Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ

Văn bản gốc(Tây Tạng)

Trang 5 / 18 (50.000 ký tự/trang)
གྱུར་

པ་དང་། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་བ་དེ་དང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པས་བརྫིས་
ནས་ནི། །ག་པུར་དྲི་དང་བསྒོས་པ་ཡིས། །འཇིམ་པ་དང་ནི་བསྲེས་ནས་ཀྱང་། །གཟུགས་སུ་བྱ་བའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །སྔགས་དང་ཕྱག་རྒྱས་བཏབ་ནས་སུ། །འབུམ་ཕྲག་
གཉིས་ཀྱི་བར་དུ་བཟླས། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་རུང་། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་གྱུར་ཏམ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་། །
མེ་ཏོག་ལ་སོགས་འདོར་བ་དང་། །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་བང་ལ་སོགས་རྣམས། །ཅི་སྟེ་མཚན་མ་འདི་དག་ནི། །སྡིག་ཅན་བློས་ནི་མ་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱད་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་
པར་གཞག་པས་བཟླས་པར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང་། །མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང་། །ལྷ་ཡི་ལུས་ཀྱི་གཟུགས་གྱུར་ལ། །རང་གི་རྒྱུད་དུ་ངོ་ཤེས་འགྱུར། །མཚན་མ་འདི་དག་ཤེས་ནས་ནི། །
རྣམ་པར་མི་རྟོག་སེམས་ཀྱིས་ཀྱང་། །བྱམས་དང་སྙིང་རྗེར་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཡང་ན་མེད་པར་གྱུར་ན་ཡང་། །བཟླས་ཤིང་སྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །ཡང་ན་གཟུགས་སུ་བྲིས་
ཀྱང་རུང་། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཐལ་བ་ཡུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་ནས། །བཟླས་བ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོར་འབབ་པའི་ཀླུང་དུ་དོར། །དེ་ལྟར་ན་ནི་སྡིག་ཅན་ཡང་། །ངན་སོང་ལས་

ནི་ཐར་འགྱུར་ན། །དགེ་བའི་མཆོག་ནི་བསྐྱེད་པ་དང་། །བྱང་ཆུབ་ས་བོན་བསྐྱེད་པའི་བདག །སངས་རྒྱས་འབྲས་བུའི་རྒྱུ་ལྡན་པ། །སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །ཚུལ་ཁྲིམས་རྒྱུད་དང་རབ་ལྡན་པ། །བཟོད་པ་བརྩོན་འགྲུས་མཉམ་གཞག་དང་། །ཤེས་རབ་རྣམས་ཀྱིས་
རྒྱུ་བསྒོམས་པའི། །འཇིག་རྟེན་བསོད་ནམས་ལྡན་ཅི་སྨོས། །མྱུར་དུ་དེ་ཡི་ངན་སོང་ནི། །བཅོམ་པར་གྱུར་ཏེ་ཐེ་ཚོམ་མེད། །དགེ་བའི་རྩ་བ་མ་བསྐྱེད་ལ། །མེད་པར་ལྟ་བ་གང་ཡིན་དང་། །བྱང་ཆུབ་ལམ་ལས་རྣམ་ལོག་པས། །བསྟན་ལ་ཞེ་སྡང་གནོད་བྱེད་ཅིང་། །སྡིག་པའི་རང་
བཞིན་མཐོང་ལ། །མ་དང་ཕ་ལ་སྙིང་རིང་ཞིང་། །བྱང་ཆུབ་སེམས་ལ་བརྟེན་པ་དང་། །འདོད་ཆགས་བྲལ་བ་བསད་པ་རྣམས། །ཅི་སྟེ་ལྷ་རྣམས་མེད་གྱུར་ཏམ། །སངས་རྒྱས་དགེ་འདུན་ཆོས་དེ་བཞིན། །སྔགས་དང་ཕྱག་རྒྱའི་ཚོགས་ལ་སོགས། །ཤེས་རབ་ཐབས་རྣམས་
མེད་ན་ནི། །སྡིག་ཅན་དེ་དག་མི་ཐར་ཞེས། །བདེར་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །།དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །པདྨ་ལྟ་བུའི་མིག་ཕྱེ་ནས། །ལེགས་ཞེས་བྱ་བས་མཉེས་བྱས་ཏེ། །རབ་ཏུ་མགུ་བས་མཆོད་བྱས་ནས། །བརྒྱ་བྱིན་གཞན་ལ་ཕན་བརྩོན་པས། །
ཇི་སྐད་གསུངས་པའི་བཀའ་བཞིན་དུ། །ཤཱཀྱའི་གཙོ་བོས་བཀའ་སྩལ་པ། །བདེན་པ་ཉིད་དུ་བྱས་གྱུར་ནས། །དེ་ནས་དེ་ནི་དམྱལ་བ་ཡི། །སྡུག་བསྔལ་ལས་ནི་ཐར་ནས་ཀྱང་། །དགའ་ལྡན་གནས་སུ་སེམས་ཅན་ཀུན། །ཕན་ཕྱིར་བདེ་གཤེགས་འདྲ་བར་སྐྱེས། །དེ་ནས་
དབང་པོར་བཅས་པ་ཡི། །གྲགས་ཆེན་ལྷ་རྣམས་གར་བྱེད་ཅིང་། །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །དེ་བཞིན་གཤེགས་ལ་མཆོད་བྱའི་ཕྱིར། །ལྷ་ཡི་ཚོགས་ཀྱིས་མདུན་བྱས་ཏེ། །ཚེ་འདི་ཉིད་ལ་མཆོད་པའི་ཕྱིར། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་ནས། །ལྷ་རྫས་
རྣམ་པ་སྣ་ཚོགས་ཀྱི། །མེ་ཏོག་བདུག་པ་བྱུག་པ་དང་། །གདུགས་དང་རྒྱལ་མཚན་འཕན་ལ་སོགས། །རྒྱན་ལ་སོགས་པ་རབ་མཛེས་དང་། །ན་བཟའ་རིན་ཆེན་ཆར་ལ་སོགས། །དགའ་བའི་ཚལ་ནི་གང་བར་བྱས། །དེ་ནས་ཡ་མཚན་ཆེར་གྱུར་ཏེ། །ལྷ་རྣམས་ཀྱིས་ཀྱང་

ཕྱག་འཚལ་ནས། །དགའ་བའི་ཚལ་ནི་ཡིད་འོང་བ། །ཀུན་ནས་གང་བར་གྱུར་པ་ཡི། །སྣ་ཚོགས་འབྱུང་བ་འདི་ཅི་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གྲོགས་པོ་དག་ཤེས་པར་གྱིས་ཤིག །རྫུ་འཕྲུལ་རྣམ་པར་འཕྲུལ་པ་འདི་ནི་
ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཡིན་ནོ། །མཚམས་མེད་པའི་དབང་དུ་གྱུར་པ་ཡང་མྱོང་ཞིང་མཐོང་བའི་ཆོས་འདི་ཉིད་ལ་བདེ་འགྲོའི་དབང་དུ་གྱུར་པ་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །དེ་ནས་
བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་པའི་ལྷའི་བུ་དེ་ཅི་འདྲ་བ་ཞིག། དེའི་རྫུ་འཕྲུལ་དང་མཐུ་ནི་ཇི་ལྟ་བུ་ལགས། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ་བདག་ཅག་ལྟ་བར་
འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་ཀྱི་སྙིང་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་གྱི་ཕྲེང་བ་ཉིད་ཀྱི་ཞབས་ཀྱི་མཐེ་བོ་གཉིས་ལས་ཕྱུང་ངོ་། །བྱུང་ནས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ལུས་ཐམས་ཅད་སྣང་བར་བྱས་ནས་སྙིང་གར་ཞུགས་ཏེ་བསྐུལ་ནས་
ཡང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་དེ་ཉིད་རབ་ཏུ་དགའ་བར་གྱུར་ནས་ལུས་ཀྱི་འོད་ཟེར་གྱིས་དཔག་ཚད་བརྒྱ་ཕྲག་སྟོང་ཚུན་ཚད་ཀྱི་ནམ་མཁའི་ངོས་ཐམས་ཅད་གསལ་བར་བྱས་ཏེ། ལྷའི་བུ་སྟོང་ཕྲག་དུ་མའི་འཁོར་གྱིས་བསྐོར་ཅིང་མདུན་དུ་བྱས་ནས། ལྷའི་རྫུ་འཕྲུལ་ཆེན་
པོས་མི་སྣང་བར་བྱས་ཏེ་འོངས་ནས་དགའ་བའི་ཚལ་ཐམས་ཅད་གསལ་ཞིང་སྣང་བར་བྱས་ཏེ། བཅོམ་ལྡན་འདས་དང་། བརྒྱ་བྱིན་གཉིས་མ་གཏོགས་པ་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་ཏོ། །དེ་ནས་ལྷའི་བུ་དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ཆེད་དུ་བརྗོད་པ་

འདི་ཆེད་དུ་བརྗོད་དོ། །ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་མྱུར་དུ་གློག་བཞིན་གྲོལ། །དེ་ནས་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཤིང་རྟའི་འཕང་ལོ་ཙམ་གྱི་བད་མོ་ཐམས་ཅད་རིན་པོ་ཆེ་ལས་བྱས་པ། དཔག་ཚད་
བརྒྱ་ཕྲག་སྟོང་དུ་དྲིའི་ངད་ལྡང་བ། ལྷའི་གླུ་སྙན་པའི་སྒྲ་གྲག་པ། ཡ་མཚན་དུ་མ་ཡང་དག་པར་སྟོན་པ། ལྷ་རྫས་ཀྱི་གླུ་དང་། གར་དང་། བརྡུང་བ་དང་། གླིང་བུ་དང་། རྔ་དང་། ཀེར་ཀོ་རྣམས་ཀྱི་སྒྲ་སྙན་པ་འབྱིན་པ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱུང་སྟེ། དེ་མཐོང་
ནས་ཀྱང་ཤིན་ཏུ་ཡ་མཚན་སྐྱེས་ཏེ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་རྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་བསམ་ཡས། །དེ་ནས་ལྷའི་བུ་དེ་
དག་གིས་དེ་བལྟ་བར་འདོད་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷའི་བུ་དེ་དང་། དེའི་འཁོར་གྱི་དཀྱིལ་འཁོར་རྣམས་བལྟ་བར་འཚལ་ལོ། །བཅོམ་ལྡན་འདས་བལྟ་བར་འཚལ་ལོ། །བདེ་བར་གཤེགས་པ་བལྟ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཡང་མཐེ་བོ་གཉིས་ནས་འོད་ཟེར་ཕྱུང་སྟེ། འོད་ཟེར་དྲི་མ་མེད་པ་དེས་ལྷའི་བུ་དེ་དང་ལྷའི་འཁོར་དེ་དག་ཀུན་དུ་སྣང་བར་བྱས་ཏེ་བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བཅོམ་
ལྡན་འདས་དང་། བརྒྱ་བྱིན་གཉིས་ཀྱི་གདན་མ་གཏོགས་པར་དགའ་བའི་ཚལ་ཐམས་ཅད་གཡོས་པར་བྱས་ཏེ། ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཤིང་བསྐོར་བ་བྱས་ནས་ཡང་དང་ཡང་དུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་
མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །དེ་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་སོགས་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ནོར་བུ་དང་། གསེར་དང་། དངུལ་དང་། དོ་ཤལ་དང་། སེ་མོ་དོ་དང་། གདུ་བུ་

