Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
ལ་ཡང་དབུལ། །དེ་ལ་ཕུལ་ན་འབྲས་བུ་ཆེ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་རབ་ཏུ་གནས། །དམ་ཚིག་རྒྱལ་པོ་དང་མཉམ་པར། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སངས་རྒྱས་རྡོ་རྗེ་འཛིན་ཀུན་ གྱིས། །དེ་རིང་ཁྱེད་ལ་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །སྟོབས་དཔལ་འཁོར་ལོས་སྒྱུར་བ་ཡིན། །རྡོ་རྗེ་དམ་པའི་གསང་མཆོག་རྣལ་འབྱོར་མའི། །མཆོག་གི་དམ་ཚིག་གསང་བ་མཐོང་ནས་ནི། །བདུད་ལ་སོགས་པའི་ཤ་ཡང་ཟོས་ནས་ནི། །དེ་ བཞིན་གཤེགས་སྦྱོར་ཐོབ་ནས་ཁྱོད་གྲུབ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་ཆོ་ག་མཆོག་ཏུ་གྲུབ་པའོ།། །།དེ་ནས་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་མཆོག་ཏུ་གསང་བ་འགྲོ་བ་འདུལ་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བར་བྱ། །པདྨ་གར་གྱི་དབང་ཕྱུག་གཙོ། །གློག་གི་འཁོར་ལོ་ཡོངས་འགྱུར་བའི། །འཁོར་བའི་རྣམ་འཕྲུལ་གར་རྣམས་ཀྱིས། །པདྨ་ལ་སོགས་ཕྱག་མཚན་བྲི། །ཕྱག་རྒྱ་འཁོར་ལོ་ལྟར་ མཛད་པ། །དེ་ཡི་ལོགས་ནི་ཐམས་ཅད་ལ། །ཁྲོ་གཉེར་མ་སོགས་བྲི་བར་བྱ། །དྲག་མོ་ལ་སོགས་ཕྱག་མཚན་གཟུགས། །པདྨའི་ལྷ་མོ་པདྨར་བཅས། །དཀྱིལ་འཁོར་དེར་ནི་བརྟག་བྱས་ན། །གསང་བའི་དཀྱིལ་འཁོར་དམ་པ་ནི། །མཚོན་ཆ་མཆོག་གི་ གང་གང་གིས། །ཐམས་ཅད་བྱས་ནས་འདི་བརྗོད་བྱ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །འདུལ་བའི་ཐབས་ཀྱིས་དག་པ་ཡིས། །རོལ་པའི་གར་ནི་མཛད་པ་ཡིན། །ཞེས་བྱ་བ་ནི་མཆོག་གི་རྡོ་རྗེ་སྟེ། ཅི་ལྟར་ པདྨ་དམར་པོ་ནི། །གནས་ཀྱི་ཉེས་པ་སྣ་ཚོགས་ཀྱི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཁམས་གསུམ་དག་པའོ། །ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུའོ། །ཆོ་ག་གང་དང་གང་དག་གིས། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །པདྨ་ དག་མཆོག་རྣལ་འབྱོར་བདག །དེ་དང་དེ་ཡིས་དག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གོ། །དེ་ནས་ཅི་ལྟ་བ་བཞིན་དུ་པདྨ་གར་གྱི་མཆོད་པས་མཆོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དོན་ ཐམས་ཅད་གྲུབ་པའི་ཆོ་ག་སྟེ། ཉི་མའི་དཀྱིལ་འཁོར་བྲིས་ནས་ནི། །རས་རིས་དེ་ནི་བློ་གྲོས་ཆེ། །ལྗང་གུ་བཻཌཱུརྱ་དང་མཚུངས། །ནམ་མཁའི་སྙིང་པོ་བྲི་བར་བྱ། །དེ་ཡི་པདྨ་གཅིག་ལག་གནས། །དེ་ཡི་འོད་ཀྱི་འཁོར་ལོར་བརྟེན། །དབང་བསྐུར་མ་དང་གཏེར་མ་དང་། ། རྒྱལ་མཆོག་མངའ་བདག་མཆོད་ཆེན་པོ། །གསང་བའི་དཀྱིལ་འཁོར་དམ་པ་དེའི། །འཁོར་ལོ་བརྟག་པར་བྱས་ནས་ནི། །མཚོན་ཆ་མཆོག་གི་སྦྱོར་བ་ཡིས། །ཆོ་ག་རྒྱས་པ་ཇི་བཞིན་པའོ། །དེ་ནས་རྡོ་རྗེ་མཆོག་གི་ནི། །ཉི་མ་འདི་ནི་དམ་པ་སྟེ། །དེ་བཞིན་ གཤེགས་པ་ཐམས་ཅད་མཐོང་། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དེ་ནས་ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་ནི། །བསམ་པ་གྲུབ་པ་ཐམས་ཅད་ཀྱི། །ནོར་གྱི་བསམ་པ་གྲུབ་པ་མཆོག །དེ་ཡང་འདོད་པར་རབ་གྲུབ་ཕྱིར། ། འདོད་ལས་ཐར་པ་བདེ་བ་ཆེ། །ཞེས་བྱ་བའོ། །སྦྱིན་མིན་རྣམས་ནི་སྦྱིན་བྱའོ། །འདོད་པ་ཀུན་གྱི་བདེ་བ་རྣམས། །བདག་ཉིད་དང་ནི་གཞན་རྣམས་ལ། །བསམ་པ་ཐམས་ཅད་རྫོགས་ཕྱིར་རོ། །ཞེས་བྱ་བ་ནི་དམ་ཚིག་གི་མཆོག་གོ། །དམ་ཚིག་འདི་ཡིས་མཆོག་ཏུ་ནི། །རྡོ་ རྗེ་སེམས་དཔའ་བདེ་བ་ཆེ། །མྱུར་དུ་ཡང་དག་དམ་པ་མཆོག །མི་འགྱུར་མཆོག་ནི་གྲུབ་པར་མཛོད། །དེ་ལྟར་གསང་བ་མཆོག་གི་ཚུལ་དག་ནི། །ཇི་བཞིན་ཆོ་ག་མཆོག་ཏུ་རྒྱས་པ་སྟེ། །མཆོག་ཆེན་དེ་ནི་རྟོག་པ་ཐམས་ཅད་ཀྱི། །སྙིང་པོ་ཁྱད་པར་དངོས་གྲུབ་འགྲུབ་པར་འགྱུར། ། དཔལ་མཆོག་དང་པོ་ལས་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པའི་ཆོ་གའོ།། །།དེ་ནས་གྲུབ་ཆེན་ཐམས་ཅད་ཀྱི། །སྒྲུབ་པའི་མཆོག་ནི་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར། །སྣོད་མ་ཡིན་པའི་སེམས་ཅན་ནི། །སྡིག་པ་ཐམས་ཅད་ བྱེད་རྣམས་ལ། །མཐོང་བ་ལ་སོགས་སེམས་ཅན་དོན། །སེམས་དཔའ་ཆེན་པོས་མཛད་པ་ཡིན། །མཐོང་མེད་ལོང་བ་དེ་རྣམས་ནི། །བསོད་ནམས་མེད་སོགས་རྟགས་ལྡན་ལ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །མཐོང་བའི་ཐབས་ཀྱི་རྒྱུ་རྣམས་ ནི། །རྡོ་རྗེ་སེམས་སོགས་སེམས་མཆོག་གི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དམ་ཚིག་མཆོག་ནི་བཅིང་བ་སྟེ། །དམ་ཚིག་འདའ་བར་དཀའ་བའོ། །རྡོ་རྗེ་སེམས་སོགས་སེམས་དཔའ་ཡི། །གང་ཕྱིར་སྐུ་རྣམས་བརྟན་པ་ནི། །དེ་ཡི་ཕྱག་རྒྱར་གྲགས་པ་སྟེ། ། དངོས་གྲུབ་ཀུན་ཕྱིར་དེ་དག་སྤྲུལ། །གང་དག་བཟུང་བ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་མཆོག །མཐོང་ཞིང་མངོན་པར་མཐོང་བ་ཉིད། །མཆོག་ཏུ་བསྡུས་པར་གྱུར་པ་ཡིན། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །གང་ཕྱིར་བསྡུས་པར་འགྱུར་བ་སྟེ། ། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཉམས་པས་འཇིགས་པས་གྲུབ་པར་འགྱུར། །ཅི་ལྟར་རྒྱལ་པོ་རྣམས་ཀྱི་བཀའི། །རྟགས་ཀྱི་ཕྱག་རྒྱ་འདའ་དཀའ་བ། །ཕྱག་རྒྱ་གསལ་བ་ཀུན་གྱིས་ཀྱང་། །འདའ་བར་ནུས་པ་མ་ཡིན་ནོ། །སངས་རྒྱས་ཉིད་དམ་རྡོ་རྗེ་ འཛིན། །དེ་ལྟར་བསྐལ་པ་བྱེ་བས་ཀྱང་། །ཐོབ་པར་མི་འགྱུར་མྱུར་དུ་ནི། །ཅི་ལྟར་ཕྱག་རྒྱ་མཆོག་བཟུང་བའོ། །ཇི་ལྟར་འདུལ་ལྡན་འཇིག་རྟེན་ནི། །དེ་ལྟར་དངོས་གྲུབ་གསུངས་པ་ཡིན། །དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཐམས་ཅད་མཆོག་ཏུ་བྱེད། ། གང་ཞིག་བཅིངས་པ་ཙམ་གྱིས་ནི། །འདུས་པ་བདེ་བ་ཆེན་པོ་རྣམས། །རྡོ་རྗེ་སེམས་སོགས་སྐད་ཅིག་གིས། །བྱིན་གྱིས་བརླབ་པ་བརྟན་པར་མཛད། །ཞེས་བྱའོ། །དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱི་མཁས་ཤིང་མཆོག་ཏུ་ཕྲ་བ་དང་། ཟབ་པ་དང་རྒྱ་ཆེ་བ་བསམ་ གྱིས་མི་ཁྱབ་པ་མཆོག་ཏུ་དག་པ། ཐོག་མ་དང་ཐ་མ་མེད་པ། མི་ཟད་ཅིང་ཟད་པ་མེད་པ། དོན་ཡོད་ཅིང་ཐོགས་པ་མེད་པ། ཤིན་ཏུ་མཆོག་ཏུ་དགའ་བ་མ་ལུས་པའི་བདེ་བ་ཆེན་པོ་དང་ཡིད་བདེ་བ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་ པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་ཏུ་སད་པར་མཛད་ནས། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དོན་ཡོད་པའི་མཆོག་གི་གསང་བ་ཞེས་བྱ་བའི་མཚོན་ཆ་མཆོག་འདི་མཆོག་ཏུ་གསང་བའི་ཆོ་ག་རྒྱུད་ཕྱི་མའི་མཆོག་བྱིན་གྱིས་རློབ་པར་ མཛད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་བདག་ལ་བྱིན་གྱིས་བརླབ་པ་བསྒྲུབ་པ་གཅིག་པུའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཉིན་རེ་སྔོན་དུ་ལན་ཅིག་ཏུ། །ཕྱག་རྒྱ་ཆེ་དང་སྙིང་པོ་བཟླས། ། ཀུན་གྱི་ཕྱག་རྒྱ་རབ་གྲུབ་པའི། །བདག་བྱིན་བརླབ་པ་གཅིག་པུས་འགྲུབ། །ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ། །དེ་ནས་མཆོག་ཏུ་གསང་བ་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་བསྒྲུབ་པའི་ཆོ་ག་མཆོག་ཏུ་གྲུབ་པ་ནི། ལན་ཅིག་དམ་ཚིག་གསུམ་མཆོག་ཏུ། །གསང་ བ་དམ་པའི་ཁང་པར་ནི། །རྡོ་རྗེ་ལ་སོགས་ཐོབ་བཟུང་ནས། །རྡོ་རྗེ་ཅན་གྱིས་བྱིན་བརླབ་འགྱུར། །དེ་ནས་ཤན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་བསྒྲུབ་པ་འི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་གྲུབ་པ་ནི། རྡོ་རྗེ་དྲིལ་བུ་ཀུན་བདག་ཉིད། ། སྣ་ཚོགས་ཕྱག་རྒྱའི་སྐུར་བདག་ལྡན། །ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་བདག །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །གྲུབ་པའི་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྡུས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ཉིད་བྱིན་བརླབས། ། དོན་ཡོད་རབ་ཏུ་བདག་བྱིན་བརླབས། །རང་བཞིན་ཉིད་ཀྱིས་ཐམས་ཅད་དུ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །རང་ཉིད་བཅིངས་ནས་གྲུབ་པར་འགྱུར། །བདག་བྱིན་བརླབས་དང་དོན་ཡོད་ཕྱིར། །མྱུར་དུ་འབད་མེད་དངོས་གྲུབ་རྣམས། །ལས་ཀྱི་ཚོགས་ཀྱིས་བསྒྲུབས་ པ་ཡིས། །དངོས་གྲུབ་ཀུན་མྱུར་འགྲུབ་པར་འགྱུར། །འདི་ཡིས་ཅུང་ཟད་མི་འགྲུབ་མེད། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ཐམས་ཅད་བྱིན་བརླབ་བསྒྲུབས་པ་ཡིས། །མི་འགྱུར་བ་ནི་ཀུན་གྲུབ་བྱེད། །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ སོ། །དཔལ་མཆོག་དང་པོ་ལས་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ་ག་མཆོག་ཏུ་གསང་བ་ཞེས་བྱའོ།། །།དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔས་གསུངས་སོ། །དེ་ལ་ཐོག་མ་ཁོ་ནར་རེ་ཞིག་དོན་ཡོད་པའི་ཕྱིར་ནི་རྣལ་འབྱོར་གྱི་སྐད་ཀྱི་དབྱིངས་སོ། །འདི་ཡང་བརྩོན་པ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཏོ། །གང་གིར་བརྩོན་པ་ཡིན་ཞེ་ན། སྨྲས་པ་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པར་སྦྱོར་བས་ན་རྣལ་འབྱོར་ རོ། །སླར་ཡང་གཞན་ནི་ཡང་དག་པར་བསྡུ་བ་དང་ཡང་དག་པར་ཀུན་ཏུ་སྦྱོར་བ་དང་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་རྣལ་འབྱོར་བརྗོད་པའི་རྣམ་གྲངས་སོ། །གང་ཡང་དག་པར་ཀུན་ཏུ་སྦྱོར་བ་ཡིན་ཞེ་ན། རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་རྣལ་འབྱོར་རྗེས་སུ་བསྒྲུབས་པས་ རང་གི་ལྷག་པའི་ལྷའི་རྣལ་འབྱོར་བསྒྲུབ་པའི་སྦྱོར་བ་ཞེས་བྱའོ། །དེ་ལ་ཅི་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ཞེ་ན། དམ་ཚིག་གི་རྣལ་འབྱོར་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་ རྒྱ་དམ་ཚིག་རྗེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །ཞེས་བྱ་བ་ནི་དམ་ཚིག་གི་དོན་ཏོ། །དེ་ལ་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་ཏེ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །འདི་ལྟ་སྟེ་རྫས་མང་པོ་ཡང་དག་པར་སྦྱར་བས་སྦྱོར་བ་ཞེས་བྱ་བ་ གྲུབ་པ་དེ་བཞིན་དུ། ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བའི་ཡང་དག་པར་ཀུན་ཏུ་སྦྱོར་བས་ན་ཐམས་ཅད་ཀྱི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་རོ། །དེ་ལ་ཅི་ལྟར་ན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཡིན་ཞེ་ན། སངས་རྒྱས་ཀུན་བདག་ཡང་དག་སྦྱོར། །ཅི་ལྟའི་དབྱིབས་ དང་སྐུ་དང་ལྡན། །བདག་ཉིད་བདག་ཉིད་ཉིད་ལ་ནི། །བཀོད་ནས་རྗེས་སུ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རང་གི་དམ་ཚིག་གི་རྣལ་འབྱོར་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་ལ་རྗེས་སུ་བསྒྲུབ་པ་ནི། །ལྷག་པའི་ལྷ་ནི་གང་གང་གིས། །ཕྱག་རྒྱ་གང་དང་གང་འཆིང་བ། ། དེ་དང་དེ་ཡི་རྣལ་འབྱོར་གྱིས། །ཕྱག་རྒྱ་དེ་དང་དེ་སྦྱོར་བྱ། །ཞེས་བྱའོ། །དེ་ནས་མཆོག་ཏུ་གསང་བའི་རབ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ནི། བདག་ནི་སངས་རྒྱས་ཐམས་ཅད་ཉིད། །གཟི་བརྗིད་ཅན་ནི་ཉིད་ཀྱང་ཡིན། །རང་གི་ ལྷ་ཡི་རྣལ་འབྱོར་གྱིས། །དེ་ཕྱིར་བདག་ཉིད་བརྟག་པར་བྱ། །ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱའོ། །དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རང་ ལྷའི་སྦྱོར་བ་ཇི་བཞིན་དུ། །སྣ་ཚོགས་ཕྱག་རྒྱའི་དབང་བསྐུར་ལྡན། །ཕྱག་རྒྱ་ཀུན་བདག་རྣལ་འབྱོར་བདག །མི་འགྱུར་མཆོག་ཏུ་གྲུབ་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་མཆོག་གི་རྣལ་འབྱོར་ནི་ཡང་དག་པར་ཀུན་ཏུ་སྦྱོར་བ་ཞེས་བྱ་ བའོ། །དེ་ནས་གཞན་ཡང་སླར་མཆོག་ཏུ་ཤིན་ཏུ་གསང་བ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་མཆོག་ཏུ་གྲུབ་པ་ལས་ཀྱང་ཤིན་ཏུ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔར་བདག་སྦྱོར་བའི། །ཇི་བཞིན་དབྱངས་དང་སྐུར་ལྡན་པ། །ཀུན་བདག་ ཕྱག་རྒྱའི་རྣལ་འབྱོར་བདག །མི་འགྱུར་མཆོག་ནི་གྲུབ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། དམ་ཚིག་གསལ་བའི་རྗེས་འགྲོ་བ། །རྣལ་འབྱོར་ཀུན་བདག་གྲུབ་པ་སྟེ། །གསལ་ཞིང་ཤིན་ཏུ་གྲུབ་མཆོག་ཡིན། །འདི་ཡིས་མི་འགྲུབ་ཅུང་ཟད་མེད། ། དངོས་གྲུབ་ལས་དང་དེ་བཞིན་བདེ། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་དང་། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །ཅེས་བྱ་བ་ནི་གསང་བའི་དམ་ཚིག་གི་རྣལ་འབྱོར་ཏེ་ཤིན་ཏུ་མཆོག་ཏུ་རབ་ཏུ་གྲུབ་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པར་ནི་བསྟེན་པ་ ཡིས། །རྣལ་འབྱོར་དག་ནི་འདི་དག་གིས། །རང་གི་བདག་ཉིད་རབ་མཆོད་བྱ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་གསང་བ་བླ་ན་མེད་པ་ཐེག་པ་ཆེན་པོའི་དམ་ཚིག་ཆེན་པོའི་རྣལ་འབྱོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་རང་གི་དམ་ཚིག་ གི་རྣལ་འབྱོར་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་བླ་ན་མེད་པའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ སེམས་དཔའི་མཆོག་གི་ཚེ་དང་ན་ཚོད་གཞོན་པ་དང་ནད་མེད་པ་དང་གཟུགས་དང་ཁ་དོག་དང་གཟི་བརྗིད་དང་མཐུ་དང་སྟོབས་དང་སྤྲོ་བ་དང་དངོས་གྲུབ་མཆོག་ཐམས་ཅད་དང་དཔལ་དང་། སྐལ་བ་བཟང་པོ་དང་དགའ་བ་ཆེན་པོ་དང་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ལ་དམ་པ་མཆོག་ ཏུ་གྲུབ་པའོ། །ཅི་སྲིད་མ་ལུས་ཤིང་ལུས་པ་མེད་པ་ལ་མ་ལུས་པའི་དངོས་གྲུབ་ཆེན་པོ་དམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་གྲུབ་པ་བ་སྟེ་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་གིས་རབ་ཏུ་གྲུབ་པ་ཡིན་ ནོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན་འདི་ལྟ་སྟེ། སྤྱོད་པ་ཕྱག་རྒྱ་ལ་རག་ལུས། །ཕྱག་རྒྱ་རྣལ་འབྱོར་ལ་གནས་པ། །རྣལ་འབྱོར་ཁྱད་པར་གྱིས་བསྒྲུབ་བྱ། །རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད། །སེམས་ནི་སྟོང་པ་སྒྱུ་མར་མཚུངས། །ལུས་དང་བྲལ་བར་མ་གྲུབ་ སྟེ། །ལུས་དེ་ཡང་ནི་རྩིག་པ་འདྲ། །བྱ་བ་མེད་ཅིང་སེམས་དང་བྲལ། །ལུས་ཀྱང་སེམས་དང་བྲལ་བ་སྟེ། །སེམས་ཀྱང་ལུས་དང་བྲལ་བ་ནི། །གྲུབ་པ་མ་ཡིན་དེ་བཞིན་འདི། །ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད། །ཅི་ལྟར་ལུས་ནི་སེམས་ཀྱིས་དང་། ། སེམས་ཀྱང་ལུས་ཀྱིས་འགྲུབ་འགྱུར་བ། །དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས། །རྣལ་འབྱོར་དམ་ཚིག་བསྒྲུབས་པས་སོ། །དེ་ལྟར་དམ་ཚིག་རྣལ་འབྱོར་དག །ཕན་ཚུན་དུ་ནི་བསྒྲུབ་པའི་ཕྱིར། །ཕན་ཚུན་ནི་ཡང་རྟག་བདག་ཉིད། །དེ་བཞིན་གཤེགས་པར་གྲུབ་ པར་འགྱུར། །ཞེས་བྱ་བ་ནི་ཤིན་ཏུ་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཅི་ལྟར་ཕྱག་རྒྱ་ཐམས་ཅད་དང་རྣལ་འབྱོར་དག་རྗེས་སུ་སྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་སྐུ་ནི་བརྟན་པའི་ཕྱིར། །དེ་ཡང་བདེ་བས་བརྟན་པར་ འགྱུར། །སྡུག་བསྔལ་གྱིས་ནི་གཡོ་བར་འགྱུར། །ཡང་ན་འཆི་བ་ཐོབ་པར་འགྱུར། །དེ་ནི་རྣལ་འབྱོར་སེམས་ལས་བྱུང་། །ཡིད་བདེ་བ་ཡིས་རབ་ཏུ་བསྒྲུབ། །ཡིད་མི་བདེ་བས་གཡོ་བའམ། །ཡང་ན་འགོག་པ་ཐོབ་པར་འགྱུར། །དེ་ཕྱིར་འབད་པ་ཐམས་ ཅད་ཀྱིས། །ཕྱག་རྒྱ་རྣལ་འབྱོར་རྗེས་གྲུབ་བྱེད། །དཀའ་ཐུབ་མེད་ཅིང་ངེས་པ་མེད། །བདེ་བ་དགའ་བས་བསྒྲུབ་པར་བྱ། །ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་ སྒྲུབ་པའི་བདེ་བ་གང་ཡིན་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པར་ནི་བསྟེན་པ་ཡིས། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་དང་གཞན་རྣམས་མཆོད་པར་བྱ། །ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ ན་མེད་པའི་ཐེག་པ་ཆེན་པོའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ་བ་ཞེས་བྱ་བའོ། །དེ་ལ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་སྒྲུབ་པ་གང་ཡིན་ཞེ་ན། དཀའ་ཐུབ་ཉེས་པ་མི་ བཟད་པས། །སྡུག་བསྔལ་ལྡན་པས་མྱུར་དུ་བསྐམ། །སྡུག་བསྔལ་གྱིས་ནི་སེམས་གཡེང་འགྱུར། །རྣལ་འབྱོར་ལ་ནི་སྦྱོར་བ་མིན། །དེ་ཕྱིར་ཅི་འདོད་ལ་སྤྱོད་པ། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །ཅི་འདོད་བྱ་བ་ལ་སྤྱོད་པ། །ཅི་འདོད་པར་ནི་སྤྱོད་པ་སྤྱོད། ། གང་དང་གང་དུ་འཆག་པ་དང་། །དགོད་པའམ་ནི་སྨྲ་བའམ། །གང་དང་དེ་རུ་ཇི་བཞིན་དེ། །དཀྱིལ་འཁོར་དུ་ནི་མ་ཞུགས་སམ། །སྒྲིབ་པ་རྣམས་དང་ལྡན་པའམ། །རང་གི་ལྷ་ཡི་རྣལ་འབྱོར་བདག །ཚིག་གིས་ཀྱང་ནི་དེ་བཞིན་འགྱུར། །དེ་ཉིད་རྣལ་འབྱོར་འདི་ ཡིས་ནི། །ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ། །ངན་སྤྱོད་སྡིག་པ་ཐམས་ཅད་ཀྱིས། །རྣམ་པ་ཀུན་དུ་གནོད་མི་འགྱུར། །འདོད་པ་ཆེན་པོ་ཀུན་བདག་ཉིད། །དབང་ཕྱུག་དམ་པ་འགྲུབ་པར་འགྱུར། །ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ། །ཀུན་མཆོག་དབང་ཕྱུག་དམ་ པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །རྣལ་འབྱོར་འདི་ཡིས་རྙེད་སླ་ན། །དངོས་གྲུབ་རྣམས་དང་ལས་མཆོག་གི། །ཚོགས་རྣམས་གཞན་ལྟ་སྨོས་ཅི་དགོས། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །ཕྱག་རྒྱ་ཐམས་ཅད་རྗེས་གྲུབ་ བྱེད། །དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་པའི། །རྣལ་འབྱོར་འདི་ནི་མི་འགྱུར་མཆོག །ཅེས་བྱ་བ་མཆོག་ཏུ་ཡིད་བདེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་རྣལ་འབྱོར་ཐམས་ཅད་བཅིང་བ་ཅི་ལྟར་ཡིན་ཞེ་ན། བསམ་པ་མེད་ཅིང་ཐམས་ ཅད་སྨྲ། །དེ་བཞིན་ཐམས་ཅད་བསམས་ནས་ཀྱང་། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རང་བཞིན་ཉིད་དུ་སྙོམས་པར་ཞུགས། །དེ་ལ་ཅི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཡིན་ཞེ་ན། རང་གི་ལྷ་ཡི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ ཅད་རབ་སྦྱོར་བས། །ཡེ་ཤེས་ཙམ་ལ་སྦྱོར་བ་འདིར། །རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཆོ་ག་མཆོག་ཏུ་ཤིན་ཏུ་གསང་བ་ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྣལ་འབྱོར་དང་རྣལ་འབྱོར་ ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་བཅིང་བ་དང་ལུང་བསྟན་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །མཆོད་པ་ཀུན་གྱི་རྗེས་སྦྱོར་བ། །རྣལ་འབྱོར་ཐམས་ཅད་རབ་སྦྱོར་འདི། །རྣལ་འབྱོར་ཞེས་ནི་བརྗོད་པར་བྱ། །དེ་ལ་འདི་ལྟར་བརྗོད་བྱ་སྟེ། །དེ་ཉིད་ ཆེན་པོ་འདི་གྲུབ་སྟེ། །མཆོག་ཏུ་མཆོག་གི་བདག་ཉིད་ནི། །ཤིན་ཏུ་མཆོག་ཏུ་གསང་བ་སྟེ། །སོ་སོའི་སྐྱེ་བོ་ལ་བརྗོད་མིན། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲང་ལ། །ཐམས་ཅད་རྣལ་འབྱོར་ཆོ་ག་སྦྱོར། །གཞན་རྣམས་ལ་ནི་ རིམས་ཀྱིས་སོ། །འདི་ལ་སྒྲུབ་མེད་ཅུང་ཟད་མེད། །དངོས་གྲུབ་ལས་དང་བདེ་བ་དང་། །ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབས་པས། །མི་འགྱུར་ཐམས་ཅད་སྒྲུབ་པར་བྱེད། །རྣལ་འབྱོར་ཆོ་ག་གསལ་བ་འདི། །གཅིག་པུའང་གང་ལ་ཡོད་གྱུར་ན། །གཞན་གྱིས་ མི་ཐུབ་མི་སོད་ཅིང་། །བདུད་ལ་སོགས་པས་ནོན་མི་འགྱུར། །དེ་ལ་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །རྣལ་འབྱོར་དབང་ཕྱུག་རབ་གྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ སོ། །དཔལ་མཆོག་དང་པོ་ལས་ཤིན་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་མཆོག་ཏུ་གསང་བའོ།། །།དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་ཅིང་ཐོགས་པ་མེད་པ་མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་ཞིང་ཟབ་པ་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་ཚད་མེད་པ་མ་ལུས་ ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་མཆོག་ཏུ་གྲུབ་པའི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ། །ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །གཡོན་ པའི་པང་པར་བཀོད་པ་ཡི། །ཞབས་ཀྱི་པདྨ་ཅི་བདེ་བར། །སེམས་དཔའི་སྐྱིལ་མོ་ཀྲུང་བཅིངས་ཏེ། །རང་ཉིད་ལུས་ནི་དྲང་པོར་འཛིན། །རྡོ་རྗེ་གསོར་བས་ཀུན་ལས་རྒྱལ། །མཆོག་གི་དངོས་གྲུབ་ཀུན་གྱི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་སེམས་ དཔའ་ཉིད་དུ་འགྱུར། །འདིས་ནི་རྡོ་རྗེ་སེམས་དཔའ་འམ། །སངས་རྒྱས་ཉིད་ནི་གཟི་ཅན་ཉིད། །དངོས་གྲུབ་ཀུན་གྱི་དབང་ཕྱུག་ཡིན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ཐམས་ཅད་ཀྱི་བདག་ཉིད་བརྟན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ སོ། །དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། །ཕྱག་རྒྱ་ཆེན་པོ་ཡོངས་བཟུང་བར། །བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་། །ཕྱག་རྒྱས་མཆོད་ཅིང་བཀུར་བར་འགྱུར། །གང་གིས་འདི་མཐོང་ཕྱག་བྱེད་དང་། །བསྟོད་པ་དང་ནི་མཆོད་པར་བྱེད། །སྟོན་པ་མཐོང་ དང་ཕྱག་བྱེད་དང་། །དེ་ཡིས་བདག་པོ་མཆོད་པར་འགྱུར། །དངོས་གྲུབ་ཀུན་གྱི་ཆགས་ཆེན་པོའི། །བདེ་བ་ཕུན་ཚོགས་དབང་ཕྱུག་ཆེ། །ཕྱག་རྒྱ་ཆེན་པོས་གྲུབ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་གཉིས་པ་འདྲ། །ལྷ་ལ་སོགས་པའི་དངོས་གྲུབ་ཀུན། །ལས་ཀུན་ གྱིས་ནི་བདེ་བ་ཡང་། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཁྱད་པར་དུ་ནི་རབ་ཏུ་འཇུག །དེ་ཡིས་མི་འགྲུབ་གང་ཡང་མེད། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་པས། །བསྒྲུབས་པའི་སྟོབས་ཀྱིས་མཆོག་ཀུན་ འབྱུང་། །དེ་ནས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་དམ་ཚིག་དང་ཆོས་དང་ལས་དང་། གདོན་མི་ཟ་བར་དགུག་པ་དང་གཟུག་པ་དང་འབེབས་པ་དང་རྗེས་སུ་ཆགས་པ་དང་དབང་དུ་བྱེད་ པ་དང་བསྒྲུབ་པ་ཐམས་ཅད་མཆོག་གི་སྒྲུབ་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བའོ། །དེ་བཅིང་བ་ནི་འདི་ཡིན་ཏེ། །སོར་མོ་ཐམས་ཅད་མཉམ་སྦྱར་བས། །རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ། །ཀུན་མཆོག་ནང་དུ་བསྡམས་ པ་ཡིས། །རྡོ་རྗེ་བསྡམས་པ་བཤད་པ་ཡིན། །རྡོ་རྗེ་བསྡམས་པའི་ནང་དུ་ནི། །མཛུབ་མོ་མཐེ་བོ་ཡང་དག་སྦྱར། །གཡས་པའི་མཐེ་བོང་རྟགས་ཀྱིས་ནི། །རྩེ་མོ་བཀུག་ནས་བཙིར་བར་བྱ། །མདའ་ལྔ་བསྡུས་པ་བཅིངས་ནས་ནི། །དབུས་མ་བཅིངས་པའི་ནང་དུ་ གནས། །མཐེ་བོང་མཐེའུ་ཆུང་རྡོ་རྗེར་བསྡམས། །དེ་ཡི་དང་པོའི་རྡོ་རྗེ་མཆོག །རྡོ་རྗེ་བསྡམས་པ་དེ་བཅིངས་ནས། །དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས། །དགུག་པའི་ཚུལ་ནི་དེ་ཉིད་ཀྱིས། །རང་གི་སྙིང་ཀར་ལྕགས་ཀྱུས་བརྡེག །ལྕགས་ཀྱུའི་རྒྱལ་པོ་འདི་ཡིས་ ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དགའ་བའི་རྡོ་རྗེ་ལྕགས་ཀྱུས་དགུག །སླར་ཡང་ཉེ་བའི་སྙིང་པོ་སྒྲུབ། །སྙིང་ཀར་བརྡེག་པ་དྲག་པོ་ནི། །རྗེས་སུ་ཆགས་པའི་མེ་ཡིས་གདུངས། །སྙིང་པོ་འཕྲོག་པས་དབང་གྱུར་དགྱེས། །མྱུར་དུ་བྱོན་ནས་གྲུབ་པར་འགྱུར། ། ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལ་སོགས་པ་དང་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ རྒྱས་བཏབ་པས་འོངས་ཏེ་མྱུར་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་མ་འོངས་ན་འཇིག་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཐལ་མོ་ཤིན་ཏུ་རབ་ཏུ་བརྐྱང་བའི་ཐལ་མོའོ། །དེ་ནས་དང་པོའི་ རྡོ་རྗེའི་ཕྱག་རྒྱ་དབུས་མའི་རྡོ་རྗེ་བཟུང་བའི་མེ་ཏོག་གི་ལྕུག་མས་བཟླ་བར་བྱའོ། །རྡོ་རྗེའི་ཆུ་དང་རྡོ་རྗེ་ཁུ་ཚུར་གྱིས་དབང་བསྐུར་ན། ཐམས་ཅད་ཀྱི་བདག་པོ་ཉིད་དང་ཚེ་འཕེལ་བ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་དགོས་པ་ཡིན་པས་བཏུང་བ་བྱས་ན་སྡུག་བསྔལ་ཐམས་ཅད་ འཇོམས་པ་ཡིན་ནོ། །དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ནི། བ་དན་གསུམ་དང་ཁ་ཊྭཱྃ་ག། །བཅིངས་ན་ཅི་ནུས་པར་ནི་དགའ། །རྡོ་རྗེ་གར་བསྐོར་དགྲོལ་བ་ཡི། །ཡོངས་སུ་བསྐོར་བར་འཛིན་པ་ཆེ། །ཀ་པུ་ཏ་ཁའི་སྦྱོར་བ་ནི། །སྤྱི་བོར་བཞག་སྟེ་ ཕབ་ནས་ཀྱང་། །སྒེག་བཅས་མཛུབ་མོ་མཐེའུ་ཆུང་སོགས། །བཀྲོལ་ནས་རྡོ་རྗེ་ཅན་ལ་དབུལ། །འདི་ཡིས་དཀྱིལ་འཁོར་མ་ཞུགས་ཀྱང་། །རྡོ་རྗེ་སློབ་དཔོན་ཉིད་ཐོབ་འགྱུར། །རང་ཉིད་ཞུགས་པ་ཙམ་གྱིས་ནི། །མཆོད་པས་དོན་ཡོད་གྲུབ་ཕྱིར་རོ། །ཡོངས་ སུ་རྫོགས་པའམ་མ་ཚང་བ། །ཡང་ན་སླར་ཡང་ཅི་སྙེད་པའི། །མེ་ཏོག་ལ་སོགས་མཆོད་མཚན་ནས། །ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །བ་དན་གསུམ་མཆོག་ཁ་ཊྭཱྃ་ག །སྒེག་བཅས་མཐའ་མ་ལ་སོགས་བཀྲོལ། །གློག་འགྱུ་མཆོག་ཏུ་བསྐོར་བ་ ཡིས། །རྡོ་རྗེ་གར་ཞེས་དེ་བཤད་དོ། །སྒེག་མོ་དགའ་བའི་རྡོ་རྗེ་ནི། །རྡོ་རྗེ་གར་གྱི་མཆོད་པས་མཆོད། །སྒེག་པ་དང་བཅས་པའི་འཛུམ་པའི་མིག་གིས་ཕྱག་འཚལ་བས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱས་ ནས་ཕྱག་བྱེད་དུ་གཞུག་པའོ། །རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པར་བྱས་ནས་ཐམས་ཅད་ལ་བསྟོད་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལྕགས་ཀྱུ་མཆོག་ནི་རྡོ་རྗེ་བསྡམས་པའི་མཐེ་བོ་བསྟན་པའི་སྐྱིལ་མོ་ཀྲུང་མཛུབ་མོ་གཉིས་བཀུག་པའི་ལུས་ཅན་ དབུས་མ་མཉམ་པའི་ཁ་འབུས་པའི་མཆོག་གི་ཡན་ལག་སྤྱི་བོར་བཞག་ལ་གཡས་ལོགས་སུ་ཐམས་ཅད་ལ་ཅོད་པན་བཅིངས་ལ་མདུན་ལོགས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་བྱ་སྟེ། །ཕྲེང་བ་བཅིངས་པ་བྱས་ལ་སྒེག་པ་དང་བཅས་པས་མཐེའུ་ ཆུང་ལ་སོགས་པ་བཀྲོལ་ཏེ་ལོགས་གཉིས་ལ་དར་དཔྱངས་འཆིང་བའི་ཚུལ་དུ་བྱས་ལ་མཉམ་པའི་ཐལ་མོས་རྒྱས་བཏབ་པས། རྡོ་རྗེ་སེམས་དཔའི་དབང་བསྐུར་བར་འགྱུར་བ་ཡིན་ནོ། །དེ་ནས་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་ཆུས་དབང་བསྐུར་བར་བྱས་ཏེ། ཐམས་ཅད་ ཀྱི་རྡོ་རྗེ་སློབ་དཔོན་ཉིད་དང་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ། །རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེའི་འོད་ཟེར་འབར་བའི་རྩེ་མོ་ཅན་ཁ་དོག་དམར་པོ་སྦྱིན་པར་བྱའོ། །སློབ་མས་ཀྱང་སློབ་དཔོན་ལ་ཡོན་ཕུལ་ལ་དེ་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཐམས་ ཅད་ཐམས་ཅད་ཀྱི་སློབ་དཔོན་ལས་རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་འཚལ་བའི་ཕྱག་རྒྱས་བླང་བར་བྱ་སྟེ་དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། །།དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་རྒྱལ་པོ་སྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། བདེ་ བ་ཆེན་པོའི་གསང་བ་ཆེན་པོའི་ལྕགས་ཀྱུ་རང་གི་སྙིང་པོའི་སྔགས་ལན་ཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་སྤྱན་དྲང་བའོ། །སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པས། རྡོ་རྗེ་གར་གྱི་མཆོད་པ་དབུལ་བས་གློག་འགྱུ་བའི་གར་དང་རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བས་བསྙེམས་པ་ དང་བཅས་པའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱས་ལ་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱའོ། །རྡོ་རྗེ་གླུས་ནི་གླུ་ལེན་ཅིང་། །བཟླས་པའི་དོན་ནི་ཅི་བདེ་བར། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡང་དག་མཆོད་ནས་མྱུར་དུ་གྲུབ། །དེ་ལས་དང་པོའི་རྡོ་རྗེའི་ གསང་བའི་གླུ་འདི་དང་པོ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱ་སྟེ། ཐམས་ཅད་བདེ་བ་དམ་པ་རྗེས་སུ་ཆགས་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱེད་ནི་རབ་ཏུ་དགའ་བ་ཡིན། །བདེ་བ་ཆེན་པོ་བརྟན་ཞིང་འཐོར་བར་བདག་གྱུར་ཅིག །སོ་སོར་རྟོགས་ཤིང་མྱུར་དུ་བསྒྲུབས་ ཤིང་ཕྱག་འཚལ་ལོ། །རྡོ་རྗེའི་གླུ་ནི་འདི་ཉིད་ཀྱིས། །བདེ་ཆེན་ལ་ནི་ལན་ཅིག་བསྟོད། །རྗེས་སུ་ཆགས་ནས་ཤིན་ཏུ་དགྱེས། །བརྟན་པར་གྱུར་ནས་སྒྲུབ་པར་འགྱུར། །ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་སྙིང་པོས་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །ཤིན་ཏུ་གཡོ་ མེད་ལྕེ་རྩེ་དང་། །སོ་དང་མཆུ་གཉིས་ཡང་དག་ལྡན། །རྡོ་རྗེ་ངག་ནི་དབྱངས་དང་བྲལ། །རིགས་ཀུན་རབ་ཏུ་གྲུབ་པར་བྱེད། །རི་བི་ཏ་སོགས་ཧཱུྃ་གི་གླུ། །རྒྱན་ལྡན་ཅི་འདོད་ཅི་ནུས་པར། །དྲུག་ལྡན་ལ་སོགས་སྙན་པའི་གླུ། །ཅི་འདོད་གྲ་མ་རཱ་གའི་གླུ། །རབ་ དགའ་རྡོ་རྗེ་གར་གྱིས་ནི། །གན་དར་བ་ཡི་གླུ་མཆོག་བླང་། །ངག་འདི་ནི་མཆོག་ཏུ་གྲུབ་པ་ཡིན་ཏེ། བཟླས་པ་ཐམས་ཅད་ལ་དགོས་པ་ཅི་སྲིད་མངོན་པར་འདོད་པའི་བཟླས་པའོ། །བཟླས་པའི་དོན་ནི་ཉེ་བའི་སྙིང་པོ་ཤེས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྲུབ་པའོ། ། ཕྱག་རྒྱ་ཆེན་པོས་རང་ལ་བྱིན་གྱིས་བརླབས་ནས། རྡོ་རྗེའི་ལྟ་བས་དེ་བཞིན་དུ་བལྟ་ཞིང་། རྡོ་རྗེ་བསྙེམས་པས་འཛིན་ཅིང་ཡི་གེ་ཧཱུྃ་དང་གླུའི་བཟླས་པས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །ལན་ཅིག་བསྒྲུབ་པ་ནི་ཇི་ལྟ་བ་བཞིན་མངོན་པར་འདོད་པའི་བཟླས་པས་སོ། །དེ་ ནས་དེའི་འོག་ཏུ་ཇི་ལྟར་མངོན་པར་བརྩོན་པ་དང་ཇི་ལྟར་འདོད་པ་དང་ཇི་ལྟར་མངོན་པར་འདོད་པ་དང་ཇི་ལྟར་བྱིན་གྱིས་བརླབས་ནས་ཡི་གེ་ཧཱུྃ་གི་གླུའི་བཟླས་པ་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་ཤུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཅི་ ལྟ་བ་བཞིན་དུ་འདོད་པ་དང་ཇི་ལྟར་དགའ་བ་བསྒྲུབ་པའོ། །དེ་ནས་ཕྱག་རྒྱ་ཆེན་པོ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཇི་བཞིན་གཟུགས་ཀྱི་རྗེས་འབྲང་བས། །མཚན་མའི་ཕྱག་རྒྱ་ཡང་དག་ལྡན། །སེམས་དཔའ་ཆེན་པོ་རང་ཉིད་འགྱུར། །དེ་ནས་དམ་ ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་པའོ། །འདི་ལས་རྡོ་རྗེ་མདའ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདི་ལྟ་སྟེ་ཕྱི་རོལ་དུ་ཁ་བལྟས་པའི་མཛུབ་མོ་གཉིས་བཀུག་པ་ཙམ་ནི་རྡོ་རྗེའི་མདའོ། །མཐེ་བོ་ཡོངས་སུ་བཅིང་བ་ནི་རྡོ་རྗེ་ཀི་ལི་ཀི་ལའོ། །མཐེ་བོ་གཉིས་ཁ་ ཕྱེ་ནས་མཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་འདྲེས་པའི་སྲིན་ལག་དང་མཐེའུ་ཆུང་མཉམ་པའི་ཁ་ཕྱེ་བ་ནི་རྡོ་རྗེ་ཆུ་སྲིན་ནོ། །བརླ་གཉིས་ལ་བསྐོར་ཞིང་གནས་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །རྡོ་རྗེ་ཐལ་མོ་རང་གི་སྙིང་གར་བསྐོར་བས་སྒེག་པ་དང་བཅས་པའི་མིག་ གིས་བལྟ་ཞིང་མགོ་བོས་ཕྱག་བྱས་ལ་སྤྱི་བོར་བཞག་ལ་ཕབ་སྟེ་གྱེན་དུ་གཏོར་བ་དང་འོག་ཏུ་བླུགས་པ་དང་མཐེ་བོང་སྦྱར་ནས་བསྐོར་བ་དང་རབ་ཏུ་བརྐྱང་ཞིང་བྱུག་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དབུལ་བའི་རྡོ་རྗེ་མཆོད་པ་རྣམས་སུ་བརྗོད་པ་ཡིན་ནོ། །ཕྱིའི་མཚམས་རྣམས་སུ་ རྡོ་རྗེ་ཐལ་མོ་སྙིང་གར་བསྐོར་བས་སྒེག་པའོ། །ཁ་ལ་ཡོངས་སུ་བསྐོར་ནས་སྤྱི་བོར་འཇོག་པའོ། །གཡོན་པའི་མཛུབ་མོ་བཀུག་པའི་གཡོན་པ་གཡས་པས་བཀུག་པས། རྡོ་རྗེ་པི་བང་བརྡུང་ཞིང་རྡོ་རྗེ་གླུའི་མངོན་པར་བསྟོད་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ ལ་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་གཡས་པའི་མཛུབ་མོ་ལྕགས་ཀྱུའོ། །མཐེ་བོང་གཉིས་ཀྱིས་མདུད་པའོ། །མཛུབ་མོ་དང་མཐེ་བོང་རྣམས་ཀྱི་མདུད་པའོ། །གཉིས་ཀྱི་ནང་དུ་མཐེ་བོང་བཅིངས་པའོ། །དེ་ནས་གསང་ བའི་དམ་ཚིག་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གསང་བའི་ལྕགས་ཀྱུ་སྟེ་དེ་ལས་བྱུང་བ་ནི། མཐེ་བ་མཛུབ་རྩེ་སྦྱར་དབུས་མའི་རྩེ། །མིག་འབྲས་ལྟར་བྱས་འཛིན་པའོ། །དབུས་མའི་རྡོ་རྗེའི་འོག་ཏུ་ནི། །མཐེ་བོང་གིས་མནན་བཙིར་བར་བྱ། །རྡོ་རྗེ་འདྲེན་པ་དང་ འདྲ་བ། །སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ། །བསྐོར་ནས་པུས་མོར་བཞག་པ་སྟེ། །གཞན་རྣམས་ཐམས་ཅད་ཇི་བཞིན་བཤད། །དམ་ཚིག་གི་རྡོ་རྗེ་འབེབས་པ་མཛུབ་མོ་གཉིས་བཀུག་པ་གཉིས་སུ་བྱས་ན་རྡོ་རྗེ་ཁུ་ཚུར་རོ། །དེ་ནས་ལས་དང་དམ་ཚིག་གི་ཕྱག་རྒྱ་ ནི། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཉིས་ཀྱིས་སོ། །འདི་ལྟ་སྟེ་གཡོན་པ་བསྙེམས་པས་གཡས་པ་སྟོད་པའི་ཚུལ་གྱིས་སྙིང་གར་གཟུང་བ་སྟེ། རྡོ་རྗེ་བསྙེམས་པའོ། །སྟོད་པ་དང་བཅས་པའི་སྙིང་གར་འཛིན་པའོ། །རྡོ་རྗེ་སྟོད་པའི་ཚུལ་ནི་ཀི་ལི་ཀི་ལའོ། ། རྒྱལ་མཚན་སྒྲེང་བའོ། །བསྙེམས་པ་གཉིས་སྟོད་པ་ནི་འདོད་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་མའོ། །མཚམས་རྣམས་སུ་ནི་རྡོ་རྗེ་གར་མ་བཤད་པའོ། །སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་སྒོ་བ་རྣམས་ཀྱི་ནི་གཡོན་པའི་མདུད་པ་ལག་པ་གཡས་པ་ སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་པའོ། །དེས་གཡས་པ་བསྟོད་པའོ། །མཛུབ་མོ་དང་མཐེ་བོང་མཁྲིག་མར་བཟུང་སྟེ་མདུད་དེ་བཙིར་རོ། །རང་གི་སྙིང་གར་དྲིལ་བུ་དཀྲོལ་བའི་ཚུལ་ལོ། །འདི་རྣམས་ཀྱིས་ཐམས་ཅད་དགུག་པ་དང་བཅིང་བ་དང་གཞུག་པ་ དང་། དོན་ཡོད་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡང་གསུངས་སོ། །ཇི་བཞིན་གྲུབ་མཆོག་མཚན་མ་རྣམས། །དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ། །དང་པོའི་ཕྱག་རྒྱ་དགེ་འདི་དག །དཀྱིལ་འཁོར་མེད་པ་རྣམས་ཀྱང་འགྲུབ། །དེ་ནས་དངོས་གྲུབ་མེད་པ་སྒྲུབ་པའི་ ཕྱག་རྒྱ་ཆེན་པོ་བཅིང་བ་ནི། །དང་པོའི་རྡོ་རྗེ་ཕྱག་རྒྱ་བཞིའི་ཕྲེང་བའི་ཚུལ་དུ་བསྒྲུབ་པར་བྱའོ། །གཞུག་པ་དང་དགུག་པ་དང་བརྟན་པ་དང་ལས་རྣམས་ལྟ་བས་སོ། །རྟགས་དང་ལྟེ་བ་དང་སྙིང་ག་དང་དབང་བསྐུར་བ་དང་སྤྱི་བོར་གཞག་པར་བྱའོ། །དབུས་མའི་རྡོ་རྗེ་སྙིང་ག་ དང་རྟགས་དང་ཁ་དང་དབང་བསྐུར་བའི་གནས་སུ་བཞག་ནས་བཏུང་བར་བྱའོ། །མཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེའུ་ཆུང་གི་རྡོ་རྗེའོ། །དཔུང་པ་དང་སྙིང་ག་དང་ལྕེ་དང་སྤྱི་བོར་བསྟོད་པའོ། །ནམ་མཁར་བསྐྱེད་པ་དང་མཛུབ་མོ་དང་སྲིན་ལག་འབར་བ་དང་སྙིང་གར་ དགའ་བ་དང་རང་གི་ལུས་ལ་བསྐོར་བའོ། །ཐམས་ཅད་བསྐོར་ནས་དབང་པོ་ཀུན་ལ་གཞག་པར་བྱའོ། །དབུས་མའི་རྡོ་རྗེ་དབང་པོ་ཐམས་ཅད་ལ་རེག་པའོ། །རང་གི་ལས་བྱེད་པས་སོ། །དབང་བསྐུར་བར་བཞག་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའོ། །ས་ལ་བཞག་ ནས་བྱའོ། །ཐམས་ཅད་དུ་བསྐོར་ནས་ཡིད་ཀྱིས་སྤྲུལ་པར་བྱའོ། །འཛུམས་པ་མེད་པའི་ཁྲོ་ཞིང་འབར་ལ་གཡོ་བ་ནི་ལྟ་བས་བལྟ་བའོ། །བཟའ་བ་དང་བཏུང་བ་དང་རྐེད་པ་བསྐྱོད་པ་དང་སྤྱི་བོས་བཀའ་བསྒོ་བའོ། །ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་པས་སོ། །མཐེའུ་ ཆུང་དང་མཐེ་བོང་དང་དབུས་མའི་རྡོ་རྗེ་བཞི་སྙིང་གར་བྱའོ། །མཛུབ་མོ་གཉིས་ཀྱིས་ཡི་གེ་ཧཱུྃ་དང་བཅས་པས་དགུག་པར་བྱའོ། །དབུས་མའི་རྡོ་རྗེས་དཔྲལ་བར་འཕྲེད་ལ་མིག་བྱེད་པས་སོ། །རང་གི་སྙིང་གར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་ པའི་ལྟ་བས་ས་འོག་ཏུ་བལྟ་ཞིང་ཧ་ཧཱུྃ་དྷྃ་ཞེས་བརྗོད་པར་བྱའོ། །གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ནས་རྡོ་རྗེས་དགུག་པའོ། །འོག་གི་ཕྱོགས་སུ་བཞག་ན་རྟག་པར་འགྱུར་རོ། །ཁའི་དབུས་སུ་བཞག་ན་རབ་ཏུ་ཞུགས་པར་འགྱུར་རོ། །ཕྱག་བྱས་ན་མཆོད་ པར་འགྱུར་རོ། །སྙིང་གས་གྲུབ་པར་འགྱུར་རོ། །ཅིག་ཆར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱི་ལས་སོ། །བཅིངས་ནས་ཛཿཧཱུྃ་བྃ་ཧོཿ། དབུས་མའི་ཕྱི་རོལ་དུ་བཅིངས་པས་སྤྱི་བོ་དང་སྙིང་ག་དང་ཁ་དང་ཕྱོགས་རྣམས་བསྐོར་བའོ། །སྙིང་གར་བཞག་ནས་རང་གི་ རྡོ་རྗེར་བསྒོམ་པའོ། །རང་ཉིད་བྱང་ཆུབ་སེམས་དཔའ་བསྒོམ་པའོ། །རང་ཉིད་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ། །རང་ཉིད་རྡོ་རྗེ་འཆང་ཆེན་པོར་རྗེས་སུ་དྲན་པའོ། །དེ་ནས་ལས་ཀྱི་ཚོགས་རྣམས་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། །རྡོ་རྗེ་གར་ལས་བྱུང་བའི་ ཕྱག་རྒྱ་རྡོ་རྗེ་འཆང་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པའོ། །རྡོ་རྗེ་སྐུ་མཆོག་གི་གཙུག་ཏོར་གྱི་ལས་ནི། རྡོ་རྗེ་བསྡམས་པ་བཙིར་བ་དང་དབུས་མའི་ནོར་བུ་དང་བསྐོར་བ་དང་སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་སོར་མོ་ལྷག་མའི་འོད་ ཟེར་གྱི་འཁོར་ལོའོ། །ཁྲོ་བོ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བའོ། །ཁར་བསྐོར་བའོ། །སྙིང་གར་ཕབ་ཅིང་འབར་བར་བྱེད་པས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་འབར་བའི་ར་བ་སྟེ་ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བདག་གིས་ཀྱང་འཇུག་པར་ནུས་སོ། ། དམ་ཚིག་བརྗོད་པར་བྱའོ། །བསྒྲུབ་པ་ལ་བརྩམ་མོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ལྟ་བའི་འཕྲོག་པ་རྣམས་ཀྱིས་གསུམ་དང་བཞི་དང་ཕྱིར་ལྡོག་པ་དང་རྟག་ཏུ་འབྱུང་བ་དང་དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག་གིས་རབ་ཏུ་ཞི་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ མཐེའུ་ཆུང་གི་ལྕགས་ཀྱུའི་མདུད་པ་དང་མཛུབ་མོ་གཉིས་མཉམ་པའི་ལས་ནི་སྙིང་གར་རབ་ཏུ་བཞག་པའོ། །བྱ་བ་པའོ། །མཛུབ་མོའི་རྩེ་མོས་གནན་པར་བྱའོ། །དགོད་པས་རབ་ཏུ་བཞིན་པའོ། །ཡོངས་སུ་བསྐོར་ནས་དེ་བཞིན་དུ་མཛོད་སྤུར་གཞག་པར་བྱའོ། །ཁ་ ཊྭཱྃ་ག་གཉིས་ཀྱིས་རྡོ་རྗེ་བཅིངས་པས་མཐེའུ་ཆུང་རྡོ་རྗེའི་ལེགས་པར་བྱེད་པའི་ཚུལ་གྱིས་ཉེ་བར་འཕེལ་བའོ། །བསྡུས་པའི་དོན་གྱི་ཚུལ་ལོ། །རྡོ་རྗེས་བཏེག་པའོ། །ཐལ་མོས་འཕྲོག་པའོ། །རྡོ་རྗེས་བརྡུང་བའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ཅིང་ བསྙམས་ལ་ནང་དུ་བཞག་སྟེ་མཐེ་བོང་གཉིས་ཁ་ཕྱེ་བའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེས་མཐིལ་དཔྲལ་བར་བརྡབ་པའོ། །མཛུབ་མོའི་སེན་མོ་བྲུད་པའོ། །དབུས་མའི་རྡོ་རྗེ་བསྟན་པའོ། །བྱ་བས་ནས་མྱུར་དུ་ཕྱག་རྒྱ་བཀྲོལ་བའོ། །སོར་མོ་སྦྱར་ནས་རྡོ་རྗེ་ གཙུག་ཏོར་རོ། །བ་དན་གསུམ་པ་གཉིས་ཁ་གྱེན་དུ་ཁ་བལྟས་པ་དང་འོག་ཏུ་ཁ་ལྟ་བའི་མཛུབ་མོ་དང་དབུས་མའི་མདུད་པ་བྱས་ལ་མཛུབ་མོ་དང་དབུས་མ་དེ་དག་འདུས་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ལས་སོ། །མདུད་པ་བཙིར་བའོ། །ཅིག་ཆར་དུ་ཕྱག་རྒྱ་བཀྲོལ་བའོ། །བཙིར་ ནས་དྲལ་བའོ། །དབུས་མས་བསྣུན་ཏེ་ནམ་མཁའ་ལས་ལྟུང་བའི་ཚུལ་ལོ། །སློང་བའི་ཚུལ་ཡང་ངོ་། །བ་དན་གསུམ་པ་གཉིས་མཉམ་པའི་མཐེའུ་ཆུང་རྩེ་མོའི་རྡོ་རྗེ་དབུས་མ་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་བཞག་པའོ། །དབྱེ་ བ་ནི་ཡི་གེ་ཧཱུྃ་གིས་སོ། །གདོན་ལས་དགྲོལ་བ་ནི་ཡི་གེ་ཧཱུྃ་མུ་ཡིས་སོ། །འཆི་བ་སློང་བ་ནི་ཡི་གེ་ཨ་ཡིས་སོ། །ཚེ་འཕེལ་བ་ནི་ཡི་གེ་ཧཱུྃ་གི་གླུས་སོ། །ཤིན་ཏུ་བསྲུང་བ་ནི་ཡི་གེ་ཧྃ་གི་ཆོས་ཀྱི་ངག་གིས་སོ། །པདྨ་ཆེན་པོ་བཅིངས་ནས་ཅི་སྲིད་འདོད་པའི་བཟླས་པའམ། ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྙེམས་པར་མར་དང་ཏིལ་མར་དང་ཏིལ་དང་འབྲས་དང་ཁམས་ཀྱི་ཕྱེ་མ་སྦྱིན་སྲེག་མཆོག་ཏུ་གྲུབ་པ་སྟེ། ཨོྃ་ནི་བར་ཎ་སརྦ་དྷརྨ་ཏཱ་བཛྲ་ཧ་ནི་ཧྃ། ཨོྃ་བི་ར་ཛོ་བི་ག་ཏ། སརྦ་དྷ་རྨ་བཛྲ་ཧ་རི་ཎི་ཧྃ། ཨོྃ་སྃ་ནོ་པས་རྦ་དྷརྨ་པྲ་ཏི་བི་དྷ་བཛྲ་ཧ་རི་ཎི་ཧྃ། ཨོྃ་ནི་རི་ཏི་མི་ཏ་སརྦ་དྷ་རྨ་ཏཱ་བཛྲ་ཧ་ར་ཎི་ཧྃ། ཨོྃ་སྭ་བྷཱ་བ་བྷ་ས་ར་སརྦ་དྷ་རྨ་ཧ་རི་ཎི་ཧྃ། ཀ་ཏ་ཀ་གཉིས་ཀྱི་རྡོ་རྗེ་བསྡམས་པ་ལེགས་པར་བྱེད་པའི་ཚུལ་གྱིས་སེན་མོ་བྲུད་པའོ། །འོག་དང་སྟེང་དུ་རྡོ་རྗེ་བསྡམས་པས་བསྐྱོད་པའོ། །རྡོ་རྗེ་བསྡམས་པའི་མཐེའུ་ ཆུང་ལ་སོགས་པ་བཀྲོལ་བས་གར་རོ། །རྡོ་རྗེ་བསྡམས་པའི་མཛུབ་མོའི་རྡོ་རྗེ་ངག་འབྱིན་པའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གཟུགས་བརྙན་གྱི། ཚུལ་ གྱིས་གསལ་བར་སྟོན་པ་དང་། སྒྲ་བརྙན་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བདེན་པ་ཐོས་སུ་གཞུག་པའོ། །རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་ལྟ་བའི་ལས་སོ། །འདི་ལྟ་སྟེ་འཛུམས་པ་མེད་པའི་ལྟ་བ་སྦྱིན་པའོ། །མིག་འབྲས་སྟེང་དུ་ ཡོངས་སུ་བསྐོར་བའོ། །བཙུམས་པས་མྱུར་དུ་ལྟུང་བའོ། །འོག་ནས་བསླང་བའོ། །བྱབ་པ་ཡང་ངོ་། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ་མཆེ་བ་རྣམ་པར་གཙིགས་པའི་འཇིགས་པའི་གདོང་གིས་གཡོ་བ་མེད་པ་ཉིད་དོ། །ཡན་ལག་ ཐམས་ཅད་གློད་པར་འགྱུར་བའོ། །རབ་ཏུ་གཉིད་ལོག་ཅིང་ཁ་གདངས་པའོ། །རང་གི་སྙིང་གར་བརྡེག་པའོ། །མྱུར་དུ་མྱང་བའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་གདངས་ཏེ་འཇིགས་པར་བྱེད་པའི་ཁ་དང་ལྡན་པས་སྐྲ་གྱེན་དུ་བརྗེས་པའི་སྤྱི་བོས་འོག་ནས་གྱེན་དུ་བསླང་ བར་བྱ་བའི་ལས་ནི་ཡི་གེ་བྷོ་དང་། །རྡོ་རྗེ་ཁུ་ཚུར་མནན་པ་དང་ཡི་གེ་ཧཱུྃ་དང་བཅས་པའི་ཡན་ལག་གི་མཆོག་གི་སྡིགས་མཛུབ་དང་། རང་ཉིད་མྱུར་དུ་ཁྲོས་པས་ལྟུང་བའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག་དང་མཐེའུ་ཆུང་མཉམ་པ་ཁ་ཕྱེ་བའི་བ་དན་རྒྱལ་མཚན་མཆོག་གི་དཔུང་ རྒྱན་གྱི་ལས་ནི་ཕྱག་འཚལ་བ་དང་དགོད་པ་དང་ལྕེ་སྐྱོང་བ་དང་དཔུང་པ་གཉིས་བསྙེམས་པས་སྟོད་པ་དང་རྒྱལ་མཚན་བསྒྲེང་བའོ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི་ནམ་མཁའ་དབུགས་གཏོར་བ་དང་ཀུན་ཏུ་གཡོ་ཞིང་བཙུམས་པའི་ལྟ་བས་ ཆར་འབེབས་པའི་ཚུལ་དང་ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་ལྟ་བ་དབྲོག་པ་དང་གྲང་བས་ཡན་ལག་བསྐོར་ཞིང་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་འབེབས་པའོ། །རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ། །རྡོ་རྗེ་བསྡམས་པའི་གཡོན་པའི་མཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་ མཛུབ་མོས་བསྡུས་པ་ནི་རྡོ་རྗེ་པི་དབང་ངོ་། །རྡོ་རྗེ་བསྡམས་པའི་ལག་མཐིལ་དག་མཉེ་བའོ། །ཁ་འབུས་མཉམ་པའི་དབུས་མ་ལྕེའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ། །བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལས་ནི་དང་པོའི་གླུའི་བཟླས་པ་ཅི་སྲིད་མངོན་པར་འདོད་པའོ། །གཡོ་བ་མེད་ཅིང་དགོད་པ་དང་ དགུག་པ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ལྟ་བའི་ལྕགས་ཀྱུ་མས་སོ། །རང་གི་མ་མཆུ་སོ་དག་གིས་ནང་དུ་ཡོངས་སུ་བཟུང་བའོ། །རང་གི་དབང་པོ་བསྐྱོད་པའོ། །རབ་ཏུ་དགའ་བའི་རྡོ་རྗེའི་གར་གྱིས་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བ་ཡང་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ ལ་སྦྱོར་བ་དེས་ཀྱང་འདའ་བར་མི་ནུས་ན་བརྟན་པ་དང་གཡོ་བའི་དངོས་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། །རྡོ་རྗེ་ཐལ་མོའི་མཐེ་བོ་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གི་མཛུབ་མོ་སྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་མཆོག་སྟེ་འདི་སྐད་ཅིག་གཅིག་ཙམ་བཟུང་བས་ཤིན་ ཏུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་བཟུང་ཞིང་མཆོད་ནས་སྒྲུབ་པར་འགྱུར་བ་དང་། དངོས་གྲུབ་ཐམས་ཅད་ལ་གྲུབ་པ་དང་དགོས་པ་ཡིན་ནོ། །སྤྱི་བོར་བཞག་སྟེ་སྟེང་ནས་གཡས་སུ་བསྐོར་བར་བྱའོ། །ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང་བར་བྱའོ། །གནོད་ སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་གཞག་པར་བྱས་ན་མངག་གཞུག་ཏུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་གནས་སུ་ཁྲོ་ཞིང་བཟླས་པར་བྱའོ། །མ་མོའི་གནས་སུ་བཅིང་བ་ལ་ཡི་གེ་བྷྱོ་སྦྱར་བར་བྱ་སྟེ་མ་མོ་འཁོར་དང་བཅས་པ་ཐམས་ཅད་བསྙེན་བཀུར་བ་དང་རོལ་མོ་ལ་སོགས་ པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེ་གསོར་བའི་ཕྱག་རྒྱས་ཁྲོ་བ་དང་བཅས་པའི་བཞད་པའི་གདོང་གིས་ལས་འདི་ལྟར་བྱ་བ་ཡིན་ཏེ་འདུས་ན་རྐང་པ་གཡོན་པས་མནན་ནས་བསྒྲུབ་པར་བྱའོ། །མདུན་དུ་གཞོན་ནུ་མ་བསྒྲུབ་ཅིང་མིག་གཉིས་ཀྱིས་འཕྲོག་པར་སྦྱར་བར་ བྱའོ། །བྷ་ག་བྲིས་ནས་བལྟས་ཏེ་བསྒྲུབ་པར་བྱའོ། །དབང་ཕྱུག་ཆེན་པོ་རྐང་པ་གཡོན་པས་མནན་ལ་ཡི་གེ་ཧཱུྃ་སྦྱར་བར་བྱའོ། །འདོད་པའི་དབང་ཕྱུག་རྡོ་རྗེའི་མདས་བསྣུན་ཏེ་དེ་ནས་འོག་ཏུ་ཁ་བལྟ་བར་བཞག་སྟེ་གསོར་བར་བྱེད་པའོ། །རྡོ་རྗེ་གསང་བའི་མཆོད་ པས་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་བཤད་པའོ། །ཐམས་ཅད་རྡོ་རྗེར་བྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོ་ཆ་བཅིང་བར་བྱས་ལ་སྤྱི་བོ་དང་དབང་བསྐུར་བའི་གནས་སུ་གཉིས་གཉིས་བཞག་ལ་ལོགས་གཉིས་ལ་གཉིས་དང་ཕྲེང་བའི་ཚུལ་གྱིས་དེ་བཞིན་དུ་དར་དཔྱངས་བཅིངས་ པས་སོ། །གཡོན་དུ་རྡོ་རྗེའི་མདའ་འཕང་བའོ། །རྡོ་རྗེ་བསྙེམས་མའོ་ཕྱག་རྒྱ་ཆེན་པོ་ཡང་ངོ་། །དཔལ་མཆོག་དང་པོ་ལས་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ནི་སེམས་དཔའི་རྡོ་རྗེ་མའོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བ་བྱས་ན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སྦྱིན་པར་བྱའོ། །མཆོད་པ་ནི་མཉམ་པའི་ཐལ་མོ་ཅི་ལྟ་བ་བཞིན་དུ་གྱེན་དུ་གཏོར་བ་ལ་སོགས་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ བཅིངས་པ་ནི་གཡོན་པའི་མཛུབ་མོ་ཕྱི་རོལ་དུ་ཁ་བལྟས་པ་གཡས་པའི་ཁུ་ཚུར་ཁ་བལྟས་པས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མཆོག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བར་བརྗོད་པ་སྟེ། དོན་ཡོད་ཅིང་ ཐོགས་པ་མེད་པ་འདི་བཅིངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་འབྲས་བུ་དང་ལྡན་པ་དང་བདུད་ལ་སོགས་པ་གཞན་གྱིས་ཐུབ་པར་མི་འགྱུར་རོ། །ཕྱག་རྒྱ་འདི་གང་གིས་བཅིངས་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་ བྱེད་པའོ། །དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་པདྨ་ཆེན་པོའོ། །རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །དེ་ མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །སྐུ་མཆོག་ནི་བཤད་དོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ། །རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ལ་མཐེ་བོ་དང་མཛུབ་མོ་རྩེ་མོ་བཅིངས་པ་སྙིང་ག་ལས་བཏེག་སྟེ་དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ ནི་རིན་ཆེན་མའོ། །དེ་ཉིད་གྱེན་དུ་ཁ་ལྟ་བའི་མཛུབ་མོ་གཉིས་ཕྱིར་བཀུག་པས་རྡོ་རྗེ་པདྨའོ། །སེམས་མ་རྡོ་རྗེ་མ་ནི་ཕྱི་རོལ་དུ་དབུས་མ་བཅིངས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །གཡོན་པ་ཆོས་གོས་དང་བཅས་ པ་རང་གི་སྙིང་གར་སྟོད་པའི་ཚུལ་གྱིས་བཟུང་སྟེ། གཡས་པས་ས་གནོན་ཞིང་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བ་སྟེ་དེས་བདུད་ཀྱི་སྟོབས་རྣམས་འཇོམས་པའོ། །དེ་ཉིད་ཡོངས་སུ་བསྐོར་ཏེ་གྱེན་དུ་ཁ་ལྟོ་བར་བཟུང་ནས་གཟེངས་བསྟོད་པ་ཞེས་བྱ་བ་ལྟུང་བ་སློང་བར་བྱེད་ཅིང་ལུང་སྟོན་པར་ བྱེད་པའོ། །དེ་ཉིད་ཆོས་གོས་མཐའ་མར་པདྨའི་འདབ་མ་ཁ་འབྱེད་པར་བྱེད་པ་ཆོས་འབྱུང་སྟེ། ཆོས་ཐམས་ཅད་སྦྱོང་བར་བྱེད་པའོ། །དེ་ཉིད་བ་དན་གསུམ་གྱིས་བཟུང་བ་སློང་བར་བྱེད་པ་སྟེ་གདོན་མི་ཟ་བར་དངོས་གྲུབ་སྩོལ་བའོ། །འདི་རྣམས་གཡས་པས་ལས་བྱེད་ཅིང་ དོན་ཡོད་པ་དང་བཅིངས་པ་ཙམ་གྱིས་འགྲུབ་པའོ། །ལྷག་མ་ནི་ཅི་ལྟ་བ་བཞིན་དུ་བཟུང་བས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནད་གཟིར་བའོ། །མིག་ཡོངས་སུ་སྦྱོང་བའོ། །སྙིང་གར་གཞག་པའོ། །བྱབ་པའོ། །ཁུ་ ཚུར་གྱིས་འཕྲོག་པའོ། །བཟའ་བའོ། །ཁྲོས་ནས་གཏོར་བར་བྱའོ། །ཕུར་བུ་གདོན་པའོ། །རྟིང་པ་ལ་བརྡེག་པའོ། །ཡི་གེ་ཨོྃ་བྲིས་ནས་དབྱི་བར་བྱའོ། །སོ་རྣམས་ཀྱིས་གཟུང་བར་བྱའོ། །ཡི་གེ་ཧཱུྃ་དང་བཅས་པས་བརྡེག་པར་བྱའོ། །མཚོན་ཆ་བྲིས་ནས་དབྱི་ བར་བྱའོ། །ཀུན་ཏུ་སྦྱིན་སྲེག་བྱའོ། །དཱུར་བའི་སྦྱིན་སྲེག་བྱའོ། །སྤྱི་བོར་བཞག་ལ་ལྟ་བས་བྱ་བ་པར་བྱའོ། །སྟེང་དུ་ཁ་ཊྭཱྃ་ག་གཟུང་བའོ། །རང་གི་ཁྱིམ་དུ་བསྐོར་བར་བྱའོ། །རང་གི་ཁྱིམ་དུ་གཞག་པར་བྱའོ། །འཇུག་པར་བྱའོ། །སྙིང་ག་ལས་གདོན་པར་བྱའོ། ། ལུས་ལ་བསྐོར་བར་བྱའོ། །ངག་འབྱིན་པའོ། །སྙིང་གར་བཙིར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་མཆོག་གོ། །བརྟན་པར་བྱའོ། །དབང་པོ་ལ་གཞག་པར་བྱའོ། །ཁ་ལའོ། །དེ་ཉིད་དུ་བསྐོར་བར་བྱའོ། །དཔྲལ་བར་གཞག་ པར་བྱའོ། །སྙིང་གར་རོ། །དཔུང་པ་གཉིས་ལའོ། །བརླ་གཉིས་ལའོ། །ཕྲེང་བ་བཅིང་བའོ། །དབང་པོ་རྣམས་ལའོ། །སྤྱི་བོ་ལའོ། །གདོང་པ་ལའོ། །ཁ་ལས་བཏོན་ནས་སོ། །ཐམས་ཅད་དུ་བསྐོར་བར་བྱའོ། །ཕྱོགས་རྣམས་སུ་བསྐོར་བར་བྱའོ། །རང་དང་གཞན་ དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ། །སྙིང་ག་ལས་རྗེས་སུ་དྲན་པའོ། །སྙིང་གར་བཞག་ནས་དགའ་བ་བསྐྱེད་པར་བྱའོ། །སངས་རྒྱས་ཉིད་བསྐྱེད་པར་བྱའོ། །སངས་རྒྱས་ཐམས་ཅད་ཉིད་བསྒོམ་པའོ། །ཕུང་པོ་ལྔ་ལ་གཞག་པར་བྱའོ། །རྫ་མཁན་གྱི་འཁོར་ལོ་ལྟར་ བསྐོར་བར་བྱའོ། །ལུས་རྗེས་སུ་དྲན་པའོ། །ལྕེ་གཞག་པར་བྱའོ། །ཡིད་ཀྱིས་མངོན་པར་གདུང་བར་བྱའོ། །གཏོང་བ་རྗེས་སུ་དྲན་པའོ། །ཚུལ་ཁྲིམས་སོ། །བྱམས་པའོ། །བརྩོན་འགྲུས་སོ། །ཏིང་ངེ་འཛིན་ནོ། །ཤེས་རབ་བོ། །ཡེ་ཤེས་སོ། །སྟོབས་སོ། །ཐབས་སོ། ། ངེས་པར་བརྗོད་པའོ། །གཟུངས་སོ། །སའོ། །སྤྱོད་པའོ། །སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པའོ། །ཆོས་སོ། །ལས་སོ། །ལུས་སྣ་ཚོགས་སོ། །སེམས་ཅན་གྱི་དོན་ནོ། །སངས་རྒྱས་ཀྱང་དོན་ནོ། །ལུས་སོ། །ངག་གོ། །ཡིད་དོ། །རྡོ་རྗེ་ཆེན་པོའོ། ། ཨོྃ་བོ་དྷི་ཙིཏྟ་བཛྲེ། ཨོྃ་ས་མནྟ་བྷ་ཏྲེ་ཙཱརྱེ་བི། ཨོྃ་ཙིནྟཱ་མ་ཎི། ཨོྃ་ཨ་ནི་རོ་དྷེ། ཨོྃ་ཛི་ཏི་བི་ར་བར་ཏེ། ཨོྃ་སརྦ་ཛྙཱ་ནེ། ཨོྃ་མ་ཧཱ་རཱ་ག་དྷརྨ་ཏེ། ཨོྃ་བི་དྱཱ་ཀ་བ་ཙེ། །ཨོྃ་བཛྲ་དྲྀ་ཌྷ་ཙིཏྟེ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ། ཨོྃ་སཱ་བྷཱ་བ་བི་ཤུད་དྷཱ་དྷ་རྨ་ཏཱ་ཛྣཱ་ན་བི་ཤུད་དྷེ། ཨོྃ་ཀརྨ་བི་ཤུད་དྷེ། ཧཱུྃ་སུམ་བྷ་ བཛྲི་ཎི་ཕཊ། ཨོྃ་ཀརྨ་རཱ་གེ། ཨོྃ་བཛྲ་བཛྲི་ཎི། ཨོྃ་ཧཱུྃ་སརྦ་དྷརྨ་ནི། ཨོྃ་ཧྲཱིཿ ཨོྃ་ཨ་ཀཱ་རོ་མུ་ཁྃ། ཨོྃ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། བྃ་ཧཱུྃ། ཨོྃ་ཨྃ། ཨོྃ་སརྦ་ཏ་ཐཱ་ག་ཏེ་ཀཱ་ཡཱ་གྲེ། ཨོྃ་སརྦ་ཏ་ཐཱ་ག་ཏ་བྷ་བི་ཤུད་དྷེ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ། ཨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གི་ཕྱག་རྒྱ་ ནི་དབྱངས་ཤིན་ཏུ་ཟབ་པའི་སྒྲ་དང་ལྡན་པའི་ཕྱག་རྒྱའི་ཆོས་ཀྱི་ངག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་ཐོགས་པ་མེད་པར་འགྲུབ་པའོ། །དེ་ནས་བཟླས་པ་ནི་རྗེས་སུ་དྲན་པས་སོ། །བསྒྲུབ་པ་ལ་དེ་བཞིན་ནོ། །ལས་ལ་ཉེ་བར་སྦྱོར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་ པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའོ། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ་ནི་དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་ཀྱི་རྗེས་སོ། །དམ་ཚིག་གི་ཕྱག་རྒྱའི་རྒྱུད་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་ཀྱི་འབར་བའི་དཀྱིལ་ འཁོར་གྱི་ནང་མཐེ་བོང་གི་རྡོ་རྗེ་བཞག་ལ་ཁམས་གསུམ་པ་ཐམས་ཅད་བསྲེག་པ་དང་། འཚེད་པ་དང་། ཐལ་བར་བྱེད་པར་ནུས་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ། དེ་ཉིད་ཀྱི་གཡོན་པའི་སོར་མོ་སྡིགས་མཛུབ་བྱ་ཞིང་གཡས་པའི་ལྕགས་ཀྱུས་དགུག་པར་བྱས་ན་ ཐམས་ཅད་དགུག་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་པའི་རྡོ་རྗེས་མཐེའུ་ཆུང་གི་ལྕགས་ཀྱུ་བཅིངས་ཏེ། དེས་སྡིགས་མཛུབ་བྱ་ཞིང་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ། །རྡོ་རྗེ་ཐལ་མོས་མཛུབ་མོ་བཅིངས་ལ་ཁྲོ་ གཉེར་ཐུར་དུ་གཞག་པར་བྱ་ཞིང་མེ་སྟག་ཏུ་མྱུར་དུ་འཕྲོ་ཞིང་གཡོ་བ་ནི་རྡོ་རྗེ་ཁྲོ་གཉེར་རོ། །ཐམས་ཅད་སྲེག་པར་བྱེད་པ་དང་། ཐམས་ཅད་འདུལ་བར་བྱེད་པ་དང་། རབ་ཏུ་འདུལ་བར་བྱེད་པ་ནི་ཁྲོ་གཉེར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལེགས་པར་བསྐོར་བས་གཡོན་པའི་མཛུབ་མོ་ ལྕགས་ཀྱུ་སྟེ། དགུག་པ་དང་གཞུག་པ་དང་བསྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ། །རྡོ་རྗེ་པདྨ་དབུས་མཉམ་པའི་ཁ་འབུས་ཀྱི་མཛོད་དོ། །རྡོ་རྗེ་པདྨ་ནི་ཐམས་ཅད་གཅོད་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ནི་མཐེ་བོ་དང་མཛུབ་མོའི་གདུ་བུས་གཡས་པའི་ཧཱུྃ་གིས་མཛུབ་མོ་བཟུང་སྟེ་ ཐམས་ཅད་དགུག་པ་དང་གཞུག་པ་དང་མཆོག་ཏུ་གྲུབ་པའོ། །རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བ་ནི་གཡས་པའི་མཛུབ་མོས་གཡོན་པའི་ཡི་གེ་ཧཱུྃ་བཟུང་བ་སྟེ་གཞུ་རྒྱུད་འདྲེན་པ་ཞེས་བྱ་བ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་དང་འབིགས་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ལས་རྡོ་རྗེ་ཧཱུྃ་མཛད་ཀྱི་ མཆོག་གོ། །རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པའི་རྩེ་གསུམ་གྱིས་མཚན་པས་ཡོངས་སུ་བཟུང་བ་སྟེ་ཐམས་ཅད་དྲལ་བར་བྱེད་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་གཡས་པའི་ཁུ་ཚུར་གྱི་མཐེའུ་ཆུང་ཡང་དག་པར་བརྐྱང་བ་གཡོན་ལག་པའི་སྟེང་དུ་བཞག་པ་ནི་ཁ་ཊྭཱྃ་ ག་སྒྲེང་བ་སྟེ། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་དྲལ་བར་བྱེད་པ་དང་། རྒྱས་འདེབས་པ་དང་། གསོད་པ་དང་། ཟ་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཡས་པས་འཁོར་ལོ་བཟུང་བའི་ཚུལ་གྱིས་སྟོད་ཅིང་དོར་བ་སྟེ། ཐམས་ཅད་གཅོད་པ་དང་། གཅོད་པར་བྱེད་པའོ། །རྡོ་རྗེ་ཆེན་ པོའི་ཁྲོ་བོའི་རྡོ་རྗེའོ། །གཡས་པའི་རྡོ་རྗེ་འབེབས་པ་དང་སྦྱོར་བ་སྤྲོ་ཞིང་གཡོ་བའི་འདབ་མ་ཅན་གྱི་བ་དན་གསུམ་པའོ། །རྡོ་རྗེ་བསྡམས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་ལས་བྱུང་བའི་སྲིན་ལག་མཉམ་པར་སྦྱར་ཞིང་མཐེའུ་ཆུང་ཁ་ཕྱེའོ། །དཔལ་ཐམས་ཅད་བྱེད་པ་དང་། རྣམ་པར་ རྒྱལ་བར་བྱེད་པ་དང་། གདུག་པ་ཐམས་ཅད་འཇོམས་པར་བྱེད་པ་དང་། ཐམས་ཅད་འབེབས་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་དབང་བསྐུར་བཤད་པའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་ནི། རྡོ་རྗེ་ཐལ་མོ་མཉམ་བྱས་ལ། །མཛུབ་མོ་གཉིས་ཀྱིས་དར་དཔྱངས་ཅིང་། །མཐེ་བོ་སྲིན་ ལག་རྡོ་རྗེ་ནི། །ཡོངས་སུ་བསྐོར་ཏེ་དབང་བསྐུར་རོ། །འབར་བའི་རྡོ་རྗེ་རྩེ་ལྔ་པ་ཕྱག་ནས་གཟུང་བར་བྱའོ། །ཅི་འབྱོར་པས་སློབ་དཔོན་ལ་ཡོན་ཕུལ་ཏེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ གསུངས་སོ། །རྡོ་རྗེ་ཕྱག་རྒྱ་རྡོ་རྗེ་ཏི་རིནྟི་རི་ལས་འབྱུང་བ་སྟེ་དོན་ཡོད་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཞི་ནི་དམ་ཚིག་ཕྱག་རྒྱའི་ལྷ་མོ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་རྡོ་རྗེ་ཁུ་ཚུར་གཡོན་པས་བསྙེམས་པ་ཐམས་ཅད་སྒྲུབ་པ་ དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བ་སྟེ་འདིས་ཐམས་ཅད་བརྒྱལ་བ་དང་། འབར་བ་དང་། སྲེག་པ་དང་། ལྟུང་བ་དང་། རྒྱས་བཏབ་པ་དང་། གསད་པ་དང་། སློང་བ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། བརྟན་པ་དང་། གཡོ་བ་ཐམས་ཅད་ལ་ ངེས་པར་སྦྱོར་བ་དང་། དངོས་གྲུབ་དང་། མཆོག་ཐམས་ཅད་བསྒྲུབ་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རོ། །དེ་དག་གི་ལས་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོའི་སོར་མོ་གཉིས་ཀྱིས་ཐམས་ཅད་དགུག་པའོ། ། སྙིང་གར་ཅིག་ཤོས་དང་གཡས་པས་གདུག་པ་ཐམས་ཅད་གཅོད་པའོ། །མཁྲིག་མའི་མདུད་པས་གཡས་པའི་ཁྲོ་བོ་འགུགས་པས་ཐམས་ཅད་དགུག་པ་དང་རབ་ཏུ་གཞུག་པའོ། །སྟོད་པ་དང་བཅས་པའི་མདའ་འཕངས་པའོ། །དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་ སྦྱོར་བས་རང་གི་ཕྱག་རྒྱ་གྱེན་དུ་འཕངས་པའོ། །ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གྱེན་དུ་འཕངས་པའོ། །ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ་རྡོ་རྗེ་ཐལ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་གར་གྱི་སྦྱོར་བ་རང་གི་དམ་ཚིག་གི་ཕྱག་རྒྱ་སྟེང་དུ་དོར་བ་སྟེ་ཐམས་ཅད་ལ་རྒྱས་གདབ་པ་དང་། བསྒྲུབ་པ་དང་། གསོད་པ་དང་། འབེབས་པ་དང་། འཚོ་བར་བྱེད་པ་ནི་རྡོ་རྗེ་གར་གྱི་མཆོད་པའོ། །དེ་ནས་ངག་གི་ཕྱག་རྒྱ་ནི་སྤྲིན་གྱིས་སྒྲ་སྒྲོགས་པའི་ཧཱུྃ་ཡི་གེ་ཧཱུྃ་ཕྲ་བའི་སྒྲ་དང་བཅས་པ་ཁྲོ་ཞིང་གསལ་བའི་ཁྲོ་བོའི་རྡོ་རྗེ་ངག་གོ། །སྒྲུབ་པའི་དོན་བསྒྲུབ་པར་བྱའོ། །དེ་ནས་མ་གྲུབ་ན་ལས་ཀྱི་ ཕྱག་རྒྱ་བཅིང་བའོ། །སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་བྱ་བའོ། །ལས་ལ་ངེས་པར་སྦྱོར་བ་ནི་ཁྲོ་གཉེར་གྱིས་སོ། །རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བའོ། །སྐེ་ཚེ་དང་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་སྲེག་ནི་གཡས་པས་སོ། །དེ་ཉིད་ཀྱིས་གཏང་བའོ། །དེ་ཉིད་ཀྱིས་ ཐམས་ཅད་འཆིང་བའོ། །གཡོ་བ་མེད་པ་ཉིད་དོ། །གཉིད་ལོག་པ་བསྟན་པའོ། །ཁྲོ་བོའི་རྡོ་རྗེ་ལྟ་བའི་སྡིགས་མཛུབ་བོ། །ཕྱག་རྒྱ་གློད་པར་འགྱུར་བའོ། །མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་ཕྱེ་བའོ། །དེ་དག་ཉིད་ཀྱིས་གདུ་བུ་བཅིང་བའོ། །མཆེ་བས་བཙིར་བའོ། །དེ་ ནས་དྲལ་བའོ། །གཡས་པས་བརྡེག་པའོ། །མཛུབ་མོ་གཉིས་ཀྱིས་འབར་བའོ། །གཡས་པའི་མཛུབ་མོ་གཡོན་པ་ལྟུང་བའི་ཚུལ་ལོ། །མཛུབ་མོ་གཉིས་ཀྱིས་འབར་བར་ཕྱེ་བའོ། །གཅོད་པའོ། །མཛུབ་མོ་གཉིས་ཀྱིས་སོར་མོ་སྦྱར་བའི་རྩེ་མོ་གཅོད་པའོ། །ལག་པ་ གཉིས་དྲག་ཏུ་མཉེ་བའོ། །ཐམས་ཅད་དུ་སོར་མོ་ཐམས་ཅད་དོར་བའོ། །ཅིག་ཆར་དུ་ཕྱག་རྒྱ་དགྲོལ་བའོ། །དྲང་ཞིང་གཡོ་བས་སྡིགས་མཛུབ་བོ། །གཡས་པའི་མཛུབ་མོ་གདེངས་ཀ་བསྐྱོད་པས་སྡིགས་མཛུབ་པོ། །གཡས་པའི་མཛུབ་མོ་མཆེ་བས་བཟུང་བའོ། ། ངུ་བ་དང་། དགོད་པ་དང་། རྒྱུག་པ་ལ་སོགས་པས་བསྟན་པའོ། །མཛུབ་མོ་གཉིས་ཀྱིས་སེ་གོལ་རྡེབས་པའོ། །གཡོན་པའི་སྟེང་དུ་གཡས་པ་ཉེ་བར་གཞག་པའོ། །ས་ལ་རབ་ཏུ་གཞག་པའོ། །བསྐྱོད་པར་བྱའོ། །གར་བྱ་བའོ། །འབྱིན་པའོ། །བརླབ་པར་བྱའོ། ། ཐམས་ཅད་དུ་བརླབ་པར་བྱའོ། །ཧ་ཧར་དགོད་པའོ། །བསྐོར་བའི་དགུག་པར་བྱའོ། །དྲང་བར་བྱའོ། །གཏང་བར་བྱའོ། །ཡོངས་སུ་བསྐོར་ནས་ནུབ་པར་བྱའོ། །དེ་ནས་དོར་བའོ། །མྱུར་དུ་དོར་བའོ། །དེ་བཞིན་དུ་ཀུན་ནས་འདྲེན་པའོ། །དེ་བཞིན་དུ་གྱེན་དུ་དྲང་བའོ། །རང་ཉིད་ ཀྱིས་ང་རོ་བྱའོ། །ངུ་བར་བྱའོ། །བདག་ཉིད་ལ་བརྡེག་པར་བྱའོ། །སྙིང་གར་བརྡེག་པར་སྦྱིན་པར་བྱའོ། །རང་ཉིད་ཀྱིས་རང་གི་སྐྲ་འབལ་བར་བྱའོ། །སྡང་བར་སྡོམ་པའོ། །རང་གི་གོས་བསྟོད་པར་བྱའོ། །ཁྲོ་བས་དེ་བཞིན་དུ་འབར་བ་སྟོན་པའོ། །གཡས་པའི་མཛུབ་མོ་ལྕགས་ ཀྱུའོ། །དེ་ཉིད་ཀྱིས་རབ་ཏུ་གཞུག་པའོ། །གཡས་པའི་སེ་གོལ་ལོ། །གཡོན་པའི་སེ་གོལ་ལོ། །ལྕེ་རེག་པ་ནི་མཛུབ་མོ་གཉིས་ཀྱིས་སོ། །ཡན་ལག་ལ་བ་སྤུ་གཡས་སུ་བསྐོར་བས་འཁྱིལ་པའོ། །ལྟུང་བ་ལ་སོགས་པ་བྱེད་པའོ། །དུས་སུ་བསྒོམ་པའོ། །ཁྲོ་བོའི་ལྟ་བས་ ཤིང་དྲུང་རྣམས་ལ་ཡིད་ཀྱིས་འདོད་པའོ། །དེ་བཞིན་དུ་ས་ལའོ། །ལྟེ་བའོ། །སྨིན་མའོ། །སོའོ། །ཕུའོ། །ཕྱག་རྒྱས་བརྡེག་པའོ། །རྒྱལ་མཚན་བསྒྲེང་བའོ། །ཁྲོ་བ་དང་བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་སོ། །འཛུམས་པ་མེད་པའི་ལྟ་བས་སོ། །དེ་བཞིན་དུ་འབར་བ་ འཆིང་བས་སོ། །ཕྱག་རྒྱ་བསྐོར་བའོ། །གཙུག་ཏོར་ལས་མཛུབ་མོའི་རྡོ་རྗེ་གཞག་པར་བྱའོ། །དེ་བཞིན་དུ་སྙིང་གར་རོ། །ཕྱག་རྒྱ་དེ་དགྲོལ་བའོ། །ཕྱག་རྒྱ་ཟུར་དུ་བསླང་བའོ། །མཛུབ་མོའི་རྩེ་མོ་བརྟན་པར་སྦྱར་བའོ། །ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའོ། །འོག་ནས་གྱེན་དུ་ འདྲེན་པའོ། །ཡི་གེ་ཧཱུྃ་ཁྲོས་པའོ། །འཇིགས་བྱེད་ཀྱི་ལྟ་བས་སོ། །རྡོ་རྗེ་ཁ་ཊྭཱྃ་དྲལ་བ་ཁྲོ་བས་སོ། །རྡོ་རྗེ་སྙིང་གར་བསྒོམ་པའོ། །རྡོ་རྗེ་རྩེ་གསུམ་དྲལ་བའོ། །གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ། །ཡི་གེ་ཧཱུྃ་གིས་སོ། །ཧའོ། །གཡས་སུ་དབུགས་དབྱུང་བའོ། །དེ་ ཉིད་ཀྱིས་དོང་ཙེ་གསོར་བའོ། །ཁྲོ་བོའི་ལྟ་བ་དེ་བཞིན་དུའོ། །ཁུ་ཚུར་གཡས་པས་མནན་ཏེ་གཡོན་པས་སོ་བཟུང་ནས་དགུག་པར་བྱའོ། །དོང་ཙེ་གསོར་བ་ནི་གཉིས་ཀྱིས་སོ། །གཡོན་པའི་དྲིལ་བུ་དྲལ་བའོ། །དེ་བཞིན་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ ཏེ། མཐེའུ་ཆུང་གི་གདུ་བུ་བཀྲོལ་བའི་ཁུ་ཚུར་གྱིས་འཕྲོག་པར་བྱའོ། །གཡས་པའི་དྲིལ་བུ་དྲལ་བའོ། །ཚེགས་དང་བྲལ་བ་ལྟུང་བ་ནི་ཡིད་ཀྱིས་སོ། །འཁོར་ལོ་དྲལ་བའོ། །རྩེ་གསུམ་དྲལ་བའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་གཡོན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ་དེ་བཞིན་དུ་ གདུ་བུ་བཀྲོལ་བས་འཕྲོག་པར་བྱའོ། །རྡོ་རྗེ་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་མདུན་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་ཁྲོ་བོ་རྒྱལ་པོའི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ནི་པདྨ་ཆེན་པོ་རྡོ་རྗེའི་ཐལ་མོ་ཁ་སྦུབ་པ་དབུ་མ་དང་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ་བའི་འདབ་མ་བཞི་པ་ཆོས་ཉིད་ཐམས་ཅད་ཐོབ་པ་དང་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་རྣམས་ནི་དེ་བཞིན་ནོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་པདྨ་བཤད་པའོ། ། པདྨའི་རིགས་རྣམས་ཀྱི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ། །དེ་ལ་པདྨ་དེ་བཞིན་གཤེགས་པ་རྣམས་ནི་ནང་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་པདྨ་པང་བར་གྱེན་དུ་ཁ་ཕྱེ་བ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་ཅན་གྱི་ཕྱག་རྒྱ་པདྨའི་སྤྱན་ཞེས་བྱའོ། །རྡོ་རྗེ་པདྨ་ཆེན་པོའི་རྡོ་རྗེ་པདྨ་ སྙིང་གར་རྡོ་རྗེ་བཅིང་བ་རྡོ་རྗེ་པདྨ་རི་ཆགས་པ་ཞེས་བྱའོ། །པདྨ་ཆེན་པོའི་བདག་པོའི་མཛུབ་མོ་མཉམ་པ་འོག་ཏུ་ཁ་ལྟ་བ་པང་པར་བཟུང་བ་པདྨའི་སྒྲོལ་མ་ཞེས་བྱ་བའི་ཕྱག་རྒྱའོ། །པདྨ་ཆེན་པོའི་བ་དན་རིན་པོ་ཆེ་གཉིས་བཟུང་ཞིང་དེས་པདྨ་སྦྱིན་པའོ། །འདི་རྣམས་ཀྱི་ཆོས་ཉིད་ཐམས་ཅད་ ལས་ཐོབ་པ་དག་ཐམས་ཅད་རྗེས་སུ་ཆགས་པ་དང་སྲིད་པའི་སྡུག་བསྔལ་གྱི་ཚོགས་ཐམས་ཅད་ལས་སྒྲོལ་བ་དང་། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཤིན་ཏུ་གྲུབ་པ་ཞེས་བྱའོ། །རྡོ་རྗེ་རྩེ་གསུམ་དྲལ་བའོ། །དེ་ནས་པདྨའི་ལྷའི་བདག་པོ་རྣམས་ཀྱི་ཕྱི་རོལ་ གྱི་བསྡམས་པ་ལས་བྱུང་བའོ། །དེ་ལ་དོན་ཡོད་པའི་རྒྱལ་པོ་ནི་འོག་ཏུ་མཛུབ་མོ་གཉིས་ཀྱི་ཁ་འབུས་པ་ཁྲོ་གཉེར་ལ་གཞག་པར་བྱ་སྟེ་པད་མོའི་ཁྲོ་གཉེར་གྱི་སྤྱན་ནོ། །རྡོ་རྗེ་བསྡམས་པ་ཁ་གྱེན་དུ་འབར་བ་ནི་མགྲིན་སྔོན་གྱིའོ། །གཡོན་པའི་མཛུབ་མོ་བཀུག་པ་མཐེ་བོས་ཡོངས་སུ་ བཟུང་སྟེ་དུང་གི་དབྱིབས་དེ་གཡས་པའི་མཐེ་བོང་བསྒྲེང་བ་བཏེག་སྟེ། མཐེའུ་ཆུང་མཉམ་པའི་ཁ་འབུས་པའི་པདྨ་དང་། སོར་མོ་ལྷག་པ་ཡང་དག་པར་བརྐྱང་བའི་འཁོར་ལོ་ནི་པདྨའི་ཁྱབ་འཇུག་མའོ། །པདྨ་ལས་བྱུང་བའི་མཛུབ་མོ་གཉིས་བཀུག་པའི་ལྕགས་ཀྱུ་དང་སོར་མོ་ལྷག་མ་ ཁ་ཕྱེ་བའི་པདྨ་ལས་བྱུང་བའི་ཞེས་བྱའོ། །རྟ་མགྲིན་གྱི་ནི་མཛུབ་མོ་གཉིས་ཤིན་ཏུ་སྦྱར་བའི་ལྕགས་ཀྱུ་རྒོད་མའི་ཁ་ཤིན་ཏུ་རབ་ཏུ་བརྐྱང་བའི་སྲིན་ལག་གི་རྩེ་མོ་དང་། མཐེའུ་ཆུང་དང་གཉིས་རབ་ཏུ་བརྐྱང་བ་སོ་སོར་ཕྱེ་ལ་གཡོན་གཡོ་ཞིང་བཟུང་བ་ནི་པདྨའི་ལྕགས་ཀྱུ་ཞེས་བྱ་བའོ། །འདི་ རྣམས་ཀྱིས་དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་དང་། གྲོལ་བ་ཐམས་ཅད་དང་། དགུག་པ་ཐམས་ཅད་ཀྱི་དངོས་གྲུབ་དོན་ཡོད་པའོ། །དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ། དེ་ནས་ལས་ཀྱི་ཕྱག་རྒྱ་མི་བ་ཊྭཱྃ་ག་བཅིངས་ནས་པདྨའི་ རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཟུང་བས་སོ། །ངག་གི་ཏིང་ངེ་འཛིན་གྱིས་གཟུངས་དགུག་པ་ནི་ཆོས་ཀྱི་ངག་གིས་བཟླས་པའི་དོན་ཤེས་པའོ། །པདྨ་ཆེན་པོ་བཅིངས་ནས་ཡིད་ཀྱིས་སྦྱིན་སྲེག་བྱའོ། །སེམས་ཀྱིས་ཞི་བར་བྱའོ། །དངོས་པོ་བསྲུང་བར་བྱའོ། །རྣམ་ པར་སྦྱང་བར་བྱའོ་ཞེས་བྱ་བ་བསྒྲུབ་པར་བྱའོ། །ལས་ཐམས་ཅད་ཕྱག་རྒྱའི་ཚོགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་དེ་བཞིན་ནོ། །དམ་ཚིག་གི་ནི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་ཏེ། མཐེ་བོང་དང་མཛུབ་ མོའི་སོར་བཞིའི་རྩེ་མོ་བསྙམས་ནས་འོག་ཏུ་རབ་ཏུ་བསྡུས་ཏེ། དབང་བསྐུར་བའི་རྡོ་རྗེ་ཐལ་མོས་དབང་བསྐུར་བ་ཐམས་ཅད་ཐོབ་པའོ། །དེས་ཅི་ལྟ་བ་བཞིན་དུ་དབང་བསྐུར་བའོ། །རྡོ་རྗེ་དེ་ཉིད་སྙིང་གར་རོ། །གྱེན་དུ་ཁ་བལྟ་བའོ། །དེ་ཉིད་ཁུ་ཚུར་རོ། །ཁུ་ཚུར་སྤྱི་བོར་བཞག་ལ་མེ་ཏོག་ལ་སོགས་ པའི་མཆོད་པ་དབུལ་བར་བྱའོ། །འདི་ཉིད་གཉིས་སུ་བཞག་ནས་ལས་ཀྱི་ཕྱག་རྒྱར་གཟུང་བའོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ། །བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་གསལ་བ་ཡོངས་སུ་རྫོགས་པར་བྱེད་པའོ། ། གཡོན་པའི་ཁུ་ཚུར་སྙིང་གར་བསྟོད་ནས་གཡས་པ་ནོར་སྦྱིན་པ་བཀྲོལ་བའོ། །ནོར་བུའི་ཁུ་ཚུར་གྱི་ཕྱག་རྒྱ་ཉིད་ཀྱིས་སོ། །སྙིང་པོའི་ངག་ཀླུའི་རྒྱལ་པོས་བཟླ་བ་སྟེ་བཀའ་བསྒོ་ཞིང་དེ་བཞིན་དུ་ལས་ལ་ཉེ་བར་སྦྱོར་བའོ། །གལ་ཏེ་མ་གྲུབ་ན་དབང་བསྐུར་བར་གནས་པའི་རྡོ་རྗེ་རིན་ཆེན་གྱིས་ནམ་ མཁའ་ལས་ཐམས་ཅད་ཀྱི་བཀའ་བསྒོ་བའོ། །ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་འདིའོ། །དོན་ཡོད་ཐོགས་མེད་གྲུབ་པ་དང་། ལས་ཀྱི་ཚོགས་ནི་སྒྲུབ་པ་དང་། །ངག་གི་ཕྱག་རྒྱའི་བཀའ་བསྒོ་བ། །ཐམས་ཅད་མྱུར་དུ་མཁའ་ལས་བྱུང་། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔས་གསུངས་སོ། །དབང་བསྐུར་བ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་ཕྱིའི་རྒྱུད་ནི་ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་ན་མདའ་གཏོད་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་འཇུག་པ་ལ་བྱ་སྟེ། ལག་པ་གཉིས་ཀྱི་མཐེ་བོ་དང་མཐེ་ཆུང་གི་གདུ་བུས་ལུ་གུ་རྒྱུད་བཅིང་ བར་བྱས་ལ་མཛུབ་མོ་དང་དབུས་མ་དང་། སྲིན་ལག་བསྙམས་ཏེ་རྩེ་གསུམ་པས་མཚན་པ་ནི་མིང་པོ་རྣམས་ཀྱིའོ། །ཇི་ལྟ་བ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་བསྡམས་པའི་དབུས་མ་དང་སྲིན་ལག་གིས་སོར་མོའི་རྩེ་མོ་བཞི་ལ་མཛུབ་མོ་དང་མཐེའུ་ཆུང་བཞིའི་རྩེ་མོ་འདུས་པ་ནི་ལྷ་མོ་ རྣམས་ཀྱིས་འདའ་བར་དཀའ་བའི་དམ་ཚིག་གོ། །སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །གང་གི་ཚེ་དཀྱིལ་འཁོར་གྱི་བརྟག་པར་མ་ནུས་ན་དེའི་ཚེ་འདི་བཅིངས་ཏེ་བལྟས་ན་དཀྱིལ་འཁོར་བརྟག་པ་དང་མཐོང་བ་དང་མཆོད་པ་ཅི་དགར་འགྲུབ་པར་འགྱུར་རོ། །གདེངས་ཀ་ཅན་གྱི་དབང་པོ་རྣམས་ ཀྱི་ནི་མཐེ་བོང་བཅིངས་ནས་ཕྱི་རོལ་དུ་ཁ་བལྟས་པའི་སོར་མོའི་གདེངས་ཀ་སྒྲེང་བསྟེ། །ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་སྟེ། གལ་ཏེ་འདའ་བར་བྱེད་ན་འཆི་བར་འགྱུར་རོ། །ལྟོ་འཕྱེ་ལག་པ་སྟེ་ཐམས་ཅད་སྒྲུབ་ པར་བྱེད་པའོ། །དབུས་མ་སྲིན་ལག་བཞིའི་མདུད་པ་ལེགས་པར་བྱེད་པའི་སྦྱོར་བས་ཉེ་བར་སྟོད་ཅིང་བསྡུས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་ཀྱིས་བརྡེག་པར་བྱ་སྟེ་ཉེ་བར་འཕེལ་བ་དུག་ཐམས་ཅད་འབར་བའོ། །ཀུན་ནས་བསྡུས་ན་དུག་ཐམས་ཅད་འཆིང་བའོ། །འདི་ཉིད་ཀྱིས་དུག་ ཐམས་ཅད་བཟའ་བ་དང་འཕོ་བ་དང་དུག་མེད་པར་བྱ་བའོ། །གདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ། །ཕྱིའི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཆོག་དབང་ཕྱུག་དམ་པ་སྣ་ཚོགས་པའི་ཕྱག་རྒྱ་ནི་རྡོ་རྗེ་ ཐལ་མོ་མཉམ་གཞག་ནས། བ་དན་གསུམ་ནི་ཡོངས་སུ་བཟུང་། །རྡོ་རྗེ་ཁྱབ་འཇུག་ཅེས་བྱ་བ། །དོར་ན་ཐམས་ཅད་གཅོད་པར་བྱེད། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཉོན་མོངས་པའི་དགྲ་ཐམས་ཅད་ཀྱི་མགོ་རྣམས་བཅད་ནས་མཆོག་ཏུ་བྱུང་བ་ཐམས་ཅད་གྲུབ་བོ། །མཐེའུ་ཆུང་མཐེ་བོང་དང་སྦྲེལ་བའི། ། ལག་གཉིས་སྟེང་དང་འོག་ཏུ་ནི། །དབུས་མ་གསུམ་གྱི་རྩེ་གསུམ་མཚན། །རྡོ་རྗེ་འཛིན་མ་ཞེས་སྒྲུབ་པའོ། །རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྡོ་རྗེ་གཏུམ་པའི་དབང་ཕྱུག་མ་ཞེས་བྱ་བ་དོན་ཡོད་པའི་དམ་ཚིག་གོ། །རྡོ་རྗེ་པདྨ་མཉམ་གཞག་ནས། །གང་དོར་ཅི་བཞིན་དེ་བཞིན་དུ། །ཤིན་ཏུ་ཐོབ་དཀའི་ སངས་རྒྱས་ཀྱང་། །བསྒྲུབ་པ་བཟླས་པས་སྒྲུབ་པར་བྱེད། །རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་ཕྱག་རྒྱ་སྒྲོལ་མའོ། །མཛུབ་མོ་བསྡམས་པའི་ཕྱི་རོལ་དགུག །མཐེ་བོ་རྡོ་རྗེ་བཀབ་པ་སྟེ། །རྡོ་རྗེ་ཆེན་པོའི་ནོར་བུ་སྟེར། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ནས་ཐམས་ཅད་ཀྱི་དབང་ ཕྱུག་དམ་པས་བསྒྲུབས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། དེ་ལ་དང་པོར་རེ་ཞིག་དང་པོའི་དངོས་གྲུབ་བརྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་དུ་འགྱུར་ཏེ། ཅི་ལྟ་བ་བཞིན་དུ་དམ་ཚིག་ཕྱག་རྒྱ་མཚན་རྣམས་ཀྱིས་ལག་པ་ གཡས་པ་དང་། གཡོན་པ་དག་གི་རྡོ་རྗེ་ཆེན་པོའི་སྦྱོར་བས་ལས་ཐམས་ཅད་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་སྟོང་ཉིད་དུ་འགྱུར་ཏེ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པས་སོ། །དེ་ལྟར་རང་གི་ཕྱག་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང་པོའི་ལས་ཀྱི་ཚོགས་བརྒྱ་སྒྲུབ་པར་བྱེད་ པའི་རྡོ་རྗེ་ལས་བྱེད་པ་གསུམ་མོ། །དེ་ལྟར་ལག་པ་གཡས་པ་དང་། གཡོན་པའི་ཅིག་ཤོས་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པའོ། །དེ་ལྟར་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་ཏུ་སྒྲུབ་པའོ། །དེ་ ལྟར་འགྲོ་བ་ཀུན་དོན་དུ། །འཁོར་དང་དམ་ཚིག་ལས་དང་བཅས། །ཀུན་མཆོག་དབང་ཕྱུག་དམ་པ་ནི། །རྡོ་རྗེ་སེམས་དཔས་སྒྲུབ་པར་མཛད། །དེ་ལྟར་གསང་བ་རྒྱ་ཆེན་རྨད་དུ་བྱུང་། །མཆོག་ཏུ་འགྲོ་བ་ཐམས་ཅད་སྦྱོར་བྱེད་པ། །མཆོག་དང་པོ་ཡི་བླ་མ་བླ་ན་མེད། །གསལ་བའི་ རྒྱུད་ནི་ང་ཡིས་ཡང་དག་བཤད། །དཔལ་མཆོག་དང་པོ་རྟོག་པའི་རྒྱལ་པོ་ལས་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །གསང་བ་ཀུན་གྱི་བདག་བརྟན་པས། །དེ་ཉིད་ཕྱག་རྒྱའི་རྒྱུད་ཆེན་པོའི། །མཚོན་ཆ་དམ་པ་འདི་གསུངས་སོ། །དེ་ནས་ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའི་ཚོགས་མཆོག་ཏུ་མཁས་ཤིང་ཕྲ་བ། རྒྱ་ཆེ་ལ་ཟབ་པ། བསམ་གྱིས་མི་ཁྱབ་པ་ཚད་མེད་པ། གསལ་ཞིང་མཉམ་པ་མེད་པ། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་ གསང་བ་བསྒྲུབ་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