Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན
Văn bản gốc(Tây Tạng)
Trang 14 / 22 (50.000 ký tự/trang)
ུ་བསྔགས། །ལས་རྣམས་མེད་པར་མཚོན་པ་མེད། །གང་ན་འང་ལུས་ནི་ཡོད་མ་ཡིན། །རྒྱུ་མཚན་དང་ནི་སྤྱོད་པ་དང་། །སྐྱེ་བ་དང་ནི་རིགས་དང་གནས། །རྟག་ཏུ་ལ་ཉེ་སྣ་ཚོགས་པ། །ལས་དེ་ལས་ནི་ཉེ་བར་དམིགས། །ལས་ ནི་གང་དུའང་ལུས་ཅན་མིན། །ནང་ན་གནས་ཤིང་མཚོན་པ་མེད། །ཀུན་ནས་སྐྱེ་བོ་རྒས་པ་ན། །རྣམ་པར་འགྱུར་ལས་ཉེ་བར་དམིགས། །དེ་བཞིན་ལུས་ལ་བརྟེན་ནས་ནི། །ལས་ནི་ལུས་ཅན་དག་ལ་སྣང་། །འབྲས་བུ་དགེ་དང་མི་དགེའི་རྟགས། །སྐྱེ་བར་ཡང་ནི་རབ་བརྗོད་དང་། ། རྣམ་པ་སྣ་ཚོགས་ལ་ཉེ་བཟང་། །ལས་རྣམས་སྣ་ཚོགས་དག་ལས་བྱུང་། །དུས་ཚོད་དེ་བཞིན་འགྲོ་བ་དང་། །རྣམ་པ་སྣ་ཚོགས་སྲོག་ཆགས་སྒྲ། །གྲུབ་དང་མ་གྲུབ་མཚན་མ་ནི། །རྐྱེན་གྱི་དོན་ལ་ལྟོས་པ་ཡིན། །རྒྱུ་མཚན་སྤྱོད་དང་མཚན་མ་ནི། །རྐྱེན་ལ་མངོན་པར་རབ་ཏུ་བརྟག ། དེ་བས་རྣམ་ཀུན་འབད་ནས་ནི། །རྐྱེན་ལ་རག་ལས་བྱ་བ་ཡིན། །ཟློས་པའི་སྔགས་རྣམས་རྟག་ཏུ་ནི། །གྲུབ་པ་རྒྱུ་ལ་ལྟོས་པ་ཡིན། །འདི་དག་རྐྱེན་གྱི་ཡན་ལག་ནི། །ལས་ནི་བདག་གིར་བྱེད་པས་མཚོན། །མི་མཚོན་སྔགས་རྣམས་ཐམས་ཅད་ནི། ། བགེགས་ལས་ཤིན་ཏུ་མི་བཟད་འགྱུར། །དེ་བས་འདི་དག་ཐམས་ཅད་ཀྱི། །ཡན་ལག་ཏུ་ནི་ཐུབ་པས་གསུངས། །ས་དབང་རྒྱལ་པོ་ཐམས་ཅད་མཁྱེན། །བྱང་ཆུབ་སྙིང་པོར་ཏིང་འཛིན་ཐོབ། །སྔགས་ནི་ཡོངས་སུ་གསུངས་པ་ན། །བགེགས་རྣམས་མ་ལུས་རབ་ཏུ་ འཇིག །རྨི་ལམ་ངན་དང་མཚན་མ་ངན། །བཟོད་པར་དཀའ་བའང་རྣམ་པར་འཇོམས། །ཀུན་མཁྱེན་བདག་ཉིད་ཆེན་པོ་ཡི། །དེ་ཐུགས་བྱང་ཆུབ་ལ་ཞུགས་པ། །མ་རུངས་བདུད་ཀྱི་སེམས་ཀྱིས་ནི། །བགེགས་ཆེན་འཇིགས་པར་ག་ལ་འགྱུར། །དེ་ནས་འཇིགས་པ་ཆེན་པོ་ནི། ། དེས་ནི་རྒྱུ་མཚན་མེད་པར་སྣང་། །རྣམ་པ་སྣ་ཚོགས་འཇིགས་པ་རྣམས། །དེ་ལ་རྒྱུ་མཚན་མེད་པར་འབྱུང་། །དེ་ནི་བསོད་ནམས་སྟོབས་བསྐྱེད་པ། །ཡུན་རིང་དུས་སུ་ཡོངས་སུ་བསྔགས། །དེ་ཡི་སྔགས་ཀྱི་སྟོབས་ཀྱིས་ནི། །དེ་ཚེ་བདུད་ནི་བཅོམ་པར་འགྱུར། །རྫུ་འཕྲུལ་ལྡན་ ཞིང་བརྩོན་འགྲུས་ཆེ། །དེ་ནི་འོད་ཆེན་ལྡན་པར་གྱུར། །དེ་ཡི་སྔགས་ཀྱིས་མཐུ་ཡིས་ནི། །བྱང་ཆུབ་དམ་པ་ཐོབ་པར་གྱུར། །རྨི་ལམ་ངན་པ་ཉེར་འཇིག་པ། །སྔགས་དེ་འདིར་ནི་བཤད་པར་བྱ། །གང་དག་ས་ལ་སྤྱོད་པ་ཡི། །འབྱུང་པོའི་ཚོགས་ཀུན་རབ་ཉོན་ཅིག །རྨི་ལམ་ ངན་པ་བཟོད་དཀའ་དང་། །མ་རུངས་སེམས་ཅན་ཟློག་བྱེད་པ། །རྒྱལ་བ་སཱ་ལའི་དབང་པོ་ཡི། །སྔོན་ནི་སྔགས་རྒྱལ་ཡོངས་གསུངས་པ། །ལྷ་ཡི་ཚོགས་དང་གཟའ་རྣམས་དང་། །རྒྱུ་སྐར་སྐར་མཁན་རྣམས་ཉོན་ཅིག །གཟའ་དང་རྒྱུ་སྐར་སྐར་མ་རྣམས། །མ་རུངས་ཚར་གཅད་ དོན་དང་ནི། །འབྱུང་པོ་རྣམས་ནི་ཐམས་ཅད་ཀྱང་། །ཞི་བའི་སེམས་ནི་རབ་བསྐྱེད་ཕྱིར། །གང་དག་ས་ལ་སྤྱོད་པ་དག །རྐང་མེད་རྐང་མང་དག་དང་ནི། །རྐང་གཉིས་དང་ནི་རྐང་བཞི་དང་། །མདོར་ན་སེམས་ཅན་ཐམས་ཅད་ནི། །འགྲོ་བ་དང་ནི་གནས་པ་ཡི། །འབྱུང་པོའི་ཚོགས་ རྣམས་ཀུན་ཉོན་ཅིག །ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཥྚི་ཕཊ་ཕཊ་སྭཱ་ཧཱ། གཙུག་ཏོར་འབར་བ་ཞེས་བསྒྲགས་པའི། །སྔགས་འདི་སྔགས་རྣམས་ཀུན་གྱི་མཆོག །གང་ཞིག་ལས་རྣམས་སྟོང་ཕྲག་ནི། ། དགུ་བཅུ་རྩ་བཞི་དག་དང་ནི། །བཀྲ་ཤིས་ཐམས་ཅད་འདོད་པ་ཡི། །རྣམ་པ་སྣ་ཚོགས་ལས་རྣམས་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་ཅིག་བཟླས་པས་སེལ་བར་བྱེད། །ལས་རྣམས་གཞན་ཡང་བྱེད་པ་ནི། །སྔགས་རྣམས་ཀུན་གྱི་བདག་པོ་ཡིན། །འབྱུང་པོ་ ཀུན་ལ་དབང་བྱེད་པ། །བླ་མ་མངའ་བདག་སངས་རྒྱས་འདི། །སྔགས་འདི་དྲན་པ་ཙམ་གྱིས་ནི། །སྔགས་རྣམས་མ་ལུས་རབ་ཏུ་སེམས། །རྫོགས་སངས་རྒྱས་པ་ལྷ་ཡི་ལྷ། །ཐུབ་མཆོག་གིས་ནི་དེ་གསུངས་ནས། །ཡུད་ཙམ་མི་གསུང་བཞུགས་ནས་ནི། །ཅུང་ཟད་དུས་ནི་བཞེས་ པར་མཛད། །དེ་ཚེ་གནས་གཙང་གནས་པ་ཡི། །ལྷ་ཚོགས་དག་ཀྱང་འདུག་པར་འགྱུར། །ལྷ་རྣམས་གཙོ་བོ་ཐམས་ཅད་ནི། །རྒྱུ་སྐར་གཟའ་དང་སྐར་མ་རྣམས། །གཙུག་ཏོར་སྔགས་ཀྱི་བྱིན་རླབས་ཀྱིས། །འཇིགས་ཤིང་དམ་ཚིག་ལ་གནས་ཕྱིར། །གཙུག་ཏོར་ཞེས་བྱ་ མཐུ་བོ་ཆེ། །མཐུ་མཉམ་མཐུ་ནི་ཆེན་པོ་སྟེ། །བརྒྱ་ཕྲག་ལྔ་འམ་བཞི་འམ་ནི། །དེ་བཞིན་བདུན་ནམ་བརྒྱད་དང་དགུ། །གཉིས་དང་དྲུག་དང་ལྔ་དང་བདུན། །གཙུག་ཏོར་དབང་པོར་རབ་ཏུ་བསྒྲགས། །དེ་ལྟར་གྲངས་དང་གྲངས་མེད་ནི། །གཙུག་ཏོར་རྒྱལ་པོ་དགེ་བ་ཡིན། ། དེ་དག་དང་ནི་སྔགས་འདི་མཚུངས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་བདག་གིར་བྱས་པའི་རྐྱེན་གྱི་ལེའུ་རབ་འབྱམ་ལས་བཅུ་བདུན་པ་ རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྒྱུ་སྐར་དང་གཟའ་དང་སྐར་མ་དང་སྐར་མཁན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་དང་། ཕྱོགས་ཐམས་ཅད་དུ་རྣམ་པར་གནས་པའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་མཆོག་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ཅག་ཉོན་ཅིག །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་མཐུའི་ཚིག་ཁྱེད་ཅག་ཐམས་ཅད་དག་ལ་ཡང་སྟོན་ཅིག །ཁྱེད་ཀྱི་སྔགས་བྱ་བའི་དོན་ཐམས་ཅད་ཀྱང་སྒྲུབས་ཤིག །ཁྱེད་ཀྱིས་དམ་ཚིག་ལ་ཡང་གནས་པར་གྱིས་ཤིག །སྔགས་ཀྱི་རྒྱལ་ པོ་འཇམ་པའི་དབྱངས་ཀྱིས་བསྟན་པ་འདི་གྲུབ་ན། དེ་ནས་གཞན་ཆོ་གའི་རྒྱལ་པོ་གྲུབ་པ་ལ་ཡང་ཁྱེད་ཅག་ཡིད་དད་པར་གྱིས་ཤིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། གཟའ་རྣམས་ཀྱི་སྤྱོད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསུངས་ཏེ། ཟློས་པ་ཐམས་ཅད་ལ་ ཕན་པའི་ཕྱིར་དང་སྔགས་ཀྱི་དོན་ཡང་རབ་ཏུ་བསྒྲུབས་པའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པས་གསུངས་སོ། །ཐ་སྐར་དང་ནི་བྲ་ཉེ་དང་། །སྨིན་དྲུག་དང་པོའི་རྒྱུ་སྐར་ཏེ། །རྒྱུ་སྐར་གསུམ་པོ་འདི་དག་ལ། །མིག་དམར་གཟའ་ནི་བདག་པོ་ཡིན། །ལུག་ནི་ཁྱིམ་དུ་བསྟན་ པ་སྟེ། །འདི་ལ་གྲུབ་པ་ཡོད་མ་ཡིན། །གྲུབ་མཆོག་བར་མ་ཐ་མ་ཉིད། །གྲུབ་པ་ཡིན་པར་འདོད་པ་ཡིན། །ལས་རྣམས་ཀུན་ཏུའང་མི་འགྲོ་ཞིང་། །མ་རུངས་གཟའ་ནི་རྣམ་པར་ཟློག །སྣར་མ་མགོ་དང་དེ་བཞིན་དུ། །ལག་ཏུ་རྒྱུ་སྐར་བརྗོད་པ་ཡིན། །རྒྱུ་སྐར་ནབ་སོ་རྒྱལ་ དང་ནི། །སྐག་ཏུའང་རབ་ཏུ་བརྗོད་པ་ཡིན། །མཆུ་དང་དེ་བཞིན་གྲེ་དང་དབོ། །དེ་བཞིན་མེ་བཞི་ནག་པ་དང་། །ས་རི་ས་ག་ལྷ་མཚམས་དང་། །སྣྲོན་དང་དེ་བཞིན་སྣྲུབས་དང་ནི། །ཆུ་ནི་སྟོད་སྨད་དགེ་བ་སྟེ། །ཟློས་པ་ལ་ཕན་རབ་ཏུ་བསྔགས། །རྒྱུ་སྐར་གྲོ་བཞིན་མོན་གྲུ་ནི། །དྲག་པོའི་ ལས་ལ་རབ་ཏུ་བསྔགས། །མོན་གྲེ་ཁྲུམས་ནི་སྟོད་སྨད་གཉིས། །རྒྱུ་སྐར་གྲུབ་པའི་རྒྱུ་ཡིན་ནོ། །ནམ་གྲུ་ལས་སྐྱེ་དཔལ་དང་ལྡན། །འཐབ་ལ་དགའ་ཞིང་འཇིགས་པ་མེད། །རྒྱུ་སྐར་ལྷག་མ་གཙོ་བོ་ནི། །དུས་ཀྱི་ཐ་མར་འབྱུང་བ་མིན། །བྱི་བཞིན་ལེགས་པར་སྤྱོད་པ་དང་། །གྲུབ་དང་ བསོད་ནམས་རབ་ཏུ་བསྒྲགས། །ཉེ་རྒྱལ་དང་ནི་ཐ་ཆུངས་དང་། །འདོད་པ་དག་ནི་ཉིད་ཡིན་ནོ། །ཡང་དག་བདེན་དང་འཇིག་རྟེན་དང་། །སྣང་བར་ཡང་ནི་བརྗོད་པ་ཡིན། །ལོངས་སྤྱོད་སྦྱིན་དང་དགེ་སྦྱིན་དང་། །མ་འགགས་པ་དང་འགགས་པ་ཉིད། །གྲགས་སྦྱིན་གཟི་བརྗིད་རྒྱལ་པོ་དང་། ། དེ་བཞིན་རྒྱལ་པོ་འཇིག་རྟེན་དང་། །རྒྱུ་སྐར་མང་པོ་གསུངས་པ་སྟེ། །སྟོང་ཕྲག་དྲུག་ཅུ་རྩ་བཞིའོ། །དུས་ཀྱི་ཐ་མ་འདི་ལ་ནི། །འདི་དག་གི་ནི་ནུས་པ་ཡོད། །ཆོ་ག་རྒྱལ་འདི་བདེ་དོན་དུ། །དེ་ཙམ་ཤེས་པར་གསུངས་པ་ཡིན། །རང་ཉིད་འོད་ལྡན་སེམས་ཅན་ནི། །དེ་ཡི་དུས་ སུ་རྫོགས་ལྡན་ཡིན། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །དེ་ཡི་དུས་སུ་རྒྱུ་སྐར་མེད། །ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་མཆོག་ཡིན། །མིང་མེད་རིགས་ཀྱང་ཡོད་མ་ཡིན། །ཚེས་དང་སྐྱེ་ བའི་སྐར་མ་མེད། །སྨྱུང་བ་མེད་ཅིང་སྔགས་ཀྱང་མེད། །དགེ་དང་མི་དགེའི་ལས་ཀྱང་མེད། །འདི་དག་རང་དགར་སྤྱོད་པ་སྟེ། །བཟའ་དང་བཟའ་བར་བྱ་བའང་མེད། །འདི་དག་ནད་མེད་དག་པ་སྟེ། །རྟག་ཏུ་སེམས་ཅན་རྣམ་མང་པོ། །དེ་ནས་དུས་ནི་བྲི་བ་ན། །འཇིག་རྟེན་སྣོད་མིན་ རབ་ཏུ་འཇུག །སྔོན་གྱི་ལས་ཀྱིས་དྲངས་ནས་ནི། །དེ་ནས་ས་ཡི་སྟེང་དུ་འགྲོ། །ས་སྟེང་ལྷ་གནས་གཞལ་མེད་ཁང་། །ལྷ་དང་ལྷ་མིན་ཡང་དག་བྱུང་། །བར་མའི་དུས་སུ་ཕྱིན་གྱུར་ནས། །མི་ཡི་ལུས་ལ་ཡང་དག་བརྟེན། །བཟའ་དང་བཏུང་ལ་བརྐམ་ཆགས་པས། །འོད་དེ་དག་ནི་ རབ་ཏུ་ཉམས། །ལུས་ནི་སྲ་བ་ཉིད་གྱུར་ཅིང་། །དགེ་དང་མི་དགེ་རྣམ་པར་སྤྱོད། །དེ་ནས་ཉིན་ཞག་ཟླ་བ་དང་། །གཟའ་ཡི་འོད་ནི་བྱུང་བར་གྱུར། །དེ་ནས་བཟུང་ནས་གང་ཅུང་ཟད། །སྐར་མའི་དཔྱད་ཤེས་པ་ཉིད་དང་། །སེམས་ཅན་རྗེས་སུ་གཟུང་བར་བརྗོད། །ངས་ནི་དེ་དག་བསྟན་ པ་ཡིན། །སྔོན་ནི་དྲང་སྲོང་ཆ་བྱད་གྱུར། །བློ་ལྡན་ཚངས་པའི་ཆ་བྱད་དང་། །དབང་ཕྱུག་ཆེན་པོའི་ལུས་བསྟན་ཅིང་། །ཡང་ན་ཁྱབ་འཇུག་ཆ་བྱད་ཀྱིས། །ནམ་མཁའ་ལྡིང་གི་ལུས་སྤྱད་དང་། །གནོད་སྦྱིན་སྲིན་པོ་དྲི་ཟ་དང་། །ཤ་ཟ་དག་གིས་ལུས་ཉིད་གྱུར། །སྐྱེ་དང་སྐྱེ་བར་ བདག་ཉིད་སྐྱེས། །བྱང་ཆུབ་སེམས་དཔའ་མཁས་པར་ནི། །དེ་དང་དེར་ནི་སྐྱེ་བ་ལ། །བྱང་ཆུབ་སེམས་དཔའི་སྤྱོད་དོན་ཕྱིར། །རྟག་ཏུ་སྐྱེ་བའི་དབང་གིས་སོ། །བདག་ཉིད་དེ་ཚེ་དུས་དག་ཏུ། །སྔོན་ནི་བྱང་ཆུབ་སེམས་དཔར་གྱུར། །མི་ཤེས་མུན་པས་བསྒྲིབས་པ་ཡི། །བདག་ནི་དེ་ཚེ་ བྱིས་པར་གྱུར། །འཇིག་རྟེན་ཇི་སྙེད་ཡོད་པ་ཡི། །ཁྱབ་འཇུག་གིས་བྱས་གཟོ་སྤྱད་དང་། །ལུགས་ཀྱི་བསྟན་བཅོས་སྔོན་གྱི་རབས། །དེ་བཞིན་རིག་བྱེད་བརྡ་སྤྲོད་པ། །སྡེབ་སྦྱོར་སྐར་མའི་དཔྱད་ཉིད་དང་། །རྩིས་དང་སྒྱུ་རྩལ་འདོད་པ་དང་། །ལོག་ཤེས་དེ་བཞིན་ ཤེས་པ་དང་། །དེ་བཞིན་ལོག་པར་སྤྱོད་ཉིད་དང་། །འཇིག་རྟེན་བསྟན་བཅོས་ཐམས་ཅད་ནི། །ཡུན་རིང་བདག་གིས་སྔོན་བསྟན་ཏོ། །ཞི་བ་ཐུབ་བདག་ཇི་ལྟ་བར། །ཡེ་ཤེས་བདག་གིས་ཐོབ་མ་ཡིན། །བྱང་ཆུབ་རྒྱུ་ནི་གྲོལ་དོན་དང་། །དེ་བཞིན་དུ་ནི་ཐར་པའི་ཕྱིར། །འཁོར་ བའི་བཙོན་རར་རབ་བཅིངས་པས། །ལས་རྣམས་ལས་ཀྱང་བདག་མ་གྲོལ། །ཞི་བ་རྣམ་རྒྱལ་སངས་རྒྱས་ཉིད། །མ་ཉམས་གོ་འཕང་མྱ་ངན་འདས། །ཡུན་རིང་དོན་དུ་མངོན་འདོད་ཅིང་། །ལེགས་པར་ཡོངས་སུ་བཙལ་བས་ཐོབ། །དེ་ལྟར་བདག་གིས་རིག་ལྡན་པས། །ཚེགས་ཆུང་ བྱ་བས་ཐོབ་པ་ཡིན། །རྒྱལ་བས་སྔོན་ནི་བསྟན་པས་ན། །རང་བྱུང་ཡེ་ཤེས་ཐོབ་པ་ཡིན། །དེ་འདྲའི་གནས་ནི་རབ་མཐོང་བ། །ཕྱི་རོལ་ལམ་གྱིས་ཐོབ་མ་ཡིན། །བྱང་ཆུབ་རྒྱུ་ནི་རྙེད་དཀའ་བས། །འཁོར་བའི་དགོན་པར་འཁྱམས་པ་ཡིན། །བདག་གི་རང་བྱུང་འདི་འདྲ་བ། ། ཡེ་ཤེས་བདག་གིས་ཐོབ་པ་མིན། །རིག་པ་བཟང་པོའི་ལས་དགའ་བས། །ད་ནི་མྱ་ངན་འདས་པ་ཐོབ། །བདག་གིས་བསྟན་བཅོས་འདི་དག་ནི། །བསྡུས་པ་འབའ་ཞིག་བྱས་པ་ཡིན། །ལས་ལས་གྲོལ་བ་མེད་པར་ནི། །གྲུབ་པའི་རྒྱུ་ནི་རྙེད་མ་ཡིན། །འཁོར་བའི་ཡུན་རིང་ ཞགས་པ་འདིས། །ལས་ཀྱི་འཆིང་བས་ངེས་པར་བཅིངས། །དེ་ཡི་འགྲོ་འདི་བདག་ཉིད་ཆེ། །དགེ་དང་མི་དགེའང་སྨིན་པར་འགྱུར། །རྒྱུ་སྐར་གཟའ་དང་སྐར་མའི་དཔྱད། །མཚོན་པར་བྱེད་པ་ཁོ་ནར་ཟད། །ཆོས་དང་མི་ལྡན་མི་རྣམས་དང་། །གཞན་ལ་རྟགས་ནི་སྣང་མི་ འགྱུར། །དེ་ཉིད་ཀྱིས་ན་གཟའ་གསུངས་པ། །དགེ་དང་མི་དགེའི་རྗེས་གཟུང་ཕྱིར། །འཇིག་རྟེན་སྐྱོང་བ་བཞི་དག་དང་། །ཁམས་ནི་བཞི་པོ་དག་དང་ནི། །ཆུ་དང་ས་དང་རླུང་དང་མེ། །ནམ་མཁར་ཡོངས་སུ་བསྟན་པ་ཡིན། །འབྱུང་བ་ཡང་དག་བསྡུ་བའི་ཕྱིར། །འདི་དག་འབྱུང་ བ་ཆེན་པོ་ཡིན། །སེམས་ཅན་ཡང་དག་བསྡུ་བའི་ཕྱིར། །བག་མེད་ལས་ཀྱིས་བྱས་པ་ཡིན། །དེ་དག་དུས་ནི་ངེས་པ་ཡིས། །སྔགས་རྣམས་གྲུབ་པར་འགྱུར་བ་ཡིན། །དེ་ཡི་སྐྱེ་བ་འབད་པ་ཡིས། །དགེ་དང་མི་དགེ་བསྲུང་བར་བྱ། །རང་བཞིན་གྱིས་ནི་འཇིག་རྟེན་གཙོ། ། ལྷ་ཡི་དབང་ཕྱུག་བརྒྱ་བྱིན་སོགས། །དེ་ཡང་དེ་ཚེ་དེ་དུས་སུ། །དུས་ཀྱི་མཐར་ནི་ཡོངས་སུ་བརྟགས། །དུས་ཀྱི་ཐ་མ་དག་ལ་ནི། །སྔགས་རྣམས་གྲུབ་པ་ངེས་པ་ཡིན། །དེ་ཉིད་ཀྱིས་ན་ཐུབ་དབང་གིས། །གཞོན་ནུ་ཡོངས་སུ་བརྟགས་པ་ནི། །ཤེས་རབ་ཆེན་པོ་འཇམ་པའི་ དབྱངས། །བྱིས་པ་གཞོན་ནུའི་གཟུགས་དང་ལྡན། །འཇིག་རྟེན་འདིར་ནི་ཀུན་ཏུ་རྒྱུ། །སེམས་ཅན་རྗེས་སུ་གཟུང་བར་བཟོད། །དེ་ཡི་དུས་སུ་གྲུབ་པ་ནི། །འཇམ་པའི་དབྱངས་ནི་རབ་ཏུ་མཐོང་། །རྒྱུ་སྐར་སྐར་མའི་དཔྱད་ཤེས་པ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ཉི་ཤུ་རྩ་ བདུན་རྒྱུ་སྐར་དང་། །ཡུད་ཙམ་དག་ཏུ་རབ་ཏུ་བསྒྲགས། །དུས་ཀྱི་ཐ་མ་དེ་ལ་ནི། །བཅུ་གཉིས་ཁྱིམ་ཡང་ཡོད་པ་ཡིན། །རྒྱུ་སྐར་ཚོགས་ལ་བརྟེན་ནས་ནི། །དེ་དག་གཟའ་ནི་རྣམ་པར་དབྱེ། །ཐམས་ཅད་སོ་སོར་གྱུར་པ་ནི། །འཇམ་དཔལ་གྱིས་ནི་སོ་སོར་མཛད། །སྐྱེ་བ་དང་ནི་ སྤྱོད་པ་ཉིད། །ཁྱིམ་རྣམས་ཀུན་ལ་རབ་ཏུ་གནས། །སྐྱེ་བོ་རྨོངས་པས་ཁྱབ་འགྱུར་ལ། །དགེ་དང་མི་དགེའི་འབྲས་བུ་འབྱུང་། །དེ་ཉིད་ལས་ཀྱི་འཆིང་བ་ཡིས། །དེ་དག་ཁྱིམ་ནི་ཡང་དང་ཡང་། །སེམས་ཅན་རྣམས་ཀྱིས་གྲུབ་པ་ཙམ། །དགེ་དང་མི་དགེ་རྟོག་པར་བྱེད། །རྒྱུ་སྐར་སྣར་མར་ ལྡན་པར་ནི། །སྐྱེ་བར་ཡོངས་སུ་རབ་བརྟགས་པ། །དཔལ་ལྡན་བཟོད་པ་ཕུན་སུམ་ཚོགས། །ཚེ་རིང་བུ་ནི་མང་བ་དང་། །རྟག་ཏུ་དེ་ཚེ་ནོར་སྐལ་ལྡན། །དེ་ནི་དམག་གི་བདག་པོ་བྱེད། །འདི་ནི་ཁྱུ་མཆོག་ཁྱིམ་སྐྱེས་ན། །ཁྱུ་མཆོག་ཉིད་ལ་ཡོངས་སུ་འཆི། །མགོ་ཉིད་ལ་ནི་ འཇིག་རྟེན་ཤེས། །ཆོས་ལྡན་མཐོང་ན་དགའ་བར་འགྱུར། །སྨིན་དྲུག་ཆར་སྐྱེས་རྟག་ཏུ་ནི། །ས་བདག་རྒྱལ་པོར་སྣང་བ་སྟེ། །ཡང་དག་སྐྱེ་བ་དེ་ལ་བརྟེན། །རྟག་ཏུ་རྒྱ་མཚོ་གསུམ་བདག་འགྱུར། །ཕྱོགས་གཅིག་སྐྱེས་པ་བགྲོད་དཀའ་བའི། །ཕྱོགས་གཅིག་རྒྱལ་པོར་འགྱུར་བ་ ཡིན། །གཟའ་ནི་བླ་མས་མཚན་པ་ཡི། །གལ་ཏེ་སྐྱེ་བར་འབྱུང་འགྱུར་ན། །ས་ནི་ཁོར་ཡུག་མ་ལུས་པར། །རྗེས་སུ་སྤྱོད་པར་འགྱུར་བ་ཡིན། །ལོ་ནི་བཅུ་དང་ལྔ་པོ་ཉིད། །དེ་ཡི་རྒྱལ་ཐབས་བྱེད་པར་འགྱུར། །ཐ་སྐར་བྲ་ཉེ་ཉིད་དང་ནི། །སྨིན་དྲུག་ཆ་ལས་ སྐྱེས་གྱུར་པ། །ཁྱིམ་འདི་དག་གི་ནུས་པ་ནི། །ཚོང་གི་དོན་གྱིས་ནོར་སྒྲུབ་འགྱུར། །གལ་ཏེ་སྐྱེས་པ་དེས་བྱུང་ན། །དབང་ཕྱུག་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱུ་སྐར་འདི་ལ་སྐྱེས་པ་ན། །ཉི་མའི་དཀྱིལ་འཁོར་དམར་བར་འགྱུར། །དེ་བཞིན་ཉི་མ་ནུབ་པ་ན། །དེ་ནི་འཆི་བར་ འགྱུར་བ་ཡིན། །མ་རུངས་ཚམ་ཚོམ་མེད་པ་དང་། །བདེན་པར་སྨྲ་བ་མ་ཡིན་དང་། །ལུས་ཀྱི་ལྤགས་སྲབ་དམར་བའི་མདོག །ས་ཡི་སྟེང་ན་དེ་སྣང་ངོ་། །འདི་ཡི་འགྲོ་བ་སྐད་ཅིག་ནི། །མིག་འབྱེད་འཛུམས་སུ་རབ་ཏུ་བསྟན། །འདི་ཡི་བར་དུ་གང་སྐྱེས་པ། །རྒྱ་ཆེ་ཡོན་ཏན་དེ་འདི་ ཡིན། །སེ་གོལ་གཏོགས་གནས་ཙམ་དུ་ནི། །འདི་ཡི་འགྲོ་བ་རབ་ཏུ་བསྟན། །དེས་ན་དེ་དག་འགྲོ་བ་ཉམས། །གཟའ་རྣམས་ཀྱིས་ནི་མཐོང་མ་ཡིན། །སྐྱེ་བ་རྣམ་པར་འདྲིས་གྱུར་པའི། །སེམས་ཅན་རྣམ་པ་སྣ་ཚོགས་སྐྱེ། །འདྲེས་པའི་འགྲོ་བ་ཕུན་སུམ་ཚོགས། །འདྲེན་པའི་ ལོངས་སྤྱོད་ལྡན་པ་ཡིན། །དེ་ཉིད་ཀྱིས་ན་མི་སྐྱེ་སྟེ། །སྐྱེ་བ་ཉིད་ན་བརྗོད་པ་ཡིན། །སྐྱེ་བའི་སྐར་མ་སུམ་ཅུ་ནི། །དགེ་དང་མི་དགེའི་འབྲས་བུ་འབྱུང་། །གཟའ་ནི་མིག་དམར་གྱིས་མཚན་པ། །འདི་ནི་མ་རུངས་སྐྱེ་བར་འགྱུར། །གསུས་ཆེ་ལུས་ནི་སྣུམ་པ་དང་། །མིག་དཀྱུས་རིང་ ཞིང་སྙན་པར་སྨྲ། །གཟའ་ནི་ཕུར་བུས་བལྟས་པ་ནི། །རྟག་ཏུ་བརྟན་ལྡན་སྐྱེ་བར་འགྱུར། །ཆུ་ཚོད་ཟུང་ཙམ་ཉི་མ་དང་། །ཟླ་བའི་ལྷ་ནི་རབ་བཤད་པ། །དེ་བཞིན་རྟག་ཏུ་ཉིན་མཚན་ལ། །ཡང་དག་སྐྱེ་བར་འདོད་པ་ཡིན། །ཕྱིན་ཅི་ལོག་པའི་སྐྱེ་བ་གཞན། །ཕྱིན་ཅི་ལོག་ཏུའང་ བརྟགས་པ་ཡིན། །གཟའ་ནི་མི་དགེ་མཐོང་བ་དང་། །མི་དགེའི་སྐྱེ་བ་དགེ་མི་དགེ། །མི་དགེའི་འབྲས་བུ་གྲུབ་པ་དང་། །ཡང་དག་སྐྱེ་བ་བཟང་པོ་འབྱུང་། །འགྲོ་བའི་སྐྱེ་གནས་ལ་བརྟེན་ནས། །ཁྱིམ་ལ་སྐྱེ་བར་རབ་ཏུ་གནས། །གཟའ་ནི་ངན་སྤོང་བུས་མཚན་པ། །སྦྱིན་ བྱེད་སེམས་དཔའ་ཆེ་བ་སྟེ། །ལག་དང་ན་བ་སོ་དག་དང་ནི། །སྐག་གི་ཆ་ལ་རབ་ཏུ་བརྗོད། །འདི་དག་ལ་སྐྱེས་གཏོང་བ་ཆེ། །གཡོ་སྒྱུ་ཅན་ནི་བབ་ཅོལ་བྱེད། །དོན་དང་དོན་མེད་འབྱོར་བ་ལ། །རྟག་ཏུ་བརྐམ་ཆག་བུད་མེད་ཆགས། །གཞན་གྱི་བུད་མེད་མངོན་འགྲོ་ཞིང་། ། དེ་ཉིད་ནག་པོ་ལ་སྤྱོད་དང་། །དུད་པའི་མདོག་འདྲར་སྐྱེ་འགྱུར་ཏེ། །དྲག་ཅིང་འཁྲིག་པ་ལ་ཡང་དགའ། །སྦྱོར་བའི་ཁྱིམ་ལ་རབ་བརྟེན་ནས། །དེ་ནི་སྤེན་པ་དག་ལ་སྐྱེ། །ཉིན་དང་མཚན་དུ་ཡང་དང་ཡང་། །དེར་གནས་སྤེན་པ་རྒྱུ་བར་བྱེད། །དེ་ལས་སྐྱེས་པ་ཉི་མ་ ཕྱེད། །སེམས་ནི་སྟོབས་དང་ལྡན་པར་འགྱུར། །དེ་ཡི་དུས་ལ་གང་སྐྱེས་པ། །དེ་ཡི་མཚན་ཉིད་བརྗོད་པར་བྱ། །ནོར་ནི་གྲུབ་པར་འགྱུར་བ་དང་། །དབང་ཕྱུག་གིས་ནི་ལེགས་མཚན་པའོ། །རྒྱུ་སྐར་དེ་བཞིན་རྒྱལ་དང་ནི། །སྐག་ལ་ཡང་ནི་གང་སྐྱེས་པ། །འདི་ནི་སྦལ་ པའི་ཁྱིམ་ཡིན་ཏེ། །དགེ་དང་ལྡན་ཞིང་རྫུ་འཕྲུལ་ཆེ། །མདོག་ནི་སེར་པོ་དང་ལྡན་ཞིང་། །དེ་ནི་སྐྱེ་བ་མཆོག་ཏུ་བསྟན། །རྟག་ཏུ་དེ་བཞིན་མཚན་ཕྱེད་དུ། །འདི་ནི་སྐྱེ་བར་བསྟན་པ་ཡིན། །དེ་ཡི་དུས་ཀྱི་ཚད་ལ་ནི། །གལ་ཏེ་སེམས་ཅན་སྐྱེ་བར་འདོད། །ཆོ་ག་མཐོང་བའི་ རྒྱུ་ཡིས་ན། །འདི་ནི་དོན་རྣམས་ཐམས་ཅད་སྒྲུབ། །དེ་ནི་ཤིན་ཏུ་གཞོན་པ་ནས། །རྒྱལ་ཐབས་བྱེད་ཅིང་ནོར་རྣམས་ཐོབ། །མདོག་ནི་སེར་དང་སྔོ་བསངས་ནི། །ཁ་དོག་རྒྱས་པ་སྣང་བར་འགྱུར། །གཙང་སྦྲའི་སྤྱོད་ལ་དགའ་བ་དང་། །དེ་ནི་དཔལ་ལྡན་འཇིགས་མེད་སྐྱེ། །མཆུ་དང་ དེ་བཞིན་གྲེ་དང་ནི། །དེ་བཞིན་དབོ་ཡི་ཆ་དག་ནི། །སྣང་བྱེད་ཀྱི་ནི་ཞིང་དུ་འགྱུར། །སེང་གེའི་ཁྱིམ་དུ་བྱ་བ་ཡིན། །དེ་ལ་སྐྱེས་པ་དཔའ་བོ་ཆེ། །ཤ་ཡི་ཁ་ཟས་དེ་ལ་དགའ། །རི་ཡི་རྫོང་ལ་བརྟེན་ནས་ནི། །རྒྱལ་ཐབས་དབང་ཕྱུག་བྱེད་པར་འགྱུར། །གལ་ཏེ་དེར་སྐྱེས་ཐོབ་གྱུར་ན། ། ཞིང་ལ་གནས་ཤིང་དེས་སྡོམ་རྟེན། །དེ་བཞིན་ཉི་མ་འཆར་བ་ན། །སྐྱེས་པ་འདི་ལ་བརྗོད་པ་ཡིན། །རྒྱུ་སྐར་དབོ་ཡི་ཆ་དང་ནི། །དེ་བཞིན་མེ་བཞི་ནག་པ་ཉིད། །རྒྱུ་སྐར་དེ་ལ་སྐྱེ་གནས་པ། །མི་ནི་ཡོངས་སུ་དཔའ་བར་འགྱུར། །སྡོམ་མིན་གཞན་གྱི་བུད་མེད་འགྲོ། །དེ་ནི་དམག་དཔོན་བྱེད་ པར་འགྱུར། །གལ་ཏེ་སྐྱེ་བ་ཐོབ་འགྱུར་ན། །ངེས་པར་རྒྱལ་ཐབས་བྱེད་པར་འགྱུར། །གང་དུ་སྐར་མ་དེ་དག་གནས། །འདི་ནི་བུ་མོའི་ཁྱིམ་དུ་འགྱུར། །འདི་ཡི་བདག་པོ་གཟའ་ལྷག་སྟེ། །ཁ་ཅིག་ཏུ་ནི་གཞན་ཡང་ཡིན། །འདི་དག་སྐར་མ་མཆོག་ལ་ནི། ། གཟའ་ནི་མི་བཟད་བསྲུང་བར་འགྱུར། །ཟླ་བ་ཡང་ནི་བཟང་བ་སྟེ། །ཡང་ན་ཟླ་བའི་བུ་བདག་ཡིན། །ཉིན་ཕྱེད་རྫོགས་ན་སྐྱེ་བ་ནི། །འདི་ཡི་སྐྱེ་བར་སྣང་བ་ཡིན། །ནག་པའི་ཆ་དང་ས་རི་དང་། །ས་གའི་ཕྱེད་ཀྱིས་ལྷག་པ་ལ། །སྲང་གི་ཁྱིམ་སྟེ་བཟང་པོའི་དོན། །ཟླ་བ་ལ་ སྤྱོད་སེམས་ཅན་གྱི། །འདི་ནི་མི་བཟད་ཞིང་ཡིན་ཏེ། །སྐལ་མེད་མ་ཡིན་ནོར་གྱི་གནས། །འདི་ཡི་སྐྱེ་བ་སྐྱེ་གྱུར་གནས། །མཚན་མོའི་ཐུན་གྱི་ཐ་མའོ། །མི་ནི་འདི་ལ་སྐྱེས་གྱུར་པ། །རྟག་ཏུ་བཏུང་བ་དག་ལ་དད། །སྤྱི་མཚན་མ་ཡིན་ངོ་ཚ་མེད། །མང་པོས་བཀུར་ཅིང་མཆོད་པ་ དང་། །ལ་ལར་རྒྱལ་སྲིད་ལོངས་སྤྱོད་དང་། །ནོར་ཆེན་ཐོབ་པར་འགྱུར་བ་ཡིན། །ངེས་མེད་སྐྱེ་བ་ཡོངས་སྣང་ཞིང་། །བྱིས་པར་མས་ནི་སྤངས་པ་ཡིན། །གལ་ཏེ་སྐྱེ་བ་ཐོབ་འགྱུར་ན། །བུ་མང་བདེ་བ་སྐྱེ་བར་འགྱུར། །རྒྱུ་སྐར་ལྷ་མཚམས་ལས་སྐྱེས་པ། །བཟོ་ཡི་ལས་ ནི་སྒྲུབ་པ་དང་། །བྱམས་པའི་བདག་ཉིད་གྲོགས་པོ་མང་། །རྟག་ཏུ་དཔའ་ཞིང་རྟུལ་ཕོད་ཆེ། །འཇིག་རྟེན་སྣྲོན་ལ་སྐྱེས་པ་ནི། །མི་ནི་རབ་གཏུམ་བརྟན་པ་ཡིན། །སྡུག་བསྔལ་མང་པོ་བཟོད་པ་དང་། །མི་ནི་མ་རུངས་སྐྱེ་བར་འགྱུར། །ཁྱིམ་ནི་སྡིག་པར་བཤད་པ་སྟེ། །རྟག་ཏུ་ རྣོ་ཞིང་བབ་ཅོལ་བྱེད། །འདི་དག་ཉིད་ལ་རྟག་སྐྱེས་པ། །སྐྱེ་བར་ཡང་དག་བརྗོད་པ་ཡིན། །དེ་བཞིན་ཉིན་ཕྱེད་ཉི་མ་ལ། །གལ་ཏེ་མི་ནི་སྐྱེ་གྱུར་ན། །དྲག་ཅིང་གཡུལ་ལས་རྣམ་རྒྱལ་བའི། །རྒྱལ་པོར་དེ་ནི་ངེས་པར་འགྱུར། །བྱིས་པ་གཞོན་ནུའི་གཟུགས་ཡོད་པའི། །དེ་ཡི་སྐད་ ཅིག་གཟས་མཐོང་འགྱུར། །ས་ཡི་ལྷ་མོའི་བུར་གྱུར་པ། །གང་ཡིན་དེ་ནི་མིག་དམར་གསུངས། །དེ་ཉིད་ཕྱིར་ན་ས་ལ་སྤྱོད། །རང་བུ་ཉིད་ཀྱིས་གསོད་པར་བྱེད། །དེ་ལས་གཞན་པ་བཟློག་པས་ནི། །དགེ་དང་མི་དགེའི་སྐྱེ་བ་ཉིད། །ཚེ་རིང་གཟི་བརྗིད་ལྡན་པ་དང་། །ཤེས་ལྡན་ཉིད་ དུའང་སྐྱེ་བར་འགྱུར། །ལྷ་མཚམས་ལ་ནི་རབ་སྐྱེས་པ། །ཤེས་རབ་ཆེ་ཞིང་གྲོགས་ལ་བྱམས། །མིག་དམར་གྱི་ནི་ཞིང་འདི་ཡིན། །ཡང་ན་རྟག་ཏུ་གཟའ་འདྲེས་ཡིན། །རྒྱུ་སྐར་སྣྲུབས་ལས་སྐྱེས་པ་དང་། །དེ་བཞིན་དུ་ནི་ཆུ་སྟོད་དང་། །ཆུ་སྨད་ཀྱི་ནི་ཆ་དག་ལ། །གཞུ་ཡི་ཁྱིམ་ དུ་རབ་ཏུ་བསྟན། །དེ་ཡི་སྐྱེ་བའི་སྐྱེ་བ་ནི། །ཕུར་བུའི་ཞིང་དེར་བརྟན་པ་ཡིན། །ཉི་མ་ཕྱི་དྲོར་གྱུར་པ་དང་། །ཟླ་བ་ནམ་སྨད་གྱུར་པ་ལ། །དེ་ཡི་སྐྱེ་བ་ཞེས་བསྟན་པ། །གང་ཞིག་སྐྱེས་པ་སྐྱེ་བའི་རྒྱུ། །སྣྲུབས་ལས་སྐྱེས་པ་རང་རིགས་འཇིག །ཐ་མར་བཟང་པོར་འགྱུར་བ་ཡིན། ། སྐྱེ་གནས་བར་མར་ལོངས་སྤྱོད་ནི། །ཐོབ་པར་དེ་ནི་ཐེ་ཙོམ་མེད། །གཞོན་པ་ཡོངས་སུ་འདས་པ་ན། །སྣང་བྱེད་དཀྱིལ་འཁོར་ཇི་ལྟ་བར། །རྒས་པར་གྱུར་ན་རྒྱལ་པོར་འགྱུར། །ལོངས་སྤྱོད་ཆེ་ཞིང་ནོར་ཆེར་འགྱུར། །དམའ་བའི་ཕྱོགས་སུ་ལུས་འགྱུར་གྱི། །གཞན་གྱི་ཕྱོགས་ སུ་མ་ཡིན་ནོ། །དེ་ལས་གཞན་དུ་བཟློག་པར་ནི། །རྣམ་པ་སྣ་ཚོགས་སྐྱེ་བོ་སྣང་། །ཆུ་སྨད་ཀྱི་ནི་ཆ་དག་དང་། །གྲོ་བཞིན་ཉིད་དུ་བརྟན་པ་དང་། །མོན་གྲུ་རྒྱུ་སྐར་མཆོག་ཉིད་ནི། །ཁྱིམ་འདི་ཆུ་སྲིན་ཁོ་ན་ཡིན། །འདི་ནི་སྤེན་པའི་ཞིང་ཡིན་ཏེ། །ཡང་ན་གཟའ་གཞན་གྱིས་ མཚན་པའོ། །རྟག་ཏུ་འདི་ལ་སྐྱེ་གནས་པ། །དེ་ཡང་ས་སྟེང་འདི་ལ་སྣང་། །དང་པོའི་མཐའ་དང་བར་མའི་མཐའ། །མཚན་མོའི་ཆ་ནི་འདས་པ་ལ། །དེ་དག་ལས་སྐྱེས་ལོངས་སྤྱོད་ཆེར། །ཀུན་ནས་སྣང་བར་གྱུར་པ་ཡིན། །མཐོ་དང་དམའ་བའི་རིགས་གནས་ཤིང་། །དེ་དག་ ས་ཡི་བདག་པོར་འགྱུར། །རབ་གཏུམ་ཁ་དོག་ནག་པོའམ། །སྔོ་བསངས་མདོག་ཏུ་དེ་དག་འགྱུར། །མིག་མཐའ་དམར་ཞིང་འཇམ་པ་དང་། །རྟག་ཏུ་དཔའ་ཞིང་རྟུལ་ཡང་ཕོད། །དེ་བཞིན་ཆུ་ཡིས་ཁྱབ་པ་ཡི། །ཕྱོགས་སུ་རྒྱལ་པོ་བྱེད་པར་འགྱུར། །ཚེ་རིང་བུ་ནི་མེད་པ་དང་། ། སྡུག་བསྔལ་མང་པོ་བཟོད་པར་འགྱུར། །དེ་ལས་གཞན་པ་བཟློག་པ་ལ། །སྐྱེ་བོ་རྣམ་པར་བཟློག་པ་སྣང་། །མོན་གྲུའི་ཕྱེད་དང་མོན་གྲེ་དང་། །དེ་བཞིན་ཁྲུམས་སྟོད་ཕྱེད་དག་ནི། །དེ་ཡི་ཁྱིམ་དུ་འགྱུར་བ་ནི། །བུམ་པ་ཞེས་ནི་བརྗོད་པ་ཡིན། །འདི་ལ་གཟའ་ཡི་གཙོ་བོ་ནི། །ཞིང་དུ་ རྟག་ཏུ་བརྟེན་པ་ཡིན། །དེ་བཞིན་འདྲེས་པའང་ཟླ་བ་དང་། །བློ་ལྡན་པ་ཝ་སངས་ཉིད་ཡིན། །འདི་དག་སྐྱེ་བར་འགྱུར་བ་ནི། །མཚན་མོའམ་ནམ་ནི་ལངས་པར་སྣང་། །རྟག་ཏུ་སྐྱེ་འདི་བཟང་པོ་སྟེ། །འཇིག་རྟེན་སྤྱོད་པ་དག་པ་ཡིན། །མི་ནི་མ་རུངས་ལས་ བྱེད་ཅིང་། །བློ་དང་ལྡན་པར་བརྗོད་པ་ཡིན། །ལོངས་སྤྱོད་སྣ་ཚོགས་ཕུན་སུམ་ཚོགས། །ས་སྟེང་རྗེས་སུ་སྤྱོད་པར་འགྱུར། །དེ་ལས་གཞན་དུ་བཟློག་ན་ནི། །དབུལ་ཞིང་ནད་རྣམས་སྣོད་དུ་འགྱུར། །རྒྱུ་སྐར་ཁྲུམས་སྨད་ཉིད་དང་ནི། །ནམ་གྲུ་ཞེས་ནི་བརྗོད་པ་དང་། །ཁྲུམས་སྟོད་ ཀྱི་ནི་བཞི་ཆ་ལ། །ཁྱིམ་ནི་ཉ་རུ་རབ་ཏུ་བརྟགས། །སྐྱེ་བ་དེ་དག་རྟག་གནས་པ། །ཀུན་ཏུ་ཇི་ལྟར་སྣང་ཞེ་ན། །མཚན་མོའི་ཐུན་གྱི་བར་མ་དང་། །ཉིན་པར་ཉི་མ་ཤར་བ་དང་། །ཉི་མ་ཐུན་ཕྱེད་འདས་པ་དང་། །ཉིན་ཕྱེད་ཅུང་ཟད་འདས་པ་དང་། །ལྷག་མ་ཁྲུ་གང་ཙམ་འདས་པར། ། འདི་ཡི་དུས་སུའང་སྐྱེས་པ་ནི། །དག་པ་དང་ནི་རབ་དག་ཉིད། །པ་སངས་ཉིད་ཀྱིས་རབ་ཏུ་མཆོད། །པ་ཝ་སངས་ཀྱི་ཞིང་ཞེས་པ། །ལྷ་ཡི་རིགས་ཞེས་ཚངས་པར་སྤྱོད། །སེར་དང་དཀར་བའི་མདོག་དག་གི། །གཟའ་ཡིས་ཀྱང་ནི་རབ་ཏུ་བསྟེན། །དེས་ཤིང་རྟག་ཏུ་དགེ་བ་དང་། ། ཆོས་ལྡན་མཆོག་ཏུ་བཟང་བ་ཡིན། །མི་ནི་དེ་ལ་སྐྱེས་གྱུར་པ། །ཡན་ལག་ཀུན་ཀྱང་ཤིན་ཏུ་མཛེས། །བརྩོན་འགྲུས་ཆེ་ཞིང་རྒྱལ་པོ་འདོད། །གཉེན་དང་བཤེས་ནི་བརྟན་པ་དང་། །ཚེ་རིང་ལོངས་སྤྱོད་ཆེ་བ་དང་། །དམའ་བའི་ཡུལ་ལ་ཡང་དག་བརྟེན། །ཤར་གྱི་ཕྱོགས་ལ་ བརྟེན་ནས་ནི། །དེ་དག་རྟག་ཏུ་སྐྱེ་བར་འགྱུར། །དེ་དག་མྱ་ངམ་ཕྱོགས་སུ་ནི། །རྟག་ཏུ་སྐྱེ་བར་མི་འགྱུར་ཏེ། །ཉ་ནི་ཐང་ལ་ཡོངས་སྤྱོད་པར། །ནམ་ཡང་སྣང་བ་མ་ཡིན་ནོ། །དྲང་སྲོང་རྣམས་ཀྱི་ཆུ་གནས་དང་། །ཆུ་བོ་དག་ཏུ་འཕེལ་བར་འགྱུར། །དེ་ལ་སྐྱེ་བར་རབ་བརྟན་པ། ། ཁྱིམ་ཉིད་དུ་ནི་རབ་ཏུ་བསྟན། །མི་ནི་དེ་དག་ལས་སྐྱེས་པ། །དམའ་བའི་ཡུལ་དུ་རྣམ་པར་འཕེལ། །རྟག་ཏུ་ཤར་གྱི་ཕྱོགས་གནས་པའི། །ས་བདག་སྐལ་བ་ཆེན་པོར་འགྱུར། །ཕུར་བུ་དང་ནི་སྤེན་པ་དག །གཟའ་མཆོག་གི་ནི་མངོན་པར་བལྟས། །ཤར་གྱི་ཕྱོགས་ཀྱི་བདག་པོ་ བྱེད། །དེ་དག་ལས་སྐྱེས་ཐེ་ཚོམ་མེད། །ཁྱིམ་ནི་རྣམ་པ་མང་པོ་དང་། །རྒྱུ་སྐར་དུ་མ་གསུངས་པ་ཡང་། །རྣམ་པ་སྣ་ཚོགས་གཟའ་མཆོག་ཀྱང་། །སྔོན་གྱི་དུས་ཡིན་ད་ལྟར་མིན། །མི་རྣམས་དེ་ལས་སྐྱེས་པ་ཡང་། །དེ་བཞིན་ཚེས་གྲངས་བཅོ་ལྔ་དང་། །ཉིན་ཞག་སུམ་ ཅུ་དག་ཉིད་དེ། །དེས་ན་ཟླ་བར་རབ་ཏུ་བསྟན། །ཟླ་ཕྱེད་ཉིན་མཚན་བཅོ་ལྔ་སྟེ། །ཟླ་ཕྱེད་གཉིས་ལ་ཟླ་བར་བརྗོད། །དེས་ན་ཟླ་བ་བཅུ་གཉིས་ལ། །ལོ་གཅིག་ཏུ་ནི་རབ་ཏུ་བསྒྲགས། །འདི་ཙམ་དུས་ཀྱི་ཚོད་ལ་ནི། །དུས་ཀྱི་ཐ་མར་ཡོངས་སུ་བརྟགས། །རྩོད་པའི་དུས་ སུ་ཕྱིན་པ་ན། །འདི་ཡི་གྲངས་སུ་རབ་ཏུ་བསྟན། །མི་རྣམས་ཚེ་ནི་དེ་བཞིན་དུ། །ལོ་བརྒྱ་དག་ཏུ་བསྒྲགས་པ་ཡིན། །དེ་དག་ལོ་ཚིགས་ཕྱིན་པ་ན། །དུས་ནི་དྲུག་ཏུ་རབ་ཏུ་བརྗོད། །དང་པོ་བར་དང་ཐ་མར་ནི། །དེ་དག་གསུམ་དུ་རབ་ཏུ་བསྟན། །ལྷ་མཚམས་ལ་ནི་ས་འགུལ་ན། ། མི་རྣམས་འདིར་ནི་ཚེ་རིང་འགྱུར། །དེ་དག་མི་ཡི་འཇིག་རྟེན་འདིར། །སྐྱེ་ཞིང་འཕེལ་བར་འགྱུར་བ་ཡིན། །མི་མ་ཡིན་པ་འཇིག་རྟེན་འདིར། །ཕན་ཚུན་དུ་ནི་འབྱེར་བར་འགྱུར། །དེ་དག་རྣམ་སྐྲག་འཇིགས་པ་དང་། །ཕན་ཚུན་དུ་ནི་རྣམ་པར་རྒྱུ། །ལྷ་དང་ལྷ་མིན་གཙོ་བོ་ནི། ། གང་ཚེ་འཐབ་པར་རབ་འཇུག་པ། །དེ་ཚེ་མི་ཡི་འཇིག་རྟེན་འདིར། །ནད་ནི་འབྱུང་བར་བྱེད་པ་ཡིན། །མཇུག་རིངས་ལས་དང་སྐར་མདའ་དང་། །གནམ་ལྕགས་དང་ནི་རྡོ་རྗེ་དང་། །དུད་པ་ཕྱོགས་ནི་མཐའ་དག་ཏུ། །དུ་བ་མཇུག་རིངས་རབ་ཏུ་སྣང་། །ཟླ་བ་ཉི་མའི་དཀྱིལ་འཁོར་ ལ། །མུན་ནག་གིས་ནི་ཁེབས་པར་གནས། །ཉི་ཟླ་རྫུ་འཕྲུལ་ཆེན་པོ་དག །བུག་པ་ཡོད་པར་སྣང་བ་དང་། །དེ་ལྟར་རྣམ་པ་སྣ་ཚོགས་པ། །རྣམ་མང་ཡང་ནི་སྣང་གྱུར་ན། །མུ་གེ་ཚེ་ནི་ཉམས་པ་དང་། །དེ་བཞིན་ཡུལ་འཁོར་འཇིག་པ་དང་། །མི་ཡི་བདག་པོ་འཆི་བ་དང་། ། སྡོམ་བརྩོན་འཇིགས་པ་ཆེན་པོ་འབྱུང་། །འཇིག་རྟེན་དག་ནི་ཐམས་ཅད་ལ། །དེར་ནི་འཇིགས་སུ་རུང་བ་འབྱུང་། །མཆུ་དང་ཐ་སྐར་དག་དང་ནི། །ནབ་སོ་ལ་ནི་ས་འགུལ་ན། །དེ་ཚེ་དབུས་ཀྱི་ཡུལ་དག་ཏུ། །རྐུན་མ་བབ་ཅོལ་བྱེད་ལ་གནོད། །ལྷོ་ཡི་ཕྱོགས་ལ་གནས་པ་ཡི། །རྒྱལ་ པོ་ཆེན་པོ་རྣམ་པར་འཇིག །བྲ་ཉེ་སྨིན་དྲུག་ཉིད་དང་ནི། །གང་ཚེ་སྣར་མ་དང་ནི་མགོ། །འགུལ་ན་འཇིག་རྟེན་འཇིགས་པ་ཆེ། །དེ་ལ་དོགས་པ་རབ་ཏུ་འབྱུང་། །ནུབ་ཕྱོགས་ན་ནི་གནས་པ་ཡི། །དེ་ཚེ་རྒྱལ་པོ་འཆི་བར་འགྱུར། །གང་ཡང་མཐའ་འཁོབ་ གནས་པ་ཡི། །ཀླ་ཀློ་རྐུ་བས་འཚོ་བྱེད་དང་། །དེ་བཞིན་འབིགས་བྱེད་སྟེང་གནས་དང་། །ནང་དུ་མི་ཡི་དབང་ཕྱུག་གནས། །དེ་ཡང་དེ་ཡི་དུས་དག་ཏུ། །ནད་ཀྱིས་བརྒྱལ་ཞིང་གནོད་པར་འགྱུར། །དེ་དག་ལ་ནི་དགྲ་རྣམས་འབྱུང་། །གཅིག་ལ་གཅིག་ནི་ཡུལ་འཕྲོག་ འགྱུར། །རྒྱུ་སྐར་ལག་དང་རྒྱལ་དང་ནི། །སྐག་དང་དེ་བཞིན་གྲེ་དང་དབོ། །འདི་དག་ལ་ནི་ས་འགུལ་ན། །མི་བདག་ཀུན་ནི་མི་མཐུན་ནས། །ཕན་ཚུན་གནོད་པ་བྱེད་འགྱུར་བ། །གསོད་དང་འཆིང་དང་གནོད་པ་དང་། །མུ་གེ་དག་ཀྱང་རབ་ཏུ་འབྱུང་། །མེ་བཞི་ནག་པ་ས་རི་དང་། ། དེ་བཞིན་ལྷ་མཚམས་སྣྲོན་ཉིད་ལ། །སྣོད་ཀྱི་འཇིག་རྟེན་སར་གྱུར་པ། །འདི་ལ་གང་ཚེ་འགུལ་གྱུར་ན། །ཁ་བ་ཅན་གནས་ཀླ་ཀློ་དང་། །རྐུན་མ་ཀུན་ནས་གནས་པ་དང་། །བལ་ཡུལ་གྱི་ནི་བདག་པོ་དང་། །ཁ་ཤའི་ལུང་པར་གནས་པ་ཡི། །དེར་ནི་མི་བདག་མ་ལུས་པ། ། ཕན་ཚུན་དུ་ནི་མི་མཐུན་ནས། །ཐམས་ཅད་གཡུལ་ལ་སྤྱོད་འགྱུར་བར། །འདིར་ནི་ཐེ་ཚོམ་མེད་པ་ཡིན། །རྒྱུ་སྐར་གང་ཡིན་སྣྲུབས་དང་ནི། །ཆུ་ནི་སྟོད་སྨད་གཉི་ག་ལ། །ས་ཡི་སྟེང་དུ་འགུལ་བར་ནི། །འདི་དག་ལ་ནི་རབ་མཐོང་ན། །ཤར་གྱི་ཕྱོགས་ཀྱི་མི་རྣམས་དང་། ། པོན་དྲ་ཨོ་ཊ་ཀཱ་མ་རུ། །བྷངྒ་ལ་བདག་རྒྱལ་པོ་ནི། །འཆི་བར་འདི་ལ་ཐེ་ཚོམ་མེད། །གཽ་ཊཱའི་བདག་པོ་དཔལ་དང་ལྡན། །ཡུལ་འཁོར་གཞན་གྱིས་ཡོངས་བསྐོར་བའམ། །འཕྲལ་ལ་ན་བར་གྱུར་པ་དང་། །ལ་ལར་ཡང་ན་འཆི་བར་འགྱུར། །འཇིག་རྟེན་རྒྱ་མཚོའི་ངོགས་གནས་ དང་། །གངྒཱའི་འགྲམ་དུ་ཡང་དག་གནས། །ཆུ་ཡིས་ཐམས་ཅད་ཁྱེར་བའམ། །ནད་རྣམས་མང་པོ་ཀུན་གནོད་བྱེད། །གྲོ་བཞིན་དང་ནི་མོན་གྲུ་དང་། །མོན་གྲེ་དང་ནི་ཆུ་སྟོད་དང་། །དེ་བཞིན་དུ་ནི་ཆུ་སྨད་དང་། །གལ་ཏེ་ནམ་གྲུ་ལས་སྐྱེས་པ། །རབ་ཏུ་འགུལ་བ་ཉིན་ཕྱེད་ལ། །སྣོད་ཀྱི་འཇིག་ རྟེན་ཡང་དག་འགུལ། །ས་རྣམས་ཐམས་ཅད་རབ་འགུལ་བ། །རི་བོ་དང་ནི་ནགས་སུ་བཅས། །རྟག་ཏུ་ནམ་མཁའ་ལ་སྣང་བ། །འཕར་ཞིང་འོག་ཏུ་འབྱུང་བྱེད་ན། །བྱང་ཕྱོགས་ཀྱི་ནི་ཡུལ་དག་དང་། །ནུབ་ཕྱོགས་ལ་ནི་ཡང་དག་གནས། །ལྷོ་ཡི་ཕྱོགས་ནི་ཐམས་ཅད་དང་། ། ཕྱོགས་རྣམས་ཀུན་ལ་གནས་བྱེད་པའི། །མི་མཆོག་ས་ནི་མང་སྤྱོད་པ། །ཕན་ཚུན་དུ་ནི་གནོད་པ་བྱེད། །སེམས་ཅན་རྣམས་ནི་གནོད་ཆེན་ལྡན། །མུ་གེས་ཡུལ་འཁོར་འབྱེར་བར་འགྱུར། །ཐོ་རངས་ས་ནི་འགུལ་གྱུར་ན། །ལུས་ཅན་ཤིས་དང་ཞི་བར་འགྱུར། །དེ་ལས་ཅུང་ཟད་ ཕྱི་དུས་ན། །དྲག་པོའི་འགུལ་བ་རབ་ཏུ་སྐྱེ། །དེ་ནས་ཅུང་ཟད་ཕྱིས་འགུལ་ན། །ཡུལ་ནི་མ་ག་དྷཱར་གནོད་དང་། །ཨངྒའི་ཡུལ་དུ་གནོད་འགྱུར་ཏེ། །མ་ག་དྷཱ་རྒྱལ་དེ་བཞིན་ནོ། །དེ་ནས་ཅུང་ཟད་ཉིན་ཕྱེད་དམ། །ཕྱི་དྲོའི་དུས་སུ་གྱུར་པ་ན། །གལ་ཏེ་ས་ནི་འགུལ་བར་གྱུར། ། ས་སྟེང་མ་ལུས་ཉིད་དག་གི །རབ་ཏུ་བྱུང་བ་ཐམས་ཅད་ལ། །རྟག་ཏུ་ནད་ནི་འབྱུང་བ་འཐོབ། །རིམས་དང་ཡི་ག་འཆུས་དང་གཟེར། །དེ་བཞིན་ནད་ནི་འབྲུམ་བུ་ཡིས། །ཞག་བདུན་བཏབ་པར་གྱུར་ནས་ནི། །དེ་ནས་དེ་དག་སོས་པར་འགྱུར། །དེ་ནས་ཉི་མ་ཡང་འདས་ནས། ། ས་ནི་གལ་ཏེ་འགུལ་གྱུར་ན། །རིགས་བཞི་དག་གི་མཆོག་གྱུར་པ། །བྲམ་ཟེ་རྩྭ་ནི་སོ་མ་འཐུང་། །ཉོན་མོངས་རྒྱལ་པོའི་བློན་པོ་ནི། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །མདུན་ན་འདོན་ནི་ཆོས་དང་ལྡན། །བློན་པོའམ་ཞམ་འབྲིང་བྱེད་པ་ན། །གཞན་ཡང་སྡོམ་ཅན་གཙོ་བོ་ནི། ། སྔགས་རྒྱུད་དོན་ལ་མཁས་པ་དང་། །བྲམ་ཟེ་དང་ནི་རྒྱལ་རིགས་དང་། །དེ་བཞིན་དམངས་རིགས་རྗེའུ་རིགས་དང་། །བརྟན་པ་མཁས་པ་དག་དང་ནི། །བསྟན་བཅོས་དེ་ཉིད་དོན་ལུགས་ལྡན། །གསོད་དང་རབ་ཏུ་ཉམས་པའམ། །དྲན་ལྡན་ཐོས་དང་དེ་ཉིད་ཤེས། །སྔོན་ བྱུང་བ་ནི་སེམས་པ་དག །མྱུར་དུ་ནད་ཀྱིས་འཇིགས་འགྱུར་ཏེ། །གནམ་ལྕགས་རྡོ་རྗེས་ཤིང་ལ་བཞིན། །དེ་ནས་ཉི་མ་ནུབ་པ་ན། །དེ་ནས་ཡང་ནི་སོང་བ་ན། །ཕྱི་དྲོ་དུས་ཀྱི་མཐའ་ལ་ནི། །གལ་ཏེ་ས་ནི་རབ་ཏུ་འགུལ། །དེ་བཞིན་སེམས་ཅན་འདྲེས་པ་དང་། །དུད་འགྲོ་དག་གི་ འགྲོ་བ་དང་། །མི་ཡི་འཇིག་རྟེན་གཙོ་བོ་དག །དེ་ཚེ་འགུམ་དང་རྣམ་པར་འཇིག །མཚན་མོའི་ཐུན་ནི་དང་པོ་ལ། །གལ་ཏེ་ས་ནི་འགུལ་གྱུར་ན། །སེམས་ཅན་འདྲེས་པ་སྣ་ཚོགས་དང་། །དུད་འགྲོའི་སྐྱེ་གནས་རྣམས་དང་ནི། །མི་ནི་འཇིག་རྟེན་གཙོ་ རྣམས་སུ། །ཆར་ཆེན་རབ་ཏུ་འབྱུང་བར་འགྱུར། །ཅུང་ཟད་ཐུན་དེ་བྲི་གྱུར་ལ། །ས་ནི་འགུལ་བར་གྱུར་པ་ཡི། །དེ་ཚེ་རྟགས་དེ་སྣང་གྱུར་ན། །རླུང་དང་ཆར་པའི་འཇིགས་ཆེན་འབྱུང་། །དེ་ནས་ཐུན་དེ་ཟད་པའི་མཐར། །འགུལ་སྣང་ལས་ནི་མི་བཟད་པ། །ནུབ་ཕྱོགས་ མི་ཡི་བདག་པོ་ཡི། །ཕ་རོལ་དམག་ཚོགས་འབྱུང་བར་ཤེས། །ཐུན་ནི་གཉིས་པ་དང་པོ་ལ། །གལ་ཏེ་ས་ནི་འགུལ་བ་བྱུང་། །གཞན་གྱི་དམག་ཚོགས་ནད་དང་འཆི། །ཁོང་པའི་ནད་ནི་མི་བཟད་འབྱུང་། །མཁྲིས་པ་བད་ཀན་ལས་གྱུར་ནད། །སྐྱེ་བོ་རྣམས་ལ་འབྱུང་བར་ འགྱུར། །འབྱུང་པོ་རྣམས་ནི་སྐྱོ་འགྱུར་ཞིང་། །དེ་ཚེ་ཕྱོགས་དང་ཕྱོགས་སུ་འགྲོ། །དེ་ནས་གཉིས་པའི་ཐུན་དཀྱིལ་དུ། །ས་ནི་རབ་ཏུ་འགུལ་བྱུང་ན། །རླུང་ཆེན་འབྱུང་བར་ཤེས་བྱ་སྟེ། །ཤིང་དང་ལྷ་ཁང་འགྱེལ་བར་འགྱུར། །ཡང་ཐོག་ར་བ་རི་རྣམས་ཀྱི། །རྩེ་མོ་ འཇིག་པར་ཐེ་ཚོམ་མེད། །གནས་དང་འདུག་གནས་བཟང་པོ་དང་། །ཁང་པ་དང་ནི་རྟ་བབས་དང་། །དུད་འགྲོ་རྣམས་ཀྱི་འདུག་གནས་ཀྱང་། །ས་ལ་མྱུར་དུ་ལྟུང་བར་འགྱུར། །དེ་ནས་མཚན་ཕྱེད་དུས་དག་ཏུ། །གལ་ཏེ་ས་ནི་འགུལ་བ་བྱུང་། །དེ་ཚེ་ཤར་ཕྱོགས་ཡུལ་ གྱི་བདག །མི་མཆོག་གཙོ་བོ་འཆི་བའམ། །དེ་བུ་འཆི་བར་འགྱུར་བའམ། །མུ་གེ་འབྱུང་བར་རབ་ཏུ་སྟོན། །བར་མའི་ཐུན་ནི་བྲི་གྱུར་ནས། །ཐ་མར་ཉེ་ལ་འགུལ་བ་བྱུང་། །ས་རྣམས་དག་ནི་མ་ལུས་ལ། །ཞི་ཞིང་ནད་མེད་ངེས་པར་སྟོན། །དེ་ནས་མཚན་ཕྱེད་མཐར་གྱུར་ ལ། །གལ་ཏེ་ས་ནི་འགུལ་བར་སྣང་། །གཤེར་ཆེན་ཡུལ་གྱི་དབུས་དག་ཏུ། །མི་ཡི་བདག་པོ་ནད་ཀྱིས་གནོན། །ཕན་ཚུན་མི་མཐུན་གྱུར་ནས་ནི། །སྡུག་བསྔལ་མི་བཟད་འཆི་བར་འགྱུར། །ཐུན་ནི་གསུམ་པར་ཕྱིན་ནས་འགུལ། །བྱིས་པ་རྣམས་ལ་བདེ་བ་འབྱུང་། །སྦྲང་ བུ་ཤ་སྦྲང་ཕྱེ་ལེབ་དང་། །རྐུན་པོ་རྣམས་ནི་འཇིག་པར་འགྱུར། །ཐོ་རངས་འགུལ་བར་གྱུར་ན་ནི། །ཚེ་རིང་ནད་མེད་ལོ་ལེགས་བྱེད། །གྲོང་ཁྱེར་གྱི་ནི་ཁོར་ཡུག་དག །མེ་ཡིས་ཚིག་པར་ཤེས་པར་བྱ། །ཉི་མ་འཆར་བའི་དུས་དག་ཏུ། །ས་ནི་རབ་ཏུ་འགུལ་བ་བྱུང་། །དབུས་ ཀྱི་ཡུལ་ནི་ཐམས་ཅད་དུ། །རྐུན་མས་རྣམ་པར་འཚེ་བར་འགྱུར། །དེ་ཚེ་ཞག་ནི་བདུན་དག་ལས། །རྒྱལ་པོ་འཆི་བར་སྣང་བ་ཡིན། །གང་དུ་སྟོབས་ནི་རབ་ཆེ་བ། །ས་ནི་འགུལ་བར་གྱུར་པ་ཡིན། །དེ་ཚེ་གནས་ནི་དེ་དག་ཏུ། །དགེ་དང་མི་དགེའི་སྤྱོད་པ་སྣང་། །སྐར་མདའ་ གནམ་གྲུམ་ས་འགུལ་ནི། །སྐར་མདའ་དཀར་པོ་འབར་གྱུར་ན། །དེས་ནི་སྔར་བསྟན་སེལ་བར་བྱེད། །དེ་བཞིན་དཀར་མདོག་རྟག་ཏུ་ནི། །དགེ་ཞིང་རབ་ཏུ་བསྔགས་པ་ཡིན། །མི་བཟད་ཆེན་པོ་ཁ་དོག་དམར། །མེ་ཡིས་ཚིག་པར་ཉེ་བར་སྟོན། །དུད་ཀའི་མདོག་ནག་ནག་པོ་ནི། ། རྒྱལ་པོ་འཆི་བར་སྟོན་པ་ཡིན། །སེར་བའམ་ཡང་ན་སེར་སྐྱ་འམ། །འདྲེས་པའི་མདོག་ནི་སྣང་གྱུར་ན། །དེ་ཚེ་འདྲེས་པའི་ལས་འགྱུར་བ། །སྐར་མདའ་ལྟུང་བས་རྣམ་པར་སྟོན། །གནམ་གྲུམ་ཉིད་དུ་བསྟན་པ་ནི། །གར་བྱུང་དེར་ནི་སྟོན་པ་སྟེ། །གལ་ཏེ་དབུས་ན་དེ་ཚེ་དབུས། ། ཡུལ་ཉིད་དུ་ནི་རབ་ཏུ་བསྟན། །སྒྲ་བརྙན་སྙན་པ་བྱུང་ན་ནི། །བདེ་ཞིང་ནད་མེད་སྟོན་པར་བྱེད། །མ་རུངས་མི་བཟད་འཇིག་རྟེན་དུ། །རྔ་སྒྲ་ཡིས་ནི་དགེ་བ་སྦྱིན། །འཇིགས་དང་ཤིན་ཏུ་འཇིགས་རུང་སྒྲ། །དེར་ནི་མུ་གེ་སྟོན་པ་ཡིན། །དེ་ལ་སོགས་པར་སྦྱོར་བ་ནི། །རྟག་ཏུ་ གཟའ་རྣམས་འདོད་པ་ཡིན། །རྒྱུ་སྐར་འདི་དག་མཐོང་བ་ལ། །གྲུབ་པའི་ལས་ནི་དེ་ཚེ་བྱ། །ཐ་སྐར་སྣར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །འདི་དག་ལ་ནི་སྔགས་རྣམས་ འགྲུབ། །གྲུབ་པའི་དོན་ཡང་སྟེར་བར་བྱེད། །སྐར་མ་དག་ནི་འདི་དག་ལ། །དཀྱིལ་འཁོར་ཉིད་ཀྱང་བྲི་བར་བྱ། །གཟའ་ཡི་རེས་ཀྱི་གཙོ་བོ་ནི། །སེར་དང་དཀར་བར་སྣང་བ་ཡིན། །ཚེས་ནི་འདི་དག་ལ་དགེ་སྟེ། །རྟག་ཏུ་ཟླ་བ་ཉ་བ་ཡིན། །ཡུལ་གཞན་དག་ཏུ་འགྲོ་བྱེད་དང་། ། དཀྱིལ་འཁོར་དག་ཀྱང་བྲི་བར་བྱ། །དང་པོ་གསུམ་པ་ལྔ་པ་དང་། །བཅུ་པ་དང་ནི་བདུན་པ་དང་། །བཅུ་གསུམ་པ་ལ་ཅི་བདེ་བར། །མི་ཡི་བདག་པོ་འགྲོ་བར་བརྟག །སྐྱེ་བོ་ཀུན་ལ་དགེ་བ་སྦྱིན། །ཆས་ཤིང་འགྲོ་བར་རབ་ཏུ་བསྔགས། །དཀྱིལ་འཁོར་ གྱི་ནི་སྔགས་རྒྱུད་དག །སྔགས་རྣམས་ཐམས་ཅད་མི་བྲིའོ། །འདི་དག་ལ་ནི་སྔགས་མི་འགྲུབ། །བགེགས་ཀྱི་རྒྱུར་ནི་བསྟན་པ་ཡིན། །འགྲོ་དང་སྦྱིན་སྲེག་གྲུབ་པ་ལ། །ཚེས་གྲངས་གཟའ་ནི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང་། །གཟའ་ལྷག་མཆོག་ནི་ལས་ ཀུན་ལ། །གཟའ་མཆོག་འདི་དག་རྟག་ཏུ་ནི། །བཞི་པོ་ཚེས་དང་ལྡན་པ་ནི། །ས་སྟེང་འཇིག་རྟེན་ཀུན་ཏུ་ནི། །འགྲོ་བའི་ལས་ནི་གྲུབ་པར་བྱེད། །མ་རུངས་འཆི་ལྟས་བྲལ་བ་ཡི། །ཉི་མ་ལ་ནི་བརྟག་པར་བྱ། །ཡུད་ཙམ་བཅུ་གཉིས་ཁོ་ན་ནི། །དེ་ཡི་དུས་སུ་རབ་ཏུ་སྦྱར། ། དཀར་དང་བྱམས་ལྡན་ཉིད་དང་ནི། །མིག་དམར་དུ་ཡང་རབ་ཏུ་བསྟན། །དྲག་བུ་དབང་ཆེན་དག་པ་དང་། །བྱི་བཞིན་ཉིད་དང་ལེགས་མཛེས་དང་། །འཁོར་དང་འཁོར་བར་བྱེད་པ་ཉིད། །དགེ་བ་སྦྱིན་ཞེས་བསྟན་པ་ཡིན། །ཟླ་བ་མཆོག་ནི་སྦྱིན་པ་ཉིད། །འདི་དག་བཅུ་གཉིས་ མཚན་ཉིད་ཡིན། །ཡུད་ཙམ་དག་ཏུ་བསྟན་པ་ནི། །ཉིན་ཞག་སུམ་ཅུ་ཉིད་ལའོ། །བཅུ་པ་ཆར་ནི་འབབ་འགྱུར་ཏེ། །བཅུ་བཞི་པ་ནི་ཡུལ་འཁོར་འཇིག །བརྒྱད་པ་བཅུ་གཉིས་པ་ཉིད་དང་། །བཞི་པ་ཉིད་ནི་སྤང་བར་བྱ། །མྱུར་ལ་སོགས་པའི་གྲངས་དང་ལྡན། །མར་ ངོ་ལ་ནི་མཚན་མོ་ཡིན། །ལྷག་མ་བགེགས་ནི་བྱེད་པ་ཡང་། །ལོག་འདྲེན་ཡིན་ཏེ་བཞི་པའོ། །འདི་དག་གྲངས་ནི་ལྡན་པ་ལ། །དུས་འདི་དག་ཏུ་རབ་ཏུ་བསྟན། །མིག་ནི་འབྱེད་དང་འཛུམས་པ་དང་། །སེ་གོལ་མྱུར་བའི་འགྲོས་འདི་ནི། །འདི་དག་དུས་ཀྱི་ཚད་དག་ནི། །རྒྱ་ ཆེར་ཡང་ནི་བསྟན་པར་བྱ། །སེ་གོལ་བརྒྱ་ཡི་ཚོགས་དག་ལ། །རྩ་རྒྱུན་གཅིག་ཏུ་བསྟན་པ་ཡིན། །རྩ་རྒྱུན་བཞི་ལ་ཆུ་ཚོད་བསྟན། །ཆུ་ཚོད་བཞི་ལ་ཐུན་ཞེས་བྱ། །ཐུན་བཞི་ལ་ནི་ཉིན་པར་ཏེ། །མཚན་མོ་དག་ཀྱང་དེ་བཞིན་བསྟན། །དེ་ལྟར་བརྒྱད་དང་ལྡན་པ་ལ། །ཉིན་མཚན་ དུ་ནི་རབ་ཏུ་བརྟགས། །མིག་གི་འབྱེད་འཛུམས་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟགས། །སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟགས། །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པས་ནི་ཡོངས་སུ་བརྟགས། །འདི་ཙམ་དུས་ ཀྱི་ཚད་ལ་ནི། །གསུམ་གྱི་གྲངས་སུ་ཡོངས་སུ་བརྟགས། །སྦྱིན་སྲེག་དུས་དང་བཟླས་པ་ཡི། །གྲུབ་པའི་དུས་དང་སྦྱར་བར་བྱ། །ཉལ་བའི་དུས་དང་མི་ཉལ་དང་། །རྟག་ཏུ་ཉིན་ཞག་ཕྲུགས་བཏུངས་ལ། །ཉིན་དང་མཚན་ནི་ཉི་མ་ཞེས། །དེ་ལྟར་མིང་ནི་འཇུག་པ་ཡིན། ། ཉི་མ་བཅྭ་ལྔ་ཉིད་ལ་ནི། །ཟླ་བ་ཕྱེད་དུ་རབ་ཏུ་བསྟན། །ཟླ་ཕྱེད་གཉིས་ལ་ཟླ་བ་ཞེས། །རྩིས་ཤེས་འཇིགས་པ་མེད་པས་བསྟན། །དེ་བཞིན་ཟླ་བ་ཟླ་དྲུག་གིས། །སྒྲ་གཅན་གྱིས་ཀྱང་འཛིན་པ་ཡིན། །དེ་ནས་ཟླ་བ་བཅུ་གཉིས་ལ། །ལོ་ཡི་སྒྲར་ནི་རབ་ཏུ་བསྒྲགས། །དེ་ནས་ ལོ་ནི་བཅུ་གཉིས་ལ། །ལོ་ཆེན་ཞེས་ནི་དེ་ལ་བྱ། །གཟའ་དང་རྒྱུ་སྐར་ཕྱིན་ཅི་ལོག །ལྷ་མིན་དབང་པོ་ཐམས་ཅད་ཀྱང་། །དེ་ནས་ལོ་ནི་བཅུ་གཉིས་ལ། །འདིར་ནི་དགེ་དང་མི་དགེ་བྱེད། །གང་ཚེ་ཡར་ངོར་ལྷ་མིན་དབང་། །སྒྲ་གཅན་རབ་ཏུ་སྣང་འགྱུར་ཞིང་། །ཟླ་བ་ཉི་མའི་ དཀྱིལ་འཁོར་ནི། །མ་ལུས་རབ་ཏུ་ཟིན་གྱུར་ན། །མཚོན་གྱི་ཚོགས་ནི་ཆེན་པོ་ཡང་། །ས་ཡི་སྟེང་དུ་སྣང་བར་འགྱུར། །དེ་ལ་སོགས་པ་ཆེན་པོ་ནི། །དུས་དང་དུས་སུ་རབ་སྦྱོར་འགྱུར། །རྣམ་པ་དུ་མ་མང་པོ་ཡི། །བགེགས་ནི་མི་བཟད་སྣང་བར་འགྱུར། །དུས་ཀྱི་ ཐ་མར་ཕྱིན་པ་ན། །འཇིག་རྟེན་སྣོད་ནི་ཆོས་མིན་ལ། །རྒྱུ་སྐར་སྣྲུབས་ལ་གནས་པ་ལ། །ཟླ་བ་མ་ལུས་འཛིན་འགྱུར་ཞིང་། །མཚན་མོ་མ་ལུས་འཛིན་པ་ཉིད། །ཟླ་བ་འཛིན་པ་ནུབ་བཞིན་དང་། །གལ་ཏེ་ཉི་མ་ཉིན་པར་ནི། །ནུབ་བཞིན་དུ་ནི་འཛིན་འགྱུར་དང་། །ཉི་མ་ དང་ནི་ཟླ་བ་ཉིད། །མཚན་ཕྱེད་དག་ཏུ་གཟུང་གྱུར་ནས། །ལྷ་མིན་དབང་པོའི་གྲིབ་མ་ཡིས། །གལ་ཏེ་འཇིགས་ཤིང་ནུབ་གྱུར་ན། །ཤར་ཕྱོགས་གནས་པའི་རྒྱལ་པོ་ནི། །སྡང་བས་གསོད་པར་ཐེ་ཚོམ་མེད། །རང་ཉིད་འཆི་བའི་འཇིགས་པས་སམ། །གཞན་གྱིས་དེ་ནི་ གསོད་པར་འགྱུར། །ཀླ་ཀློ་ཡི་ནི་བདག་པོ་ཉིད། །ཤར་ཕྱོགས་སུ་ནི་གསོད་པར་བྱེད། །ཨོ་ཌའི་ཡུལ་གྱི་མི་རྣམས་དང་། །དེ་ཚེ་རྡོ་རྗེ་ཞེས་བདག་ཀྱང་། །གལ་ཏེ་ཐ་སྐར་སྣར་མ་དང་། །དེ་བཞིན་དུ་ནི་བྲ་ཉེ་དང་། །སྨིན་དྲུག་དག་ལ་ཉི་ཟླ་ནི། །གང་ཚེ་ འཛིན་པར་སྣང་འགྱུར་ན། །རྣམ་པ་སྣ་ཚོགས་བད་ཀན་དང་། །མཁྲིས་པ་དང་ནི་རླུང་གྱུར་དང་། །དེ་བཞིན་འདྲེས་པར་གྱུར་པ་ནི། །གཞན་ཡང་ལུས་ཅན་ཀུན་ལ་འབྱུང་། །བྱིས་པ་དག་ནི་ཐམས་ཅད་ལ། །རྣམ་པ་དུ་མའི་ནད་རྣམས་འབྱུང་། །གལ་ཏེ་རྒྱུ་སྐར་མཆུ་ དང་ནི། །གྲེ་དང་དེ་བཞིན་དབོ་ཉིད་དང་། །མེ་བཞི་ནག་པ་ས་རི་དང་། །ས་ག་དག་གི་རྒྱུ་སྐར་ནི། །དེ་ལ་ཉི་ཟླ་ཤར་བ་ན། །འཛིན་པར་ཐེ་ཚོམ་མེད་འགྱུར་ཞིང་། །ཉི་ཟླ་གཉིས་ནི་ཤར་ཕྱོགས་སུ། །སྒྲ་གཅན་གྱིས་ནི་ཟིན་གྱུར་ན། །ཤར་ཕྱོགས་མི་ཡི་བདག་པོ་ དང་། །ལཱ་ཌ་ཡུལ་གྱི་བདག་པོ་དང་། །ཨངྒ་མ་ག་དྷཱ་རྒྱལ་པོ། །མིག་གི་ནད་ཀྱིས་འདེབས་པའམ། །བུ་རྣམས་འཆི་བར་འགྱུར་བའམ། །དེ་རྣམས་འཆི་བས་ཉེར་འཇིགས་འགྱུར། །དགྲ་རྣམས་སྡང་བའི་སེམས་ལྡན་པའི། །ཚོགས་ཀྱང་དེ་ཚེ་འབྱུང་བར་འགྱུར། ། མགོ་དང་ལག་དང་ནབ་སོ་དང་། །དེ་བཞིན་རྒྱལ་དང་སྐག་ཉིད་དང་། །ཉི་མ་ཟླ་བ་འདི་དག་ལ། །སྒྲ་གཅན་གྱིས་ཟིན་སྣང་གྱུར་ན། །མ་ག་དྷཱ་རྒྱལ་གནོད་འགྱུར་ཞིང་། །དེ་བཞིན་ཡུལ་མི་དག་ལའང་གནོད། །བློན་པོ་ནད་འཇིགས་ཤེས་པར་བྱ། །འཆིང་དང་ཉོན་མོངས་གྲོང་ ཁྱེར་འགྱུར། །ལྷ་མཚམས་དང་ནི་སྣྲོན་དག་ལ། །སྒྲ་གཅན་གྱིས་ཟིན་ཀུན་ལ་སྣང་། །དེ་ཚེ་ནད་རྣམས་ཀུན་ཏུ་འགྲོ། །ཡུལ་མི་ཀུན་ལའང་ནད་རྣམས་འབྱུང་། །གསོད་དང་འཆིང་དང་ཉོན་མོངས་དང་། །གནོད་པ་རྣམ་པ་དུ་མ་འབྱུང་། །འཆིང་དང་གཞན་གྱི་དམག་ཚོགས་ ནི། །སྐྱེ་བོའི་གཙོ་ལ་དེ་དག་སྐྱེ། །ཆུ་སྟོད་དང་ནི་གྲོ་བཞིན་དང་། །དེ་བཞིན་ཆུ་སྨད་ཁོ་ན་ལ། །ཉི་མའི་དཀྱིལ་འཁོར་དབུས་གནས་དང་། །ཟླ་བ་ལ་ནི་དམར་བར་སྣང་། །གཟའ་ནི་འཛིན་པར་སྣང་གྱུར་པ། །རྟག་ཏུ་མུ་གེ་འབྱུང་བར་འགྱུར། །གྲོ་བཞིན་མོན་གྲེའི་རྒྱུ་སྐར་དང་། ། དེ་བཞིན་དུ་ནི་ཁྲུམས་སྟོད་དང་། །གང་ཚེ་མོན་གྲུ་དག་ལ་ནི། །གལ་ཏེ་ཉི་ཟླ་གཟས་ཟིན་ཏེ། །གཟའ་ནི་བྱུང་བར་ཤེས་གྱུར་ན། །ཁ་དོག་ནག་པ་ལ་བརྟེན་ནས། །མྱ་ངན་ཆེན་པོ་ཉོན་མོངས་དང་། །མུ་གེ་ཀུན་ཏུ་འབྱུང་བར་ནི། །ཡུལ་མི་ཀུན་ལ་འབྱུང་བ་དང་། ། རྒྱལ་པོ་རྐུན་མའི་འཇིགས་ཆེན་འབྱུང་། །ནམ་གྲུ་རྒྱུ་སྐར་ཉིད་དང་ནི། །གང་ཚེ་ཁྲུམས་སྨད་དག་ལ་ནི། །ཟླ་བ་ཉི་མའི་དཀྱིལ་འཁོར་དུ། །ཤར་ནས་སྒྲ་གཅན་འཛིན་པ་ན། །ནུབ་ཕྱོགས་ནས་ནི་ཉི་མ་འཛིན། །མ་ག་དྷཱར་ནི་མི་ཡི་བདག །སེམས་ཅན་རྒྱལ་པོའི་ཐབས་ ཉམས་པར། །ཟླ་ཕྱེད་གཅིག་གིས་སྣང་བར་འགྱུར། །རྟག་ཏུ་སྒྲ་གཅན་འགྲོ་བ་ཡི། །མཚན་མ་འདི་དག་བསྟན་པ་ཡིན། །ཟླ་བ་ཉི་མའི་དཀྱིལ་འཁོར་གྱིས། །ཕྱོགས་ནི་གང་ནས་ཟིན་གྱུར་པ། །དེ་དང་དེ་ཡི་ཕྱོགས་དག་ཏུ། །དགེ་དང་མི་དགེ་འབྱུང་བར་འགྱུར། ། གང་ཉིད་ས་སྟེང་འགུལ་བ་ནི། །འཇིག་རྟེན་མཚན་མས་བསྟན་པ་དག །དགེ་དང་མི་དགེ་དེ་དང་དེར། །དེ་བཞིན་གཟས་ཟིན་ཤེས་པར་བྱ། །ཁུག་རྣ་སེར་བ་མཇུག་རིངས་ནི། །ཉི་མ་ལྔ་ཡི་བར་དུ་ཡོད། །དེ་འོག་འཇིག་རྟེན་སེམས་ལས་འབྱུང་། །ངོགས་ལ་སྤྱོད་ཅིང་གནས་ པ་ཡི། །ཡུལ་མི་ཐམས་ཅད་འཇིག་འགྱུར་ཞིང་། །ནད་ཀྱི་གཞི་ནི་འབྱུང་བ་ཡིན། །བྱང་ཕྱོགས་གང་གཱའི་འགྲམ་གྱི་ནི། །རྒྱལ་པོ་དག་ཀྱང་འཇིག་པར་འགྱུར། །དེ་བཞིན་ཁ་བ་ཅན་གྱི་དབུས། །བགྲོད་དཀའ་ཁྲད་ཁྲོད་ལ་གནས་དང་། །ས་ཡི་བདག་པོ་ལ་གནས་དང་། །ཁོ་ར་ ཡུག་ན་རྩེ་རྗེ་དང་། །བྱང་ཕྱོགས་གང་གཱའི་འགྲམ་དག་ན། །དེ་ཚེ་འགྲམ་སྤྱོད་བདག་པོ་དག །མྱ་ངན་གདུང་བ་དུ་མ་ཡིས། །སྐྱེ་བོའི་བདག་པོ་དེ་འཆིང་འགྱུར། །རྒྱུ་སྐར་གང་ལ་ས་འགུལ་བ། །དེ་ལ་ཁུག་རྣ་ཡང་དག་བསྟན། །ཕྱོགས་རྣམས་མ་ལུས་ཁུག་རྣ་ནི། །མི་ བཟད་འོད་ནི་སྤངས་པ་དང་། །ཉིན་ཞག་ལྔ་ཡི་བར་དུ་ཡང་། །རྟག་ཏུ་ཉིན་ཞག་མང་པོར་ནི། །ཕན་ཚུན་ཆོས་ནི་མི་མཐོང་དང་། །མི་ཡི་སྤྱོད་ཡུལ་མཐོང་བ་མིན། །མི་རྣམས་དག་ནི་ཕན་ཚུན་དུ། །དེར་ནི་མཐོང་བར་འགྱུར་མ་ཡིན། །དེར་ནི་འཇིག་ཆེན་འབྱུང་བར་ཤེས། །རྒྱལ་ པོ་ཡུལ་འཁོར་བཅས་ཏེ་འཇིག །སྐར་མདའ་འཁོར་ཡུག་དག་ཏུ་ནི། །གང་དག་ལས་ཀྱིས་བྱུང་གྱུར་པ། །ཕྱོགས་ཀྱི་མཐར་ནི་རབ་སྣང་བ། །གཉིས་དང་གསུམ་ནི་མི་བཟད་ཡིན། །མཚན་མོ་དབང་པོའི་གཞུ་ཉིད་དང་། །བྱ་རོག་གལ་ཏེ་འདབ་མ་དཀར། ། དཀར་བའམ་ཡང་ན་ཁ་དོག་ནག །ཡང་ན་དཀར་དང་ནག་པར་མཐོང་། །ཕྱིན་ལོག་འདབ་ཆགས་ཁ་དོག་དང་། །ཕྱིན་ཅི་ལོག་གི་དུས་སྒྲ་དང་། །ཕྱིན་ཅི་ལོག་གི་བྱ་རྣམས་ཡོད། །གང་དུ་དེར་ནི་འཇིགས་ཆེན་འབྱུང་། །རྐང་གཉིས་རྐང་པ་བཞི་ཉིད་དང་། །རྐང་མེད་དང་ ནི་རྐང་མང་དང་། །འདབ་ཆགས་དུད་འགྲོ་སྲོག་ཆགས་རྣམས། །ཕྱིན་ཅི་ལོག་འགྱུར་འཇིགས་ཆེན་བྱུང་། །ཁྱི་ནི་གྱེན་དུ་གདོང་བལྟས་ཏེ། །ཡང་དང་ཡང་དུ་ཟུགས་གྱུར་པ། །ཉིན་པར་རམ་ནི་མཚན་མོ་རུ། །གང་དུ་དེར་ནི་འཇིགས་ཆེན་འབྱུང་། །དེ་ལྟར་རྣམ་པ་དུ་མ་ དང་། །རྣམ་མང་གང་དུ་རབ་བརྟགས་པ། །དེར་ནི་ཆར་མི་འབབ་པར་འགྱུར། །རྒྱལ་པོའི་ཚོགས་ཀྱང་རྣམ་པར་འཇིག །ཇི་ལྟར་སྐྱེ་བའི་སྐར་མ་ནི། །དགེ་དང་མི་དགེའི་སྲོག་ཆགས་ཡིན། །དེ་བཞིན་མཚན་མ་གང་སྐྱེས་པ། །དགེ་དང་མི་དགེ་བྱེད་པ་ཡིན། ། སྔོན་གྱི་རྒྱུ་ནི་མ་ཡིན་པ། །རྒྱུ་མཚན་ཅུང་ཟད་མི་མཐོང་སྟེ། །རྒྱུ་མེད་རབ་ཏུ་འཇུག་བྱེད་པའི། །བགེགས་འབྱུང་བ་ནི་ཡོད་མ་ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། སྐར་ མའི་དཔྱད་ཀྱི་རྒྱུ་མཚན་ཤེས་པའི་ལེའུ་རབ་འབྱམ་ལས་བཅྭ་བརྒྱད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གཟའ་དང་རྒྱུ་སྐར་དང་སྐར་མ་དང་སྐར་མཁན་གྱི་ཚོགས་རྣམས་ལ་བཀའ་སྩལ་པ། ཀྱེ་ཀྱེ་གཟའ་དང་རྒྱུ་སྐར་ཀྱི་ཚོགས་རྣམས་ཁྱེད་ཅག་ཐམས་ ཅད་ཉོན་ཅིག །འཇམ་དཔལ་གཞོན་ནུར་གྱུར་པའི་ཆོ་གའི་རྒྱལ་པོ་འདི་ལས་འདའ་བར་མ་བྱེད་ཅིག །སྔགས་དང་། རྒྱུད་དང་། དབང་བསྐུར་བ་དང་། དཀྱིལ་འཁོར་དང་། ཆོ་ག་རྣམས་དང་། བཟླས་པ་དང་། ངེས་པར་སྡོམ་པ་དང་། རིག་པ་སྒྲུབ་པ་ལ་འཇུག་པ་དང་། རིག་པ་འཛིན་པ་རྣམས་ཀྱི་ཆོ་ག་དང་། རྒྱུ་སྐར་ཀྱི་སྤྱོད་པ་དང་། རྩིས་མངོན་པར་ཤེས་པ་རྣམས་ཀྱི་ཆོ་གའི་རྒྱལ་པོ་དེ་ལ་ཁྱེད་ཅག་རྣམས་ཀྱིས་དེར་བགེགས་མ་བྱེད་ཅིག །བསྟན་པ་ལ་རབ་ཏུ་ཞུགས་པ་རྣམས་ལ་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་ལ་སྲུང་བགྱིས་ཤིག ། སེམས་ཅན་མ་རུངས་པ་ཐམས་ཅད་ཀྱང་དགག་པར་གྱིས་ཤིག །བསྟན་པར་གྱིས་ཤིག །ཐམས་ཅད་ཀྱི་ཐམས་ཅད་དུ་གསོད་པར་མ་བྱེད་ཅིག །སྟོབས་བཅུ་དང་ལྡན་པ་རྣམས་ཀྱི་བསྟན་པ་ལ་རྣམ་པར་གཞག་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པས་སེམས་ཅན་ཐམས་ཅད་ཀྱི་མ་རུངས་པ་ཐམས་ཅད་བཟློག་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྙོམས་པར་ཞུགས་མ་ཐག་ཏུ། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གནས་གཙང་མའི་གཞལ་མེད་ཁང་ན་བཞུགས་པ་ལ་རྣམ་པར་བལྟ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ། །བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཉེ་བར་ ལྷགས་པ་རང་རང་གི་བྱིན་གྱིས་བརླབས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བོས་ཏེ། གསུངས་ཤིག་གསུངས་ཤིག་དཔའ་བོ་ཆེ། །འཇིག་རྟེན་རྣམས་ལའང་ཕན་པའི་ཕྱིར། །སྔགས་རྒྱུད་ཆོ་ག་ཇི་ལྟ་བར། །སྔགས་རྣམས་ཀུན་ལ་རབ་འཇུག་ཕྱིར། །རིག་པའི་ རྒྱལ་པོ་རྫུ་འཕྲུལ་ཆེ། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །གཙོ་མཆོག་ཡི་གེ་གཅིག་པ་ནི། །དུས་ཉམས་རྩོད་པའི་དུས་དག་ཏུ། །སྔགས་རྣམས་ཀུན་གྱི་རབ་མཆོག་ནི། །སངས་རྒྱས་ཀུན་གྱིས་གསུངས་པ་ཡིན། །གཙུག་ཏོར་རྒྱལ་པོ་སྟོབས་པོ་ཆེ། ། འབྱུང་པོ་ཀུན་ནི་ཟློག་པར་བྱེད། །གཟའ་དང་རྒྱུ་སྐར་མ་མོ་རྣམས། །མ་རུངས་སེམས་ལྡན་འགོག་པར་བྱེད། །འཇིག་རྟེན་བགེགས་རྣམས་ཇི་སྙེད་དང་། །དེ་བཞིན་གཞན་ཡང་གདུག་སེམས་ལྡན། །སེམས་ཅན་རྣམས་ནི་རྗེས་གཟུང་དང་། །ཟློས་པ་རྣམས་ནི་བདེ་བྱའི་ ཕྱིར། །བསྟན་པ་འདི་ལ་ཆོ་ག་མཆོག །སྟོབས་ཆེན་འཁོར་ལོས་སྒྱུར་བ་ཡིན། །གཙུག་ཏོར་རྒྱལ་པོ་མཐུ་བོ་ཆེ། །ཀུན་ལ་དབང་ཕྱུག་དམ་པ་ནི། །གང་གི་དུས་ནི་འདི་ཡིན་པ། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་གསུངས། །དེ་སྐད་གསུངས་ ནས་སངས་རྒྱས་རྣམས། །མི་གསུང་བར་ནི་བཞུགས་པར་གྱུར། །དེ་ནས་སངས་རྒྱས་འདུས་པ་དེ་རྣམས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་སྣོད་ཀྱི་འཇིག་རྟེན་རྣམས་གཅིག་ཏུ་འབར་བར་གྱུར་ལ། སངས་རྒྱས་ ཀྱིས་བྱིན་གྱིས་བརླབས་ཀྱིས་སེམས་ཅན་གཅིག་ལ་ཡང་གནོད་པར་མ་གྱུར་ཏེ། སྣང་བ་ཆེན་པོ་ཡང་དག་པར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་དང་དེ་ན་གནས་པའི་ལྷའི་བུ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བཅོམ་ལྡན་འདས་དང་འཁོར་ཆེན་པོ་འདུས་པ་ལ་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་ དཔའ་རྣམས་དགོངས་སུ་གསོལ། ཡི་གེ་གཅིག་པ་འདི་ནི་རིག་པའི་འཁོར་ལོས་སྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གོང་ནས་གོང་དུ་གནས་པ་བསྟན་པ་ཐོགས་པ་མེད་པ། དཔག་ཏུ་མེད་པའི་སྟོབས་དང་ཕ་རོལ་གནོན་པ། བཅོམ་ལྡན་འདས་གཙུག་ཏོར་ གྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཆོ་ག་ཡང་ངས་བཤད་པར་བྱའོ། །བསྟན་པ་ནུབ་པའི་དུས་སུ་རྩོད་པའི་དུས་འདི་ལ་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བ་དེ་བསྟན་པ་འདི་ལ་སྲུང་བ་གཅིག་པུར་འགྱུར་ཞིང་དུས་ཐམས་ཅད་དུ་གྲུབ་པར་ཡང་འགྲོ་སྟེ། སངས་རྒྱས་ཐམས་ ཅད་ཀྱི་བསྟན་པ་ནུབ་པའི་དུས་ཚོད་ལ་འདི་ཉིད་སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། བསྟན་པའི་དོན་བྱེད་པར་འགྱུར་རོ། །ཡི་གེ་གཅིག་པོ་འདི་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་འདུས་པར་འགྱུར་རོ། །ཀྱེ་ལྷའི་ཚོགས་དང་སེམས་ཅན་ཐམས་ ཅད་ཉོན་ཅིག །བྷྲཱུཾ། བཅོམ་ལྡན་འདི་ནི་ཐམས་ཅད་མཁྱེན། །སངས་རྒྱས་སྔགས་གཟུགས་རྣམ་པར་གནས། །སྟོན་པ་ཐུགས་རྗེ་ཆེ་དང་ལྡན། །སེམས་ཅན་ཀུན་ལ་རྣམ་པར་སྤྱོད། །སྔགས་རྣམས་བདག་པོ་དཔལ་དང་ལྡན། །གཙུག་ཏོར་ལས་བྱུང་བསྟན་པ་ ཡིན། །སྙིང་རྗེ་དབང་ལ་བརྟེན་ནས་ནི། །འདི་ནི་ཡི་གེ་གཅིག་ཏུ་གནས། །ཆོས་ཀྱི་དབྱིངས་ལ་བརྟེན་ནས་ནི། །འདི་ནི་སྣ་ཚོགས་གཟུགས་ལ་གནས། །ཇི་ལྟར་སངས་རྒྱས་སྐུ་རྣམས་ནི། །སྐྱེ་བོ་རྣམས་ལ་སྐུ་གདུང་གྱུར། །འཇིག་རྟེན་གྱིས་མཆོད་ཟང་ཟིང་ བཅས། །ཟང་ཟིང་མེད་པའང་ཁྱད་པར་དུ། །དམ་ཆོས་སྐུ་གདུང་དག་ཏུ་བསྟན། །འཇིག་རྟེན་ཟང་ཟིང་མེད་པའི་རྒྱུ། །སྐུ་ནི་ཟང་ཟིང་བཅས་པར་གསུངས། །ཐུབ་པའི་ཟླ་བ་ཟག་པ་མེད། །ཟང་ཟིང་བཅས་དང་ཟང་ཟིང་མེད། །འཇིག་རྟེན་རྒྱུར་ནི་གསུངས་ པ་ཡིན། །ཆོས་ཀྱི་དབྱིངས་ལ་བརྟེན་ནས་ནི། །ཐུགས་རྗེའི་དབང་གིས་སེམས་ཅན་ལ། །འཇིག་རྟེན་མགོན་པོ་འོད་བྱེད་པ། །སྔགས་ཀྱི་ཚུལ་གྱིས་བཞུགས་པ་ཡིན། །སྣ་ཚོགས་གཟུགས་ཅན་ཐམས་ཅད་མཁྱེན། །ས་སྟེང་འདི་ལ་སྣང་བ་ཡིན། །སེམས་ཅན་རྣམས་ ཀྱིས་སྔགས་སྒྲུབ་པ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན། །སྔགས་འདི་ཡོངས་སུ་མདོར་བསྡུ་ན། །རང་གིས་ཆོ་གས་འདིར་བཟླས་ན། །སྔགས་རྣམས་ཇི་ལྟར་འདོད་པ་བཞིན། །རྟག་ཏུ་འབྲས་བཅས་བྱེད་པར་འགྱུར། །འདི་ཡི་ཆོ་ག་མདོར་བསྡུས་ནས། ། དུས་སུ་ཡང་ནི་བཤད་པར་བྱ། །དུས་མཐར་ཐུབ་མཆོག་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་ནུབ་པ་ན། །དེ་ཡི་དུས་སུ་ཆོ་ག་འགྲུབ། །སྔགས་འགྲུབ་པར་ནི་གསུངས་པ་ཡིན། །དེ་ནས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པའི་གཙུག་ཏོར་ གཞན་གྱི་ལས་ཀྱིས་སྦྱོར་བ་རྣམ་པར་འཇིག་པར་བྱེད་པ། མ་རྒྱལ་བ་ལས་རྒྱལ་བ། སྔགས་ཐམས་ཅད་ཀྱི་བདག་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དོན་དུ་གཉེར་བ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཆོ་ག་ཡི་གེ་གཅིག་པ་སྔར་རྒྱ་ཆེར་བསྟན་ནས། ཡང་མདོར་ན་རེ་ ཞིག་དང་པོ་བཟླས་པས་གང་དུ་གནས་པ་ལས། དཔག་ཚད་ལྔའི་ནང་ནས་མ་རུངས་པའི་གདོན་ཐམས་ཅད་འབྱེར་བར་འགྱུར་རོ། །གྲུབ་པ་ཐམས་ཅད་ཀྱང་ནུས་པ་མེད་པར་འགྱུར་ཞིང་ལྷ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བར་འགྱུར་རོ། །སྒྲུབ་པ་པོའི་ འདོད་པ་མ་གཏོགས་པར་ལྷ་ཐམས་ཅད་ཀྱང་གནས་པར་མི་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་པོ་གཞན་རྣམས་ཀྱིས་གྲུབ་པ་འཕྲོག་པར་བྱེད་ཅིང་། གཞན་གྱི་སྦྱོར་བས་གསང་སྔགས་བཅད་པ་དང་བཅོམ་པ་དང་ཕུར་བུས་བཏབ་པའང་ཐར་བར་ བྱེད་དོ། །བདག་གིས་གཞན་གྱི་རིག་སྔགས་གཅོད་པར་འདོད་ན། རྩྭ་ཀུ་ཤ་སྔོན་པོ་ཆང་པ་གང་བླངས་ལ། ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་མཚོན་གྱིས་བཅད་ན། རིག་པ་གང་གི་ཕྱིར་དམིགས་ཏེ་བཅད་པ་དེ་གཅོད་པར་འགྱུར་རོ། །གཟུགས་ བརྙན་བྱས་ཏེ་འདིས་སེང་ལྡེང་གི་ཕུར་པས་སྙིང་ལ་བཏབ་ན་གནད་ལ་བབ་པར་འགྱུར་རོ། །ལེ་བརྒན་དུ་བཙོས་པའི་སྐུད་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། མདུད་པ་བོར་ན་བཅིང་བར་འགྱུར་རོ། །ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བརྒྱ་རྩ་བརྒྱད་བཟླས་ཏེ་ཁ་བཀབ་པ་བྱས་ན་རེངས་ པར་འགྱུར་རོ། །མཚོན་ཆས་སྙིང་དུམ་བུ་གཉིས་སུ་བྱས་ན་གཉིས་སུ་གས་པར་འགྱུར་རོ། །སྐེ་ཚེ་ལ་དུག་དང་ཁྲག་གིས་བཏགས་པས་བསྐུ་བ་བྱས་ན་འཆི་བར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མས་ཀུན་ཏུ་བརྡེག་ན་གནོད་པར་འགྱུར་རོ། །གཞན་གྱི་རིག་པ་ཐམས་ཅད་ལ་ མངོན་སྤྱོད་བྱ་བ་ནི་ཅི་དགར་བྱར་རུང་ངོ་། །སྔར་གསུངས་པའི་ལས་ཐམས་ཅད་ལ་འོ་མས་ཁྲུས་བྱས་ནས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །མར་གྱི་སྦྱིན་སྲེག་གིས་ནི་ཐམས་ཅད་ཞི་བར་འགྱུར་ཞིང་ཉམས་རྟས་པ་བྱས་པར་ཡང་འགྱུར་རོ། །ཁུ་ཚུར་བཅིངས་པས་སྔགས་ཐམས་ ཅད་རེངས་པར་འགྱུར་རོ། །ཡིད་ཀྱིས་ནི་དགྲོལ་བར་བསམས་པས་བཀྲོལ་བར་འགྱུར་རོ། །སྔགས་སྒྲུབ་པར་འདོད་པས་ཀྱང་འདི་ཉིད་ཀྱིས་བཅིང་བ་བྱས་ཏེ་བསྒྲུབ་པར་བྱའོ། །ཆོ་ག་གང་སྒྲུབ་པར་འདོད་པས་ཀྱང་དེ་ཉིད་འདིས་བསྒྲུབ་པར་བྱའོ། སྔགས་སྒྲུབ་པ་དང་འདི་ཉིད་ཀྱི་ སྔགས་ཀྱིས་སྤྱན་དྲང་བ་བྱ་བ་དང་ཡང་སླར་གཤེགས་སུ་གསོལ་བ་བྱ་བ་ཡིན་ནོ། །གང་འདི་ཉིད་ཀྱིས་སྲུང་བར་བྱེད་པ་ཐུབ་པར་དཀའ་བར་འགྱུར་རོ། །གང་གིས་སྔགས་འདི་མ་གྲུབ་བམ་ལན་མ་ཐོབ་ན་འདི་ཉིད་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱས་ན། མྱུར་དུ་འགྲུབ་ བམ་ལན་ཐོབ་ཅིང་། གལ་ཏེ་མ་གྲུབ་བམ་ལན་མ་བྱིན་ན་དེ་རིང་པོར་མི་ཐོགས་པ་ཉིད་དུ་འཇིག་པར་འགྱུར་རོ། །སྔགས་གང་ལ་དམིགས་ཏེ་ཞོ་དང་སྦྲང་རྩི་དང་མར་གྱིས་ཏིལ་ལ་བཏགས་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་དུས་གསུམ་དུ་ཞག་བདུན་བྱས་པ་དེ་འདིའི་དབང་དུ་འགྱུར་ཞིང་། གང་བརྗོད་པ་དེའི་ལས་བྱེད་པར་འགྱུར་བའམ་ལན་ཐོབ་པར་འགྱུར་རོ། །ལྷ་དབང་དུ་བྱ་བར་འདོད་ན་ཐང་ཤིང་གི་ཡམ་ཤིང་གི་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན་མངར་གསུམ་གྱི་སྦྱིན་སྲེག་བྱའོ། །དྲི་ཟ་དང་དྲི་ཟ་མོ་ ཐམས་ཅད་དབང་དུ་བྱ་བར་འདོད་ན་ཤིང་མྱ་ངན་མེད་པ་དང་པྲི་ཡང་ཀུའི་ཡམ་ཤིང་ངམ་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དང་ཀླུ་མོའི་གདོན་རྣམས་ལ་ནི་སྐེ་ཚེས་བྱའོ། །རྒྱལ་པོ་རྣམས་ལ་ནི་ཡུངས་དཀར་གྱི་བྱའོ། །བྲམ་ཟེ་རྣམས་ལ་ནི་མེ་ཏོག་གི་ སྦྱིན་སྲེག་བྱའོ། །རྗེའུ་རིགས་ལ་ནི་ཞོ་དང་འོ་མ་དང་མར་གྱི་བྱའོ། །དམངས་རིགས་ལ་ནི་ཕུབ་མའི་རྡུལ་གྱི་བྱའོ། །བུད་མེད་ལ་ནི་ལན་ཚྭའི་སྦྱིན་སྲེག་བྱའོ། །གདོལ་པ་ལ་ནི་མོན་སྲན་གྲེའུ་དང་ཛམ་བུ་ལི་ཀའི་སྦྱིན་སྲེག་བྱའོ། །བུ་མོ་གཞོན་ནུ་མ་ལ་ནི་འབྲས་ཡོས་ཀྱི་ སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ལ་ནི་མར་དང་ཏིལ་གྱི་སྦྱིན་སྲེག་བྱས་ན་དབང་དུ་བྱེད་དོ། །ཐམས་ཅད་དུ་ཡང་དུས་གསུམ་དུ་ཞག་བདུན་དུ་བྱའོ་ཞེས་གསུངས་ནས། རྒྱལ་བའི་མཆོག་ཅང་མི་གསུང་བར་གྱུར་ཏོ། །ཐུབ་མཆོག་བདུན་པས་སྔགས་འདི་ནི། །དེ་ཚེ་ ལྷ་ཡི་ཚོགས་ལ་གསུངས། །འཇིག་རྟེན་ཆོས་ཤེས་གྲོལ་བ་དང་། །དེ་ཚེ་དེ་ནི་ཆགས་བྲལ་ཟློས། །དེ་ཚེ་ཐུབ་པ་མཆོག་གིས་ནི། །སངས་རྒྱས་སྲས་པོ་ཐུ་བོ་ལྷ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །འཇམ་དཔལ་ལ་ནི་དེ་ཚེ་གསུང་། །ལྷ་ཡི་ལྷ་ནི་བློ་ལྡན་པ། ། མགོན་པོ་འཁོར་ལོའི་བདག་པོ་ཡི། །ཆོ་ག་འདི་ནི་རྒྱ་ཆེ་བས། །གང་གི་བསྐལ་པའི་ཚད་དུ་ཡང་། །རྒྱལ་བས་ཀྱང་ནི་བཤད་མི་ནུས། །མི་རྣམས་ལ་ནི་ཕན་པའི་ཕྱིར། །ཆོ་ག་ཡི་ནི་ཕྱོགས་གཅིག་ཙམ། །མདོར་བསྡུས་ནས་ནི་བཤད་པ་ཡིན། ། དེ་ཚེ་དེ་སྐད་གསུངས་ནས་ནི། །དཔལ་ལྡན་འཇམ་དབྱངས་རྫུ་འཕྲུལ་ཆེ། །གཙང་མའི་གནས་ཀྱི་སྟེང་བཞུགས་པའི། །སངས་རྒྱས་དེ་ལ་སྐུལ་བར་བྱེད། །གསུངས་ཤིག་གསུངས་ཤིག་དཔའ་བོ་ཆེ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །དུས་མཐའ་འཇིགས་ པའི་དུས་སུ་ནི། །མི་རྣམས་བདེ་བ་སྐྱེད་པའི་ཕྱིར། །མཐུ་ཆེན་སྔགས་ཀྱི་རྒྱལ་པོ་སྟེ། །གཟི་བརྗིད་ཆེན་པོ་འདི་ཡིས་ནི། །རས་རིས་ཇི་ལྟར་གྲུབ་པར་འགྱུར། །མྱུར་དུ་རས་རིས་འགྲུབ་པར་གསུངས། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བ་འབྱུང་བའི་ལེའུ་རབ་འབྱམ་ལས་བཅུ་དགུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གནས་གཙང་མའི་གཞལ་མེད་ཁང་ལ་ གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཉོན་ཅིག །མདོར་ན་ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེན་པོའི་རས་རིས་ཀྱི་ཆོ་གར་འགྱུར་བ་རྒྱ་ཆེ་བ་ནི་སྔར་བསྟན་ཏོ། །དེ་ནི་དུས་ཀྱི་ཐ་མའི་དུས་སུ་སེམས་ཅན་རྣམས་བརྩོན་ འགྲུས་ཆུང་བར་འགྱུར་ཞིང་། ཤེས་རབ་ཆུང་བ་དང་། ཡིད་གཞུངས་པ་དམན་པའི་ཕྱིར་རས་རིས་ཀྱི་ཚད་རྒྱ་ཆེ་བའི་སྦྱོར་བ་སྒྲུབ་པ་ཉམས་པར་འགྱུར་བས། སེམས་ཅན་རྣམས་ལ་ཕན་པར་འདོད་པས་ཟློས་པ་པོས་ཇི་ལྟར་དངོས་གྲུབ་མཆོག་ཐོབ་པར་འགྱུར་བ་དེ་ལྟར་ངས་མདོར་བཤད་པར་ བྱ་སྟེ། སྒྲུབ་པ་མཆོག་བྱེད་པར་འདོད་པས་རས་མ་ཉམས་པ་ཁ་ཚར་མ་བཅད་པ་སྐྲ་དང་བྲལ་བ་དག་ལ་ཚོན་མ་འདྲེས་པ་དག་གིས་བཅོམ་ལྡན་འདས་འདྲིར་གཞུག་པར་བྱ་སྟེ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་སྐྱེས་བུ་དམ་པ་རྐང་གཉིས་ རྣམས་ཀྱི་མཆོག །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བ་རྒྱལ་བའི་མཆོག་ཆོས་འཆད་པ་ཀུན་ནས་འབར་བའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པའོ། །འོག་ཏུ་ནི་ཚངས་པ་དང་འཕགས་པ་ཕྱག་ན་རྡོ་རྗེ། སྟེང་དུ་ནི་ཕྲེང་བ་འཛིན་པའི་ལྷའི་བུ་གཉིས་འོག་ཏུ་སྒྲུབ་པ་པོ་ དེའི་མདུན་དུ་དུས་གསུམ་དུ་ཨ་ག་རུ་སྲེག་ཅིང་འབུམ་ཕྲག་བཅུ་བཟླས་པ་བྱའོ། །དེ་ནས་ལས་སུ་བྱ་བ་ནི་དང་པོ་འཁོར་ལོའི་སྒྲུབ་པ་བྱེད་པར་འདོད་ན། ལྕགས་བཟང་པོའི་རང་བཞིན་ལས་རྩིབས་བཅུ་གཉིས་པའི་འཁོར་ལོ་བྱས་ཏེ། ཆོ་འཕྲུལ་གྱི་ཟླ་ཕྱེད་ལ་བཅོམ་ལྡན་ འདས་ཀྱི་སྤྱན་སྔར་དུས་གསུམ་དུ་ཨ་ག་རུའི་དུད་པས་བདུག་ཅིང་འབུམ་ཕྲག་བཅུ་བཟླས་པ་བྱའོ། །ཐ་མར་ཟླ་བ་ཉ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལག་པས་བཟུང་སྟེ། ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་བཟུང་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་ འགྱུར་རོ། །གང་གིས་མཐོང་བ་དེ་དང་ལྷན་ཅིག་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ནས་གདུགས་བསྒྲུབ་པར་འདོད་ན། གདུགས་ཁ་དོག་སྣ་ཚོགས་པ་སར་པ་བྱས་ལ་གསེར་གྱི་འཁོར་ལོས་མཚན་པ་ཀ་ཤི་ཀའི་གོས་འཕྱང་བ། དེ་ཉིད་ཀྱི་ཆོ་གས་མགོ་ལ་ གདུགས་བཟུང་བར་བྱས་ཏེ། བཟླས་པ་བྱས་ན་རིག་པ་རང་ཉིད་ཉེ་བར་བཞུགས་པར་འགྱུར་རོ། །འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དུས་གསུམ་དུ་ཨ་ག་རུའི་དུད་པས་བདུགས་ཏེ། འབུམ་ཕྲག་བཅུ་བཟླས་པ་བྱས་ལ། ཐ་མར་ཟླ་བ་ཉ་བ་ལ་མཆོད་པ་རྒྱ་ཆེན་ པོ་བྱས་ནས་ལག་པས་བཟུང་སྟེ། ཇི་སྲིད་དུ་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་ཐོགས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །ཟླ་བ་རེ་རེ་ཞིང་ཟླ་བ་ཉ་བ་དང་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལྔའི་བར་གྱིས་འགྲུབ་པར་འགྱུར་རོ། །འདི་གྲུབ་པ་ ཙམ་གྱིས་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །མངོན་པར་ཤེས་པ་ཐམས་ཅད་རབ་ཏུ་ཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་དགྱེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་སུ་བསྔགས་པ་ འགྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དག་གི་འཁོར་ལོས་སྒྱུར་བ་སྟོང་གི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དེ་ནས་གཙུག་ཏོར་འཁོར་ལོས་སྒྱུར་བ་བསྒྲུབ་པར་འདོད་ན། གསེར་དང་། དངུལ་དང་། ཟངས་མ་དང་། ནོར་བུའི་ རང་བཞིན་གྱི་དབྱུག་པ་ཁྲུ་གང་ཙམ་བྱས་ལ་ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱས་ནས་དེ་བླང་ན་ནམ་མཁའ་ལ་འགྲོ་སྟེ། ཐམས་ཅད་ལ་ཆོས་སྟོན་པར་འགྱུར་རོ། །བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ཅི་སྟེ་བུམ་པ་བཟང་པོ་བསྒྲུབ་པར་འདོད་ན། གསེར་གྱི་བུམ་ པ་བཟང་པོ་བྱས་ལ་འབྲུ་ཐམས་ཅད་དང་རིན་པོ་ཆེ་དང་སྨན་གྱིས་ཡོངས་སུ་བཀང་ལ། རས་དཀར་པོས་བཅིངས་ཏེ་དེ་ལ་སྔགས་འདིས་བསྒྲུབ་པར་བྱ་སྟེ། ཆོ་འཕྲུལ་གྱི་ཟླ་ཕྱེད་གཅིག་ལ་བརྩམས་ན་གཉིས་པ་ལ་འགྲུབ་པར་འགྱུར་རོ། །དེ་ལ་ལག་པ་རབ་ཏུ་བཅུག་ན་ཅི་འདོད་ པ་དེ་ཐོབ་ཅིང་མི་ཟད་པར་ཡང་འགྱུར་རོ། །ཇི་སྟེ་ནོར་བུ་རིན་པོ་ཆེ་བསྒྲུབ་པར་འདོད་ན་གསེར་གྱི་དབྱུག་པའམ། ནོར་བུ་བཟང་པོ་དང་ཤེལ་གྱི་ནོར་བུ་བྱས་ཏེ། གོས་འཕྱང་བར་བྱས་ལ་ཆོ་ག་འདི་ཉིད་ཀྱིས་བསྒྲུབས་ན་གང་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ལྷ་དང་མིའི་ ནང་དུ་ཐོགས་པ་མེད་ཅིང་སྟོབས་དང་ཕ་རོལ་གནོན་པར་འགྱུར་རོ། །ཅི་སྟེ་བཅོམ་ལྡན་འདས་ལ་བཟླས་པ་བྱེ་བ་བྱས་ན་རང་གི་ལུས་ཀྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལྷའི་ལུས་ཐོབ་ཅིང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །གཞན་གང་ཡང་གཙུག་ཏོར་གྱི་ རྒྱལ་པོ་གདུགས་དཀར་པོ་ལ་སོགས་པ་དེ་ཡང་འདིས་བཅོམ་ལྡན་འདས་ལ་འབུམ་ཕྲག་བཅུ་བཟླས་པ་བྱས་ན་ལས་རྣམས་བྱེད་པར་འགྱུར་རོ། །དེ་ལྟར་ཐོགས་པ་མེད་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གཞན་གྱི་རྟོག་པའི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་རིང་པོ་མི་ ཐོགས་པར་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འབུམ་ཕྲག་བཅུ་བཟླས་ན། ཐམས་ཅད་ལ་འགྲུབ་པར་འགྱུར་བ་རིག་པ་དང་སྔགས་ཐམས་ཅད་ཀྱི་བདག་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །ཇི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན་ཙནྡན་དམར་ པོ་ལ་རྡོ་རྗེ་རྩེ་གཅིག་པའམ་ཡང་ན་ལྕགས་བཟང་པོ་ལས་བྱས་ཏེ། བའི་རྣམ་ལྔས་བཀྲུས་ལ་ཡར་གྱི་ངོའི་བཅྭ་ལྔ་ལ་རས་རིས་ཀྱི་མདུན་དུ་མཆོད་པ་ཆེན་པོ་བྱ་ཞིང་མར་གྱི་མར་མེ་བརྒྱ་སྦར་ལ་དྲིའི་ཆུས་རྡོ་རྗེ་བཀྲུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ ཉིད་ཕུལ་ནས། གཙུག་ཏོར་གྱི་རྒྱལ་པོའི་འཁོར་རམ་གཟི་བརྗིད་ཕུང་པོའམ། གཙུག་ཏོར་གདུགས་དཀར་པོའི་སྔགས་འདིས་བསྲུང་བ་བྱས་ལ། དཀྱིལ་འཁོར་གྱི་ནང་དུ་གྲོགས་ལ་ཡང་བསྲུང་བ་བྱས་ནས་རྡོ་རྗེ་ལག་པ་གཡས་པས་བླངས་ཏེ། ཐུན་དང་པོ་འདས་ཤིང་ཐུན་ གཉིས་པ་ལ་ཉེ་བར་འདུག་སྟེ། སེམས་རྩེ་གཅིག་པས་ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །སྐབས་འདིར་རིག་པ་འཛིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་ཐམས་ཅད་འདུས་ཏེ། རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱང་འོང་བར་འགྱུར་རོ། །དེ་དག་རིག་པ་ འཛིན་པའི་བསྟོད་པ་བྱེད་ཅིང་ཁྱིམ་དུ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །ལུས་ཕྱག་ན་རྡོ་རྗེ་དང་འདྲ་ཞིང་ཕྱག་ན་རྡོ་རྗེ་དང་འདྲ་བར་མགྱོགས་པའི་མཚན་ཉིད་དུ་འགྱུར་རོ། །སྐད་ཅིག་གིས་འོག་མིན་གྱི་ལྷའི་གནས་སུ་འགྲོ་བར་འགྱུར་རོ། ། བསྐལ་པར་གནས་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་བྱམས་པ་མཐོང་ཞིང་ཆོས་ཉན་པར་འགྱུར་རོ། །ཤི་ནས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་རོ། །གལ་ཏེ་ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ་ཡང་སྐྱེ་བར་འགྱུར་རོ། །ཅི་སྟེ་རལ་གྲི་བསྒྲུབ་པར་འདོད་ན་སྐྱོན་མེད་ པའི་རལ་གྲི་བླངས་ནས་ཉིན་ཞག་གཅིག་སྨྱུང་བར་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཇི་སྲིད་དུ་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་གྲུབ་ན་གཡོག་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྐྲ་རྣ་ཆ་གདུབ་ཀོར་དང་འདྲ་བར་ འཁྱིལ་བ་དང་། ལོ་བཅུ་དྲུག་པའི་ཆ་བྱད་ཅན་དང་མི་མཐུན་པའི་ཕྱོགས་མེད་ཅིང་། རིག་པ་འཛིན་པ་ཐམས་ཅད་ཀྱིས་མི་ཚུགས་པ་དང་བར་གྱི་བསྐལ་པར་འཚོ་བར་འགྱུར་རོ། །ཅི་སྟེ་ལྡོང་རོས་བསྒྲུབ་པར་འདོད་ན་དཔའ་བོའི་ཚོང་གིས་ཉོས་ཏེ། རྒྱལ་དང་ལྡན་པའི་དུས་སུ་ ཞག་གསུམ་སྨྱུང་བ་བྱས་ཏེ། དགེ་སློང་བཟང་པོའི་དགེ་འདུན་ལ་བཤོས་དྲངས་ནས་བཀའ་ལུང་སྩལ་པར་བསྐུལ་ལོ། །སྒྲུབ་པ་པོ་ལ་དེར་རྗེས་སུ་གནང་ནས་རང་གི་གནས་སུ་རབ་ཏུ་ཞུགས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་སྟོང་རབ་ཏུ་སྦར་ ནས་ཞག་གསུམ་སྨྱུང་བ་བྱས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་བསྐྱེད་ནས་བདག་ཉིད་ཕུལ་ཏེ་ལྡོང་རོས་བླངས་ནས། ཇི་སྲིད་གྲུབ་པ་རྣམ་གསུམ་ཐོབ་པ་དེ་སྲིད་དུ་བཟླས་པ་བྱས་ཏེ། དྲོ་བ་དང་དུ་བ་འཐུལ་བ་དང་འབར་བས་སྔར་གང་བསམས་པ་ཉིད་དུ་གྲུབ་པར་འགྱུར་ ཏེ། དྲོ་བར་གྱུར་པས་དཔྲལ་བར་ཐིག་ལེ་བྱས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་ཐམས་ཅད་དང་། ཤ་ཟ་ལ་སོགས་པ་དང་། འཛམ་བུའི་གླིང་ན་གནས་པའི་སེམས་ཅན་བྲན་དུ་འགྱུར་ཞིང་གང་ཅུང་ཟད་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །ལོ་སྟོང་ གི་བར་དུ་འཚོ་བར་འགྱུར་རོ། །དུ་བ་འཐུལ་བ་ལ་ནི་དཔྲལ་བར་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་ཏེ། གལ་ཏེ་འདོད་ན་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སྣང་ཞིང་ཡང་མི་སྣང་བར་འགྱུར་རོ། །མི་སྣང་བ་ཐམས་ཅད་ཀྱི་རྒྱལ་ པོར་འགྱུར་ཞིང་ལོ་སུམ་སྟོང་གི་བར་དུ་འཚོ་བར་འགྱུར་རོ། །འབར་བས་ནི་རིག་པ་འཛིན་པར་འགྱུར་ཏེ། གཡོག་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོར་འགྱུར་ཏེ། ལྷ་གཞོན་ནུའི་ལུས་སུ་འགྱུར་ཞིང་ལྷ་ཐམས་ཅད་ ཀྱིས་ཀྱང་མི་ཐུལ་བར་འགྱུར་ན། རིག་པ་འཛིན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསྐལ་པར་ཡང་གནས་པར་འགྱུར་རོ། །དུས་བྱས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །ཇི་སྟེ་མདུང་རྩེ་གསུམ་བསྒྲུབ་པར་འདོད་ན་ལྕགས་བཟང་པོ་ལས་བྱས་ པའི་མདུང་རྩེ་གསུམ་པ་བྱས་ཏེ། ལོའི་བར་དུ་བཟླས་པ་བྱའོ། །དེ་ནས་བྱེ་མའི་རང་བཞིན་གྱི་མཆོད་རྟེན་ཁྲུ་གང་ཙམ་གྱི་ཚད་བྱས་ཏེ། །དེ་ལ་མཆོད་པ་ཆེན་པོ་བྱ་ཞིང་གཏོར་མ་རྒྱ་ཆེན་པོ་བཏང་ལ་ལག་པ་གཡས་པས་མདུང་རྩེ་གསུམ་པ་བླངས་ལ་སྐྱིལ་མོ་ཀྲུང་བཅས་ནས་ཇི་ སྲིད་དུ་སྤྲོས་པ་ན། འོད་ཟེར་སྟོང་བྱུང་བ་དེའི་བར་དུ་བཟླས་པ་བྱས་ན་སྐབས་འདིར་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་འབྱུང་བར་འགྱུར་རོ། །རིག་པ་འཛིན་པ་ཐམས་ཅད་མེ་ཏོག་གི་ཆར་འབེབས་པ་དང་ལྷ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་རབ་ཏུ་འབེབས་པར་འགྱུར་ རོ། །དེ་ནས་དེ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས། གང་དག་གིས་མཐོང་བ་དང་གང་མཐོང་བ་དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བར་འགྱུར། རིག་པ་འཛིན་པའི་རྒྱལ་པོ་མིག་གསུམ་པར་འགྱུར་ཏེ། དབང་ཕྱུག་ཆེན་པོ་གཉིས་པ་དང་འདྲ་བའོ། །རིག་ པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་། བསྐལ་པ་ཆེན་པོར་གནས་པར་འགྱུར་ལ། བལྟས་པ་ཙམ་གྱིས་གདུག་པའི་སེམས་དང་ལྡན་པ་རྣམས་ལྟུང་བར་འགྱུར་རོ། །ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་མི་ཚུགས་པར་འགྱུར་ན། རིག་པ་འཛིན་པ་ རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཇི་སྟེ་རོ་ལངས་བསྒྲུབ་པར་འདོད་ན། ཡན་ལག་རྨ་མེད་པའི་སྐྱེས་བུའི་རོ་བླངས་ཏེ། སེང་ལྡེང་གི་ཕུར་བུ་བཞེས་བཏབ་ལ་བྲང་གི་སྟེང་དུ་རིན་པོ་ཆེའི་ཕྱེ་མས་གཏོར་ཅིང་མཆོད་ན། དེའི་ ལྕེའི་རྩེ་མོ་ལ་ནོར་བུ་རིན་པོ་ཆེ་སྣང་བར་འགྱུར་ཏེ། དེ་བླངས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །མཚོན་གང་དག་ཡིད་ལ་བསམས་པ་ཙམ་གྱིས་དེ་དག་འབྱུང་བར་འགྱུར་རོ། །འོད་དཔག་ཚད་བརྒྱ་ཙམ་དུ་སྣང་བར་འགྱུར་རོ། །འདོད་ན་དུས་བྱེད་པར་ ཡང་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་ཡང་འགྱུར་རོ། །ཤི་འཕོས་ནས་ཀྱང་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །རོ་ལངས་གཉིས་པ་ སྒྲུབ་པ་ནི་རྨ་མེད་པའི་ལུས་ཀྱི་རོ་བླངས་ལ། རྒྱ་ཤུག་གི་ཤིང་གི་ཕུར་བུས་བཏབ་ལ་དེའི་ཁར་ལྕགས་ཀྱི་ཕྱེ་མས་གཏོར་ཞིང་བྱིན་ན། དེའི་ལྕེ་འབྱིན་པར་འགྱུར་ཏེ། དེ་བཅད་ན་གཡོག་འཁོར་བརྒྱ་དང་བཅས་ཏེ་ནམ་མཁའ་ལ་འགྲོ་བར་འགྱུར། བར་གྱི་བསྐལ་པར་གནས་པར་ འགྱུར། རི་རབ་ཀྱི་རྩེ་མོར་རྩེ་ཞིང་དགའ་བར་འགྱུར། གང་གི་ཚེ་འཆི་བ་དེའི་ཚེ་ཕྱོགས་གཅིག་གི་རྒྱལ་པོར་འགྱུར་རོ། །ཇི་སྟེ་ལྕགས་ཀྱུ་བསྒྲུབ་པར་འདོད་ན། རྩྭ་ཀུ་ཤའི་རང་བཞིན་གྱི་ལྕགས་ཀྱུ་བྱ་སྟེ། ཐབ་མོ་བ་མདོག་ནག་པོའི་ལག་པའི་མཐིལ་གྱིས་ བའི་རྣམ་ལྔས་བཀྲུས་ཏེ། མཚན་མོ་གཅིག་སྨྱུང་བ་བྱས་ནས་ལྕགས་ཀྱུ་ཁྲུ་གང་གི་ཚད་དུ་བྱས་ལ། མཆོད་པ་རྒྱ་ཆེན་པོ་བྱས་ནས་ཕྱག་ན་རྡོ་རྗེ་ལ་མར་གྱི་མར་མེ་བརྒྱ་སྦར་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་དང་བདག་ཉིད་ལ་གདུགས་དཀར་པོས་བསྲུང་བར་བྱའོ། །གཟི་ བརྗིད་ཕུང་པོས་ནི་དཀྱིལ་འཁོར་བཅིང་བར་བྱའོ། །ཕུར་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། ཕྱོག