དང་། དཔུང་རྒྱན་དང་། སྙན་ཆ་ལ་སོགས་པ་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་དུ་མ་དང་། གདུགས་དང་། རྒྱལ་མཚན་དང་། འཕན་དང་། ལྡ་ལྡི་དང་། རྔ་མ་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་སྣ་ཚོགས་པ་དང་སེང་གེའི་གདན་དང་གཟིམས་ཆ་དང་ཕོ་
བྲང་དང་། གཞལ་མེད་ཁང་དང་། ཁང་བུ་བརྩེགས་པ་ལ་སོགས་པ་གནས་ཀྱི་ཁྱད་པར་སྣ་ཚོགས་པ་དང་། མེ་ཏོག་དང་། སྤོས་ལ་སོགས་པ་མཆོད་པའི་ཁྱད་པར་སྣ་ཚོགས་པ་དང་། རང་གི་ལུས་དང་། ངག་དང་། སེམས་རྣམས་ཀྱང་ཕུལ་ཏེ། བ་ལང་དང་། རྟ་དང་། སེང་
གེ་དང་། སྟག་དང་། སྤྲེའུ་དང་། དགོ་བ་དང་། ཐུག་རེ་དང་། མ་ཧེ་དང་། བོང་བུ་དང་། རྔ་མོ་དང་། ཆུ་སྲིན་དང་། ཕག་དང་། ར་དང་། གླང་དང་། བ་དང་། འདོད་པའི་བ་བཞོན་ལ་སོགས་པ་བཞོན་པའི་ཁྱད་པར་དུ་མ་ཡང་ཕུལ་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་
འཁོར་རྣམས་ཀྱང་མངོན་པར་མཆོད། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་མངོན་པར་མཆོད་དེ། ལེགས་སོ་ཞེས་བྱ་བ་གསོལ་ནས། བཅོམ་ལྡན་འདས་དང་། བརྒྱ་བྱིན་གཉིས་ལ་བླ་མ་དང་བསྟི་སྟང་དུ་བྱས་ཏེ་ཕྱག་འཚལ་ནས་དེ་བཞིན་དུ་སོང་ངོ་། །དེ་ནས་
བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ལེགས་སོ་ཞེས་བྱ་བས་བསྟོད་ཅིང་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་མ་འོངས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་
འཆང་བ་དང་ཀློག་པ་ལ་སྤྲོ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པའི་མཚན་བརྗོད་པའི་ཡོན་ཏན་བཤད་དུ་གསོལ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་ངས་བཤད་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །ལྷའི་བུ་རྣམས་དགེ་བ་བཅུ་དང་ལྡན་པའི་སེམས་
ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི། སེམས་ཅན་མ་རབས་རྣམས་ཀྱིས་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྲོ་བར་འགྱུར་གྱི། སེམས་ཅན་ཕལ་པ་མ་རབས་ཀྱིས་ནི་མ་ཡིན་ནོ། །སེམས་ཅན་བསམ་པ་ངེས་པ་རྣམས་

དང་། ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་འདོད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་ཏེ། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་
པའི་ལྷའི་བུ་དེ་དག་ཡང་དག་པར་དགའ་བ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་སྣོད་དུ་གྱུར་པའོ། །བདེ་བར་གཤེགས་པ་བདག་ཅག་ནི་སྣོད་དུ་གྱུར་པ་སྟེ། གང་གི་སླད་དུ་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བགྱི་བའི་མཚན་བརྗོད་པ་འདི་བཅོམ་ལྡན་འདས་པདྨའི་ཞལ་ཉིད་ནས་ཐོས་པས་བདག་ཅག་ནི་ངན་སོང་གིས་འཇིགས་པར་མི་འགྱུར། དུས་མ་ལགས་པར་འཆི་བས་འཇིགས་པར་མི་འགྱུར། འཆི་བ་
དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པས་འཇིགས་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བདག་ཅག་ནི་གདོན་མི་འཚལ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས་སེམས་
ཅན་རྣམས་ཀྱི་དོན་བགྱིད་པ་གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ནི་ཅིར་འགྱུར། རྣམ་པར་སྨིན་པ་ནི་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་
དུ་བལྟ་བར་བྱ་སྟེ། ལྷའི་དབང་པོ་གང་གི་ཕྱིར་འཇིག་རྟེན་ཕ་རོལ་དུ་སོང་ནས་མཚམས་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་རབ་ཏུ་སྤོང་བར་བྱེད་པ་དང་། བྱང་ཆུབ་ལ་གདོན་མི་ཟ་བར་བརྟན་པར་བྱེད་པ་
དང་། བྱང་ཆུབ་སེམས་དཔའི་ས་ཕྱིར་མི་ལྡོག་པ་ལ་རབ་ཏུ་འཇོག་པའི་ཕྱིར་ཏེ། ལྷའི་དབང་པོ་དཔེར་ན་ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་དོན་བྱས་པ་བཞིན་ནོ། །ལྷའི་དབང་པོ་དེ་ལྟར་གཞན་ཡང་མ་འོངས་

པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་སེམས་ཅན་དེ་དག །ཅི་སོ་སོའི་སྐྱེ་བོ་ཡིན་སྙམ་སེམས་སམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི་སྐྱེས་བུ་དམ་པ་ཆེན་
པོ། གཞན་ལ་ཕན་འདོགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བ། མཆོད་པ། རྗེད་པ། བསྟི་སྟང་དུ་བྱ་བ། འཕྲག་ལ་བཀུར་བར་བྱ་བ་ཡིན་ན། ལྷར་བཅས་པའི་འཇིག་རྟེན་གྱིས་ལྷ་སྨོས་ཀྱང་ཅི་དགོས། དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་
སོགས་པ་ལྷའི་བུ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་ཆེན་པོ་ནོར་བུ་བཟང་པོ་དང་། ནོར་བུ་བཟང་པོ་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་རྣམས་དང་། ཀླུའི་རྒྱལ་
པོ་དགའ་བོ་དང་། བསྙེན་དགའ་བོ་གཉིས་དང་། འཕྲོག་མ་བུ་ལྔ་བརྒྱས་བསྐོར་བ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་པཉྩི་ཀ་དང་། པཉྩི་ཀ་ཆེན་པོ་ལ་སོགས་པ་དང་། གང་གཞན་དག་ཀྱང་རྒྱ་ཆེ་ཞིང་རྒྱ་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་
ཡིན་དང་། ནམ་མཁའི་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། འདྲེ་དང་། རིམས་དང་། གདོན་དང་། དུག་དང་། སྐར་མ་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་
ཅག་འདུས་ཤིང་ཚོགས་པ་ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་ཆེན་པོ་དེའི་རྐང་པ་གཉིས་མགོ་བོས་བླང་བར་བགྱིའོ། །མདོར་ན་རྟག་པར་རྒྱུན་དུ་དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་གང་དུ་བརྟག་པའི་རྒྱལ་པོ་འདི་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་དད་པས་འཆང་ངམ། ཀློག་གམ། གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར་རམ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་མཆོད་པར་འགྱུར་རམ། རྒྱལ་རིགས་སམ། བྲམ་ཟེའི་རིགས་སམ། རྗེའུ་རིགས་སམ། དམངས་རིགས་

སམ། གཞན་ཡང་རྒྱལ་པོའམ། རྒྱལ་པོའི་བུའམ། རྒྱལ་པོའི་བུ་མོའམ། རྒྱལ་པོའི་བཙུན་མོའམ། རྒྱལ་པོའི་འཁོར་ཕོའམ། རྒྱལ་པོའི་འཁོར་མོའམ། གང་སུ་ཡང་རུང་བས་འཆང་ཞིང་ཀློག་པ་དང་། གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་ཅིང་སྟོན་པའི་བར་དུ་
བགྱིད་ན། བཅོམ་ལྡན་འདས་བདག་ཅག་འདུས་ཤིང་ཚོགས་པ་ཐམས་ཅད་དེའི་བྲན་དུ་གྱུར་པ་ལགས་སོ། །རང་གི་སྐྱེ་བོ་དང་། གཉེན་གྱི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཡོངས་
སུ་བསྐྱང་བར་བགྱིའོ། །དུས་དུས་སུ་ཆར་དབབ་པར་བགྱིའོ། །འབྲུ་ལ་སོགས་པ་བསྐྱེད་པར་བགྱིའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་བསྒྲུབ་པར་བགྱིའོ། །ཕ་རོལ་གྱི་ཕྲུ་མ་མང་པོ་གཞོམ་པར་བགྱིའོ། །སེམས་ཅན་མ་རུངས་པ་གནོད་ཅིང་འཚེ་བ་པོས་དེ་ལ་མི་ཕན་
པའི་སེམས་བསྐྱེད་པ་གང་ཡིན་པ་དེ་དག་བརླག་པར་བགྱི་བའི་སླད་དུ་བསྒྲུབ་པར་བགྱི། མ་རུངས་པར་བགྱི། དེ་ལ་བདུད་ཀྱི་ལས་ཀྱང་བགྱི། གནོད་པར་བགྱི་བ་ལ་ཡང་ཉེ་བར་གནས་པར་བགྱི་སྟེ། བཅོམ་ལྡན་འདས་མདོར་ན་མ་འོངས་པའི་སེམས་ཅན་རྣམས་ལ་བརྟག་པའི་རྒྱལ་
པོ་འདི་ནི་སངས་རྒྱས་ཀྱི་མཛད་པ་ལྟ་བུར་གནས་པ་ལགས་པས། བཅོམ་ལྡན་འདས་བདག་ཅག་གིས་བུ་བཞིན་དུ་བསྐྱང་བར་བགྱིའོ། །ལྷའི་དབང་པོ་ཁྱོད་ཀྱིས་ཇི་ལྟར་སྨྲས་པ་དེ་དེ་བཞིན་ཏེ། བརྟག་པའི་རྒྱལ་པོ་འདི་ནི་དེ་བཞིན་དུ་བལྟ་བར་བྱའོ། །ལྷའི་དབང་པོ་ལེགས་ཀྱིས།
འཛམ་བུའི་གླིང་ན་གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་ཏུ་སྤྱོད་པ། སེམས་ཅན་དམྱལ་བའི་དབང་དུ་གྱུར་པ། འཁོར་བ་མི་གཙང་བའི་དོང་དུ་བྱིང་བའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཡུན་རིང་པོར་བག་ཡོད་པར་བྱོས་ལ་སྒྲུབས་ཤིག །ངན་སོང་ཐམས་
ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ལས་བརྟག་པ་དང་པོའོ།། །།བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་མཐུས་བརྟག་པའི་རྒྱལ་པོ་བརྟག་པ་ཕྱི་མ་

འདི་བཤད་དོ། །དཔའ་བོ་གདན་ལས་བཞེངས་ནས་ནི། །དགྱེས་ཤིང་རྡོ་རྗེ་གསོར་ནས་ཀྱང་། །ཤཱཀྱའི་དབང་པོ་དགྱེས་མཛད་པ། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བ་རང་གི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་། ཨོྃ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོྃ་སརྦ་ཨ་བཱ་ཡ་བི་ཤོ་དྷ་ན་བཛྲ་ཧཱུྃ་ཕཊ། ཨོྃ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བྷཥྨིཾ་ཀུ་རུ་ཧཱུྃ་ཕཊ། ཨོྃ་བྲུཾ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོྃ་བྲུཾ་བི་ཤོངྷ་ཡ་ཨཱ་བ་ར་ཎཱ་ནི་
ཧཱུྃ་ཕཊ། ཨོྃ་ཛྭ་ལ་ཛྭ་ལངྷ་ཀ་ངྷ་ཀ་ཧ་ན་ཧ་ན་སརྦ་ཨཱ་བ་རཎཱ་ནི་ཧཱུྃ་ཕཊ། ཨོྃ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎཱི་ནི་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་པ་ར་ཎཱ་ནི་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོྃ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཕཊ། ཨོྃ་ཏྲ་ཊ་ཏྲཊ་སརྦ་ཨཱ་བ་ར་ཎཱ་ནི་
ཧཱུྃ་ཕཊ། ཨོྃ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུྃ་ཧཱུྃ་ཕཊ། ཨོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏ་ཧི་ཏུྃ་ཧཱུྃ་ཕཊ། ཨོྃ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏི་ཧེ་ཏུྃ་ཧཱུྃ་ཕཊ། དེ་ནས་དེ་དག་རྣམས་ཀྱི་ཡོ་བྱད་བཤད་དོ། །ཨོྃ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི། དྷ་མ་དྷ་མ་དྷུ་པ་ཡ་ཧཱུྃ་
ཕཊ། ཨོྃ་སརྦ་དུརྒ་ཏི་བི་ཤོ་དྷ་ནི་པུཥྤ་བི་ལོ་ཀི་ནི་ཧཱུྃ་ཕཊ། ཨོྃ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ཨཱ་ལོ་ཀ་ཀ་རི་ཧཱུྃ་ཕཊ། ཨོྃ་སརྦ་ཨ་པཱ་ཡ་ག་ཏི་གན་དྷ་ནཱ་ཤ་ནི་གན་དྷ་བ་ཏི་ཧཱུྃ་ཕཊ། སྒོ་བ་རྣམས་ཀྱིས་སྔགས་ལ། ཨོྃ་སརྦ་ན་ར་ཀ་ག་ཏི་ཨཱ་ཀར་ཥ་ཎི་ཧཱུྃ་ཛཿཕཊ། ཨོྃ་སརྦ་ན་ར་ཀ་ག་ཏི་ཨ་བྷྱུ་དྡྷར་
ཎི་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་ཨ་བཱ་ཡ་བན་དྷ་ན་བི་མོ་ཙ་ནི་ཧཱུྃ་བྃ་ཕཊ། ཨོྃ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་ནཱ་ཤ་ནི་ཧཱུྃ་ཧོཿཕཊ། དེ་ནས་དཀྱིལ་འཁོར་བཤད་དེ། འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཤིན་ཏུ་མཛེས་པའི་རྩིབས་བརྒྱད་ཅན། །ལྟེ་བར་བཅས་ཤིང་རྩིབས་རྟེན་ལྡན། །ནང་གི་རིམ་པ་
བྲིས་ནས་ནི། །ལྟེ་བའི་ནང་དུ་ཤཱཀྱ་ཡི། །བདག་པོ་ཐུབ་པ་གཞག་པར་བྱ། །ལག་ན་རྡོ་རྗེ་སྟོབས་ཆེན་ནི། །དཔའ་བོ་དེ་ཡི་སྤྱན་སྔར་བྲི། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་བྲི། །གཡས་ཕྱོགས་རྒྱལ་བའི་གཙུག་ཏོར་ལ། །གཡོན་པར་རྣམ་པར་རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་མེ་

