མེད་པ་ལས་དང་། ཕྱིན་ཅི་མ་ལོག་པའི་གསང་སྔགས་འཛིན་པ་ལས་བླ་མ་ལ་གུས་པ་ལས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སྔགས་དང་རྒྱུ་
དང་སྤྱོད་པ་ཉེ་བར་བསྟན་པ་མི་སླུ་བར་འཛིན་ཅིང་བདོག་པ་ཐམས་ཅད་ཡོངས་སུ་བཏང་བ་ལས་དང་། དངོས་གྲུབ་ཀྱི་ཞིང་གནས་དང་། གནས་མ་ཡིན་པ་རྨི་ལམ་དུ་མཐོང་བ་སྟོན་པ་ལ་མཁས་པ་ཉིད་དང་། སེར་སྣ་དང་། གཉིད་དང་། རྨུགས་པ་མཐའ་
དག་དང་བྲལ་བར་བྱེད་པ། རྟག་ཏུ་བརྩོན་འགྲུས་རྩོམ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་བར་བྱེད་པ་ལས་དང་། མདོར་བསྡུས་ན་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པའི་གོ་ཆ་བགོས་ཏེ་བགེགས་ཐམས་ཅད་རབ་ཏུ་

སེལ་བར་བྱེད་པ་ལས་དང་། བྱང་ཆུབ་ཀྱི་རྒྱུད་གནོན་པར་བྱེད་པ་དང་། ལོངས་སྤྱོད་ཆེན་པོ་དང་། དབང་ཆེ་བར་གྲགས་པ་བདག་ཉིད་སོ་སོར་འདོད་པ་དང་། དབང་ཆེ་བར་གྲགས་པའི་གང་ཟག་ལ་ཡང་དག་པར་འགྲོགས་པ་དང་། དགེ་
བའི་བཤེས་གཉེན་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཡང་དག་པར་འགྲོགས་པར་བྱེད་པ་སྟེ། ཆོས་བརྒྱད་པོ་འདི་ནི་གསང་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ལ་ཡང་དག་པར་འཇུག་པར་འགྱུར་རོ། །གྲོགས་པོ་དག་མདོར་ན་བྱང་ཆུབ་
ཀྱི་སེམས་དང་མི་འབྲལ་ཞིང་དཀོན་མཆོག་གསུམ་ལ་ལྷག་པར་མོས་པ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལའང་སྐྱོ་བ་མེད་པའི་ཡིད་ཀྱིས་རྟག་ཏུ