Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
་ཀྱིས་ལྷའི་དབང་པོ་དང་། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བའི་དོན་དུ་སྒྲུབ་པའི་ཆོ་ག་གསུངས་ཏེ། །བྲི་གཞི་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་ཁོ་ན་བཞིན་དུ་བྲི་ཞིང་གཡས་སུ་དེ་བཞིན་གཤེགས་པ་ངན་ སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་དང་། གཡོན་དུ་ཤཱཀྱ་ཐུབ་པ་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཟླ་བ་ལྟ་བུ་ཕྱག་ན་པདྨ་ཅན་དང་། ཤཱཀྱ་ཐུབ་པའི་འོག་ན་ཕྱག་ན་རྡོ་རྗེ་དང་། དེ་དག་གི་ དབུས་སུ་སྨན་པའི་རྒྱལ་པོ་ཕྱག་གཅིག་གིས་ཨ་རུ་རའི་འབྲས་བུ་བསྣམས་ཤིང་དེ་ལས་གཞན་ནི་མཆོག་སྦྱིན་དུ་བྱའོ། །རྟ་མགྲིན་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མ་རུངས་པ་འཇོམས་པ་ལ་བརྩོན་པ་དག་ནི་རང་གི་ལྷ་ལ་མངོན་པར་ཕྱོགས་པར་བྲི་ཞིང་དེ་དག་གི་དབུས་སུ་ལོ་ཙ་ ནཱ་དང་། །མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དག་ཕྱག་ན་རང་གི་མཚན་མ་ཅན་བྲིའོ། །དེ་རྣམས་ཀྱི་འོག་ཏུ་རྫིང་བུ་ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། སྦལ་པ་དཀར་པོ་ལ་སོགས་པ་དང་བཅས་པ་དང་ཆུ་ལས་སྐྱེས་པའི་མེ་ཏོག་དུ་མས་ཡོངས་སུ་གང་བར་བྲི་ཞིང་བདུག་པ་ དང་། མར་མེ་དང་། དྲི་དང་། ཕྲེང་བ་དང་། ཞལ་ཟས་དང་། མེ་ཏོག་དང་། འབྲས་བུ་རྣམ་པ་སྣ་ཚོགས་པ་བྲི་བར་བྱའོ། །འོག་ཉིད་དུ་སྒྲུབ་པ་པོ་ཐལ་མོ་སྦྱར་ཏེ་རབ་ཏུ་འདུག་ཅིང་འདུད་པར་བྲིའོ། །དེ་ནས་དེ་རྫོགས་པ་ལ་བྱིན་གྱིས་བརླབ་པ་དམིགས་པར་བྱ་སྟེ། སྤྱན་དབྱེ་བ་བྱས་ནས་ མཆོད་པས་མཆོད་པར་བྱའོ། །དེ་ནས་གལ་ཏེ་མཚན་མ་མཐོང་ན་མྱུར་དུ་འགྲུབ་བོ། །གལ་ཏེ་མ་མཐོང་ན་རིང་མོ་ཞིག་ན་འགྲུབ་པའོ། །བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་འབྲུག་སྒྲ་ཉིད། །དགེ་སློང་བྲམ་ཟེ་བུ་མོ་དང་། །འབྲས་བུ་མཐོང་ན་དངོས་གྲུབ་ནི། །མཆོག་འབྲིང་ཐ་མ་ མྱུར་དུ་འགྲུབ། །དེ་ནས་སྐུ་གཟུགས་ཕྱག་རྒྱ་དང་། །སྔགས་རྣམས་ཀྱིས་ནི་བྱིན་གྱིས་བརླབ། །ཇི་ལྟར་བསྐྱེད་པས་ཐོབ་བྱ་ཞིང་། །འཇིག་རྟེན་གསུམ་ནི་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་སུ། །བདག་གི་དེ་ཉིད་ཀྱང་བསྒོམས་ནས། །ཇི་སྲིད་དངོས་གྲུབ་རྟགས་འབྱུང་ བ། །འབུམ་ཕྲག་གསུམ་མམ་དྲུག་འབུམ་བཟླས། །དེ་ནས་དབེན་པའི་གནས་སུ་ནི། །སྔགས་ཀྱང་ཆད་ལྷག་བསྐང་བྱ་སྟེ། །བརྒྱ་ཕྲག་བརྒྱད་རྣམས་བཟླས་པར་བྱ། །དེ་ནས་བཟླས་པ་དེ་ཡི་མཐར། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེན་ཡང་བྱས་ནས། ། མཚན་མོ་གཅིག་ནི་བཟླས་པར་བྱ། །དེ་ནས་གལ་ཏེ་གཙོ་བོ་འམ། སྲས་སམ་ལྷ་རྣམས་མཐོང་གྱུར་ན། །དེ་ཚེ་སྣོད་འདོད་ཇི་ལྟ་བར། །དངོས་གྲུབ་མཆོག་ནི་གསོལ་བ་གདབ། །ལྷ་རྣམས་རྟག་ཏུ་དགྱེས་པ་ཡིས། །དངོས་གྲུབ་འབྲས་བུ་དེ་ལ་སྩོལ། །ཕྱག་བྱས་ ནས་ནི་དངོས་གྲུབ་ནི། །མཆོག་ལ་སོགས་པ་བླང་བར་བྱ། །བླ་མ་དཀོན་མཆོག་གསུམ་པོ་ལ། །རང་རང་སྐལ་བ་ཕུལ་ནས་སུ། །དེ་ནས་རྟག་ཏུ་བདག་ཉིད་སྤྱད། །དེ་རྣམས་མེད་ན་ཤེས་རབ་ཅན། །བླངས་ནས་རང་ཉིད་སྤྱད་པར་བྱ། །སེམས་ཅན་ཀུན་ལ་ཕན་བརྩོན་ཞིང་། །བསྐལ་ པ་དུ་མར་གནས་པར་འགྱུར། །ལེགས་པར་བསྒྲུབས་ན་ཐམས་ཅད་བྱེད། །གནོད་སྦྱིན་རྒྱུ་སྐར་གདོང་ལ་སོགས། །ཚིག་ཙམ་གྱིས་ནི་བྲན་བཞིན་དུ། །ཞི་བའི་ལས་ལ་སོགས་པ་ནི། །ཐམས་ཅད་བྱེད་པར་འགྱུར་བ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་སྡིག་པ་བགྱིས་པ་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རབ་ཏུ་སྤང་བའི་ཕྱིར་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དམྱལ་བ་ལ་སོགས་པའི་ དབང་དུ་གྱུར་པའི་སེམས་ཅན་སྡིག་པ་ཆེན་པོ་བྱེད་པ་དེ་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་ཚེགས་མེད་པར་གྲོལ་བར་འགྱུར་བ་དེ་བཞིན་དུ་ཉོན་ཅིག །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །བརྒྱ་རྩ་བརྒྱད་ནི་བཟླས་པ་ཡི། །བུམ་པ་རྣམས་ཀྱིས་སྔ་མ་བཞིན། ། དབང་བསྐུར་བ་ནི་བརྟག་པར་བྱ། །དེ་ནས་སྔོན་གྱི་སྡིག་བྱང་ཞིང་། །དམྱལ་བ་ལ་སོགས་སྡུག་བསྔལ་ནི། །ཀུན་ལས་མྱུར་དུ་རྣམ་གྲོལ་འགྱུར། །སྡིག་ལས་རྣམ་གྲོལ་བདག་ཉིད་ཆེ། །དེ་ཡང་གནས་གཙང་ལྷར་སྐྱེས་ནས། །རྟག་ཏུ་སངས་རྒྱས་ཆོས་བགྲོ་ཐོས། །ཕྱིར་མི་བཟློག་ པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་མངོན་སུམ་བྱེད། །དེ་ཡི་གཟུགས་བརྙན་དང་ནི་མིང་། །གུར་གུམ་གྱིས་ནི་བྲིས་ནས་སུ། །ངན་སོང་གསུམ་གྱི་འཇིག་ཆེན་ལས། །སེམས་ཅན་རྣམས་ནི་ཐར་བའི་ཕྱིར། །སྔགས་པ་གཞན་ལ་ཕན་བརྩོན་ཞིང་། །བརྩེ་བས་མངོན་པར་ དབང་བསྐུར་རོ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ། །ལྷ་ཡི་གཟུགས་སུ་བརྟགས་ནས་སུ། །མཆོད་རྟེན་དབུས་སུ་གཞག་པར་བྱ། །རང་གཞན་ལྷ་ཡི་སྙིང་པོ་ནི། །སྙིང་ག་དེ་ཡི་ཕྱོགས་བྲིས་ནས། །ལྷ་མཉམ་པར་ནི་ སེམས་བསྐྱེད་དེ། །ཁྱིམ་དུ་ཡང་ནི་གཞག་པར་བྱ། །དེ་ཡི་མིང་དང་སྤེལ་བའི་སྔགས། །གུར་གུམ་བཟང་པོས་བྲིས་ནས་ནི། །འབུམ་ནི་ཡོངས་སུ་རྫོགས་པར་བྱ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཆེན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་ཡང་ནི་རྫོགས་པར་བྱ། །དེ་ ལྟར་བྱས་ན་དེ་ངེས་པར། །དམྱལ་བ་ལས་ནི་གྲོལ་བར་འགྱུར། །དེ་བཞིན་ཡི་དགས་བྱོལ་སོང་ལས། །གྲོལ་ཏེ་ལྷ་རིགས་རྣམས་སུ་སྐྱེས། །དེ་ཡི་མིང་དང་སྤེལ་ནས་ནི། །ཇི་ལྟར་གསུངས་པའི་སྔགས་སྟོང་བཟླས། །གལ་ཏེ་བརྒྱ་ཕྲག་སྟོང་ཡང་ཚང་། །བྱེ་བའི་བར་དུ་ རྫོགས་པར་བྱ། །ལྷ་རིགས་རྣམས་སུ་སྐྱེ་བར་འགྱུར། །དེ་ཡི་མིང་ནས་སྤེལ་བ་ཡི། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ། །སྦྱིན་སྲེག་བྱས་ན་དམྱལ་བ་ནི། །ཆེན་པོའི་སྡིག་པ་ལས་གྲོལ་འགྱུར། །ཇི་སྲིད་མཚན་མ་འབར་བ་ཡི། །གནས་ སུ་ཡང་དག་སྐྱེ་བར་འགྱུར། །ཡུངས་ཀར་དཀར་པོའི་ཏིལ་དང་འབྲས། །ར་ཡི་འོ་མ་ཡང་དག་ལྡན། །དེ་བསྐུས་ཡམ་ཤིང་དེ་སྲིད་དུ། །ཆོ་གི་ཇི་བཞིན་སྦྱིན་སྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང་། །ལྷ་རིགས་རྣམས་སུ་སྐྱེས་པ་ཡི། །མཚན་མ་ཉེ་བར་མཐོང་བར་འགྱུར། ། གལ་ཏེ་ལྷ་ཡི་མཆོག་སྐྱེས་དང་། །ཡང་ན་ཐབ་ཁུང་ནང་དུ་ནི། །དཀར་པོ་གཡས་བསྐོར་འབར་བ་དང་། །གྱེན་དུ་འགྲེང་ཞིང་དྲི་མ་མེད། །འཕྲོ་བ་བསྡོམས་བཞིན་འབར་བ་དང་། །གློག་བཞིན་དྲི་མ་མེད་འོད་བརྟན། །མེ་རྟགས་འདི་རྣམས་མཐོང་བར་འགྱུར། །ཡང་ན་མེ་ལྷ་བདག་ཉིད་ ནི། །དེ་བཞིན་ཁོ་ནར་སྟོན་འགྱུར་ཏེ། །ཟླ་བ་བཞིན་དུ་དྲི་མ་མེད། །དཀར་པོ་བཞིན་དུ་འབར་བའོ། །མཚན་མ་འདི་དག་མཐོང་བ་ལ། །དེ་ནས་དམྱལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཁྲུ་བཞི་པ་ཡི་ཚད་ དུ་ནི། །ཆོ་ག་ཇི་བཞིན་ཐབ་ཁུང་རྐོ། །རྡོ་རྗེས་མཐའ་མ་བསྐོར་བ་ཡི། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་རང་གི་ཕྱོགས་སུ་བྲི། །ཇི་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་ལ་སོགས་ཕྱི་ནས་ བྲི། །དེ་ནས་བུམ་པ་གང་བ་དང་། །གཏོར་མས་སྣོད་རྣམས་བཀང་བ་ནི། །བརྒྱད་དམ་བཅུ་དྲུག་དག་ཏུ་གཞག །བཟའ་དང་བཅའ་བ་ཞལ་ཟས་དང་། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱིས་ལེགས་ པར་བརྒྱན། །དེ་ལྟར་སྦྱིན་སྲེག་ཐབ་ཁུང་ནི། །མཆོག་ཏུ་ཡང་དག་སྦྱིན་སྲེག་བྱ། །ཆོ་ག་ཤེས་པས་དེ་བྲིས་ནས། །ལྷ་ཡི་ཚོགས་ནི་སྤྱན་དྲངས་ཏེ། །སྔགས་ཤེས་པས་སྔགས་ཕྱག་རྒྱ་ཡིས། །ཨརྒྷ་ལ་སོགས་ཕུལ་ནས་ནི། །མདོར་བསྡུས་མཆོད་པ་བྱས་ནས་སུ། ། ལྷ་ཡི་སྦྱོར་བས་རབ་གནས་ལ། །ག་པུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང་། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆན་སྤོས་དང་ལ་དུ་དང་། །སྦྲང་རྩི་ཤ་ཀ་རར་ལྡན་ལ། །བརྒྱ་ཕྲག་དུ་མར་ཡོངས་སུ་ བཟླས། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །རང་གིས་སྔགས་ཀྱིས་བཏབ་པའི་ཤིང་། །ཁུང་བུའི་ནང་དུ་གཞག་པར་བྱ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལ་སོགས་སུ་གནས་པའི། །རོ་ལ་སྔགས་ཀྱིས་བཏབ་ནས་སུ། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །སྔགས་བཟླས་དྲི་ཡིས་བྱུག་པར་བྱ། །གོས་ དང་རྒྱན་གྱིས་བརྒྱན་བྱ་ཞིང་། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །སྙིང་ག་མགྲིན་པ་ཁ་ཕྱོགས་སུ། །སརྦ་བིདྱཱས་བྱིན་གྱིས་བརླབས། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་སྤྱི་གཙུག་ དཔུང་པ་གཉིས། །རྣ་བ་དཀུ་དང་པུས་མོ་བོལ། །སྣ་ཡི་རྩེ་མོ་ལོང་བུ་དང་། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་དང་ནི། །དེ་ལྟར་གཞན་དུའང་གནས་ཡི་གེ། །མཆོག་ཏུ་དགེ་བ་དེ་དག་གཞག །དེ་དག་ངན་སོང་ཡོངས་སྦྱང་ཕྱིར། །སྟན་དང་བཅས་ཏེ་ཐེབ་དབུས་གཞག །དེ་ནས་སྔགས་པས་ སྔགས་ཀྱིས་ནི། །མངོན་པར་བསྔགས་པའི་གོས་ཀྱིས་གཡོགས། །དེ་ནས་བྱིན་ཟ་ཡང་དག་རབ་སྦར་ལ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་བ་ཀུནྡ་བཞིན་དུ་ཞི་བའི་ཡིད། །དཔག་མེད་ཀུན་ལ་མཆོད་ཡོན་ཡོངས་སུ་བརྟག །དེ་བཞིན་ཇི་ལྟར་གསུངས་བའི་མཆོད་པ་བྱ། །དེ་ནས་དང་པོ་དེ་ཡི་ སྦྱིན་སྲེག་ནི། །རྫོགས་པར་བྱས་ཤིང་འབར་བ་ཉིད་ལ་ནི། །ཡོངས་བརྟགས་ནས་ནི་རྒྱལ་བ་ལས། །སོགས་པ་རྣམས་ཀྱི་བརྒྱད་ནི་ལྷག་པ་དང་། །བཅས་པའི་བརྒྱ་ནི་ཡོངས་སུ་བརྟག་པར་བྱ། །དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ཡི། །བསྲེག་བྱ་ཉི་ཤུ་རྩ་གཅིག་ཡོངས་སུ་བརྟག །དེ་ནས་ཞལ་རས་དཀར་པོ་སྤྱན་དྲངས་ལ། ། ཡོ་བྱད་རྣམས་སམ་མཆོད་ཡོན་སོགས་གསུམ་མཆོད། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །རྒྱན་རྣམས་ཐམས་ཅད་ཀྱིས་ནི་རབ་བརྒྱན་ཅིང་། །རྫོགས་པའི་སངས་རྒྱས་ཉིད་ཀྱི་དབུ་རྒྱན་ཅན། །བསམ་པར་བྱ་ཞིང་ཡང་དག་བྲི་བར་བྱ། །དེ་ཡི་སྙིང་པོ་བརྒྱ་ཕྲག་སྟོང་ངམ་ནི། ། ཇི་སྲིད་བྱེ་བའི་བར་དུ་སྦྱིན་སྲེག་བྱ། །ཡང་ན་མཚན་མ་ཡང་དག་བྱུང་ན་ནི། །དེ་བཞིན་སྡིག་རྒྱུན་སྤངས་པར་ཤེས་པར་བྱ། །དེ་ནས་ཐལ་བར་འགྱུར་བ་ཆོ་ག་བཞིན། །རྡོ་རྗེ་བསྡུ་བས་ཐལ་བ་རུས་པ་བསྡུ། །རྡོ་རྗེ་བདུད་རྩིའི་དྲི་ཆུ་དང་། །བ་ཡི་རྣམ་ལྔ་དང་བཅས་ལ། །སྦྱོང་བའི་སྔགས་ ནི་འབུམ་བཟླས་ཏེ། །གོང་བུ་བྱས་ནས་ག་པུར་དྲིར། །ས་དང་ལེགས་པར་བསྲེས་བྱས་ལ། །སྐུ་གཟུགས་མཆོད་རྟེན་ལྷར་བསམ་ཞིང་། །ལན་གཅིག་གཉིས་གསུམ་བཞི་ལྔའམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ། །འབུམ་ ཕྲག་གཉིས་ནི་བཟླས་པར་བྱ། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་སྐུ་གཟུགས་ཞལ་འཛུམ་མམ། །དྲི་སྤོས་ངད་ལྡན་འོད་སྣང་ངམ། །ལྷ་ལ་སོགས་པ་སྣ་ཚོགས་པ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་། །མེ་ཏོག་ལ་སོགས་འདོར་བ་དང་། །དུང་དང་རྔ་དང་གླིང་བུ་དང་། །པི་བང་ལ་ སོགས་སྒྲ་ཐོས་འགྱུར། །གལ་ཏེ་ལྷ་ཡི་མཚན་མ་དེ། །སྡིག་མང་ཉིད་ཀྱིས་མ་མཐོང་པ། །དེ་ཚེ་འབུམ་ཕྲག་བརྒྱ་སྟོང་བཟླས། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་པར་གཞག་པས་བཟླས་པར་བྱ། །དེ་མཐར་ཆོ་ག་ཤེས་པ་ཡིས། །མཚན་གཅིག་ ཐོག་ཐག་མི་ཉལ་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །རྣམ་དག་བདག་ཉིད་ངེས་པར་མཐོང་། །ལྷ་ཡི་ལུས་ཀྱིས་གཟུགས་དང་ནི། །དེ་ཡི་རྒྱུད་དུ་ངོ་ཤེས་འགྱུར། །མཚན་མ་འདི་དག་ཤེས་ནས་སུ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །བྱམས་དང་ སྙིང་རྗེ་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་རབ་ཏུ་བྱ། །གལ་ཏེ་དེ་ཡང་མེད་གྱུར་ན། །དེ་ཚེ་བཟླས་བསྒོམ་ཚུལ་གྱིས་བྱ། །དེ་ཡི་མིང་ཙམ་བྲིས་ནས་སུ། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །སྐུ་གཟུགས་ཀྱང་ནི་བྱས་ནས་སུ། །སྦྱིན་སྲེག་དབང་བསྐུར་བྱས་གྱུར་ན། །གདོན་ མི་ཟ་བར་བདེ་འགྲོར་སྐྱེ། །ཐལ་བ་ཡུངས་ཀར་བྱེ་མ་སོགས། །མིང་སྤེལ་སྔགས་ནི་མངོན་བཏབ་ནས། །རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །དེ་ལྟར་བྱས་ན་སྡིག་པ་ཅན། །ཡིན་ཡང་ངན་སོང་རྣམས་ལས་ནི། །རྣམ་པར་ཐར་བར་གྱུར་ནས་ཀྱང་། །དགེ་བ་མཆོག་གི་ས་བོན་ནི། ། བསྐྱེད་དང་ལྡན་པས་སངས་རྒྱས་ཉིད། །འབྲས་བུར་ཡང་དག་ལྡན་པ་ཡི། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་རྒྱུ། །རབ་ཏུ་བསྒོམས་པའི་བསོད་ནམས་ལྡན། །འཇིག་རྟེན་ངན་སོང་བཅོམ་པ་ནི། །འདི་ལྟར་ལྷ་ཡང་ཅི་ཞིག་སྨོས། །འདི་ལ་ ཐེ་ཚོམ་མེད་པ་ཡིན། །གང་ཡང་དགེ་བའི་རྩ་བ་མ་བསྐྱེད་པ་དང་། གང་ཡང་མེད་པའི་ལྟ་བ་ཅན་དང་། གང་བྱང་ཆུབ་ཀྱི་ལམ་ལས་རྣམ་པར་འདས་པས་བསྟན་པ་ལ་ཞེ་སྡང་གི་གནོད་པ་བྱེད་པ་དང་། སྡིག་པའི་རང་བཞིན་མི་ཤེས་པ་ཕ་དང་མ་ལ་སེམས་མི་བརྩེ་བ་དང་། བྱང་ཆུབ་ཀྱི་སེམས་ ལ་མི་བརྟེན་པ་དང་། །འདོད་ཆགས་དང་བྲལ་བ་བསད་པ་དང་། ལྷ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སྔགས་དང་། ཕྱག་རྒྱའི་ཚོགས་ལ་སོགས་པ་རྣམས་ལ་མེད་པ་ཉིད་དུ་ལྟ་བ་ལ་སོགས་པའི་སྡིག་པ་ཅན་རྣམས་ལ་དེ་ལྟ་བུའི་ཤེས་རབ་དང་ཐབས་མེད་ན་གྲོལ་བ་མེད་ དོ་ཞེས་པ། བདེ་བར་གཤེགས་པ་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་སྤྱན་པདྨ་རྒྱས་པ་རྣམས་ལེགས་སོ་ཞེས་བྱ་བས་མཉེས་པར་མཛད་དོ། །མཉེས་པར་མཛད་ནས་མཆོད་པ་མཛད་དོ། །བརྒྱ་བྱིན་གཞན་ལ་ཕན་པར་བརྩོན་པས་ཀྱང་ཇི་ལྟར་བཀའ་སྩལ་པ་ བཞིན་དུ་བྱས་སོ། །འབྲས་བུ་དེ་བཞིན་དུ་ཐོབ་པར་གྱུར་ཏོ། །དབང་ལྡན་དུ་མགྲིན་པ་སྔོན་པོ་གླང་ཁྱུ་མཆོག་ལ་ཞོན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ། གཡས་པའི་དང་པོ་དང་གཉིས་པ་རྡོ་རྗེ་རྩེ་གསུམ་པ་དང་མཆོག་སྦྱིན་དུ་བཅས་པ། གཡོན་པའི་གཅིག་གིས་རྩེ་གསུམ་པ་འཛིན་ཅིང་ གཉིས་པས་རལ་གྲི་འཛིན་པ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་བྲིས་ཏེ། ཨོྃ་པ་ཤུ་པ་ཏི་ནཱི་ལ་ཀཎྜ་ཨུ་མཱ་པྲཱི་ཡ་སྭཱ་ཧཱ་ཞེས་པ་འདིས་སོ། །དེ་ནས་ཕྱག་རྒྱ་འདི་ཡིན་ཏེ། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ་མཐེའུ་ཆུང་མཐེ་བོང་གིས་མནན་ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཤིང་མིང་མེད་ དང་མཛུབ་མོའང་རྡོ་རྗེའི་རྣམ་པར་ཅུང་ཟད་འདུད་པར་བྱའོ། །འདི་ནི་ཕྱུགས་བདག་གི་ཕྱག་རྒྱའོ། །ཁྱབ་འཇུག་ཁྱུང་ལ་ཞོན་པ། མདོག་ནག་པོ་ཕྱག་བཞི་པ། ཕྱག་གཡས་པ་དག་ན་དབྱུག་ཏོ་དང་རྡོ་རྗེ་འཛིན་ཅིང་། གཡོན་པ་དག་ན་དུང་དང་འཁོར་ལོ་འཛིན་པའོ། །གསེར་གྱི་རྡོ་རྗེ་མ་ ཁྱབ་འཇུག་ལྟ་བུ་གསེར་གྱི་མདོག་ཅན་དུ་ཤེས་པར་བྱའོ། །རྡོ་རྗེ་དྲིལ་བུ་མ་རྨ་བྱ་ལ་ཞོན་པ། ཞལ་དྲུག་པ། དམར་པོ་གཡས་པ་དག་ན་ཤཀྟི་དང་རྡོ་རྗེ། གཡོན་པ་དག་ན་ཁྱིམ་བྱ་དང་དྲིལ་བུ་འཛིན་པའོ། །རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་དྲིལ་བུ་ལྟ་བུར་ཤེས་པར་བྱའོ། །མི་སྨྲ་བ་རྡོ་རྗེ་དང་པ་ལ་ ལ་ཞོན་པ། གསེར་མདོག་ཅན་ཞལ་བཞི་པ། ཕྱག་བཞི་པ་ཕྱག་གཡས་པ་དག་ན་རྡོ་རྗེ་དང་བགྲང་ཕྲེང་འཛིན་ཅིང་། གཡོན་པ་དག་ན་དབྱུག་ཐོ་དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་ཞི་བ་མ་ཚངས་པ་ལྟ་བུར་ཤེས་པར་བྱའོ། །རྡོ་རྗེ་མཚོན་ཆ་གླང་པོ་ཆེ་དཀར་པོ་ལ་ཞོན་པ། ཕྱག་གཡོན་ པས་རང་གི་རྡོ་རྗེ་འཛིན་ཅིང་གཡས་པས་འཇིག་རྟེན་ལས་འདས་པའི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་མཚོན་ཆ་ལྟར་ཤེས་པར་བྱའོ། །རྡོ་རྗེ་འཁྱིལ་བ་ཁྲོ་བོ་ཡང་ཤིང་རྟ་ལ་ཞོན་པ། མདོག་དམར་པོ། གཡས་པ་དང་གཡོན་པ་ན་པདྨ་དང་། ཉི་མའི་དཀྱིལ་འཁོར་འཛིན་པའོ། ། རྡོ་རྗེ་བདུད་རྩི་མ་དང་རྡོ་རྗེ་འཁྱིལ་པ་ཁྲོ་བོ་ལྟ་བུ་ཉིད་དོ། །རྡོ་རྗེ་འོད་ཟེར་ཁྲོ་བོ་དཀར་པོ་ངང་པ་ལ་ཞོན་པ་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་པདྨ་དང་ཟླ་བ་འཛིན་པའོ། །རྡོ་རྗེ་འོད་ཟེར་མ་རྡོ་རྗེ་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་དབྱུག་པ་ཁྲོ་བོ་རུས་སྦལ་ལ་ཞོན་པ་མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་འཛིན་ ཅིང་། གཡོན་པས་དབྱུག་པ་འཛིན་པའོ། །དབྱུག་པ་རྡོ་རྗེ་མཆོག་མ་རྡོ་རྗེ་དབྱུག་པ་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་དམར་སེར་ཁྲོ་བོ་གླང་པོ་ཆེ་ལ་ཞོན་པ་མདོག་དམར་པོ། ཕྱག་གཡས་ན་རྡོ་རྗེ་འཛིན་ཅིང་། གཡོན་པས་མི་བཟུང་ནས་ཟ་ཞིང་གནས་པའོ། ། རྡོ་རྗེ་སྐ་རགས་མ་རྡོ་རྗེ་དམར་སེར་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་ཚོགས་བདག་གླང་སྣ་གླང་པོ་ཆེ་ལ་ཞོན་པ་ཅན། ཕྱག་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་གཤོལ་འཛིན་ཅིང་གནས་པ་མདོག་དཀར་པོའོ། །རྡོ་རྗེ་འདུལ་བ་མ་རྡོ་རྗེ་གླང་སྣ་ལྟ་བུའོ། །འདི་ནི་ཁྱད་པར་ཏེ་གང་ཞེ་ ན། ཕྱག་གཡོན་གྱིས་ཁ་ཊྭཱྃ་ག་འཛིན་པའོ། །རྡོ་རྗེ་ཕྲེང་བ་ཚོགས་ཀྱི་བདག་པོ་མདོག་ལྗང་གུ། བྱ་ཀུ་ལི་ཀའི་ཤིང་རྟ་ལ་ཞོན་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ། གཡོན་པས་མེ་ཏོག་གི་ཕྲེང་བ་འཛིན་པའོ། །རྡོ་རྗེ་གདན་མ་རྡོ་རྗེ་ཕྲེང་བ་ལྟ་བུའོ། །འདི་ནི་ཁྱད་པར་ ཏེ་གང་ཞེ་ན། ཕྱག་གཡོན་གྱིས་ཤཀྟི་འཛིན་པའོ། །རྡོ་རྗེ་དབང་ཅན་ནེ་ཙོའི་ཤིང་རྟ་ལ་ཞོན་པ་མདོག་དཀར་སེར། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པའོ། །རྡོ་རྗེ་དབང་ཅན་མ་རྡོ་རྗེ་དབང་ཅན་ལྟ་བུ་སྟེ་འདི་ནི་ཁྱད་པར་རོ། །གང་ ཞེ་ན། མདོག་དམར་པོའོ། །རྣམ་རྒྱལ་རྡོ་རྗེ་ཚོགས་ཀྱི་བདག་པོ་སྦལ་པ་ལ་ཞོན་པ། མདོག་དཀར་པོའོ། །ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་རལ་གྲི་འཛིན་པའོ། །རྡོ་རྗེ་གདེངས་པ་མ་རྣམ་རྒྱལ་རྡོ་རྗེ་ལྟ་བུའོ། །རྡོ་རྗེ་གཏུན་ཤིང་ཕོ་ཉ་མོ་མེ་ཏོག་གི་ཤིང་རྟའི་ཁར་བུ་ ཞོན་པ་མདོག་དཀར་སེར། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་གཏུན་ཤིང་འཛིན་པའོ། །རྡོ་རྗེ་གཏུན་ཤིང་ཕོ་ཉ་མོ་རྡོ་རྗེ་གཏུན་ཤིང་ལྟ་བུ་སྟེ་འདི་ནི་ཁྱད་པར་རོ། །གང་ཞེ་ན། གཡོན་གྱིས་ཁ་ཊྭཱྃ་ག་འཛིན་པའོ། །རྡོ་རྗེ་རླུང་གི་ཕོ་ཉ་མདོག་སྔོན་པོ་རི་དགས་ལ་ཞོན་པ་ཕྱག་ གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་དར་འཛིན་པའོ། །མགྱོགས་པའི་རྡོ་རྗེ་མ་རྡོ་རྗེ་རླུང་གི་ཕོ་ཉ་ལྟ་བུའོ། །རྡོ་རྗེ་མེའི་ཕོ་ཉ་མོར་སྐྱེས་ལ་ཞོན་པ་མདོག་དམར་པོ་གྱེན་དུ་འབར་བའི་འོད་རྩེ་གསུམ་པ་འབར་བའི་ཕྱག་གཡས་དག་ན་རྡོ་རྗེ་དང་གོ་ཆ་འཛིན་པ། གཡོན་པ་དག་ན་དབྱུག་པ་ དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་འབར་མ་རྡོ་རྗེ་མེ་ལྟ་བུའོ། །རྡོ་རྗེ་འཇིགས་བྱེད་ཕོ་ཉ་མ་སྔོན་པོ་རོ་ལངས་ལ་ཞོན་པ་ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་རྩེ་གསུམ་འཛིན་པའོ། །རྡོ་རྗེ་གཙིགས་པ་ཕོ་ཉ་མོ་རྡོ་རྗེ་འཇིགས་བྱེད་ལྟ་བུ་སྟེ། འདི་ནི་ཁྱད་པར་རོ། །གང་ཞེ་ན། གཡོན་པས་ཞགས་པ་འཛིན་པའོ། །རྡོ་རྗེ་ལྕགས་ཀྱུ་བྲན་ཀླུ་ལྷག་པ་ལ་ཞོན་པ། སྔོན་པོ་ཕག་གི་གདོང་པ་ཅན། གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ལྕགས་ཀྱུ་འཛིན་པའོ། །རྡོ་རྗེ་ནག་མོ་བྲན་མོ་རོ་ལངས་ཀྱི་བཞོན་པ་ཅན། ཕྱག་གཡོན་གྱིས་ཁ་ཊྭཱྃ་ག་འཛིན་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ་མདོག་ནག་མོའོ། །རྡོ་རྗེ་ལོག་འདྲེན་ཕྲན་བྲ་བ་བྱི་བ་ཞོན་པ། མདོག་དཀར་པོ། གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་དག་ན་རྡོ་རྗེ་དང་དགྲ་སྟ་འཛིན་པ། གཡོན་དག་ན་རྩེ་གསུམ་དང་ནི་དབྱུག་པ་འཛིན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་ པའོ། །རྡོ་རྗེ་སྲུལ་མོ་བྲན་མོ་མདོག་སྔོན་མོ་གཡས་ན་རྡོ་རྗེ་འཛིན་པ་གཡོན་པ་ཕྱགས་མ་འཛིན་པ་བྲ་བ་བྱི་བ་ཞོན་པའོ། །ཀླུ་རྡོ་རྗེའི་ཆུ་སྲིན་ཞོན་པ་གདེངས་ཀ་བརྒྱད་པ། མདོག་དཀར་པོ་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ཀླུའི་ཞགས་པ་འཛིན་པའོ། །རྡོ་རྗེ་ཆུ་སྲིན་ མ་བྲན་མོ་ཆུ་སྲིན་ལ་ཞོན་པ། མདོག་དཀར་མོ། གདེངས་ཀ་བརྒྱད་མ། གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་རྡོ་རྗེས་མཚན་པའི་ཆུ་སྲིན་འཛིན་པའོ། །འཇིགས་མདོག་མ་ལྗང་གུ་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་རལ་གྲི་ཕེ་ཊ་ཀ་འཛིན་པའོ། །དཔལ་མོ་ མདོག་དཀར་སེར་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་པདྨ་འཛིན་པའོ། །དབྱངས་ཅན་མ་མདོག་དཀར་མོ། ཕྱག་གཡོན་པས་པི་བང་གཡས་པས་རྡོ་རྗེ་མའོ། །བགྲོད་ཀ་མདོག་ལྗང་གུ་སེང་གེ་ལ་ཞོན་པ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་ པ་དག་ན་ལྡེ་མེན་དང་རལ་གྲི་འཛིན་པའོ། །མ་མོ་ཐམས་ཅད་དང་། དྲག་པོ་ལ་སོགས་པ་དང་། ཆུ་བདག་གི་མཐར་ཐུག་པ་རྣམས་ཀྱི་དང་། གང་ཕྱག་གཡས་སུ་རྡོ་རྗེ་གསུངས་པ་དེ་ནི་རྡོ་རྗེ་རྩེ་གསུམ་པར་ཤེས་པར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ ཅད་རྣམ་པར་སྣང་མཛད་ལ་མངོན་དུ་བལྟས་པའོ། །དེ་ནས་ཐུན་མཚམས་ཀྱི་དུས་སུ་རྡོ་རྗེ་ཏི་རིནྟི་རིས་དག་པར་བཅིངས་ཏེ་མེ་ཏོག་སྔོན་པོའི་ཕྲེང་བ་བཟུང་ལ་དཀྱིལ་འཁོར་དུ་འཇུག་གོ། །ཡི་གེ་ཧཱུྃ་བཞི་པ་བརྗོད་ཅིང་རྡོ་རྗེ་རྣམ་པར་སྣང་མཛད་ལ་བསྐོར་བ་བདུན་ དང་དུང་དང་དྲིལ་བུའི་སྒྲ་བསྒྲག་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཡང་ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ངེས་པར་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་རྡོ་རྗེའི་གར་བྱས་ལ་བླངས་ཏེ་ཡི་གེ་ཧཱུྃ་བཞི་པ་ཉིད་ཀྱིས་རང་གི་མགོ་བོར་བཅིང་ངོ་། །ཇི་ལྟར་ཆོ་ག་ བཞིན་དུ་ཡང་། །གང་ཞིག་ཆད་པ་ཡོངས་སུ་བསྐང་། །མཁས་པས་ལྷག་པ་རྣམས་སྤང་ཕྱིར། །རྡོ་རྗེ་དྲིལ་བུ་ཀུན་རྟོག་བྱ། །འགྲུབ་འགྱུར་ཉེས་པ་སྤང་མི་བྱ། །ཞེས་གསུངས་སོ། །དེ་ནས་འདུག་པར་གྱུར་པ་ཡི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་ རྗེ་སྒོ་ནི་བཞི་པོ་རྣམས། །ཡིད་ཀྱིས་དབྱེ་བར་བྱ་བ་ཉིད། །ཨོྃ་བཛྲོ་ཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུྃ་ཞེས་བྱའོ། །ཕྱག་རྒྱ་ཡང་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ། །མཛུབ་མོ་གན་རྐྱལ་ཡང་དག་གཟུང་། །ལེགས་པར་དྲག་ཏུ་རྣམ་པར་དབྱེ། །སྒོ་དབྱེ་བ་ཡི་ཆོ་ག་ ཡི། །ཞེས་པའོ། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་རྣམས་བྱས་ལ་རིན་པོ་ཆེ་བདུན་ལས་བྱས་པའམ་ས་ལས་བྱས་པའི་བུམ་པ་ནག་པོ་ལ་སོགས་པ་མེད་པ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྟོ་བ་ཆེ་བ། ལྷ་རྫས་ཀྱི་དྲིའི་ཆུ་དང་། རིན་པོ་ཆེ་དང་། སྨན་ཐམས་ ཅད་དང་། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ། ཡལ་འདབ་དང་བཅས་པ། མགྲིན་པ་ལ་གོས་དམ་པས་ལེགས་པར་བཅིངས་ལ་བསྲུང་བ་བྱས་པ། ཕྱི་རོལ་ཀུན་དུ་ལྷ་རྫས་ཀྱི་དྲི་རྗེས་སུ་བྱུགས་པ་མེ་ཏོག་གི་ཕྲེང་བ་བཏགས་པའི་རྡོ་རྗེས་སྟེང་དུ་མཚན་པ། རྡོ་རྗེ་ཆེན་པོའི་ བྱིན་གྱིས་བརླབས་པ། ཁྲོ་བོ་ཏི་རིནྟི་རིས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ཡལ་འདབ་ཀྱིས། །ཨོྃ་བཛྲོ་ད་ཀ་ཧཱུྃ་ཞེས་བྱ་བ་འདི་སྟོང་རྩ་བརྒྱད་མངོན་པར་བསྔགས་པའི་ཡི་གེ་ཧཱུྃ་བཞི་པ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྤྱན་སྔར་ ལེགས་པར་བཞག་གོ། །འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པའི་ཕྱི་རོལ་དུ་བུམ་པ་གཉིས་པ་ལ་ཡི་གེ་ཧཱུྃ་བཞི་པ་བརྒྱ་རྩ་བརྒྱད་བཟླས་པ་བཞག་གོ། །དེའི་ཆུས་བདག་ཉིད་དང་སློབ་མ་དབང་བསྐུར་བ་བྱ་སྟེ་གཞུག་པའི་ཕྱག་རྒྱ་བཅིངས་ནས་སམ་མ་བཅིངས་པ་ཡང་ངོ་། །བྱི་ རུ་དེ་བཞིན་ས་ལེ་སྦྲམ། །དུང་དང་དེ་བཞིན་ནོར་བུ་ནི། །རིན་ཆེན་ཀུན་ཏེ་སིང་གྷྲི་དང་། །བྱཱ་གྷྲི་གི་རི་བེ་བེ་རེ། །སྨན་ཀུན་ཏིལ་ནས་སྲན་མ་ཤ། །འབྲས་དང་གྲོ་ནི་ལྔ་པ་སྟེ། །སྨན་ལྔ་འབྲུ་ཀུན་སྒྲས་མཚོན་པའོ། །དེའི་རྗེས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་ པ་འཛིན་དུ་བཅུག་ནས་རྡོ་རྗེ་གནོད་སྦྱིན་གྱི་གོས་སྔོན་པོ་ལ་ཡང་ཡོངས་སུ་བཟླས་ཏེ་སེམས་དཔའི་གཙུག་ཏོར་གྱིས་གཙུག་ཏོར་བཅིང་བ་དང་། སྒོ་སྐྱོང་གིས་གདོང་བཅིང་བ་དང་། རྡོ་རྗེ་གོ་ཆས་སྟོད་གཡོགས་དང་། གཙུག་ཏོར་ལ་སོགས་པ་ཅན་གྱིས་སློབ་དཔོན་གྱིས་ཁྲོ་བོ་ཏི་རིནྟི་རིས་མེ་ ཏོག་སྔོན་པོའི་ཕྲེང་བ་བཟུང་ནས། ཨོྃ་བཛྲ་ས་མ་ཡ་པྲ་བེ་ཤཱ་མི་ཞེས་བརྗོད་ཅིང་ཞུགས་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ནས་བདག་ཉིད་འཇུག་པར་བྱས་ལ། ཕྲེང་བ་དེ་ དཀྱིལ་འཁོར་ཆེན་པོར་དོར་ལ་རང་རང་གི་མགོ་ལ་བཅིངས་ཏེ་གདོང་བཅིངས་པ་བཀྲོལ་ལ། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་བལྟས་ཏེ། །ཏིཥྛ་བཛྲ་ཞེས་པ་ལ་སོགས་པས་གཞུག་པའི་ཕྱག་རྒྱ་དགྲོལ་བ་ཡང་བྱས་ལ་ཆུའི་དབང་བསྐུར་བ་དང་། སངས་རྒྱས་ལྔའི་ཅོད་པན་དང་དར་ དཔྱངས་དང་། རྡོ་རྗེ་དང་། ཕྲེང་བ་དང་། བདག་པོ་ལ་སོགས་པས་དབང་བསྐུར་བ་དགུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་བླངས་པ་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་དང་། དངོས་གྲུབ་དང་། རྡོ་རྗེ་བརྟུལ་ཞུགས་ཀྱང་བཟུང་ལ། མེ་ཏོག་ ལ་སོགས་པས་ཀྱང་བདག་ཉིད་ལེགས་པར་མཆོད་དེ་ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། ཡི་གེ་ཧཱུྃ་གིས་གཟེངས་བསྟོད་པ་དང་། ལུང་བསྟན་པ་ཡང་སྨོས་ལ། སླར་ཡང་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་ཇི་ལྟར་མངོན་པར་འདོད་པའི་བཟླས་པ་ཡང་སྟེ། ཧཱུྃ་ཀཱ་ར་ བཛྲ་ཧྃ་ཞེས་པའོ། །རང་གི་མཚན་བརྗོད་པར་བྱ་ཞིང་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྔགས་ཨཿའི་རྣམ་པའི་མཐའ་ཅན་གྱི་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ་བཞིན་གཤེགས་པ་རྡོ་རྗེའི་བདག་ཉིད་དབབ་བོ། །བཛྲོ་ཧྃ་ཞེས་བྱ་བ་ ཡིས་རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས་ལ་དེ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། བཛྲ་དྷཱ་ཏུ་ཨ་ཧྃ་ཞེས་པའོ། །དེ་ལྟར་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བྱང་གི་སྒོར་དེའི་སྔགས་ཨཿའི་རྣམ་པའི་མཐའ་ཅན་གྱི་རྡོ་རྗེ་རྡོ་རྗེ་དྲིལ་བུའི་བདག་ཉིད་དབབ་པའོ། ། བཛྲ་གྷ་ཎྜོ་ཧྃ་ཞེས་པའི་ང་རྒྱལ་བསྐྱེད་ལ་དེ་བཛྲ་ཨཱ་བེ་ཤ་ཀྲོ་དྷོ་ཧྃ་ཞེས་བསྒོམ་མོ། །དེ་ལྟ་བུས་རྡོ་རྗེ་རེ་བསྒྲུབ་པ་ཡིན་ནོ། །དེ་ནས་ཡང་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུས་བཅིངས་ལ་སེ་གོལ་ལེགས་པར་གཏོགས་པར་བྱེད་ཅིང་སངས་རྒྱས་ཐམས་ཅད་འདུས་པར་བྱ་སྟེ། །ཨོྃ་ བཛྲ་ས་མཱ་ཡ་ཛཿ། ཛཿཧཱུྃ་བྃ་ཧོཿཞེས་པ་ལན་ཉི་ཤུ་རྩ་གཅིག་རབ་ཏུ་བརྗོད་དོ། །དེ་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་ཁྲོ་བོའི་དམ་ཚིག་བརྗོད་དོ། །དེ་མ་ཐག་ཏུ་མཚན་བརྒྱ་རྩ་བརྒྱད་པ་མཆོག་གོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་གི་སྒོ་ནས་སྤྱན་དྲངས་ལ་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ལ་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུྃ་བཞི་པས་མཆོད་ཡོན་ཕུལ་ཏེ་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། བསྐལ་བ་བཟང་པོའི་མཐར་ཐུག་པ་རྣམས་བསྒྲུབས་ཏེ་རང་གི་སྔགས་བརྗོད་པ་ཇི་ལྟ་བུར་བརྗོད་ཅིང་ཛཿཧཱུྃ་བཾ་ཧོཿས་མ་ ཡ་སྟྭྃ་ཨ་ཧྃ། དེ་ནས་རང་གི་སྔགས་བརྗོད་དོ། །དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་དབྱུང་སྟེ། རྡོ་རྗེ་ལས་གསང་དམ་པ་བྱུང་། །དམ་ཚིག་མཆོག་རྣམས་ཉིད་དུ་གྲགས། །ཁྲོ་བོའི་བཅིང་བ་བླ་མེད་པ། །དེ་རྣམས་བཅིང་བར་རབ་བཤད་བྱ། ། ལག་ངར་རྡོ་རྗེ་ཀུན་དུ་བསྣོལ། །མཐེ་ཆུང་ལྕགས་ཀྱུ་བཅིང་བ་ཉིད། །མཛུབ་མོ་དག་ནི་རབ་ཏུ་བརྐྱང་། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་ཞེས། །དེ་བཞིན་མཛུབ་མོ་ཁ་སྤྲད་ཅིང་། །ནོར་བུ་ཉིད་ནི་བར་མ་བསྐུམ། །བསྙམས་ལ་དབུ་མ་པདྨ་ཉིད། །གུང་མོ་མཛུབ་མོ་གཉིས་ སྡིགས་མཛུབ། །སྡིགས་མཛུབ་གཉིས་ནི་རྡོ་རྗེ་ཡང་། །གཡས་པ་བཀུག་པ་ལྕགས་ཀྱུའོ། །དེ་དག་ཉིད་སྦྱར་ཡི་གེ་ཧཱུྃ། ལེགས་པའི་རྣམ་པ་དེ་བཞིན་ཡང་། །མཛུབ་གཉིས་ལོགས་གནས་ཁྲོ་གཉེར་དུ། །སྙིང་གར་ཉི་མ་མཛུབ་གཉིས་ཟླུམ། །ལག་པ་མགོ་ བོར་རབ་ཏུ་བརྐྱང་། །མཛུབ་མོ་ཁ་རུ་དགོད་པ་ཅན། །མཛུབ་མོ་སེན་མོ་ཀུན་དུ་རིག །གཡས་པ་མཛོད་ཀྱི་ཁུ་ཚུར་ཡང་། །གུང་མོའི་མགོ་བཅས་འཁོར་ལོ་ཉིད། །ཁ་ལས་རབ་མཆོག་ཐོན་པ་ཡི། །མཛུབ་མོ་དབུ་མ་རྡོ་རྗེ་ཡང་། །མཛུབ་མོ་མགྲིན་པ་བསྐོར་བ་དང་། ། མཛུབ་མོ་ལྷག་མ་མཆེ་བ་ཆེ། །རྡོ་རྗེ་ཁུ་ཚུར་མཐེ་བོང་བསྡམ། །སྒེག་མོ་ལ་སོགས་པ་རྣམས་ནི་རྡོ་རྗེ་དབྱིངས་སུ་བཤད་པ་བཞིན་དུ་བྱ་བ་འདི་ལྟ་སྟེ། །རྡོ་རྗེ་བསྡམས་པ་བཅིངས་ནས་སུ། །སྙིང་གར་ཡང་ན་མཐེ་བོང་མཉམ། །ལེགས་པར་རབ་བརྐྱང་ཕྲེང་བ་མ། །ཐལ་ མོ་སྦྱར་མཆོག་ཁ་ནས་དབྱུང་། །གར་ལས་སྤྱི་བོར་ཐལ་མོ་སྦྱར། །རྡོ་རྗེ་བསྡམས་པ་ཐུར་དུ་སྦྱིན། །ཐལ་མོ་ལེགས་སྦྱར་གྱེན་དུ་གཏོར། །མཐེ་བོང་བསྙམས་ཏེ་ངེས་པར་བསྡམས། །རབ་ཏུ་བརྐྱང་བ་བྱུག་པ་ཡི། །མཛུབ་མོ་གཅིག་ནི་བཀུག་པ་དང་། །མཐེ་བོང་གཉིས་ནི་མདུད་ པ་བཅིངས། །མཐེ་བོང་མཛུབ་མོ་བསྣོལ་བ་བཅིང་། །རྡོ་རྗེ་ཁུ་ཚུར་མཆོག་བསྡམས་ཉིད། །ཅེས་པའོ། །སྙིང་པོའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ་ཧཱུྃ་གི་རྣམ་པ་ཉིད་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཕྱག་རྒྱའི་ངེས་པར་འབྱུང་བ་སྟེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ནི། རྣམ་པར་སྣང་མཛད། རྡོ་རྗེ་ཧཱུྃ་མཛད་རིན་ཆེན་ཧཱུྃ་མཛད། ཆོས་ཀྱི་ཧཱུྃ་མཛད། ལས་ཀྱི་ཧཱུྃ་མཛད་ཀྱི་གནས་སུ་ཡང་ངོ་། །དེ་ནས་རིན་ཆེན་ཧཱུྃ་མཛད་ལ་སོགས་པ་རྣམས་ཀྱི་སྔགས་རྣམས་འབྱུང་སྟེ། །ཨོྃ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷཱ་ན་ཡ་སརྦ་རཏྣཱ་ནི་ཧྲཱིཿཧཱུྃ་ཕཊ། ཨོྃ་བཛྲ་ ཏྭཱིཿཋྚཱིཿཀྲོ་དྷ་དུཥྚ་མཱ་ར་ཡ་ཧཱུྃ་ཕཊ། ཨོྃ་བཛྲ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རཱུ་པཱ་ཡ་སཱ་དྷ་ཡ་ཧཱུྃ་ཕཊ། ཕྱག་རྒྱ་གཞན་རྣམས་ནི་སེམས་དཔའ་རྡོ་རྗེ་མ་ནས་བརྩམས་པར་བལྟའོ། །དེ་ཉིད་ཀྱི་ཕྱིར་རིག་པ་ཐམས་ཅད་ཀྱི་མཆོག་རྣམས་ཀྱིས་རྣམ་པར་རྒྱལ་བའི་སྔགས་སུ་བཤད་དོ། །རྡོ་རྗེ་ཧཱུྃ་ མཛད་དང་བཅས་པའི་ཕྱག་རྒྱ་བསྡུ་བས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་བཀླག་པར་བྱའོ། །གཞན་རྣམས་རྡོ་རྗེ་ཧཱུྃ་མཛད་དུ་འགྱུར་བ་རིགས་པ་ཡང་མ་ཡིན་ཏེ། རྒྱུད་ཐམས་ཅད་དུ་ཧཱུྃ་མཛད་ངེས་པར་བསྟན་པར་ཡང་མ་ཡིན་ནོ། །དེའི་རྗེས་སུ་དེ་ཁོ་ན་བཞིན་ ལྕེ་ལ་རྡོ་རྗེ་བཀོད་དེ་རིམ་པ་བཞིན་དུ་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་ཆོས་ཀྱི་ཡི་གེ་རྣམས་དགོད་དོ། །དེ་རྣམས་ཀྱང་ཧཱུྃ་ཡིག་སངས་རྒྱས་རྡོ་རྗེ་ཅན། ཏྲྭྃ་ཡིག་རྡོ་རྗེའི་སྙིང་པོ་ཡི། །ཧྲཱིཿཡི་རྣམ་པར་རྡོ་རྗེའི་སྡེའི། །ཨཿཡིག་རྡོ་རྗེ་སྣ་ཚོགས་ཀྱི། །ཧཱུྃ་སེམས་དཔའ་རྡོ་རྗེ་མ་ཡི། ། ཏྭཱྃ་རིན་ཆེན་རྡོ་རྗེ་མ་ཡི། །ཧྲཱིཿཆོས་ཀྱི་རྡོ་རྗེ་མ་ཡི། །ཨཿལས་ཀྱི་རྡོ་རྗེ་མ་ཡི། །ཧཱུྃ་ཧཱུྃ། ཏྲཱྃ་ཏྲཱྃ། ཧྲཱིཿཧྲཱིཿ། ཨཿཨཿཞེས་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དགའ་བ་ཆེན་པོ་ལ་ཧཱུྃ། གཟུགས་མཛེས་པ་ལ་ཧཱུྃ། མཆོད་པ་ཐམས་ཅད་ལ་ཧཱུྃ། རབ་ཏུ་ དགའ་བ་ལ་ཧཱུྃ། དབུས་སུ་བགྲོད་པ་ལ་ཧཱུྃ། ལེགས་པར་གཟི་མཆོག་ལ་ཧཱུྃ། དྲི་བཟངས་མཆོག་ལ་ཧཱུྃ། ཨཱ་ཡཱ་ཧི་ཛ་ཧཱུྃ། ཨཱ་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཧི་སྤོ་ཊ་བཾ་ཧཱུྃ་གྷ་ཎྚ་ཨ་ཨཿཧཱུྃ། རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་རྣམས་ཀྱིའོ། །དེ་མ་ཐག་ཏུ་ཨའི་ཡི་གེ་ ལས་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ལས་ཀྱི་ཕྱག་རྒྱ་བཅིང་ངོ་། །དེ་ལ་ཁྲོ་བོའི་ཁུ་ཚུར་རྣམ་པ་གཉིས་བྱས་ལ་གཡོན་པའི་རྡོ་རྗེ་སོར་མོ་གཡས་པས་བཟུང་ཞིང་བསྒྲེང་བ་བྱང་ཆུབ་མཆོག་ཅེས་བྱ་བའི་ཕྱག་རྒྱ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟེར་རོ། །གཉིས་པོ་དེ་དག་གིས་འགྱིང་ བ་དང་བཅས་པས་གསལ་བར་བྱེད་པ་ནི་རྡོ་རྗེ་ཧཱུྃ་མཛད་དང་རྡོ་རྗེ་སེམས་དཔའ་དང་སེམས་དཔའ་རྡོ་རྗེ་མ་རྣམས་ཀྱིའོ། །ལྕགས་ཀྱུ་འཛིན་པར་ཡང་དག་གནས། །མདའ་གསོར་བ་ཡི་སྦྱོར་བ་དང་། །ལེགས་སོ་ཞེས་བྱ་སྙིང་གར་གནས། །རྡོ་རྗེ་གཉིས་ཉིད་དབང་བསྐུར་བ། །རིན་ཆེན་ ཧཱུྃ་མཛད་དང་། རྡོ་རྗེ་ཁྲོ་གཉེར་དང་། ཁྲོ་བོ་དང་། རིན་ཆེན་རྡོ་རྗེ་མ་རྣམས་ཀྱིའོ། །སྙིང་གར་ཉི་མ་རབ་ཏུ་བལྟ། །གཡོན་གནས་ལག་ངར་དབྱུག་པ་དང་། །དེ་བཞིན་འདི་ནི་ཡོངས་སུ་བཟློག །གཡས་དང་གཡས་མིན་རྣམ་པར་བསྣོལ། །ཆོས་ཀྱི་ཧཱུྃ་མཛད་དང་། རྡོ་རྗེ་ ཆོས་དང་། ཆོས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ། །སྙིང་གར་ཉི་མ་ལ་རལ་གྲིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ཉིད། །རྡོ་རྗེ་གཉིས་ནི་ཁར་གནས་ཤིང་། །རྡོ་རྗེའི་གར་ནི་བཀྲོལ་བས་ནི། །འགྲམ་པ་སྤྱི་གཙུག་ཡང་དག་གནས། །ལས་ཀྱི་ཧཱུྃ་མཛད་དང་། རྡོ་རྗེ་ ལས་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ། །གོ་ཆ་མཐེ་ཆུང་མཆེ་བ་མཆོག །ཁུ་ཚུར་གཉིས་ནི་ངེས་པར་བཅིང་། །རྡོ་རྗེ་བགྱིངས་པའི་རབ་སྦྱོར་བས། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིངས་ཏེ་ཁ་ནས་དབྱུང་། །གར་ལས་སྤྱི་བོར་ཐལ་མོ་སྦྱར། ། འོག་ཏུ་འཕྱང་དང་གྱེན་དུ་འཐོར། །མཐེ་བོ་བསྙམས་ཏེ་ངེས་པར་གཤིབས། །དྲི་བྱུག་པ་ཡི་སྦྱོར་བ་ལས། །མཆོད་པའི་ཕྱག་རྒྱ་རབ་ཏུ་གྲགས། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ཡིས། །མཐེ་ཆུང་ལས་ནི་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཆོག་དག་བསྣོལ། ། རྒྱབ་དག་ཀྱང་ནི་ངེས་པར་གཤིབས། །ཞེས་སྒོ་སྐྱོང་རྣམས་ཀྱི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱང་གར་ལས་འབྱུང་བ་ཡིན་ནོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བཅིང་བར་བྱའོ། །རྡོ་རྗེ་སེམས་མ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་རྡོ་རྗེ་ མ་རྣམས་ཀྱི་ཡང་སྟེ་རྡོ་རྗེ་དང་པོ་དང་། །མཐར་གནས་པ་ཡི་སྐྱེས་པ་དང་། བུད་མེད་ཀྱི་གཟུགས་འཛིན་པ་དེ་རྣམས་ཀྱི་བདག་ཉིད་ཆེན་པོ་གང་དང་གང་གི་ཕྱག་རྒྱ་གང་དང་གང་ཡིན་པ་རྣམས་བཅིང་ངོ་། །ཐམས་ཅད་ཀྱི་ཕྱག་རྒྱ་དམ་ཚིག་ཕྱག་རྒྱ་ཡང་ཡིན་ཏེ། གཡོན་པ་དེ་བཞིན་ གཤེགས་པའི་ཁུ་ཚུར་གན་རྐྱལ་དུ་བྱས་ལ་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་དག་དང་མཐེ་ཆུང་ནས་བརྩམས་ཏེ་ཁ་ཕྱེ་བའི་ཐལ་མོ་ཁ་སྦྱར་བའོ། །འདི་ནི་བྱམས་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཀྱི་རིག་པ་ནི་སྔར་བཤད་པ་ཉིད་དེ། དེ་རྣམས་ཀྱི་རིག་པ་ལྗགས་ རྣམས་ལ་དགོད་དོ། །འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་དེ་རྣམས་འདྲི་བྱའི་རྗེས་སུ་འབྲངས་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲི་བྱའི་རྗེས་སུ་ འབྲངས་པ་ཉིད་ལས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་ངོ་། །དེ་ཉིད་ཀྱིས་ཡང་རིག་པའི་ཐུན་མོང་བའོ། །མཐེའུ་ཆུང་དང་། མཐེ་བོང་བཅིངས་ནས་ཀྱང་གཡོན་པའི་སོར་མོ་དབུས་མ་གསུམ་པོ་རྩེ་གསུམ་པ་ལ་དབུས་མ་རྩེ་མོ་ཡང་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཟུང་ཞིང་རྡོ་རྗེའི་རིག་པ་ མཆོག་འདི་ནི་རྡོ་རྗེའི་དཔལ་ཞེས་གྲགས་སོ། །དེ་ལས་གཞན་ནི་རབ་བཤད་བྱ། །སྒྱུ་མ་རྡོ་རྗེ་སོགས་མིང་ཅན། །རྡོ་རྗེ་བསྡམས་པ་བརྟན་བྱས་ལ། །གཡོན་པ་རྡོ་རྗེ་ཡང་བཅིང་བྱ། །རྡོ་རྗེ་ཁུ་ཚུར་ཞེས་གྲགས་པ། །རྡོ་རྗེའི་རིགས་རྣམས་ཀུན་ལ་འདི། །རྡོ་རྗེ་རྣམ་གཉིས་དང་ཡང་ བྱས། །མཚན་མ་ཐམས་ཅད་བཀོད་པ་ནི། །རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམས་སུའང་དགོད་པར་བྱ། །མདུན་དང་རྒྱབ་གནས་རབ་ཏུ་བརྐྱང་། །མཐེ་བོང་རྒན་པོ་འཛིན་པ་ཆོས། །ཨོྃ་གྱི་རྣམ་པ་སྤྱི་བོར་གནས། །རྡོ་རྗེ་ཤུགས་ཀྱི་རབ་ཏུ་གནས། །རིག་ པའི་རྒྱལ་པོའམ་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །ལག་པའི་མདུན་ཉིད་རབ་ཏུ་བརྐྱང་། །ལག་པའི་མདུན་ཡང་དེ་བཞིན་དུ། །ལག་པ་གཉིས་ཀྱང་ཁུ་ཚུར་གནས། །ཁ་ལས་ཡོངས་སུ་བསྐོར་བ་ཉིད། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོ་ལེགས་གནས་ཀྱང་། ། ཕྲེང་བ་འཛིན་པ་ངེས་རྒྱལ་ཉིད། །གཡས་པས་ནོར་ནི་སྦྱིན་པ་དང་། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་སོན། །ཚོགས་ཀྱི་བདག་པོ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །གཡས་པ་གཤོལ་ནི་གཟུང་བ་དང་། །དེ་བཞིན་ལག་པ་རབ་ཏུ་བརྐྱང་། །གཡས་པས་འབར་བ་ཀུན་དུ་སྟོན། །རྡོ་རྗེ་ཁུ་ ཚུར་རབ་ཏུ་འདར། །ཕོ་ཉ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །བསྙེམས་བཅས་ཁ་དང་མཆེ་བ་རྩེ། །བྱུགས་པས་འཇོམས་པ་རབ་ཏུ་སྦྱོར། །ལག་པ་བསྐུམ་པ་སྦྱར་བ་དང་། །རྡོ་རྗེ་གཡས་པ་འཕྲོག་པའོ། །བྲན་གྱི་ཕྱག་རྒྱའི་ཚོགས་སོ། །དེ་ནས་ཨུ་མ་ལ་སོགས་པ་མ་མོའི་ ཚོགས་ཀྱི་ཕྱག་རྒྱ་འབྱུང་སྟེ། གཡོན་པ་རྡོ་རྗེ་བསྡམས་པ་ཡིས། །རྩེ་གསུམ་མཚན་མ་བཅིང་བར་བྱ། །འདི་བཅིང་བ་ཡི་ཡང་དག་པའི། །དངོས་གྲུབ་རིག་པ་མཆོག་རང་ཉིད། །རྡོ་རྗེའི་རིགས་རྣམས་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་མཆོག་བསྲུངས་པ། །ཆོ་ག་ཇི་བཞིན་དམ་ཚིག་ གི། །ཕྱག་རྒྱ་བཅིང་བར་རབ་བཤད་བྱ། །འཁོར་ལོ་ཐམས་ཅད་མཆོག་ཀུན་བསྡམ། །དེ་བཞིན་བུ་ཡི་ཕྱག་རྒྱ་དང་། །ཨོྃ་ཡིག་ཕྱག་རྒྱའང་དེ་བཞིན་ཉིད། །ཡི་གེ་རྣ་ཅན་ཡོངས་སུ་གཟུང་། །ཕྱག་རྒྱ་མཛེས་པ་ཅན་དང་ནི། །འབར་བ་ཡོངས་སུ་གཟུང་བ་ཉིད། །འོད་ཟེར་བསྡུས་ པ་ཁོ་ན་ཡང་། །དབྱུག་པ་ཁུ་ཚུར་གཟུང་བ་ཉིད། །ཁ་ལས་ཡོངས་སུ་བསྐོར་བ་དང་། །ཁྲོ་བོའི་དམ་ཚིག་གདེངས་ཀ་ཡིས། །ཕྱག་རྒྱ་ཕྲེང་བ་རྡོ་རྗེ་བཅིངས། །མིང་མེད་སྤྱི་བོར་གནས་པ་ཉིད། །རྩིབས་ཅན་དཀྱིལ་འཁོར་བཞིན་དུ་བཟའ། །འོད་ཅན་རྩིབས་ཅན་དམ་ཚིག་རྣམས། ། ལག་ངར་བསྐུམ་ཞིང་ཁ་ཕྱོགས་དང་། །རྒྱབ་ནས་ཡོངས་སུ་བསྐོར་བ་ཉིད། །འོད་ཟེར་འབར་བ་གྲོལ་བ་དང་། །མདུན་དུ་དུལ་བར་གནས་པ་ཉིད། །ཕོ་ཉའི་དམ་ཚིག་རྣམས་སོ། །གཉིས་མཐར་ཞུགས་པ་རྩེ་མོ་སྦྱར། །བཅིངས་པ་ཉིད་དང་རབ་ལྟུང་བྱེད། །ལག་ངར་བསྣོལ་དང་མ་ བསྣོལ་དང་། །དེ་བཞིན་སྟོབས་ནི་འཕྲོག་པའོ། །བྲན་མོ་རྣམས་ཀྱི་དམ་ཚིག་ཡིན་ནོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྗགས་རྣམས་ལ་སྔགས་བཀོད་ལ་ཡི་གེ་ཨ་ལས་རང་གི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ་དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་ཏེ་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་ སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་ཕྱག་རྒྱ་ཆེན་པོ་བྲི་བྱའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། བསྐལ་པ་བཟང་པོ་པ་དང་ཕྱི་རོལ་རྡོ་རྗེའི་རིགས་རྣམས་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་མ་དཔལ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་སངས་རྒྱས་ལྔའི་ཅོད་པན་ དང་ཕྲེང་བ་དང་། དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་རོ། །དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པ་བྱའོ། །དེ་ནས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ་སྔར་བཤད་པའི་མཚན་ཉིད་ཅན་རྡོ་རྗེ་ལ་སོགས་རང་གི་མཚན་མས་མཚན་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་ བཟླས་པ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དགོད་པར་བྱའོ། །བུམ་པ་གང་བ་རྣམས་དང་། གོས་ཟུང་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང་དང་། བརྒྱའམ། རེ་རེ་ལ་རེ་རེའམ། ཐུན་མོང་བའམ། རྣམ་པ་སྣ་ཚོགས་པའི་བླ་རེ་དང་། ཟུར་བཞིར་རྣམ་པར་བཀྲ་བའི་བ་དན་ བཅིངས་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱང་ཡི་གེ་ཨོྃ་དང་། དཔལ་རྡོ་རྗེ་ཧཱུྃ་མཛད་ཡོངས་སུ་བཟླས་ལ། བཛྲ་སྥ་ར་ཎ་ཁྃ་ཞེས་པ་འདིས་ལྷ་ཐམས་ཅད་ལ་ངེས་པར་དབུལ་ལོ། །མེ་ཏོག་གི་ཤིང་བརྒྱ་དང་། བཞིའམ་ལྗོན་ ཤིང་རྣམས་དང་མེ་ཏོག་ཐམས་ཅད་ལ་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང་། །ཨོྃ་བཛྲ་པུཥྤེ་ཧཱུྃ། ཞེས་པས་མེ་ཏོག་གི་ཕྱག་རྒྱ་མངོན་པར་བསྔགས་སོ། །དྲི་ཐམས་ཅད་དང་། ངད་ཞིམ་པ་རྣམས་དང་། དྲི་མ་མེད་པའི་དྲི་བཟང་པོ་རྣམས་ལ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང་། །ཨོྃ་བཛྲ་གནྡྷེ་ཧཱུྃ། ཞེས་པ་འདི་དྲིའི་ཕྱག་རྒྱ་དང་བཅས་པ་ཡིས་སོ། །ག་བུར་དང་། ཨ་ཀ་རུ་དང་། དུ་རུ་སྐ་དང་། ཙནྡན་ལ་སོགས་པ་ལེགས་པར་བསྲེས་ལ། དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང་། །ཨོྃ་བཛྲ་དྷཱུ་བེ་ཧཱུྃ། ཞེས་པ་འདིས་བདུག་པའི་ཕྱག་རྒྱ་དང་བཅས་པས་སྤོས་ཕོར་འབུམ་དང་། སྟོང་ཕྲག་ བཅུ་དང་སྟོང་དང་བརྒྱའམ། ཇི་ལྟར་རྙེད་པ་ལའོ། །སྒྲོན་མ་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང་དང་། བརྒྱའམ། སྒྲོན་མ་ཐམས་ཅད་སྒྲོན་མའི་སྡོང་བུ་འབར་བ་དང་ལྡན་པའི་ཀོང་བུ་སྟོང་དང་། བཅུའམ་བཅུ་གཅིག་ལ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང་། །ཨོྃ་བཛྲ་ཨཱ་ལོ་ཀེ་ཧཱུྃ་ཞེས་པ་ འདི་མར་མེའི་ཕྱག་རྒྱ་དང་ལྡན་པས་ཡོངས་སུ་བཟླས་ལ། །ཨོྃ་སྥཱ་ར་ཎ་ཁྃ་ཞེས་པ་བརྗོད་ཅིང་དབུལ་བར་བྱའོ། །གཏོར་མའི་ཉེ་བར་སྤྱོད་པ་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང་དང་། བརྒྱའམ། །བཅུའི་གྲངས་སམ། བཀྲ་ཤིས་ཅན་དང་པོར་བྱ་སྟེ། རྣམ་པ་སྣ་ཚོགས་པའི་བཟའ་ བ་རྣམས་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ཏེ། ཨ་ཀཱ་རོ་མུ་ཁྃ་སརྦ་དྷ་རྨཱ་ཎཱ་མཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཞེས་པ་བརྗོད་ཅིང་དབུལ་བར་བྱའོ། །རོལ་མོ་བཅུ་དང་། བརྒྱ་དང་། སྟོང་དང་། སྟོང་ཕྲག་བཅུ་དང་། རོལ་མོ་འབུམ་དང་གང་ཡང་རུང་བ་ལ་ཡི་གེ་ཧཱུྃ་དང་། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ དག་གི་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོའི་སྟང་སྟབས་རྣམ་པ་བཅུ་བཞི་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། རྔ་མུ་ར་ཛ་དང་། རྔ་མུ་ཀུནྡ་དང་། འཁར་རྔ་དང་། རྔ་བྷི་རི་དང་། རྔ་པ་ཊ་ཧ་དང་། རྔ་ཀུན་ཛཱ་དང་། རྔ་ཏི་མི་ལ་ཡི་སྟང་སྟབས་སོ། །རོལ་མོ་དང་། ཟློས་གར་དང་། གར་དང་། རྣ་རྒྱན་དང་། ཅོད་པན་ལ་སོགས་པའི་མཆོད་པ་རྣམས་ཀྱང་ཡི་གེ་ཨོྃ་གྱིས་མངོན་པར་བསྔགས་ཏེའོ། །དེ་བཞིན་དུ་དར་དཔྱངས་འཕྱང་བར་བྱ་ཞིང་མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང་། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ་དང་། ཟླ་བ་ཕྱེད་པས་ ཉེ་བར་མཛེས་པ་དང་། རྟ་དང་གླང་པོ་ཆེ་དང་། བ་ལང་དང་། ཤིང་རྟ་རྣམས་འབུལ་ཏེ། བརྟགས་པ་དང་བཅས་པ་ཡང་ངོ་། །རྟ་བབས་ཉམས་དགའ་བའི་དྲིལ་བུ་དང་། བཅས་པ་རྣམས་ཀྱང་བཛྲ་སྥ་ར་ཎ་ཁྃ་ཞེས་པ་འདིས་སོ། །ཨོྃ་བཛྲ་ས་ཏྭ་སུ་སྃ་གྲ་ཧཱ་ཏ་དང་། བཛྲ་རཏྣམ་ ནུཏྟ་རྃ། བཛྲ་དྷརྨ་གཱ་ཡ་ནཻཿ། བཛྲ་ཀརྨ་ཀ་རོདྦྷ་བེ་ཞེས་བརྗོད་ཅིང་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་པོ་རྣམས་ཀྱིས་ཁྲོ་བོའི་ཁུ་ཚུར་གཉིས་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་ནས། མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ཁྲོ་བོའི་ཁུ་ཚུར་གཉིས་ཡིན་ནོ། །སླར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་ལ། །ཁྲོ་བོའི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ ཀྱི་དོན་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་མཛད་དུ་གསོལ་ཞེས་པའོ། །དེ་ནས་ཕྱི་རོལ་གྱི་མཆོད་པ་དབུལ་ཏེ། སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། །འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །ཆུ་བཅས་ཟས་བཅས་མེ་ཏོག་བཅས། །སྲན་ཆན་བཅས་ཤིང་ སྣུམ་ཁུ་ཚུར་ལ། །སོགས་པའི་བཟའ་བ་རྣམས་ལ་ནི། །ཡང་ཨ་ཀཱ་རོ་མུ་ཁྃ་ཞེས་པ་ལ་སོགས་བཟླས་ནས་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། མཆོད་ཡོན་རྣམས་ཀྱང་ཐོག་མ་དང་ཐ་ མར་དབུལ་བར་བྱའོ། །དེ་ལ་དང་པོ་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་སྤྱན་དྲང་ངོ་། །དེ་ནས་དམ་ཚིག་བསྟན་ནོ། །དེ་ནས་མཆོད་ཡོན་ཡང་ཕུལ་ཏེ་དྲི་ལ་སོགས་པས་ལེགས་པར་མཆོད་ལ། གཏོར་མ་དབུལ་ལོ། །དེ་ནས་གཤེགས་སུ་གསོལ་ལོ། ། དེ་ལ་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ་གཡས་བརྐྱང་གི་གོམ་པས་འདུག་ཅིང་། ལག་པ་གཡོན་པས་རྡོ་རྗེ་བསྟན་ལ། གཡས་པ་དཀུའི་ཕྱོགས་སུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་ངོ་། །དེའི་ མཛུབ་མོ་ལྕགས་ཀྱུ་དང་བྲལ་བ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་བརྐྱང་གི་གོམ་པས་འདུག་ལ་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེ་ནས་དེའི་སྔགས་ནི། ན་མོ་བཛྲ་སྱ་དི་ཤི་དི་ཤི་བཛྲ་པཱ་ཎི་རོཀྵ་རཀྵ་སྭཱ་ཧཱ། མེའི་ ཕྱོགས་སུ་བལྟས་ཏེ་ལག་པ་གཡས་པའི་མཛུབ་མོ་ཟླུམ་པོའི་རྣམ་པར་བཀུག་སྟེ་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་བཙུགས་ལ་མཐེ་བོང་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་གཞོགས་ལ་བསྟན་པ་ནི་མེ་ལྷའི་དམ་ ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལག་པའི་དབུས་སུ་མངོན་དུ་ཕྱོགས་ཏེ། གཅིག་ཏུ་སྦྱར་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགྣ་ཨེ་ཧི་ཨེ་ཧྱོ་ཧི་ཀ་པི་ལ་ཛྭ་ལ་ཛྭ་ལ་ད་ཧ་ད་ཧ་ཤི་ཁི་ཏོ་ལི་བི་རཱུ་པཱ་ཀྵ་སྭཱ་ཧཱ། གཤིན་རྗེར་བལྟས་ཏེ་ལག་པ་མདུན་དུ་ཕྱོགས་པར་ བྱས་ལ་ནང་དུ་རྡོ་རྗེ་བསྡམས་པའི་དབུས་སུ་མཐེ་བོང་གཉིས་དང་ཕྱི་རུ་མིང་མེད་གཉིས་སྦྱར་ཞིང་བསྒྲེང་སྟེ་སླར་ནང་དུ་བཟུང་བ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཡང་ཕྱི་རོལ་དུ་གཤིབས་ཏེ་བསྒྲེང་བ་སྙིང་གར་བཟུང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ ལག་སྦྱར་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཡ་མཱ་ཡ་སྭཱ་ཧཱ། བདེན་བྲལ་དུ་བལྟས་ཏེ་མཉམ་པའི་གོམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་པ་མཛུབ་མོ་དང་གུང་མོ་བཀུག་སྟེ་བཟུང་ཞིང་དྲིའི་རྣམ་པར་བཞག་ལ། ལག་པ་གཡོན་པ་སྟ་ཟུར་ཕྱོགས་ སུ་གཡོན་པའི་མཛུབ་མོ་བཀུག་ནས་གཞག་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་གནས་པར་རལ་གྲིའི་ཕྱག་རྒྱ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ ཕྱག་རྒྱའོ། །དེའི་སྔགས་ནི་སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་མཉམ་པའི་གོམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་ནས་མཐེ་བོང་དང་མཛུབ་མོ་གཅིག་ཏུ་སྦྱར་ཏེ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་ དྲང་བ་ནི་ཆུ་བདག་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་གཡོན་པའི་མཛུབ་མོ་ཁུ་ཚུར་ལ་སྦྱར་ཏེ་བཟུང་བ་ཞགས་པའི་ཕྱག་རྒྱ་ཆུ་བདག་གི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཏྲྀ་ཏྲྀ་ཕུ་ཊ་ཏྲྀ་ཏྲྀ་ཤི་ ཁི་ཏོ་ལི་བི་རཱུ་པཱ་ཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བའི་ཚིགས་གསུམ་བར་མཛུབ་མོ་བཀུག་པའི་རྩེ་མོ་བཙུགས་ལ་མངོན་དུ་ཕྱོགས་ཏེ་བརྐྱང་ངོ་། །ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ་སྟ་ཟུར་ལོགས་སུ་བཞག་ཅིང་མཐེ་ བོས་བསྐུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་ནི་ཨོྃ་སྭཱ་ས་ཁཱ་ཁ་ཁ་ཁ་སྭཱ་ཧཱ། ཀུ་བེ་རལ་མངོན་དུ་ བལྟས་ཏེ་འདུག་ནས་ལག་པ་གཉིས་ཁ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བྱས་ལ་མཐེ་ཆུང་གཉིས་གཤིབས་ཏེ་བརྐྱང་། དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་བཞག་ནས་གུང་མོ་དག་བསྒྲེང་བ་རྡོ་རྗེའི་མདུད་པ་བྱ་བ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ཀྱིས་གུང་མོ་གཉིས་ནང་དུ་རྡོ་རྗེ་གུང་མོ་ བཅིང་བའི་སྦྱོར་བས་གཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨོྃ་ཀུ་བེ་རཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་དག་གཅིག་ཏུ་སྦྱར་ཏེ་ཐལ་མོ་ སྦྱར་བ་བྱ་སྟེ་སྲིན་ལག་དང་མཐེའུ་ཆུང་ལག་མཐིལ་དུ་རྡོ་རྗེ་བཅིང་བ་བྱས་ཏེ་མཐེ་བོ་ཟུང་དག་གཞན་ལ་བརྟེན་ཅིང་ནང་དུ་བཀུག་སྟེ་བསྣོལ་ལ་གུང་མོ་གཤིབས་ཏེ་བསྒྲེང་བའི་རྒྱབ་ཏུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་གཞག་ལ་དེ་ཉིད་བཀུག་སྟེ་སྟེང་དུ་ཕན་ཚུན་སེན་མོ་སྤྲད་པར་བྱ་བ་ནི་དབང་ལྡན་ སྤྱན་དང་པའི་ཕྱག་རྒྱའོ། །དེ་ཉིད་ཀྱི་མཛུབ་མོ་སྔར་བཞིན་རྡོ་རྗེའི་རྣམ་པར་བཟུང་བ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་ནི་ཛུཾ་ཛུཾ་ཤི་བ་སྭཱ་ཧཱ། གཡོན་ བརྒྱད་བའི་གནས་པས་འདུག་ལ་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ནི་ཚངས་པ་ལ་སོགས་པ་སྤྱན་དྲག་བའི་ཕྱག་རྒྱའོ། །དེ་ཉིད་ཀྱི་མཛུབ་མོ་གཉིས་སྔ་མ་ལྟར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་ མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེ་རྣམས་ཀྱི་སྔགས་ནི་ཨོྃ་ཨཱུརྡྷཱཾ་བྲཧྨ་ཎེ་སྭཱ་ཧཱ། སཱུཪྻ་གྲ་ཧཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོྃ་ཙནྡྲ་ནཀྵ་ཏྲཱ་དྷི་པ་ཏ་ཡེ་སྭཱ་ཧཱ། མཉམ་པའི་གོམ་པའི་གནས་པས་འདུག་ལ་ལག་པ་གཉིས་གཅིག་ཏུ་སྦྱར་བ་སྟེ་སོར་མོའི་རྩེ་མོ་རྣམས་ བར་མཚམས་མེད་པར་ཕན་ཚུན་སྦྱར་ཏེ། མཐེ་བོང་ཟླུམ་པོ་བྱས་ལ་འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་མོ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་སྔར་བཞིན་དུ་མཛུབ་མོ་དག་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་ མོ་དག་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་རྣམས་ནི་ཨ་དྷོ་པྲྀ་ཐི་བྱེ་སྭཱ་ཧཱ། ཨ་སུ་རེ་བྷྱཿསྭཱ་ཧཱ། ནཱ་གེ་བྷྱཿསྭཱ་ཧཱ། དེ་ནས་རང་གི་སྔགས་ཀྱིས་ཐམས་ཅད་ལ་འཐོར་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག །ལས་ ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག་ཅེས་བརྗོད་ལ། ཐམས་ཅད་གཤེགས་སུ་གསོལ་ལོ། །ཡང་ན་དཔུང་བཟང་གི་ཆེད་དུ་གསུངས་པའི་ཚིགས་བཅད་རྣམས་ཀྱིས་གཏོར་མ་དབུལ་ཏེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའི་ལྡིང་དང་འདབ་བཟང་ལུས་སྲུལ་པོ། ། དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང་། །གང་སུ་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་སྟེངས་འདིར་བཙུགས་ནས། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་ དུ་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་གནས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་ པར་གནས་པ་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་དང་ཁྲོན་པར་གནས། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པར་ཡང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང་། །དཀའ་ཐུབ་གནས་དང་གླང་ ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་ རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གང་གནས་རྣམས། །དགྱེས་ཤིང་མགུ་བས་ཕྲེང་བ་བྱུག་པ་དྲི། །བདུག་པ་གཏོར་མ་མར་མེ་བསྟོད་པ་འདིས། །གུས་འབུལ་སྣོམས་མཛོད་གསོལ་མཛོད་འཐུང་མཛོད་ཅིག ། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །རྩེ་གཅིག་ཡིད་ཀྱིས་ཕྱོགས་སྐྱོང་མཆོད་པར་བྱ། །དབང་པོ་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཁྱད་འཕགས་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་ བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་རྣམས། །དཔུང་བཅས་སྡེ་བཅས་བུ་དང་ བཤེས་གཉེན་བཅས། །རང་གི་སྐྱེ་བོའི་ཚོགས་ཤིང་མཉེས་པ་རྣམས། །སོ་སོར་སོ་སོའི་ཐུགས་དགོངས་གཅིག་མཛད་ནས། །རང་རང་ཕྱོགས་སུ་ལེགས་པར་བྱོན་ནས་ནི། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ ཏོག་དྲི་དང་བྱུག་པ་མར་མེ་དང་། །ཞལ་ཟས་གཏོར་མ་འདི་དག་བཞེས་ནས་ཀྱང་། །གསོལ་མཛོད་སྣོམས་མཛོད་ལེགས་པར་འཐུང་མཛོད་ཅིག །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལ་འདི་ནི་ཕྱི་དང་ནང་ཐམས་ཅད་དུ་གཏོར་མ་རབ་ཏུ་ དབུལ་བའི་སྔགས་ཏེ། ཨ་ཀཱ་རོ་མུ་ཁྃ་ས་རྦ་དྷ་རྨཱ་ཎཱ་མཱ་དྱ་ནུ་ཏྭན་ཏྭཱ་ཏ་ཞེས་པའོ། །དེ་ནས་ཉེ་རེག་བྱ་སྟེ་ཤར་སྒོར་མངོན་པར་ཕྱོགས་ཏེ་གནས་པ་ལ། ལས་ཐམས་ཅད་པའི་ཐབ་ཁུང་གི་དབུས་སུ་དཔལ་འཇིག་རྟེན་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ བརྗོད་ཅིང་མེ་ཏོག་དམར་པོས་ངེས་པར་བཀོད་ལ་སྦྱིན་སྲེག་གི་ཚོགས་དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྔགས་ཀྱིས་བའི་མར་གྱིས་སྲེག་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ནས་རྡོ་རྗེ་འབེབས་པ་ཁྲོ་བོའི་མཐར་ཐུག་པར་ཀྱང་སྲེག་བླུགས་བདུན་བདུན་ སླར་ཡང་ངོ་། །དེ་ནས་ཇི་ལྟ་བ་བཞིན་དུ་ཐབ་ཁུང་གི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་མེ་ཏོག་ཁོ་ནས་སྤྱན་དྲངས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་གྱི་རང་གི་གནས་སུ་དགོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ བདག་མིང་ཆེ་གེ་ཞེས་བགྱི་བའི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །འདིར་ཡང་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ ལྡན་འདས་སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་དེ་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་མཐོང་སྟེ་ཞུགས་ནས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་། དམ་ཚིག་ལ་མི་འདའ་བ་དང་། སྔགས་སྤྱོད་པ་ལ་སོགས་པ་འདོད་ཅིང་མི་ནུས་པའི་སེམས་ཅན་དག་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་བྱ་བར་འདོད་པ་བྱ་བའི་ཕྱིར་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང་། གླུ་དང་། གད་མོ་དང་། རྩེད་མོ་དང་། ཁ་ཟས་ལ་སྤྱོད་པ་ལ་དགའ་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷའི་རིགས་དང་དཀྱིལ་འཁོར་གཞན་དུ་འཇུག་པར་འགྱུར་གྱི། དེ་བཞིན་དུ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བར་མཛད་པ་དེར་ནི་བསླབ་པའི་གནས་ལ་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་ཇི་ལྟར་གནས་པའི་བདེ་བའི་ བདག་ཉིད་ཀྱི་གནས་སྐབས་ཅན་དེ་དག་ཀྱང་དགའ་བ་དང་། མགུ་བ་དམ་པ་དང་། བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་དང་། ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་ངོ་། ། བཅོམ་ལྡན་འདས་ཆོས་ལྡན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་འཚོལ་བ་ན། བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་དང་། ས་རྣམས་ལ་འབད་པས་ཉོན་ མོངས་པར་འགྱུར་བདག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཉིད་ཐམས་ཅད་ཀྱང་རྙེད་པར་དཀའ་བ་ཡང་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསོལ་བར་བྱའོ། །དེ་ནས་སློབ་མ་གཞུག་པར་ བྱ་སྟེ། དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བའི་དགེ་བསྙེན་ནམ། དགེ་སློང་ངམ་དགེ་སློང་གི་སྡོམ་པ་ཡོངས་སུ་གཟུང་ཞིང་སློབ་དཔོན་དུ་དབང་བསྐུར་བར་འོས་པ། སློབ་དཔོན་གྱི་ཞབས་དག་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་དེ། བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཞེས་པའོ། །དེ་ནས་སློབ་མ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོའི་སྟོད་ གཡོགས་སྨད་གཡོགས་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞི་བཟླས་པའི་གདོང་གཡོགས་བཅིང་བར་བྱས་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ་ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས་ བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་བྱས་ལ་འདི་སྐད་ཅེས་བརྗོད་དོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བགྱི་བ། །སློབ་དཔོན་ དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་འབྱུང་བ་ཡི། །ཕྱིར་མི་ལྡོག་པའི་དགེ་འདུན་ཅན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱིའོ། །གསང་བ་ཐམས་ཅད་རིགས་བསྡུས་པ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །ཕྱིར་མི་ལྡོག་པའི་ དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་རྗེས་སུ་གསོལ་བཏབ་པ། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དེ་ནས་སློབ་དཔོན་གྱི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །གསང་བ་ཡིས་ནི་འཁོར་ལོ་འདིར། །འཇུག་ཅིང་བྱང་ཆུབ་སྡོམ་པ་འཚལ། ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་སྡོམ་པ་བརྟན་པོར་གྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཟུང་། །བྱང་ཆུབ་ སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་ནི་བསྡུས་པ་ནི། །ཉིན་མོ་གསུམ་དང་མཚན་མོ་ གསུམ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རབ་སྦྱིན་བྱ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཆེན་རིགས་ནི་བསྡུས་པ་ལ། ། སྡོམ་པ་གསུམ་པོ་ཡང་དག་ལྡན། །མཆོད་པའི་ལས་ཀྱང་ཅི་ནུས་བཞིན། །ཡང་དག་ཉིད་དུ་ངེས་གཟུང་གྱིས། །དེ་ལས་གཞན་པ་བཞི་པོ་ཡང་། །འདི་དག་ཕས་ཕམ་པར་ནི་བཤད། །མི་སྤང་དོར་བར་ཡང་མི་བྱ། །རྩ་བའི་ལྟུང་བར་འདི་བཤད་དོ། །ཉིན་མོ་གསུམ་དང་ མཚན་གསུམ་དུ། ཉིན་རེ་ཞིང་ནི་བརྗོད་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ལྟུང་བ་སྦོམ་པོ་དག་ཏུ་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་ཡང་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་ གྱི་རྩ་བ་ཡི། །ཆང་ནི་བཏུང་བ་རྣམ་པར་སྤང་། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པའི་དྲུང་དུ་གནས་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་ རྣམ་པ་གསུམ་དག་ནི། །ཅི་ནུས་པས་ནི་རྗེས་སུ་བསྐྱང་། །ཐེག་པ་དམན་ལ་དགའ་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱེད་ཀྱིས་བརྙས་པ་མི་བྱ་ཞིང་། །ཕྱག་རྒྱ་ བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པ་ཡང་མི་བྱ། །འདི་དག་དམ་ཚིག་ཞེས་བཤད་དོ། །དེ་དག་ནི། །བློ་གྲོས་ཁྱེད་ཀྱིས་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱ། །སློབ་དཔོན་ཁྱོད་ནི་བདག་ལ་གསོན། །གཙོ་བོ་ཇི་ལྟར་བཀའ་བསྒོ་བ། །དེ་ལྟར་བདག་ནི་བགྱིད་ པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །ཞེས་པ་ནས་སེམས་ཅན་མྱ་ངན་འདས་ལ་དགོད་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་མི་འཛིན་པ་དེ་ལ་ནི་གཞུག་པ་ཙམ་སྦྱིན་པར་བྱ་ཞིང་དེང་ཁྱོད་བྱ་བ་ལ་སོགས་པ་བརྗོད་པར་མི་ བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བ་ཡང་མི་བྱའོ། །དེ་ནས་ཨོྃ་སརྦ་ཡོ་ག་ཙི་ཏ་མུཏྤཱ་ད་ཡཱ་མི་ཞེས་པ་འདིས། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་ མ་ཡ་སྟྭྃ་ཧོཿབཛྲ་སིདྡྷི་ཡ་ཐཱ་སུ་ཁྃ་ཞེས་པ་འདིས་སོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་དུ་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་མེ་ཏོག་གི་ཕྲེང་བ་གདགས་ཤིང་། གདོང་དྲི་ཞིམ་པོས་བྱུགས་ལ་ཡོན་གྱི་མཆོག་བཟུང་སྟེ། ཕྱི་རོལ་ན་གནས་པ་ལ་བུམ་པའི་ཆུས་དབང་བསྐུར་ལ། ཨོྃ་གྲྀཧྞ་བཛྲ་ས་མ་ཡ་ཧཱུྃ་བྃ་ཞེས་པ་འདིས་ཁྲོ་ཏི་རིནྟི་རི་རང་ཉིད་བཅིངས་ལ་སློབ་མ་འཆིང་དུ་གཞུག་གོ། །རྡོ་རྗེ་བསྡམས་པ་ན་ང་བྱས་ལ། །མཐེ་བོང་རྡོ་རྗེ་དམ་པོ་ཡིས། །ཡིད་ཀྱི་ཁྲོ་བས་དགའ་བྱ་བས། །ཁྲོ་བོ་ཏི་རིནྟི་རི་དྲན། །དེ་ནས་དེ་ཉིད་ཀྱི་མཐེ་བོང་དག་གིས་མེ་ཏོག་གི་ཕྲེང་བ་འཛིན་ དུ་བཅུག་ལ་སྙིང་པོ་འདིས་གཞུག་པར་བྱ་སྟེ། བཛྲས་མ་ཡྃ་བྲ་ཏི་ཤྱཱ་མི་ཞེས་པའོ། །ཤར་གྱི་སྒོར་ཡང་རྡོ་རྗེ་ལྕགས་ཀྱུས་དེ་དགུག་ཅིང་ལྷོར་ཞགས་པས་གཞུག་གོ། །ནུབ་ཏུ་ལྕགས་སྒྲོག་གིས་བཅིང་ཞིང་། བྱང་དུ་རྡོ་རྗེ་འབེབས་པས་དབབ་བོ། །ཡང་ཤར་གྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་ སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱིས་དེང་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་ འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཁྲོ་བོ་ཏི་རིནྟི་རི་ཁ་གྱེན་དུ་བལྟ་བ་དང་བཅས་པས་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་སྨྲས་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་ཏེ། གལ་ ཏེ་ཁྱེད་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་ལན་ཅིག་བཟླས་པའི་ཆུ་རྡོ་རྗེ་སློབ་མ་དེ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ཨུངྐ་ཋཿཞེས་བྱའོ། །དེ་ནས་སློབ་མ་ལ་འདི་སྐད་ཅེས་སྨྲའོ། །དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་ བྱེད་ཅིག །ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས་པའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་རྡོ་རྗེའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་བསམ་མོ། །དེ་ནས་སློབ་མའི་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ཟླ་ བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསམས་ཏེ། ཧཱུྃ་ཏྲཱྃ་ཧྲཱིཿཨཿཞེས་པ་འདི་དག་གི་གོ་རིམས་བཞིན་དུའོ། །སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་གར་ཕྱེ་ལ་རང་གི་སྙིང་གར་ཡི་གེ་ཡྃ་ལས་ཡི་གེ་ཕྱུང་ལ་སློབ་ མའི་སྙིང་གར་གནས་པའི་རྡོ་རྗེ་དབུས་སུ་བློས་བཅུག་ལ་ལུས་ཐམས་ཅད་གང་བར་བསམ་མོ། །འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་ཏུ་གསོལ་ཞེས་སྨྲོས་ཤིག །དེ་ནས་མྱུར་དུ་རྡོ་ རྗེ་སློབ་དཔོན་གྱིས་ཁྲོ་བོ་ཏི་རིནྟི་རི་བཅིངས་ལ་འདི་སྐད་བརྗོད་པར་བྱ་སྟེ། འདི་དེ་དམ་ཚིག་རྡོ་རྗེ་ཡིན། །རྡོ་རྗེ་སེམས་དཔའ་ཞེས་བྱར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །ཁྱོད་ལ་དེ་ཉིད་འབབ་གྱུར་ཅིག །བཛྲ་ཨཱ་བེ་ཤ་ཨཱཿཞེས་པ་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། ལན་བརྒྱར་བརྗོད་དེ་ངེས་པར་འབབ་པར་འགྱུར་རོ། །དེ་ནས་རྡོ་རྗེའི་ཁུ་ཚུར་བཅིངས་ལ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱ་ཞིང་འདི་དག་བརྗོད་དེ། ཨོྃ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀ་ཧྞཱ་པ་ཡ་གྲྀཧྞཱ་ བ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་བི་དྱཱ་རཱ་ཛ་ཧཱུྃ་ཕཊ། ཨཿཨཿཨཿཨཿཨཿ། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། ལན་བརྒྱར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྡོ་རྗེ་རླུང་ གི་དཀྱིལ་འཁོར་ལ་རྡོ་རྗེ་ཧཱུྃ་གི་རྣམ་པའི་འོད་ཟེར་གྱི་མདོག་དམར་པོ་འབར་བ་གང་བཞིན་པར་བསམ་མོ། །སླར་ཡང་གལ་ཏེ་འབབ་པར་མ་གྱུར་ན། དེའི་ཚེ་དྲིལ་བུ་དང་བཅས་པས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རྐང་པ་གཡོན་པས་དེའི་རྐང་པ་ མནན་ལ་སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྟེང་དུ་དེ་ཉིད་ལ་དབབ་པའི་ཕྱིར་ཁྲོ་བོ་ཧཱུྃ་གི་རྣམ་པའི་འོད་ཟེར་གྱི་ཚོགས་ཀྱིས་མནན་བཞིན་པ་དང་། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་དང་། ཧཱུྃ་གི་རྣམ་པས་བརྡེག་བཞིན་པ་དང་། དེ་བཞིན་ དུ་ཤར་ལ་སོགས་པའི་ཕྱོགས་སུ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་ཧཱུྃ་ཏྲཱྃ་ཧྲཱིཿཨཿཞེས་བྱ་བ་རང་གི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ཡང་དག་པར་འབེབས་པར་མཛད་པར་བསམ་ཞིང་དེ་ལ་དབབ་སྟེ། ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨཿཞེས་རྣམ་པ་བརྒྱར་བརྗོད་པར་བྱའོ། །གལ་ ཏེ་སྡིག་པ་མང་བ་ཉིད་ཀྱིས་འབབ་པར་མ་གྱུར་ན་དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་དེའི་སྡིག་པ་རྣམས་ཡང་དང་ཡང་དུ་དྲལ་བར་བྱའོ། །ཡམ་ཤིང་འཇག་མ་རྣམས་ཀྱི་མེ། །རབ་འབར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་བཞག་པས་དབུལ་བ་ཡིས། །དེ་ཡི་སྡིག་པ་ཐམས་ཅད་ནི། ། ཏིལ་གྱི་སྦྱིན་སྲེག་དེས་ངེས་བསྲེག །ཨོྃ་སརྦ་པཱ་པྃ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བ་དང་། ལག་པ་གཡས་པའི་མཐིལ་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཡི་གེ་ཧཱུྃ་དབུས་སུ་བསམས་ཏེ། མཛུབ་མོ་དང་མཐེ་བོང་དག་གིས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་ གི་ཐབ་ཁུང་ལས་འབྱུང་བའི་འབར་བའི་ཕྲེང་བ་ཀུན་དུ་འཁྲུགས་པའི་རྡོ་རྗེ་རྣམས་ཀྱིས་དེའི་ལུས་ཀྱི་སྡིག་པ་སྲེག་བཞིན་པར་བསམས་ལ་དེ་ནས་ཡང་རྡོ་རྗེ་བབས་པ་དེ་ཁོ་ན་བཞིན་དུ་བཅིངས་ལ་དབབ་པར་བྱ་སྟེ། ངེས་པར་འབེབས་པར་འགྱུར། དེ་ལྟ་བུས་ཀྱང་གང་ལ་བབ་པར་མ་གྱུར་པ་དེ་ ལ་དབང་བསྐུར་བར་མི་བྱའོ། །བབས་ན་སྐད་ཅིག་མ་དེ་ཉིད་དེའི་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་ཡང་དག་པར་བབས་པར་ཤེས་ནས་ཡང་ཨོྃ་བཛྲ་ས་ཏྭ་སུ་སྃ་གྲ་ཧཱ་ཏ་ཞེས་པ་ལ་སོགས་པའི་གླུ་བརྗོད་ལ། ཁྲོ་བོའི་ཁུ་ཚུར་དང་དེ་བཞིན་གཤེགས་པ་རྡོ་རྗེ་ མེའི་ཕྱག་རྒྱ་དྲལ་བར་བྱའོ། །དེ་ཕེབས་ན་རྡོ་རྗེ་སེམས་དཔའ་ཁྲོ་བོའི་ཕྱག་རྒྱ་བཅིང་བར་བྱའོ། །དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ཁྲོ་བོའི་ཕྱག་རྒྱས་བཅིང་བར་བྱའོ། །དེ་བཞིན་དུ་ཇི་སྲིད་དུ་གྱུར་ན་དེའི་ཚེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་བཅིང་ངོ་། །དེའི་ཚེ་རྡོ་རྗེ་ཆོས་ཁྲོ་བོའི་ཕྱག་རྒྱ་བཅིང་ངོ་། །དེ་ལྟ་ བུས་ཉེ་བར་བྱོན་ཅིང་དགོངས་པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་རྡོ་རྗེ་བསམས་ལ་བྲུ་ཧི་བཛྲ་ཞེས་པ་བརྗོད་དོ། །དེ་ནས་ཐམས་ཅད་སྨྲ་བར་འགྱུར། དེ་ནས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ཏེ། །བྲ་ཏཱི་ཙྪ་ཧོཿཞེས་བྱའོ། །དེ་ནས་གང་དུ་བབས་པ་དེ་འདིས་འགྲུབ་བོ། །དེ་ནས་ཨོྃ་པྲ་ཏི་གྲྀཧྞ་ཏྭྃ་ཨི་མྃ་ས་ཏྭ་ མ་ཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་ཉིད་ཀྱི་མགོ་བོར་བཅིང་ངོ་། །དེ་ནས་ཨོྃ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་བྱེ་བར་འགྱུར། །ཧེ་བཛྲ་པཱ་ཤྱ་ཞེས་པ་འདིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ ལྕགས་ཀྱུ་ནས་བརྩམས་ཏེ་ཇི་སྲིད་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པར་བསྟན་ནོ། །དེ་ནས་ཏིཥྛ་བཛྲ་ཞེས་པ་ལ་སོགས་པས་སློབ་མ་སྙིང་གར་གཞུག་པའི་ཕྱག་རྒྱ་དགྲོལ་ལོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུའམ། ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་ལ་མངོན་པར་ཕྱོགས་པ་ལེགས་པར་བྲིས་ལ་སློབ་མ་དཔལ་རྡོ་རྗེ་ ཧཱུྃ་མཛད་ཀྱི་ཕྱག་རྒྱ་སེམས་མ་རྡོ་རྗེ་ལ་སོགས་པས་ཀྱང་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཆེན་པོ་དེ་ལ་བཞག་སྟེ་དབང་བསྐུར་རོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། མཆོད་ཡོན་དབུལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། དུང་དང་རོལ་མོ་ལ་སོགས་པའི་སྒྲ་བསྒྲག་པ་དང་། དེ་ནས་བཀྲ་ ཤིས་ཀྱི་ཚིགས་བཅད་རྣམས་ཀྱིས་མངོན་པར་དགའ་བས་དང་པོ་རེ་ཞིག་ཆུའི་དབང་བསྐུར་བ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གིས་དབང་བསྐུར་བདག་གིས་དབང་བསྐུར་ལ་ཡང་མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་དོ། །སློབ་མ་རྣམས་ ཀྱིས་རྡོ་རྗེ་ཐལ་མོ་སྦྱར་བས་སློབ་དཔོན་ལ་རབ་ཏུ་བཏུད་ལ་ཡོན་གྱི་མཆོག་ཕུལ་ལ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཡང་གཟུང་བར་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བ་ནི་དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་དེ་ཁོ་ན་བཞིན་དུ་ཇི་ལྟར་ངེས་པར་བསྟན་པའི་གནས་སུ