ཡི་ཕྱོགས། །དབང་པོའི་ཕྱོགས་སུ་གདུགས་དཀར་པོ། །རྣམ་པར་འཐོར་བ་རླུང་གི་ཕྱོགས། །རྣམ་པར་འཇོམས་པ་ནཻ་རི་ཏྱར། །བྲིས་ནས་ཕྱི་རོལ་བྲི་བྱི་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སེང་གེ་རྟ་བབས་བརྒྱན་པར་བྱ། །དཔའ་བོས་ལྕགས་ཀྱུ་ཞགས་པ་དང་། །
ལྕགས་སྒྲོག་དྲིལ་བུ་སྙན་རྣམས་གཞག །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་བྲི་བར་བྱ། །དེ་ནས་དྲི་ཞིམ་དྲི་ལ་སོགས། །རང་གི་ལུས་ནི་བསྐུས་ནས་ཀྱང་། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །ཨོྃ་ཛཿཧཱུྃ་བྃ་ཧོཿ བྷ་ག་བཱན། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་
ཧོཿས་མ་ཡ་སྟྭྃ་ཞེས་པས་ལྷ་རྣམས་ཐམས་ཅད་སྤྱན་དྲང་ངོ་། །དེ་ནས་གཤེགས་པར་མོས་པ་བསྐྱེད་དེ་མཆོད་པ་བྱས་ནས། དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་། གོང་ནས་གོང་དུ་ས་རྣམས་སུ་
ཡང་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་ཀྱང་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །བྱ་བ་པ་བྱས་པས་ནི་རིམས་ནད་ཐམས་ཅད་དང་།
གདོན་དང་དུག་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཕྱག་ན་རྡོ་རྗེའི་ཧཱུྃ་ཞེས་བྱ་བས་ལས་ཐམས་ཅད་ཕྱེད་པར་འགྱུར་རོ། །བརྟག་པ་གཞན་གྱི་ཆོ་ག་ཐམས་ཅད་ཀྱང་སྒྲུབ་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་
གྱུར་པ་རྣམས་ཀྱི་ཤི་བའི་རོའམ། གཟུགས་བརྙན་ནམ། མིང་ལ་སོགས་པ་བྲིས་ཏེ་བཟླས་པ་དང་། སྦྱིན་སྲེག་དང་། དབང་རྣམས་ཀྱིས་སྔ་མ་བཞིན་དུ་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བཅོམ་
ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་རྒྱ་དམ་པའི་མཚན་ཉིད་བཤད་པར་བགྱིའོ། །ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབས། །མཉམ་པར་གཞག་པས་དཔྲལ་བར་ནི།

ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེར་གཤེགས་སྐྱེས་རྣམས་ཀྱིས། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །རྣལ་འབྱོར་རིག་པས་མགྲིན་ཕྱོགས་སུ། །ཐལ་མོ་སྙིམ་པར་སྦྱར་བ་ནི། །རྟག་ཏུ་པདྨའི་རིགས་ཉིད་ཀྱི། པདྨའི་ཕྱག་རྒྱ་ཡིན་པར་
བཤད། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང་། །སྙིང་གར་གུང་མོའི་མཐའ་སྦྱར་བ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ལག་པ་གཡོན་པའི་ཐལ་མོ་གན་རྐྱལ་དུ་པང་དུ་བཞག་ལ། །དེའི་སྟེང་དུ་གཡས་པ་བཞག་སྟེ། མཐེ་བོའི་ངོས་གཉིས་
སྤྲད་ལ་ཞི་བའི་ལྟ་བས་བལྟ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དམ་ཚིག་ཡིན་པར་བཤད་དོ། །དེ་ཉིད་ལས་བཟློག་སྟེ་ལྟག་འོག་བསྣོལ་ལ་མཐེ་བོ་དང་། མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྣོལ་ཏེ་སྙིང་གར་གཞག་
པ་འདི་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་རྫོགས་པར་སྦྱར་བ་ལས་མཐེ་བོ་དང་། མཐེའུ་ཆུང་གཉིས་བསྙམས་ལ་ལྷག་མ་རྣམས་བརྐྱང་བ་འདི་ནི་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམ་པ་བསྡམས་པ་ལས། གུང་མོ་གཉིས་རྡོ་རྗེ་འདྲ་བར་
བསྙམས་ལ། མཐེ་བོ་དང་མཐེའུ་ཆུང་གཉིས་བརྐྱང་བ་འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་དེ་བཞིན་དུ་བྱས་ལ། མཛུབ་མོ་གཉིས་དང་སྲིན་ལག་པདྨོ་འདྲ་བར་བཀུག་པ་ནི། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཐམས་ཅད་སྦྱོང་
བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་འདྲ་བར་བྱས་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། །མཐེའུ་ཆུང་དང་མཐེ་བོ་སོ་སོར་བསྡམས་ལ། ལྷག་མ་རྣམས་བརྐྱང་བ་ནི། སྡིག་པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ། །ལག་པ་གཡོན་པས་དེ་བཞིན་དུ་བསྒྱུར་ཞིང་
བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །སྙིམ་པ་བཟེད་ལ་གྱེན་དུ་འཐོར་བ་ནི་བདུག་པའི་ཕྱག་རྒྱའོ། །དེ་ལས་འོག་ནས་གྱེན་དུ་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་གྱེན་དུ་བསྙམས་ལ་མདུན་དུ་འཛིན་པ་ནི་མར་མེའི་ཕྱག་རྒྱའོ། །དེ་ཉིད་ལས་དུང་འདྲ་བར་བྱས་པ་ནི་

དྲིའི་ཕྱག་རྒྱའོ། །དེ་ཉིད་ལས་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་ནང་དུ་བཅུག་པ་ནི་ཨརྒྷའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ། ཚིགས་དང་པོ་བཅག་ལ་སོར་མོ་ཐམས་ཅད་བརྐྱང་བ་ནི་རྣམ་པར་འཐོར་
བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་ལས་འོད་ཟེར་འབར་བ་འདྲ་བ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་སྤྱི་བོར་བསྐོར་བ་ནི་གདུགས་དཀར་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་
ལས་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་བསྣོལ་ཏེ། མདུད་ལ་གྱེན་དུ་བསྐོར་བ་ནི་འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟ་བུར་བྱས་ཏེ། ལྷག་མ་རྣམས་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བའི་
གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ། སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའིའོ། །གཡས་པ་མཆོག་སྦྱིན་དུ་བྱས་ལ་གཡོན་པ་མི་འཇིགས་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཡིན་ནོ། །རྡོ་རྗེ་བསྡམས་
པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའིའོ། །དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་པ་ནི་མདའིའོ། །དེ་ཉིད་ལས་སླར་བཀུག་སྟེ། མཐེ་བོ་གཉིས་རྩེ་མོ་སྤྲད་པ་ནི་བློ་གྲོས་ལེགས་པའིའོ། །
དེ་ཉིད་ལས་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའིའོ། །དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་འདྲ་བར་འགྱེད་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་བཞག་པ་དཔལ་གྱིའོ། །དེ་ཉིད་ལས་མདུན་དུ་བཞག་པ་ནི་བཞད་པའིའོ། །དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ནི་པདྨའིའོ། །དེ་
བཞིན་ཉིད་ལས་རྩེ་མོ་གཉིས་བཀུག་པ་ནི་རལ་གྲིའིའོ། །དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའིའོ། །དེ་ཉིད་ལས་པདྨའི་འདབ་མ་འདྲ་བར་བྱས་པ་ནི་ལྕེའིའོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་རྒྱ་གྲམ་མོ། །དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ནི་བསྲུང་བའིའོ། །དེ་ཉིད་

ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དམ་དུ་བཀུག་པ་ནི་བསྡམས་པའིའོ། །བསྡམས་པ་ཉིད་མདུན་དུ་བཞག་པ་ནི་བདུག་པའིའོ། །དེ་ཉིད་གྱེན་དུ་བསྟོད་པ་ནི་ཕྲེང་བའིའོ། །མདུན་དུ་མཐེ་བོ་གཉིས་བསྡམས་ཏེ། བསྐོར་བ་ནི་མར་
མེའིའོ། །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའིའོ། །དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ནི་ཞགས་པའིའོ། །དེ་ཉིད་ལས་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའིའོ། །
སྐུ་གཟུགས་ཀྱི་ཆོ་ག་ཡང་འདིར་དེ་བཞིན་དུ་བྱས་ཏེ། ཅུང་ཟད་དུ་ན་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་བྲིའོ། །ཡང་ན་སྐུ་གཟུགས་ནི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་མེ་ཏོག་ལ་སོགས་པས་མཆོད་དེ། དེའི་སྤྱན་སྔར་འབུམ་ཙམ་ཞིག་སྔར་
བསྙེན་པ་བྱས་ནས་ལས་ཐམས་ཅད་བྱའོ། །དེ་ནས་ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་རྣམ་པར་སྨིན་པ་གང་གིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ་དམྱལ་བ་ལ་སོགས་
པའི་སྡུག་བསྔལ་གྱི་དབང་དུ་གྱུར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱིས་བརླབས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཉོན་ཅིག །འདི་ནི་སྔོན་གྱི་ལས་ཀྱི་སྒྲིབ་པ་ཡིན་ཏེ། འཛམ་བུའི་གླིང་གི་རིས་འདི་ཉིད་ན། མཐའ་འཁོབ་
པའི་རིགས་ངན་དུ་གཏོགས་པའི་རྒྱལ་པོ་ལུས་མི་བདེ་བ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། དེས་མི་ཤེས་པའི་དབང་གིས་མི་དགེ་བའི་བཤེས་གཉེན་ལ་བརྟེན་པས་རྒྱལ་པོ་འདོད་པའི་ཕྱིར་རང་གི་ཕ་འཚོ་བ་དང་ཕྲལ་བར་གྱུར་པ་དང་། མ་དེའི་མྱ་ངན་གྱིས་གཟིར་བས་མ་ཡང་དུས་ལས་འདས་
སོ། །ལན་ཅིག་ཅི་ཞིག་གི་རྐྱེན་གྱིས་ནགས་ཚལ་སྟུག་པོ་གཞན་ཞིག་ཏུ་རྩེ་ཞིང་དགའ་བའི་ཕྱིར་ཉེ་བར་སོང་ངོ་། །དེ་ན་དྲང་སྲོང་དགོས་པ་མེད་པར་བྱམས་པ་ཞེས་བྱ་བ་ཞིག་གནས་ཏེ། དེ་མཐོང་བ་དང་རྒྱལ་པོ་ཤིན་ཏུ་ཡ་མཚན་སྐྱེས་ནས། ཀྱེ་མ་འདི་ལྟ་བུ་སེང་གེ་དང་། སྟག་

དང་། རི་དགས་དང་། ཕག་རྒོད་དང་། བ་ལང་དང་། མ་ཧེ་ལ་སོགས་པ་དང་། སྦྲུལ་དང་། སྲེ་མོ་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་དང་། སྦྲུལ་གདུག་པ་ཅན་རྣམས་ཀྱིས་གཙེ་བ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། ལོངས་སྤྱོད་རྣམས་དང་
རྣམ་པར་བྲལ་བ། རླུང་དང་གྲང་བས་ཡོངས་སུ་གདུང་ཞིང་འཚེ་བ་དེ་ན་བདག་ཉིད་ཆེན་པོ་འདི་གནས་སོ་སྙམ་པར་སེམས་ཀྱིས་བརྟགས་ནས་དེའི་དྲུང་དུ་ཉེ་བར་སོང་སྟེ་ཕྱིན་པ་དང་། དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁྱོད་ཅིའི་ཕྱིར་ན་རླུང་དང་ཚ་བ་ལ་སོགས་པའི་སྡུག་
བསྔལ་གྱིས་བདག་ལ་གནོད་པར་བྱེད། དྲང་སྲོང་གིས་སྨྲས་པ། སྐྱེས་བུ་ཆེན་པོ་བསྐལ་པ་བརྒྱ་སྟོང་ཕྲག་དུ་མར་སྒྲིབ་པའི་སྡུག་བསྔལ་མྱོང་བར་འགྱུར་བ་ལས། སྡུག་བསྔལ་གྱི་ཁུར་བུ་ཅུང་ཟད་ཙམ་ཞིག་བླངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱ་བར་འགྱུར་བས་འདི་ནི་སྡུག་བསྔལ་མ་ཡིན་གྱི། སྐད་ཅིག་ཙམ་མམ། ཡུད་ཙམ་ཞིག་ཡུལ་གྱི་བདེ་བ་རྗེས་སུ་མྱོང་བས་བསྐལ་བ་བརྒྱ་སྟོང་ཕྲག་དུ་མ་མཐའ་ཐུག་པ་མེད་པར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཡུལ་གྱི་བདེ་བ་
འདོད་པའི་ཕྱིར་ཕ་མ་ལ་སོགས་པ་ཡང་གསོད་པར་འགྱུར་ན་སྲོག་ཆགས་གཞན་ལྟ་ཅི་སྨོས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡོངས་སུ་མི་ཤེས་པའི་ཕྱིར་སྡིག་པ་ཐམས་ཅད་བྱེད་པར་འགྱུར་རོ། །དྲང་སྲོང་གིས་སྨྲས་པའི་ཚིག་དེ་སྐད་ཅེས་ཐོས་པ་དང་ཤིན་ཏུ་
འཇིགས་སྐྲག་སྐྱོ་སྟེ། སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ཞེས་བྱ་བ་དེ་ཅི་ཞིག །དེའི་རང་བཞིན་ཇི་ལྟ་བུ་ཡིན་པ་དཀའ་ཐུབ་ཆེན་པོ་སྨྲོས་ཤིག་དང་། དེ་ལ་ཁོ་བོ་ཡང་སྐྱབས་སུ་མཆིའོ། །ཕ་མ་
ལ་གཙེས་པ་དང་། སྲོག་ཆགས་རྣམས་ཀྱི་སྲོག་བཅད་ན་སྡིག་པ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡོངས་སུ་ཤེས་ན་བསོད་ནམས་ཅི་འདྲ་བ་ཞིག་ཡོངས་སུ་འཐོབ། ཕ་མ་མ་བསད་པ་དང་། སྲོག་ཆགས་རྣམས་ཀྱང་མ་བསད་ན་བསོད་

ནམས་ཅི་འདྲ་བ་ཅིག་འཐོབ། འབྲས་བུ་ཇི་ལྟ་བུ་ཞིག་འཐོབ། འདོད་པའི་ལོངས་སྤྱོད་སྤངས་ན་བསོད་ནམས་དང་འབྲས་བུ་ཅི་འདྲ་བ་ཞིག་འཐོབ། དེ་ནས་དྲང་སྲོང་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་སྟེ་སེམས་ཅན་ཆེན་པོ་ཁྱོད། །ང་ཡི་ཚིག་འདི་ཉན་འདོད་ན། །
ཐལ་མོ་སྦྱར་ཏེ་ཕྱག་འཚོལ་ལ། །གུས་པར་ཉོན་དང་བཤད་པར་བྱའོ། །དེ་བཞིན་བགྱི་ཞེས་བསྒྲུབས་ནས་ནི། ཅི་བདོག་པས་ནི་མཆོད་བྱས་ཏེ། །སངས་རྒྱས་སྤྱོད་ཡུལ་སངས་རྒྱས་ཀྱི། །ཟབ་མོའི་ཆོས་ནི་ཉན་པར་གྱུར། །སངས་རྒྱས་ཆོས་དང་ཚོགས་དག་པ། །ཐོས་ནས་ཀྱང་
ནི་སྐྱབས་སུ་སོང་། །སངས་རྒྱས་རྣམས་ཀྱི་སྒྲིབ་མེད་ཆོས། །རྒྱལ་པོས་ཐོས་ནས་དགའ་བར་གྱུར། །ཡི་དགས་བྱོལ་སོང་དམྱལ་བ་རྣམས། །སྡིག་པ་ཀུན་གྱི་འབྲས་བུ་སྟེ། །ཡུལ་སྤྱོད་པ་དང་སྲོག་ཆགས་རྣམས། །གསོད་ཅིང་ཤིན་ཏུ་མི་བཟད་པ། །ཕ་མ་གཙེས་
པའི་རྒྱུ་ལས་བྱུང་། །བསྐལ་པ་དུ་མར་རབ་སྡུག་བསྔལ། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །མགོན་མེད་སྐྱབས་ཀྱང་མེད་པ་སྟེ། །ཐོས་ནས་མྱ་ངན་ཟུག་རྔུ་ཡིས། །རང་གི་ཡིད་ལ་གདུངས་པ་ན། ཇི་ལྟར་རླུང་གིས་མར་མེ་བཞིན། །དེ་ཉིད་དུ་ནི་དུས་ལས་འདས། །ལས་
ཀྱི་རྣམ་སྨིན་དེ་ཡིས་ནི། །དགའ་དང་ལྡན་པའི་ལྷར་སྐྱེས་ནས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །བློན་པོ་གཟུགས་དང་ལྡན་པ་ལ། །ལྷ་རྣམས་ཀུན་དང་ཡིད་མཐུན་ཞིང་། །རབ་དགའ་བདེ་དང་ལྡན་པར་སྐྱེས། །བདེ་བའི་མཆོག་ནི་མྱོང་གྱུར་ནས། །ངན་སོང་དུ་ཡང་ལྟུང་བར་གྱུར། །
དེ་ནས་ད་ལྟར་ལྷ་དབང་པོ། །ཁྱོད་ཀྱི་མཐུས་ཀྱང་དེ་ཉིད་ནི། །དགའ་ལྡན་གནས་ནི་དགའ་བའི་མཆོག །བདེ་མང་ཀུན་གྱི་གནས་སུ་སྐྱེས། །ལྷ་ཡི་དབང་པོ་ཉོན་ཅིག་དང་། །གང་གི་ཚེ་སྔོན་བྱུང་བ་དེའི་དུས་ན་བྱུང་བའི་དྲང་སྲོང་དུ་གྱུར་པ་དེ་ནི་གཞན་ཡིན་པར་ཁྱེད་ཀྱིས་ཤེས་པར་མི་བྱའོ།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཉིད་དོ། །དེའི་ཕར་གྱུར་པ་གང་ཡིན་པ་དེ་ནི་གཞན་ཡིན་པར་ཁྱོད་ཀྱིས་བལྟ་བར་མི་བྱ་སྟེ། ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་ཁྱོད་དེའི་ཕར་གྱུར་ཏོ། །མ་གང་ཡིན་པ་དེ་

ནི་གཞན་ཡིན་པར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ཤ་ཙི་ཀ་ཉིད་ཡིན་ནོ། །འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་བལྟའི། ལྷའི་འཁོར་འདི་དག་ཉིད་ཡིན་ནོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཡིད་རབ་ཏུ་མགུ་ཞིང་རངས་
ཏེ། བ་སྤུའི་བུ་ག་ནས་སྤུ་རྣམས་ལངས་ཤིང་རྒྱལ་བ་རྒྱལ་བ་ཞེས་སྐད་ཆེན་པོར་བོས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མིང་བཅུ་པ་འདིས་མངོན་པར་བསྟོད་དེ་གསོལ་བ་བཏབ་བོ། །ཀོ་ཊ་ཀོ་ཊ་ཀྵ། ཀོ་ཊ་བ། ཀོ་ཊ་ཀོ་ཊ། ཀོ་ཊ་བཤྩ། ཀོ་ཊི་ཀ །ཀོ་ལ་ཀྵ། ཀོ་ལ་བ། ཀོ་
ལ་ཀོ་ལ་བཤྩ། ཀོ་ལ་སྟ་ཐཱ་ཨི་ཏི་ཞེས་བྱས་ནས། བརྒྱ་བྱིན་ལ་སོགས་ལྷ་མཆོག་རྣམས། །སེམས་ཅན་ཀུན་ལ་ཕན་པ་དང་། །ཚེ་དང་ནད་མེད་སྤེལ་བའི་ཕྱིར། །མགོན་པོ་ཁྱོད་ལ་གསོལ་བ་འདེབས། །བཅོམ་ལྡན་འདས་ཚེ་ཐུང་བ་དང་། །སྐལ་བ་ཆུང་བ་རྣམས་ཀྱི་དོན་
དང་། །ཕན་པ་དང་བདེ་བ་དང་། ཚེ་བསྲིང་བའི་སླད་དུ་བཤད་དུ་གསོལ། གསང་བའི་བདག་པོ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ལྷའི་འཁོར་མང་པོ་དེ་དག་ལ་གཟིགས་ནས་ལེགས་སོ་ཞེས་བྱ་བས་མགུ་བར་བྱས་
ཏེ། ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་གང་ཁྱེད་ཀྱིས་འདི་ལྟ་བུའི་སྤོབས་པ་ཡང་དག་པ་ཡང་དག་པར་བསྐྱེད་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ཀྱི་ཚེ་དཔག་ཏུ་
མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཚེ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ།
ཨ་པ་རི་མི་ཏ་ཨཱ་ཡུར་པུ་ཎྱེ་ཛྙཱ་ན་སྃ་བྷ་རོ་པ་ཙི་ཏེ་ཀ་རི་ཎེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་བཤད་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་

བར་བདག་ཉིད་ཀྱིས་ཡང་དག་པར་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་
ཞུགས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་བཤད་དོ། །ཨོྃ་ཨ་མི་ཏེ། ཨ་མི་ཏ་ཨུད་
བྷ་བེ། ཨ་མི་ཏ་ས་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟ། གཱ་མི་ནི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རེ་སྭཱ་ཧཱ། དེ་ནས་འདི་བཤད་མ་ཐག་ཏུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞིའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་རྣམ་
པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། །ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་
ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭ་ཧཱ། འདི་བཤད་མ་ཐག་ཏུ་ཡང་ཐམས་ཅད་དེ་བཞིན་དུ་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་རྣམས་མ་ལུས་པར་འཇོམས་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སྃ་བྷ་བེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལེ། བི་ཤུད་དྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུྃ་ཏྲཱ་ཊ། དེ་ནས་འདི་བཤད་མ་ཐག་ཏུ་
བདུད་ཀྱི་གནས་ཐམས་ཅད་བཅོམ། རྣམ་པར་བཅོམ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་མི་ཆོམས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་

འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། སརྦ་ཨཱ་བ་ར་ཎ། བི་ནཱ་ཤ་ནི། ཧ་ར་ཧ་ར་ཧཱུྃ་ཕཊ། གསང་སྔགས་འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས། །བསྐྱོད། རབ་
ཏུ་བསྐྱོད། ཡང་དག་པར་རབ་ཏུ་བསྐྱོད་དོ། །བསྐུལ། རབ་ཏུ་བསྐུལ། ཡང་དག་པར་རབ་ཏུ་བསྐུལ་ནས་རྨད་ཀྱི་ཡ་མཚན་དུ་མ་འཇིག་རྟེན་དུ་སྣང་བར་གྱུར་ཏོ། །དེ་ནས་དཀྱིལ་འཁོར་ནི་འདི་ཡིན་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་བ་རྣམས་དང་ལྡན་པ་སྟེ། །རྟ་
བབས་བཞི་དང་ལྡན་པར་བྱ། །ལྟེ་བ་དང་ནི་སྒོ་ཁྱུད་ལྡན། །དེ་ཡི་དབུས་སུ་འཁོར་ལོ་ཡི། །དཀྱིལ་འཁོར་དམ་པ་བྲི་བྱ་སྟེ། །རྩིབས་བཞི་དག་དང་ལྡན་པ་ལ། །ལྟེ་བའི་དཀྱིལ་འཁོར་ལྡན་པར་བྱ། དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་པོ། །ཕྱག་
ན་རྡོ་རྗེ་དྲིལ་བསྣམས་ཤིང་། ཟླ་བ་རྒྱས་པའི་ཞལ་འཛུམ་བྲི། །ཤར་གྱི་རྩིབས་ཀྱི་སྟེང་དུ་ནི། །མགོན་པོ་མི་བསྐྱོད་བྲི་བར་བྱ། ལྷོ་ཡི་ཕྱོགས་སུ་རིན་ཆེན་བྲི། །ནུབ་ཕྱོགས་ཆུ་སྐྱེས་པདྨ་ལ། །བྱང་ཕྱོགས་སུ་ནི་གདོན་མི་ཟ། །དཔའ་བོ་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི། །འཁོར་ལོས་སྒྱུར་བ་ཆས་པ་དང་། །ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་དང་། །ཕྱག་ནི་མཆོག་སྦྱིན་མི་འཇིགས་པ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཞུགས་བྲི། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །དེ་བཞིན་བདུག་
སོགས་ཐམས་ཅད་བྲི། །སྒོ་བ་དག་ཀྱང་ཁྲོས་པ་ལ། །ཁྲོ་བའི་དབང་དུ་གྱུར་པ་བྲི། །དེ་ནས་རྣལ་འབྱོར་ཅན་ཉིད་ཞུགས། །སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿ། ཨོྃ་བྷ་ག་བཱན་ཨེ་ཧྱེ་ཧི་ས་མ་ཡ་སྟྭྃ། དེ་ནས་གཙོ་བོ་བྱོན་པ་དང་། །མདོར་ན་མཆོད་པ་བྱས་ནས་ཀྱང་། །
འཆི་བདག་སྦྲུལ་གྱིས་འཇིགས་ལྡན་རྣམས། །འཆི་བདག་གཞོམ་ཕྱིར་གཞུག་པར་བྱ། །ཨོྃ་བཛྲ་ས་མ་ཡ་ཧཱུྃ། རྡོ་རྗེ་ཏི་རིན་ཏི་རི་བཅིངས་ལ། །ལག་ན་རིན་ཆེན་ཐོགས་ཏེ་གཞུག །ཡང་ན་མེ་ཏོག་ཕྲེང་བ་སྟེ། །དེ་ནི་དཀྱིལ་འཁོར་ཉིད་དུ་དོར། །ཨོྃ་པྲ་ཏཱིཙྪ་བཛྲ་ཧཱུྃ། དེ་ནས་

མནའི་དམ་ཚིག་སྦྱིན་པར་བྱ་སྟེ། ཨོྃ་བཛྲ་ས་མ་ས་ཧཱུྃ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱ་སྟེ། ཨོྃ་བཛྲ་ཧཱ་སྱ་ཨུད་གྷྱ་ཊ་ཡ་ཧཱུྃ། དེ་ནས་འདི་བསྟན་པར་བྱ་སྟེ། ཨོྃ་བཛྲ་པ་ཤྱ་ཧོ། །དེ་ནས་འདིས་དབང་བསྐུར་བར་བྱའོ། །ཨོྃ་བཛྲ་ཨ་བྷི་ཥིཉྩ་ཨོྃཧཱུྃ། ཨོྃ་
བུད་དྷ་ཨ་བྷི་ཥིཉྩ་ཨོྃ། ཨོྃ་རཏྣ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་ཨ་བྷི་ཥིཉྩ་ཨཿ། དེ་ནས་བུམ་པའི་དབང་བསྐུར་བར་བྱའོ། །ཨོྃ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོྃ་བུད་དྷ་ཀ་ལ་ཤ་ཨ་བྷི་ཥིནྩ་ཨོྃ། ཨོྃ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ཨོྃ་པདྨ་ཀ་ལ་ཤ་ཡ་ཨ་བྷི་ཥིཉྩ་
ཧྲཱིཿ། ཨོྃ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ། དེ་ནས་ཕྲེང་བའི་དབང་བསྐུར་བར་བྱའོ། །ཨོྃ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། ཨོྃ་བཛྲ་པཊྚ་ཨ་བ་ལཾ་བ་ན་ཨ་བྷི་ཥིཉྩ་ཏྲཱྃ། ཨོྃ་བུད་དྷ་མུ་དྲཱ་ཨ་བྷི་ཥིཉྩ་ཨོྃ། ཨོྃ་བཛྲ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ། ཨོྃ་རཏྣ་མུ་དྲཱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་མུ་དྲཱ་ཨ་བྷི་
ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་མུ་དྲཱ་ཨ་བྷི་ཥིཉྩ་ཨཿ། ཨོྃ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ་ཨོྃ་ཏྲཱྃ་ཧྲཱིཿཨཿ། ཨོྃ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཨཿ། ཨོྃ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷུྃ། ཨོྃ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཨོྃ་ཨོྃ་ཨོྃ། ཏྲཱྃ་ཏྲཱྃ་ཏྲཱྃ། ཧྲཱིཿཧྲཱིཿཧྲཱིཿ། ཨཿཨཿཨཿ། ཨོྃ་བཛྲ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧཱུྃ།
ཨོྃ་ཏ་ཐཱ་ག་ཏ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨོྃ། ཨོྃ་རཏྣ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཏྲཱཾ། ཨོྃ་པདྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧྲཱི། ཨོྃ་ཀརྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨཿ། ཨོྃ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོྃ། ཨོྃ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོྃ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་
ཨཿ། ཨོྃ་པྲཛྙོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ། དེ་ལྟར་དབང་བསྐུར་ནས་ཚེ་བསྲིང་བའི་རིག་པ་འདི་སྦྱིན་པར་བྱའོ། །ཨོྃ་བྷྲུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ། དེའི་སྒྲུབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེའི་ཚེ་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་རྒྱན་ཐམས་
ཅད་ཀྱིས་བརྒྱན་པ། ཕྱག་གཉིས་མི་འཇིགས་པ་དང་མཆོག་སྦྱིན་དུ་མཛད་པ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་སྒྲུབ་པ་པོའི་ལག་པ་ཐལ་མོ་བརྐྱང་ལ། གདོང་གྱེན་དུ་བཅོམ་ལྡན་འདས་ལ་ལྟ་བར་བྲིས་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དེའི་སྤྱན་སྔར་འབུམ་

བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་བ་དང་མཆོད་པ་ཆེན་པོ་བྱས་ཏེ་བ་དམར་སེར་གྱི་མར་སྣོད་སར་པར་བཅུག་ལ་རྡོ་རྗེ་གཡོན་པས་མནན་ཏེ། བཅོམ་ལྡན་འདས་རབ་ཏུ་སེམས་ཤིང་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་དྲི་མ་མནམ་ཞིང་སྔོན་མ་བྱུང་བའི་དྲིའི་ངད་ལྡང་ལ་
རླངས་པའམ། དུ་བའམ། མེ་བྱུང་ངམ། འོད་ཟེར་རམ། མེ་སྒྲོན་ནམ། འོད་བྱུང་ངམ། དེ་ལ་སོགས་པའི་མཚན་མ་བྱུང་ན་མར་དེའམ། མར་སར་རམ། ཏིལ་མར་རམ། ཆུའམ། འོ་མའམ། ཞོའམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པའམ།
ཤའམ། གང་ཡང་རུང་བ་ལ་རབ་ཏུ་བསྒྲུབས་ཏེ། །ནང་བར་སྔར་བསྲུང་བ་ལ་སོགས་པ་བྱས་ནས་བདག་ཉིད་སྦྱངས་ཏེ་འཐུངས་སམ་ཟོས་ན་མཚན་མ་ཇི་ལྟ་བ་བཞིན་དུ་བྱུང་ན་ནི་ནམ་ཟླ་བ་དང་ཉི་མ་ཡོད་ཀྱི་བར་དུ་ཚེ་རིང་ཞིང་རྡོ་རྗེ་དང་མཚུངས་པར་འགྱུར་ཏེ། ཐ་མས་ནི་ཐ་མ་འགྲུབ་
པས་འདི་ལ་ཐེ་ཚོམ་ནི་མེད་དོ། །མཚན་མ་མ་བྱུང་ན་ཡང་འཇིག་རྟེན་ན་ནད་མེད། ལྡོབ་སྐྱེན། ལུས་ལ་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །ལུས་བརྟན་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །གཞན་ཡང་བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང་། རྒྱས་པ་དང་། དབང་ལ་སོགས་པའི་
ལས་རྣམས་བརྟག་མི་དགོས་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བའི་
སླད་དུ་རང་རང་གི་སྙིང་པོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། རྡོ་རྗེ་འཛིན་པ་བཀའ་སྩལ་དུ་གསོལ། རྒྱལ་པོ་ཆེན་པོ་རྣམས་ལེགས་ཀྱིས་ཤོད་ཅིག་དང་། ངས་ཀྱང་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་
རྒྱལ་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱིས་གནང་ཞིང་རྗེས་སུ་ཡི་རངས་ཏེ། བྱིན་གྱིས་བརླབས་པས་རང་གི་སྙིང་པོ་འདི་བཤད་དོ། །ཨོྃ་བཻ། དེ་ནས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོྃ་ཌྷྲྀ། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་འཕགས་

སྐྱེས་པོས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོྃ་བི། དེ་ནས་ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོྃ་ཀྵ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔས་ནི་བརྒྱན་པ་སྟེ། །
དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་འགྱིང་བཅས་བྲི། །དེ་ཡི་གཡོན་གྱི་ཕྱོགས་སུ་ནི། །རྣམ་ཐོས་བུ་དགེའི་ལག་པ་ན། །བེ་ཅོན་ནེའུ་ལེ་ཐོགས་པ་དང་། །རིན་ཆེན་རྒྱན་གྱིས་བརྒྱན་པ་དང་། །སྦོམ་ཞིང་སེང་གེའི་གདན་ལ་བཞུགས། །གསེར་མདོག་གཟི་ཅན་
ལྡན་པར་བྲི། །མཁས་པས་བུམ་པ་བཟང་ལ་སོགས། །རིན་ཆེན་ཆུ་བོ་འབབ་པར་བྲི། །མདུན་དུ་ཡུལ་འཁོར་སྲུང་ཉིད་ནི། །པི་བང་ལེན་པ་བརྩོན་པ་དང་། །མཛེས་ཤིང་ཁ་དོག་ལྗང་ཁུ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །གཡས་ཕྱོགས་དཔའ་བོ་ལུས་འཕགས་པོ། །
རལ་གྲི་ལག་ན་ཐོགས་པ་བྲི། །ནུབ་ཕྱོགས་སུ་ནི་མིག་མི་བཟང་། །རྡོ་རྗེ་ཞགས་པ་འཛིན་པའི་མཆོག །སྦྲུལ་མགོ་བདུན་གྱིས་བསྐོར་བ་ལ། །མིག་ཀྱང་དམར་ཞིང་ཤིན་ཏུ་འབར། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས། རྡོ་རྗེའི་ཕྱག་རྒྱ་
ཞེས་བྱ་བས། །སྔགས་མཁན་བདག་ཉིད་ཞུགས་ནས་ཀྱང་། །བཅོམ་ལྡན་འདས་ནི་སྤྱན་དྲངས་ཏེ། །དེ་ནས་རྒྱལ་པོ་སྤྱན་དྲང་ངོ་། །སྤྱན་དྲངས་ནས་ནི་མཁས་པས་མཆོད། །ཆོ་ག་བཞིན་དུ་ཨརྒྷ་དབུལ། །དེ་ནས་སྔགས་མཁན་སྔགས་འདི་དང་། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་
འདིས། །སློབ་མ་རྒྱལ་རིགས་རྗེའུ་རིགས་དང་། །བྲམ་ཟེ་ལ་སོགས་དེ་བཞིན་ཏེ། །མེ་ཏོག་རིན་ཆེན་ཐོགས་ཏེ་ཞུགས། །ཨོྃ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་མེ་ཏོག་གམ་རིན་པོ་ཆེ་འདིས་དོར་བར་བྱའོ། །ཨོྃ་བཛྲ་པྲ་ཏཱི་ཙྪ་ཏྭཾ་མ་ཧོཏྟ་མ། གང་ལ་བབ་པའི་རྒྱལ་པོ་ནི། །དེ་ནི་འདིས་
འགྲུབ་གཞན་དུ་མེད། །དེ་ནས་གྲྭ་ན་བཞག་པ་ཡི། །བུམ་པ་བཞིས་ནི་དབང་བསྐུར་ཏེ། །དང་པོ་ཕྱག་ན་རྡོ་རྗེ་ཡིས། །ཕྱག་རྒྱས་དབང་ནི་བསྐུར་བར་བྱ། །དེ་ལ་སོགས་པ་གོ་རིམས་ཀྱིས། །དཀྱིལ་འཁོར་ཉིད་དུ་དབང་བསྐུར་ན། །རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །རྒྱལ་པོ་

ཡིན་ནི་ཆེ་བར་འགྱུར། །འཛམ་བུའི་གླིང་དབང་དཔལ་དང་ལྡན། །གླིང་བཞི་བ་ལ་དབང་བའི་མཆོག །ལན་བཞིར་དབང་ནི་བསྐུར་བ་དང་། །ལན་བཞིར་གཞུག་པར་བྱས་ན་ནི། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག །བུ་སྡུག་བཞིན་དུ་བསྐྱང་བར་བྱ། །བདག་ཅག་རྒྱལ་པོ་
ཆེན་པོ་བཞིས། །བྲན་དང་གཡོག་ཏུ་བཅས་པ་དང་། །ཕོ་བྲང་འཁོར་དུ་བཅས་པ་ཡི། །རྒྱལ་པོ་རྟག་ཏུ་བསྐྱང་བར་བགྱི། །དེ་གནོད་གཞན་གྱི་ཕྲུ་མ་དང་། །དེ་ཡི་ནད་དང་འཆི་བདག་གི། །འཇིགས་དང་མུ་གེ་ལ་སོགས་པའི། །གནོད་པ་རྣམས་ནི་གཞོམ་པར་བགྱི། །
རྣམ་ཐོས་བུས་ནི་རྒྱས་པར་བགྱི། །ཡུལ་འཁོར་སྲུང་གིས་ཞི་བར་བགྱི། །ཕྱུགས་དང་གཉེན་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བཀྲ་ཤིས་ཤིང་། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་
ཡི་ནི། །རེ་དང་བསམ་པ་ཀུན་བགྱི་སྟེ། །ཇི་སྟེ་ངེས་པ་མ་ལགས་ན། །ཕྱག་ན་རྡོ་རྗེ་ལ་འཁུས་འགྱུར། །དེ་ནས་ཕྱོགས་སྐྱོང་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་
ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་རྣམས་དབུལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ་ལེགས་སོ། །ལེགས་ཀྱིས་ཕུལ་ཅིག །དེ་ནས་འབྱུང་པོ་རྣམས་ཀྱི་བདག་པོ་དབང་ལྡན་ལ་སོགས་པས་རང་རང་གི་སྙིང་པོ་རྣམས་
ཕུལ་བ། ཨོྃ་ཨཱི། ཨོྃ་ཨིཾ། ཨོྃ་ཨ། ཨོྃ་ཡ། ཨོྃ་རི། ཨོྃ་བ། ཨོྃ་ཡ། ཨོྃ་ཀུ། ཨོྃ་ཨ། ཨོྃ་བྲ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །མགོན་པོ་དབུས་སུ་དེ་བཞིན་གཞག །ཕྱོགས་སྐྱོང་རང་གི་ཕྱོགས་གནས་སུ། །
གཞག་བྱ་སྤྱན་སྔར་ཉི་མ་དང་། །ཕག་གི་གཟུགས་དང་གཉིས་བཞག་སྟེ། །སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་སྤྱན་དྲངས་དེ་ཀུན་ལ། །མཆོད་པ་ཀུན་གྱིས་མཆོད་པར་བྱ། །དེ་ནས་བདག་ཉིད་ཞུགས་ནས་ཀྱང་། །སློབ་མ་རྣམས་ནི་གཞུག་བྱ་ཞིང་། །ཕྱོགས་སྐྱོང་རང་གི་

སྔགས་བཏབ་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ཕན་པར་འདོད་པ་ཡིས། །བསྒྲུབ་ཕྱིར་སྙིང་པོ་སྦྱིན་པར་བྱ། །ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས། །བརྟག་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་དེ་དག་མགུ་ནས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་ཞིང་རྒྱལ་པོའི་དཀྱིལ་འཁོར་འདིར་ཞུགས་ཏེ། དབང་བསྐུར་བ་ཐོབ་པའམ། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དེ་དག །བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་
དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །ཕ་རོལ་གྱི་ཕྲུ་མ་ཀུན་གཞོམ་པར་བགྱི། དུས་དུས་སུ་ཆར་པ་དབབ་པར་བགྱི། འབྲུ་དང་། མེ་ཏོག་དང་། འབྲས་བུ་རྣམས་བསྐྱེད་པར་བགྱིའོ། །དེ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་གཤིན་རྗེས་བཅོམ་
ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་ཆེན་པོ་དེའི་ཚེ་བསྲིང་བར་བགྱིའོ། །དུས་མ་ལགས་པར་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །སྲིན་པོ་རྣམས་ཀྱི་བདག་པོ་ཆེན་པོ་ནི་རི་ཏིས་ཀྱང་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། མིའམ། གཞན་གང་ཡང་རུང་བ་དག་ལ་ནད་དང་། ཡི་དགས་དང་། འདྲེས་མི་འཇིགས་པར་བགྱི། སྲིན་པོ་ལ་སོགས་པས་འཇིགས་པར་མི་བགྱི། དུས་
མ་ལགས་པའི་འཆི་བདག་གིས་འཇིགས་པར་མི་བགྱི་སྟེ། །དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་བ་རུ་ཎས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རྟག་པར་དུས་ཐམས་ཅད་དུ་རྒྱལ་
པོ་དེ་དང་། ཡུལ་ཐམས་ཅད་སོ་སོར་བསྐྱང་བར་བགྱི། ཀུན་དུ་བསྲུང་བར་བགྱི། འབྲུ་རྣམས་བསྐྱེད་པར་བགྱི། ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱི། ཐོག་དང་སེར་བ་རྣམས་མི་དབབ་པར་བགྱི། དུས་མ་ཡིན་པར་འཆི་བ་རྣམས་སོ་སོར་དགག་པར་བགྱིའོ། །དེ་

ནས་རླུང་གི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གིས་འཇིགས་པ་མི་འབྱུང་བར་བགྱི། དུས་མ་ལགས་པའི་རླུང་མི་འབྱུང་བར་བགྱི། འབྲུ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་
བསྐྱེད་པར་བགྱི། འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ཀུ་བེ་རས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་
ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱི། ནོར་དང་། འབྲུ་ཐམས་ཅད་ལེགས་པར་འབྱོར་བར་བགྱི། རང་གི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། ཡུལ་དང་། གནས་དང་། བྲན་དང་། སྣག་གི་
གཉེན་དང་། རུས་ཀྱི་གཉེན་དང་། གྲོགས་དང་། བུ་དང་། བུ་མོ་དང་། ཆུང་མ་ལ་སོགས་པ་བསྲུང་བར་བགྱི། གླང་དང་། བ་ལང་དང་། བོང་བུ་དང་། རྔ་མོ་དང་། ལུག་དང་། མ་ཧེ་དང་། བལ་གླང་དང་། རྟ་དང་། ར་ལ་སོགས་པ་ལ་ཡང་བསྲུང་བར་བགྱིའོ། །དེ་
ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་ལྡན་གྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་དེ་དང་། རྒྱལ་པོ་དེ་དག་གི་བུ་དང་། རྒྱལ་རིགས་དང་། བྲམ་ཟེ་རྣམས་འདི་དང་ཕ་རོལ་ཏུ་བསྐྱབ་པ་དང་།
ཕན་གདགས་པ་དང་། ཡོངས་སུ་བསྐྱབ་པ་དང་། ཞི་བ་དང་། བཀྲ་ཤིས་པ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གཞོམ་པ་དང་། མཚམས་གཅད་པ་དང་། སའི་འོག་གི་མཚམས་གཅད་པ་དང་། ཕྱོགས་ཀྱི་མཚམས་
གཅད་པ་དང་། རྡོ་རྡོ་ར་བས་བསྐོར་པ་དང་། རྡོ་རྗེ་ཕུར་བུས་གདབ་པ་དང་། རྡོ་རྗེ་དྲ་བ་རྣམས་བྲེ་བར་བགྱི། དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱི། དགོས་པ་དང་། དགོས་པ་མ་ལགས་པ་རྣམས་ཀྱི་མཚན་མ་ཉེ་བར་བསྟན་པར་བགྱི། དགེ་བ་དང་། མི་དགེ་བ་

ཐམས་ཅད་རྨི་ལམ་དུ་ཡང་བསྒོ་བར་བགྱི། སྒྲུབ་ན་ཡང་བགེགས་མ་མཆིས་པར་བགྱི། དངོས་གྲུབ་ཐམས་ཅད་སྩལ་བར་བགྱིའོ། །དེ་ནས་ཡང་ནམ་མཁའ་ལྡིང་གི་བདག་པོ་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་རྒྱལ་པོ་དེ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་རྣམས་འཇིགས་པ་ཐམས་ཅད་ལས་བདག་ཉིད་འཁོར་ཐམས་ཅད་དང་བཅས་པར་མཆིས་ལ་
བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱི། མཆོག་ཐམས་ཅད་རབ་ཏུ་བསྟབ་པར་བགྱི། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱི། དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་བར་བགྱིའོ། །དེ་ནས་ས་འོག་གི་བདག་པོ་ཕག་ཆེན་པོས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་མིའི་བདག་པོ་དེ་དང་། མིའི་བདག་པོའི་བུ་དང་། ཡང་ན་ལན་གཉིས་སུ་བྱུང་བའམ། ལན་གཉིས་སུ་བྱུང་བའི་བུ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་སམ། གཞན་ཡང་རིགས་ཀྱི་
བུ་དང་། རིགས་ཀྱི་བུ་མོ་དད་པ་རྣམས་ཀྱིས་དུས་ཐམས་ཅད་དུ་དོན་ཐམས་ཅད་གྲུབ་པར་བགྱིའོ། །འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་དུ་ཡང་བསྲུང་བར་བགྱིའོ། །བདག་ཉིད་ཀྱང་ཡོངས་སུ་བསྐྱབ་པར་བགྱིའོ། །དེ་ནས་གཟའ་ཆེན་པོ་བརྒྱད་དང་། འཁོར་རྒྱུ་སྐར་དུ་
བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་སྔགས་ཀྱི་སྙིང་པོ་རྣམས་འབུལ་བར་འཚལ་ན། དེ་དག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་གསོལ། །ལེགས་སོ་ལེགས་སོ། །ངས་བྱིན་
གྱིས་བརླབས་ཀྱིས། གཟའ་ཆེན་པོ་རྣམས་ཤོད་ཅིག་དེ་ནས་ཉི་མ་ལ་སོགས་པ་གཟའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨོྃ་ཨཱ། ཨོྃ་སོ། ཨོྃ་ཨཾ། ཨོྃ་བུ། ཨོྃ་བྲྀ། ཨོྃ་ཤུ། ཨོྃ་ས། ཨོྃ་རཱ། དེ་ནས་དེ་དག་གི་དཀྱིལ་

འཁོར་བཤད་དེ། དབུས་སུ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲིའོ། །ངོས་རྣམས་སུ་ཕྱག་རྒྱ་ཆེན་པོ་བཞི་བྲིའོ། །པ་བ་སངས་ནི་མདུན་དུ་ལ། །ཟླ་བ་རྒྱབ་ཏུ་བྲི་བར་བྱ། །གཡས་སུ་ཕུར་བུ་བྲི་བྱ་ཞིང་། གཡོན་
པར་གཟའ་ལྷག་བྲི་བར་བྱ། །མེ་ཡི་ཕྱོགས་སུ་མིག་དམར་དང་། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །དབང་ལྡན་ཕྱོགས་སུ་སྤེན་པའོ། །སྲིན་པོའི་ཕྱོགས་སུ་སྒྲ་གཅན་བྲི། །དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །རྒྱུ་སྐར་ཐམས་ཅད་བྲི་བར་བྱ། །སྒོ་སྒོར་དེ་བཞིན་སྒོ་བ་
རྣམས། །ཁྲོས་པའི་ཡིད་དུ་བྲི་བར་བྱ། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །ཐམས་ཅད་ཀྱང་ནི་སྤྱན་དྲང་ངོ་། །དེ་ནས་སློབ་མ་རྣམས་ཞུགས་ཏེ། །ཨོྃ་བཛྲ་ཧ་ན་ཧཱུྃ་ཕཊ། ཨོྃ་བཛྲ་གྲ་ཧ་ས་མ་ཡེ་ཧཱུྃ་ཕཊ། ཨོྃ་བཛྲ་གྲ་ཧ་པྲ་ཏཱིཙྪ་ས་མ་
ཡེ་ཧཱུྃ། དེ་ནས་གཟའ་བརྒྱད་སྔགས་བཏབ་པའི། །བུམ་པ་བརྒྱད་ཀྱིས་དབང་བསྐུར་རོ། །རྡོ་རྗེའི་ཕྱག་རྒྱས་དབང་བསྐུར་ཏེ། །གཟའ་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་གཟའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བདག་ཅག་གཟའ་ཆེན་པོ་བརྒྱད་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་དེ་དང་། རྒྱལ་པོའི་བུ་ལ་རྟག་པར་དུས་ཐམས་ཅད་དུ་དེ་བཞིན་དུ་ཐམས་ཅད་བགྱིའོ། །དེ་ནས་རྒྱུ་སྐར་དང་། སྐད་ཅིག་དང་། ཡུད་ཙམ་དང་། ཐང་ཅིག་དང་། དུས་དང་། ཟླ་ཚིགས་དང་། སྦྱོར་བ་
དང་། ཁྱིམ་དང་། དུས་སྦྱོར་དང་། ཆུ་ཚོད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་དག་གི་བཀའ་མི་གཅོག་སྟེ། དཔོན་
པོ་བཞིན་དུ་བསྐྱང་བར་བགྱིའོ། །གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་པོ་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་གནས་ཐམས་ཅད་སོ་སོར་བསྐྱང་བར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ཡང་དེས་བདག་ཅག་མཆོད་ན་གདོན་མི་འཚལ་

བར་འཇིགས་པ་མི་འབྱུང་ངོ་། །དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་ཅེས་བྱ་བའི་སྒྲས་བཅོམ་ལྡན་འདས་དེ་མཉེས་པར་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དེ་དག་ཐམས་ཅད་ཀྱི་གསང་བའི་སྙིང་པོ་འདི་དབུལ་ལོ། །ཀླུ་
ཆེན་པོ་རྣམས་ལེགས་ཀྱིས་གསང་བའི་སྙིང་པོ་རྣམས་ཕུལ་ཅིག །དེ་ནས་དེ་དག་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨོྃ་ཕུ། ཨོྃ་ཕ། ཨོྃ་ཕཱུ། ཨོྃ་ཕཱ། ཨོྃ་ཕཱི། ཨོྃ་ཕེ། ཨོྃ་ཕཻ། ཨོྃ་ཕཽ། དེ་ནས་དེ་དག་གི་དཀྱིལ་འཁོར་
བཤད་དེ། པདྨ་ཆེན་པོ་འདབ་བརྒྱད་ལ། །ཁ་དོག་དཀར་པོ་བྲི་བར་བྱ། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་རབ་གནས་པ། །སྦྲུལ་མགོ་མཐའ་ཡས་གདེངས་པ་ཡི། །ལྟོས་འགྲོ་ཆེན་པོ་སྡིགས་པ་བྲི། །མཐའ་ཡས་འཇོག་པོ་དེ་བཞིན་དུ། །ཀར་ཀོ་ཊ་དང་
ཀུ་ལི་ཀ །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་དེ་བཞིན་དུ། །མདོར་ན་འདབ་མ་རེ་རེ་ལ། །དེ་དག་སྦྲུལ་མགོ་འབར་བར་བྲི། །སྦྲུལ་མགོ་བདུན་བདུན་ཆུང་མ་ཡིས། །མགུལ་ནས་འཁྱུད་དང་བཅས་པར་བྲི། །བུམ་པ་བརྒྱད་དང་གཏོར་མ་དང་། །བཤོས་མཛེས་པ་
དང་འབྱུང་པོ་ཡི། །མར་དང་འོ་མ་སྦྲང་རྩིར་བཅས། །བྱས་པ་རྣམས་ནི་གཞག་པར་བྱ། །དེ་ནས་རྡོ་རྗེ་བདག་ཉིད་ཞུགས། །སྦྲུལ་མགོས་སྦྲུལ་མགོ་ཅན་རྣམས་དགུག །ཕུད་ཅེས་བྱ་དང་ལྷན་ཅིག་ཏུ། ཧཱུྃ་བྃ་ཧོཿཞེས་བརྗོད་དེ། །དེ་ནས་བུ་ནི་རྒྱལ་པོ་དང་། །རྒྱལ་
རིགས་ཐམས་ཅད་རབ་བཅུག་ནས། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུད་ཅེས་བྱ་བས་དབང་བསྐུར་རོ། །དེ་ནས་མིང་ཙམ་བརྗོད་པས་ཀྱང་། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །དེ་ནས་དེ་དག་ཀུན་མགུ་ནས། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །སྤྱན་
སྔར་ཐལ་མོ་སྦྱར་འཁོད་ནས། །སྨོན་ལམ་རབ་ཏུ་འདེབས་པར་གྱུར། །བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས་གལ་ཏེ་དཀྱིལ་འཁོར་འདིར་ཞུགས་པ་རྣམས་ལ་བསླུས་བར་གྱུར་ན། དེའི་ཚེ་བཅོམ་ལྡན་འདས་ཉིད་ལ་

བསླུས་པར་གྱུར་ཅིག །དེའི་ཚེ་བདག་ཅག་གི་གནས་བྱེ་མས་བསྲེགས་པར་གྱུར་ཅིག །རྡོ་རྗེ་ཀུན་དུ་འབར་བས་བདག་ཅག་གི་མགོ་བཀས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱི། བྱིན་ཆེན་པོ་
དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་པར་བགྱི། དེའི་ཡུལ་དུ་དུག་མ་མཆིས་པར་བགྱི། དུས་དུས་སུ་ཆར་དབབ་པར་བགྱི། ཕ་རོལ་པོའི་གཡུལ་ཐམས་ཅད་ལ་དུས་དང་། དུས་མ་ཡིན་པའི་ཆར་དབབ་པར་བགྱི། འཇིགས་པ་ཐམས་ཅད་རྣམ་པར་གཞོམ་
པར་བགྱི། རྒྱལ་བའི་བཀའ་དང་། རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ། །དེ་ནས་སྒྲུབ་པ་བཤད་དེ། ལྷ་རྫས་འོད་ཕྲེང་དཀར་པོ་ཡིས། །དབུ་ལ་སྦྲུལ་མགོ་བཞིས་བསྐོར་བའི། །རྡོ་རྗེ་འཛིན་གཙོ་བསམས་ནས་སུ། །ཕུད་ཅེས་བྱ་བ་འབུམ་བཟླས་
ལ། །དེ་ནས་དུག་བླངས་ཕུད་ཅེས་ནི། །བྱ་བའི་དཀྱིལ་འཁོར་བསམས་ནས་ཀྱང་། །ལྷ་རྫས་འོད་ཟེར་ཕྲེང་བས་དགང་། །དེ་ལ་ཕུད་ཅེས་བྱ་བ་བསམ། །ལག་པ་སྦྲུལ་མགོ་ཞགས་འདྲ་དང་། །ཕུད་ཅེས་བྱ་བའི་རླུང་གིས་གཏོར། །པགས་པ་ཤ་དང་རུས་གནས་པའི། །
དུག་རྣམས་ཐམས་ཅད་མ་ལུས་པར། །ཕུད་ཅེས་བྱ་བའི་ལག་པས་དྲངས། །དེ་ནས་ལས་རྣམས་ཀུན་བྱེད་ཅིང་། །དུག་རིམས་དུག་སྦྱར་ལ་སོགས་པ། །ཁུ་ཚུར་གྱིས་ཀྱང་ཀུན་ཕྱིན་ན། །སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་དགོས། །དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་
པར་བྱེད་པ་ཆེན་པོ་བུད་མེད་ཆེན་མོ་བརྒྱད་ཀྱིས་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སྐྲག་པ་དང་། བུད་མེད་རྣམས་ཀྱི་སྐྲག་པས་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་སྐྲག །རྣམ་པར་སྐྲག །རབ་ཏུ་སྐྲག་
སྟེ། ཁ་སྦུབ་ཏུ་འགྱེལ་ནས་གོས་དང་བྲལ་ཏེ། སེམས་ཀྱང་སྟོར་ནས་ཀུན་དུ་འཕྱན་པ་དེ་དག་ལ་ཕན་གདགས་པའི་སླད་དུ་བདག་ཅག་སྙིང་པོ་འབུལ་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིགས་པར་བྱེད་པ་ཆེན་པོ་ལེགས་སོ་

ལེགས་སོ། །རབ་ཏུ་འཇིགས་པར་བྱེད་པ་བདག་ཉིད་དང་། ལྷའི་བུད་མེད་ཐམས་ཅད་ཀྱི་སྙིང་པོ་རྣམས་ཤོད་ཅིག །དེ་ནས་འཇིགས་པར་བྱེད་པ་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །ཨོྃ་བྷཻ་ར་བ་བྷཱི་སྭཱ་ཧཱ། ཨོྃ་བྷཱ་སྭཱ་ཧཱ།
ཨོྃ་བྷི་སྭཱ་ཧཱ། ཨོྃ་བྷཱུ་སྭཱ་ཧཱ། ཨོྃ་བྷེ་སྭཱ་ཧཱ། ཨོྃ་བྷཻ་སྭཱ་ཧཱ། ཨོྃ་བྷཽ་སྭཱ་ཧཱ། ཨོྃ་བྷཾ་སྭཱ་ཧཱ། ཨོྃ་བྷཿསྭཱ་ཧཱ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ནི་བརྒྱད་པོ་དེ་དག་བདག་གི་ངག་ཉན། དེ་ནས་དེ་དག་དཀྱིལ་འཁོར་བཤད། །འཁོར་ལོ་ཆེན་པོ་རྩིབས་བརྒྱད་པ། །བྲིས་ནས་དབུས་
སུ་རྡོ་རྗེ་འཛིན། །ཁྲོ་ཆེན་འཇིག་རྟེན་གསུམ་ལས་ནི། །རྣམ་རྒྱལ་ཞེས་བྱ་གཞག་པར་བྱ། །དེ་ཡི་ཞབས་དྲུང་འཇིགས་བྱེད་པའི། །དྲག་པོ་ཆེན་པོ་ཁྲོས་པ་ནི། །འཇིགས་བྱེད་མ་དང་བཅས་པར་བྲི། །རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །གཞན་ཡང་འཇིགས་བྱེད་བརྒྱད་པོ་ནི། །
བུད་མེད་རྣམས་དང་ལྡན་པ་ལ། །ཁྲོས་པའི་བཞིན་དང་ཡིད་ཁྲོས་པར། །ཅི་བདེ་བར་ནི་བྲི་བར་བྱ། །འདིར་ནི་སྒོ་སྒོར་དེ་བཞིན་དུ། །སྒོ་བ་ཤིན་ཏུ་ཁྲོས་ལྡན་བྲི། །དེ་ནས་ལྕགས་ཀྱུ་ལ་སོགས་པས། །བཀུག་སྟེ་མགོ་ཡི་ཐོད་པ་ནི། །ཁྲག་གིས་བཀང་སྟེ་མཆོད་ནས་ཀྱང་། །
ཤ་ཆང་གཏོར་མ་བཟང་པོ་དང་། །སྣོད་རྣམས་ཁྲག་གིས་བཀང་བ་དང་། །མགོ་ཐོད་མགོ་ཡི་དུམ་བུ་དང་། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །དཀྱིལ་འཁོར་དེར་ནི་གཞག་པར་བྱ། །དེ་ནས་འཇིག་རྟེན་གསུམ་རྒྱལ་བའི། །མཆོག་གིས་སློབ་མ་གཞུག་པར་བྱ། །
བུམ་པའམ་མགོ་ཡི་ཐོད་པ་ནི། །དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ། །དེ་ནས་ལས་རྣམས་སྦྱིན་བྱ་སྟེ། །བུད་མེད་ཁྱིམ་མམ་མཚན་གཅིག་པར། །འཇིག་རྟེན་གསུམ་ནི་འདུལ་བའི་མཆོག །ཚུལ་བཞིན་དུ་ནི་མཆོད་ནས་ཀྱང་། །འབུམ་ཕྲག་བཞིར་ནི་བཟླས་པར་བྱ། །དེ་ནས་འཇིགས་
པར་བྱེད་པ་ཡི། །བདག་ཉིད་ཆེན་པོའི་སྒྲ་ཐོས་ནས། །མི་འཇིགས་པར་ནི་མགོ་ཐོད་པར། །ཁྲག་མཆོག་བཀང་སྟེ་ཨརྒྷ་དབུལ། །དེ་ནས་ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་བུད་མེད་ཀྱི། །ཚོགས་ཀྱིས་བསྐོར་ཅིང་འཇིགས་བྱེད་པ། །བརྒྱད་ཀྱིས་བསྐོར་བ་མཐོང་བར་

འགྱུར། །དེ་མཐོང་འཇིགས་པ་མེད་གྱུར་ལ། །ཧཱུྃ་ཞེས་བྱ་བ་དྲན་བྱེད་ཅིང་། །ཤའམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དབུལ་བར་བྱ། །དེ་ནས་འཇིགས་བྱེད་མ་རུངས་འཇོམས། །མགུ་ནས་རབ་ཏུ་གྲུབ་འགྱུར་ནས། །ཅི་འདོད་ཅེས་ནི་སྨྲས་ནས་ཀྱང་། །མགུ་
བའི་ཡིད་ཀྱིས་དེ་སྦྱིན་བྱེད། །ས་རྣམས་སྦྱིན་པ་མ་གཏོགས་པར། །བདེ་ཆེན་ཧཱུྃ་གི་ཚུལ་གྱིས་གསོལ། །ཁུ་བ་བྲོ་བའི་བཏུང་བ་དང་། །རྫས་དང་རལ་གྲི་འཁོར་ལོ་དང་། །རྩེ་གསུམ་པ་དང་མཐོ་རིས་དང་། །མི་དང་ས་འོག་རྒྱལ་པོ་དང་། །གླིང་དང་གླིང་བཞི་བརྒྱ་བྱིན་
དང་། །གནོད་སྦྱིན་དབང་ཕྱུག་སྲིན་པོ་ཉིད། །རིག་འཛིན་ཉིད་དང་རིག་འཛིན་གྱི། །འཁོར་ལོས་སྒྱུར་དང་འཇིག་རྟེན་ནི། །གསུམ་གྱི་བདག་དང་བཀའ་ཉན་དང་། །རང་གི་འཁོར་དང་བུད་མེད་ཀྱི། །དངོས་གྲུབ་གང་ཡང་རུང་བ་ནི། །ཅི་དགའ་བར་ཡང་སྦྱིན་པར་བྱེད། །བྱིན་
ནས་དགོད་ཅིང་འགྲོ་བར་བྱེད། །སྐྲག་ན་དེ་མ་ཐག་ཏུ་གསོད། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་རང་གི་
བརྟག་པ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་བྱིན་གྱིས་བརླབ་པར་གསོལ། དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་རང་གི་སྙིང་པོ་རྣམས་བཤད་དོ། །ཨོྃ་ཨཱ། ཨོྃ་བྷི། ཨོྃ་རུ། ཨོྃ་ཨི། ཨོྃ་ཀྃ། ཨོྃ་ག །ཨོྃ་བྲི། ཨོྃ་
ཀ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་འཇིག་རྟེན་གསུམ་འདུལ་བ། །དེ་ཡི་མདུན་དུ་དཔའ་བོ་ནི། །དབང་ཕྱུག་རྩེ་གསུམ་ལག་ཐོགས་བྲི། །རྒྱབ་ཏུ་ཚངས་པ་བྲི་བྱ་སྟེ། །གཡོན་པར་ལག་ན་འཁོར་ལོ་ཐོགས། །
གཡས་པར་དབང་པོ་རང་གི་ནི། །ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི། །རང་གི་དཀྱིལ་འཁོར་ཆུང་མ་རྣམས། །འདིར་ཡང་སྒོ་བ་དེ་བཞིན་ཏེ། །བྱ་དང་བུམ་པ་གང་བར་གཞག །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །སྟོབས་བཟང་ལ་སོགས་མཐུ་ཆེན་གཞག །དེ་ནས་ཞུགས་

ནས་ལྷ་རྣམས་ནི། །མཁས་པས་ཀུན་ནས་དགུག་པར་བྱ། །ཛཿཧཱུྃ་བྃ་ཧོཿལྷ་ཐམས་ཅད། །དཀྱིལ་འཁོར་དམ་པར་བཞུགས་པར་མཛོད། །དེ་ནས་འོངས་པར་མཐོང་བ་དང་། །དགའ་བ་ཆེན་པོས་མཆོད་པར་བྱ། །དེ་ནས་རྡོ་རྗེ་འཛིན་པ་ཡི། །ཕྱག་རྒྱས་སློབ་
མ་རྣམས་གཞུག་སྟེ། །ཨོྃ་པྲ་ཏཱིཙྪ་ཏྭཱྃ་མ་ཧཱ་ས་ཏྭ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཨོྃཧཱུྃ་ཧ་ཧ་ཧ་ཧོ། །མེ་ཏོག་ཆོ་ག་བཞིན་དུ་དོར། །མིག་དབྱེ་ནས་ནི་བསྟན་པར་བྱ། །དེ་ནས་སྔགས་ཀྱིས་བཏབ་པ་ཡི། །བུམ་པའི་ཆུས་ནི་དབང་བསྐུར་རོ། །དེ་ནས་ལྷ་རྣམས་གང་དགའ་བའི། །དངོས་གྲུབ་རབ་ཏུ་
སྦྱིན་པར་བྱ། །འབུམ་གཅིག་གམ་ནི་འབུམ་གཉིས་སམ། །དང་པོ་བསྙེན་པ་བྱས་ནས་ཀྱང་། །དབང་ཕྱུག་ལ་སོགས་ལྷ་མཆོག་རྣམས། །དེ་དག་སྒྲུབ་བས་བསྒྲུབ་ཕྱ་སྟེ། །མཚན་གཅིག་ལ་སོགས་གནས་སམ་ནི། །ཕྱག་ན་རྡོ་རྗེའི་ཕོ་བྲང་ངམ། །ཡང་ན་དེ་བཞིན་གཤེགས་
པའམ། །རིང་བསྲེལ་ལྡན་པའི་མཆོད་རྟེན་དུ། །ལྷ་རྣམས་ཐམས་ཅད་ཆོ་ག་བཞིན། །སྒྲུབ་པས་རྟག་ཏུ་བསྒྲུབ་བྱས་ན། །ནམ་ཕྱེད་ན་ནི་ལྷ་བཞེངས་ནས། །ཁྱོད་ཀྱི་འདོད་པ་གང་ཡིན་པ། །དེ་ནི་ཅི་བདེར་སྦྱིན་བྱ་ཡིས། །བཟང་པོས་མྱུར་དུ་སོམས་ཏེ་སྨྲོས། །གང་ཕྱིར་མཆོག་
ནི་ཁྱོད་ལ་སྦྱིན། །དེ་ནས་སྔགས་ཤེས་དངོས་གྲུབ་ཕྱིར། །ལྷ་ལ་མཆོག་ནི་གསོལ་བ་གདབ། །ལྷ་རྫས་ཁུ་བ་བྲོ་བཏུང་དང་། །མི་སྣང་བ་དང་མཁའ་འགྲོ་དང་། །རིལ་བུ་རྫས་དང་རྒྱལ་ལ་སོགས། །ཡིད་འདོད་ཚད་མེད་གསོལ་བ་གདབ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པས་
བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལགས་པ་དེ་དག །བཅོམ་ལྡན་འདས་བདག་ཅག་ལྷ་ཐམས་ཅད་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ངོ་། །མཐོ་
རིས་ཀྱི་ལམ་བསྟན་པར་བགྱིའོ། །ངན་སོང་མ་ལགས་པའི་ལམ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངན་

ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤོང་བའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །
བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་དུ་ཡོངས་སུ་བསྐྱང་བར་
བགྱིའོ། །དེའི་ཕ་རོལ་གྱི་དགྲ་ཀུན་གཞོམ་པར་བགྱིའོ། །གྲོང་དང་། གྲོང་འདབ་དང་། ལྗོངས་དང་། རྒྱལ་པོ་དང་། རྒྱལ་པོའི་ཕོ་བྲང་དང་། རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་དང་། ཕྱོགས་དང་། གྲོང་ཁྱེར་དང་། གྲོང་འཁོར་རྣམས་བསྲུང་བར་བགྱིའོ།
རྒྱལ་སྲིད་ཀྱང་སྩལ་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ནི་རྒྱལ་སྲིད་རྒྱས་པར་བགྱིའོ། །གླིང་གཅིག་པ་དང་། གླིང་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བདེ་འགྲོ་དང་། མིའི་གནས་དང་། སའི་འོག་དང་། འཁོར་ལོས་སྒྱུར་བ་རྣམས་སྩལ་བར་བགྱིའོ། །
མདོར་ན་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། གཏོགས་འདོད་ཉིད་དང་། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་ཀུན་ཏུ་གཟིགས་ནས་འཛུམ་པ་མཛད་པ་དང་། འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས།
རབ་ཏུ་གཡོས། །ཡང་དག་པར་རབ་ཏུ་གཡོས། །འགུལ། རབ་ཏུ་འགུལ། ཡང་དག་པར་རབ་ཏུ་འགུལ། འབར་རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར། དགོད་རབ་ཏུ་དགོད། ཡང་དག་པར་རབ་ཏུ་དགོད། རྩེ་རབ་ཏུ་རྩེ། ཡང་དག་པར་རབ་ཏུ་རྩེ་ཞིང་རྨད་ཀྱི་ཡ་
མཚན་དུ་མ་འཇིག་རྟེན་དུ་ཡང་དག་པར་རབ་ཏུ་སྣང་བར་གྱུར་ཏོ། །དེ་ནས་ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས་ཤིན་ཏུ་དམ་པར་གྱུར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་

དཔའ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། བཅོམ་ལྡན་འདས་དེའི་སླད་དུ་འཛུམ་པ་མཛད་པའི་རྒྱུ་གང་ལགས་པ་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་
ཀྱིས་གསོལ་བའི་ཚིག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ལྷ་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་འཆི་བདག་ཞི་བར་བྱེད་པའི་རིག་པ་དང་།