Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 6 / 18 (50.000 ký tự/trang)
དུས་མ་ཡིན་པའི་འཆི་བདག་འཇོམས་པར་བྱེད་པའི་རིག་སྔགས་གཟི་བརྗིད་ ཆེན་པོ་གང་ཡིན་པ་ཐོས་སམ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་དེ་དག་ཡང་དག་པར་རབ་ཏུ་མགུ་སྟེ་བ་སྤུ་ལངས་ནས་ལེགས་སོ་ཞེས་བྱ་བ་འདི་དག་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །རྡོ་རྗེ་ འཛིན་པ་ལེགས་སོ་ལེགས་སོ། །གང་གི་སླད་དུ་ཚེ་ཐུང་བའི་སེམས་ཅན་རྣམས་ཚེ་བསྲིང་བར་བགྱི་བ་དང་། དུས་མ་ལགས་པའི་འཆི་བདག་གིས་ཉེན་པ་རྣམས་གང་གིས་དུས་མ་ལགས་པར་འཆི་བ་ལས་རྣམ་པར་གྲོལ་བར་བགྱི་བ་དང་། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་གི་ རྒྱུད་ཐམས་ཅད་ལས་ཅི་ནས་ཀྱང་རྣམ་པར་གྲོལ་བར་བགྱི་བ་དང་། འཁོར་བའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བདེ་བླག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བགྱིས་ནས་མྱུར་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་ བའི་སླད་དུ་གཟི་བརྗིད་ཆེན་པོའི་སྟོབས་དང་། མཐུ་ཆེན་པོའི་རིག་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོྃ་པུ་ཎྱེ་པུ་ཎྱེ། མ་ཧཱ་བུ་ཎྱེ་ཨ་པ་རི་མི་ཏཱ་ཡུཿཔུ་ཎྱེ་ཛྙཱན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། སྙིང་པོའི་རིག་པའོ། །ཨོྃ་ཧྲཱིཿསྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། ཨོྃ་བྷྲཱུྃ་སྭཱ་ཧཱ། ཏེ་བའི་སྙིང་པོའི་རིག་པའོ། ཨོྃ་ཀྲུྃ་སྭཱ་ཧཱ། །སྙིང་པོ་ཡང་དག་པར་བསྐུལ་བའི་ རིག་པའོ། །ཨོྃ་ཏྲཱྃ་སྭཱ་ཧཱ། སྙིང་པོ་དམ་པའོ། །ཨོྃ་ཧྲཱིཾ་སྭཱ་ཧཱ། གསང་བའི་སྙིང་པོའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་རྩིབས་བཞི་པར་བྱས་ལ། དེ་ཡི་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། གཟི་བརྗིད་ཚད་མེད་པའི་རྒྱལ་པོ་ཞེས་བྱ་བ་གཞག་སྟེ། བྷྲུྃ་ཞེས་བྱ་བའི་སྙིང་པོའོ། །དེའི་སྤྱན་སྔར་ནི་ཕྱག་ན་རྡོ་རྗེ་སྟེ། ཧྲཱིཿཞེས་བྱ་བའི་སྙིང་པོའོ། །གཡོན་པར་ནི་ཁྲོ་བོ་སྟེ། ཀྲུྃ་ཞེས་བྱ་བའི་སྙིང་པོའོ། །གཡས་པར་ནི་ནམ་མཁའི་སྙིང་པོ་སྟེ། ཏྲཱྃ་ཞེས་བྱ་བའི་སྙིང་པོའོ། ། རྒྱབ་ཏུ་ནི་འཕགས་པ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་མི་འཇིགས་པ་སྦྱིན་པ་ཞེས་བྱ་སྟེ། ཧྲཱིཾ་ཞེས་བྱ་བའི་སྙིང་པོའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་རིག་པ་རྣམས་བྲིའོ། །བུམ་པ་ལྔ་དང་། བརྒྱད་འཁོར་ལོས་སྒྱུར་བའི་སྔགས་ཀྱིས་བཏབ་ལ་གཞག་གོ། ། བདུག་པ་ལ་སོགས་པ་ལས་ཐམས་ཅད་པའི་ཁྲོ་བོའི་སྔགས་ཀྱིས་བཏབ་པ་དང་། མཆོད་པ་ལ་སོགས་པ་གཞག་སྟེ། སྒོ་བ་ཐམས་ཅད་ཀྱང་དེ་བཞིན་ནོ། །དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ། །བདེ་བར་གཤེགས་པ་དམ་པ་སྲས་དང་འབངས་སུ་བཅས་ཤིང་འཁོར་གྱིས་ བསྐོར་ཏེ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །དེ་ནས་བདག་ཉིད་དབང་བསྐུར་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འདུག་ལ་སྟོང་ཕྲག་བརྒྱ་བཟླས་ན། དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཀྱང་རུང་སྟེ། མངོན་སུམ་དུ་མཐོང་ནས་ དེ་འདོད་པའི་མཆོག་སོ་སོར་ཐོབ་པར་འགྱུར་རོ། །ཅི་སྟེ་མཉམ་པར་གཞག་ན་དེའི་ཚེ་ཡིད་ཀྱིས་ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། ཨོྃ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ། མཱ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ ར་ཨཱ་ཏྨ་ཀོ་྅་ཧཾ་ཞེས་ང་རྒྱལ་བསྐྱེད་ལ་སློབ་མ་རྣམས་གཞུག་པར་བྱའོ། །དེ་ནས་འདིས་མེ་ཏོག་དོར་བར་བྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭྃ། དེ་ནས་ཕྲེང་བ་དེ་ཉིད་ཀྱིས་མགོ་ལ་བཅིངས་ལ། དབང་བསྐུར་བར་བྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩི་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ བྷྲུྃ ། ཨོྃ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། ཨོྃ་རཏྣ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ་ཏྲཱྃ། ཨོྃ་པདྨ་པདྨ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱིཿ། ཨོྃ་ཀརྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཀྲུཾ། དེ་ནས་དམ་ཚིག་དང་། བཀའི་དབང་བསྐུར་བར་བྱའོ། །དེ་ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། ། བླ་མ་དམ་པ་རྣམས་མི་སྤང་། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང་། །བརྫུན་དུ་སྨྲ་བར་བྱ་མ་ཡིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་སྟེ། །དེ་ཡི་གྲིབ་མ་མི་འགོམ་ཞིང་། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་ སློབ་དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱ་མི་སྨད་དེ། །ལྷ་རྣམས་ལ་ལྟ་སྨོས་ཅི་དགོས། །ཇི་སྟེ་གླེན་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །རྙིང་དང་ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེའི་མཚན་མ་རྣམས། ། གོམ་པས་འགོམ་པར་མི་བྱའོ། །གླེན་པས་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མིན་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་ དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་བསད། །འཇུངས་པ་རྣམས་ཀྱི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་བསྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་དམ་ཚིག་ ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ། །སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། ། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །སྔགས་རིག་པས་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བྱས་ཤིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། ། སྙིང་རྗེར་ལྡན་པས་སྨོས་ཅི་དགོས། །དེ་ནས་འདིས་བཀའི་དབང་བསྐུར་བར་བྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ན་ཏེ་དྷཱ་སྱཱ་མི་གྲྀཧྣ་བཛྲ་སུ་སིད་དྷ་ཡེ། ཨོྃ་བཛྲ་ཏིཥྱ་ཧཱུྃ། འདིས་རྡོ་རྗེ་ལག་ཏུ་བྱིན་ལ་ལས་ཀྱི་དབང་བསྐུར་བར་བྱའོ། །ཨོྃ་སརྦ་ཀརྨ་ནི་ཀུ་རུ་བུད་དྷཱ་ནཱ་མ་ཧཱུྃ། དེ་ ནས་བླ་མ་བླ་མའི་ཕྱིར། །ཁྱོད་ཀྱིས་ལུས་མཆོག་སྦྱིན་པར་བྱ། །ནོར་དང་དབྱིག་དང་འབྲུ་རྣམས་དང་། །སྟན་དང་བཞོན་པ་དེ་བཞིན་ཏེ། །བྲན་གྱི་མཆོག་དང་ཁང་པ་དང་། །རྒྱལ་པོ་རྒྱལ་སྲིད་དེ་བཞིན་ཏེ། །བུ་དང་བུ་མོ་ཆུང་མ་དང་། །མ་དང་སྲིང་མོ་ཚ་མོ་དང་། ། གཞན་ཡང་ཅི་བཞེད་ཐམས་ཅད་ནི། །ཕན་པར་བསམས་ཕྱིར་བླ་མར་དབུལ། །དེ་ནས་བྱང་ཆུབ་བར་དུ་ནི། །སངས་རྒྱས་ཉིད་དང་གཞན་དག་དང་། །འཇིག་རྟེན་པ་ཡི་མཐུ་ཆེན་རྣམས། །གང་འདོད་པ་དག་བསྒྲུབ་འདོད་པས། །དངོས་གྲུབ་རྣམས་ནི་གསོལ་བར་བྱ། །དེ་ ནས་བུ་ལ་ཕན་པའི་ཕྱིར། །སྔགས་མཁན་སེར་སྣ་མེད་སེམས་དང་། །དད་པས་དད་པའི་སེམས་ལྡན་ལ། །དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། ། རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་ཡང་། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ལྟག་འོག་གོ་རིམས་ཇི་བཞིན་དུ། ། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །མཁས་པ་ཡིས་ནི་བསྒྲུབ་བྱས་ན། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་ འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། གཞན་ཡང་དམན་ཞིང་ཁོ་རེ་ཆུང་བ་ཕྱག་དར་བ་དང་། མཐའ་འཁོབ་པའི་ རིགས་ངན་གྱི་སྐྱེ་བོ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་ན་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱི་རང་ལ་ཞུས་པ་དེ་ནི་ལེགས་སོ་ལེགས་སོ། ། ལྷའི་བུ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དང་། དབང་བསྐུར་བ་དང་། བྲིས་པ་དང་། འདྲིར་བཅུག་པ་དང་། རྗེས་སུ་ཡི་རང་བ་དང་། ཕྱག་བྱས་པ་དང་། མཆོད་པ་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་ཉོན་ཅིག །ལྷའི་བུ་རྣམས་མདོར་ནང་ལ་ཡང་དེའི་ཡོན་ ཏན་བཤད་པར་སྤོབས་པ་མེད་དེ། ངའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་བརྒྱ་ཕྲག་སྟོང་དུ་མར་བསྒྱུར་ཀྱང་གྲངས་སུ་ཡང་མི་ཆོག །བགྲང་བར་ཡང་མི་ཆོག །དཔེར་ཡང་མི་བཟོད་དེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ། ། དཀྱིལ་འཁོར་འདིར་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ཆེའོ། །རྡོ་རྗེ་འཛིན་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བདག་ཅག་གིས་དཀྱིལ་འཁོར་དུ་འདུག་པ་ལ་སོགས་པར་སྤྲོའོ། །བཅོམ་ལྡན་ འདས་རྡོ་རྗེ་འཛིན་པ་སྤྲོའོ། །དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུད་དང་ལྡན་པ་དང་། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་རྣམས་སུ་སྐྱེས་པ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཀྱེ་ལྷའི་བུ་རྣམས་སེམས་ཅན་དེ་དག་ནི་དཀྱིལ་འཁོར་འདི་ཉིད་དུ་ཆུག་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་སུ་ཆུག་ཅིག་དང་། དེས་སེམས་ཅན་དེ་དག་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་གང་ཡིན་པ་དེ་དག་གི་མིང་ལ་ཡང་དབང་སྐུར་ཅིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག །མཆོད་རྟེན་ལ་ཡང་ དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ན་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་། དེ་དང་རུས་མཐུན་པ་དང་། དེའི་མིང་འཛིན་པའམ། བྲན་ལ་ཡང་དབང་སྐུར་ཅིག་དང་ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་ གདོན་མི་ཟ་བར་ཞག་བདུན་གྱི་ས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ་འབུམ་ཕྲག་གཉིས་སམ། འབུམ་ཕྲག་གསུམ་མམ། འབུམ་ཕྲག་བཞི་ནས་འབུམ་ཕྲག་བརྒྱ་ཕྲག་སྟོང་གི་བར་དུ་བཟླས་པ་བྱས་ན་མཚམས་མེད་པ་ལྔ་བྱས་ པ་ཡང་རྣམ་པར་ཐར་བར་འགྱུར་ན། སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །དེ་ཡི་མིང་ཡང་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་ བྱས་ན། །ངན་སོང་ཀུན་ལས་རྣམ་པར་ཐར། །དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ནས་ངན་སོང་ཡང་། །ཀུན་ལས་རྣམ་པར་ཐར་བར་འགྱུར། དེ་ཡི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་འོད་ཟེར་དཀར་ འབར་བྲི། །ཁོར་ཡུག་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་དཀར་དང་ལྡན་པར་བྲི། །དེ་ནས་རྡོ་རྗེ་རྒྱ་གྲམ་དང་། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག །དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་སྣ་ཚོགས་གཞག་པར་བྱ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི། །གཟའ་ དང་སྐར་མའི་མཚན་མ་དང་། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །གཙོ་བོ་རི་མོ་ལུགས་མའང་རུང་། །རྡོ་རྗེ་ཅན་དང་ལྷན་ཅིག་གཞག །བྱ་དང་བུམ་པ་བཀང་བ་དང་། །གཏོར་མ་ལྷ་བཤོས་རབ་དཀར་གཞག །མདོར་ན་ཐིག་ནི་བཏབ་ནས་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བྱ། །དཀར་ པོའི་གོས་ནི་བགོས་ནས་ཀྱང་། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང་། །སྡིག་པའི་སྒྲིབ་པ་ཞི་བའི་ཕྱིར། །སངས་རྒྱས་ཀུན་གྱི་སྦྱིན་སྲེག་ནི། །མར་དང་འོ་མ་སྦྲང་རྩི་ཅན། །འབྲས་ཡོས་ཡུངས་ཀར་བསྲེས་ པ་དང་། །དེ་ཡི་རུས་པ་ཤ་ལ་སོགས། །ཡང་ན་མིང་ནས་སྨོས་ཏེ་བྱ། །དེ་ནི་བདེ་འགྲོར་སྐྱེས་ནས་ཀྱང་། །མཁས་པས་རྒྱས་པ་བྱ་དགོས་ཏེ། །ཁྲུ་དོ་པའམ་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པར། །བྱས་ནས་ཧོམ་ཁུང་གྲུ་བཞི་པ། །ཀུན་དུ་མུ་རན་ལྡན་པར་ བྱ། །དེ་དབུས་པད་མ་རིན་ཆེན་ཅན། །འོད་ཟེར་སེར་པོ་ལྡན་པར་བྲི། །ཁོར་ཡུག་ཏུ་ནི་རིན་ཆེན་དང་། །མུ་རན་རྣམས་ལ་ཆུ་སྐྱེས་བྲི། །ཕྱི་རོལ་དུ་ནི་རིགས་ལྔ་ཡི། །སོ་སོའི་ཕྱག་རྒྱ་བྲི་བར་བྱ། །དེ་ལྟར་ཕྱི་ཡི་ལྷ་རྣམས་དང་། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །གོས་རྣམས་སེར་པོར་བསྒྱུར་ ནས་ཀྱང་། །མཐོ་རིས་གནས་པ་རྗེས་དྲན་ཞིང་། །དེ་ལ་ཕན་ཕྱིར་རྒྱས་པའི་ཕྱིར། །རྒྱས་པ་ཡི་ནི་ལས་བྱས་ན། །ལུས་ཅན་དེ་ཡི་ཚེ་དང་དཔལ། །གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །དེ་ནས་ཕན་ཕྱིར་ངེས་པར་ཡང་། །དབང་དུ་བྱ་བའི་ལས་བྱ་ན། །ཧོམ་ཁུང་གཞུ་ཡི་དབྱིབས་ འདྲ་ལ། །ཁྲུ་གང་པའམ་ཁྲུ་དོ་པ། །ཁྲུ་བཞིར་བྱས་ལ་དེའི་དབུས་སུ། །པད་མ་དམར་པོ་བྲིས་ནས་ཀྱང་། །དེ་ཡི་དབུས་སུ་མདའ་བཅས་པའི། །གཞུ་ཡང་དེ་བཞིན་བྲི་བར་བྱ། །ཁོར་ཡུག་ཏུ་ཡང་མདའ་བཅས་པའི། །གཞུ་ནི་ཁ་དོག་དམར་པོར་བྲི། །སྔགས་རྫོགས་པས་ནི་ རྟག་པར་ཡང་། །ཕྱི་རོལ་དེ་དང་འདྲ་བར་བྱ། །སེམས་ཅན་དེ་ཡང་དྲན་བྱས་ཏེ། །དམར་པོར་གྱུར་བའི་གོས་གྱོན་ལ། །མེ་ཏོག་དམར་རམ་པདྨའམ། །འབྲས་བུ་དམར་རམ་ཚོན་བསྐུས་བའི། །མར་དང་གུར་གུམ་བསྲེས་པ་དང་། །ཙནྡན་དམར་པོའི་ཕྱི་མ་ཡིས། །སྦྱིན་སྲེག་ བྱས་ན་ལྷ་ལ་སོགས། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། །མངོན་སྤྱོད་ཀྱང་ནི་བརྩམ་བྱ་སྟེ། །ཕྱེད་དང་གསུམ་མམ་ཁྲུ་གསུམ་མམ། །དེ་ལྟར་དམ་པ་ཁྲུ་དགུར་བྱ། །གྲུ་གསུམ་པ་དང་ལྡན་པར་ནི། །དབུས་སུ་རྡོ་རྗེ་རྩེ་དགུ་བ། །རྩེ་གསུམ་ པ་དང་རྒྱ་གྲམ་པའི། །རྡོ་རྗེ་རྣམས་དང་དབྱིག་པ་དང་། །མགོ་ནི་རྡོ་རྗེ་རྩེ་གསུམ་དང་། །དགྲ་སྟ་རྩེ་གཅིག་མུ་ཁྱུད་བསྐོར། །ཕྱི་རོལ་དུ་ཡང་རིམ་གསུམ་དུ། །སྔ་མ་བཞིན་དུ་བརྒྱན་པར་བྱ། །བྱ་དང་གཏོར་མ་བུམ་པ་དང་། །བཤོས་ཆ་རྣམ་པ་མང་དུ་གཞག །ཤ་དང་ཁྲག་གིས་ བཀང་བ་ཡི། །མགོ་ཡི་ཐོད་པ་ཀུན་ཏུ་གཞག །དེ་ཡི་ལུས་ཅན་སྡིག་སོགས་དང་། །བགེགས་རྣམས་གཞོམ་པར་བྱ་བའི་ཕྱིར། །གོས་ནག་བགོས་ཤིང་ཁྲོས་ནས་ཀྱང་། །འཇིག་རྟེན་གསུམ་རྒྱལ་བདག་ཉིད་བསམ། །དེ་ནས་དེ་ཡི་སྡིག་བཅོམ་ལུས། །བགེགས་དང་ ཕྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང་། །ཁམས་གསུམ་པ་ན་ཅི་བདེར་སྤྱོད། །གོ་རིམས་འདི་དག་ཉིད་ཀྱིས་ནི། །ཚེ་འདིའི་གནས་ལའང་བྱ་བ་སྟེ། །དེ་ནས་གང་གི་ཕྱིར་བྱས་པ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ཀུན། །སྔ་ མ་ཇི་བཞིན་དེ་ལྟར་བྱ། །དེས་ནི་སེམས་ཅན་ཐམས་ཅད་ལའང་། །མྱུར་དུ་བདེ་སྐྱིད་མྱོང་བར་འགྱུར། །དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཡིད་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངན་སོང་དུ་སྐྱེས་པའི་སེམས་ཅན་ རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་བརྟག་པའི་རྒྱལ་པོ་འདི་འདྲི་བ་དང་། འདྲིར་འཇུག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི། གང་རྒྱལ་པོ་དང་། རྒྱལ་པོའི་བུ་ དང་། རྒྱལ་པོའི་བློན་པོ་རྣམས་ཇི་ལྟར་གསུངས་པའི་རྗེས་སུ་སློབ་ན་དེའི་རྒྱལ་སྲིད་འཕེལ་བར་བགྱི། ཡུལ་དང་ཕྱོགས་དང་། རང་གི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། བྲན་ལ་སོགས་པ་བསྲུང་བར་བགྱི། ནོར་དང་འབྲུ་རྣམས་མང་དུ་འབྱོར་པར་བགྱི། བུད་མེད་དང་། སྐྱེས་པ་དང་། ། བྱེའུ་དང་། བུ་མོ་རྣམས་དང་ལྡན་པར་བགྱི། འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། ཞི་བ་རྣམས་སུ་བགྱི་ན། ཇི་ལྟར་བཤད་པ་ལ་མི་རྟོག་པར་བགྱི་བ་ལྟ་སྨོས་ཀྱང་ཅི་འཚལ་གང་གིས་བརྟག་པའི་རྒྱལ་པོ་འདི་དད་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། གྲོང་དང་གྲོང་ ཁྱེར་དུ་བཙུགས་ལ། བདག་ཉིད་ཀྱིས་བསུ་བ་དང་། གླང་པོ་ཆེའི་སྟེང་དུ་བཞག་ལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་བསྐོར་ན། ནད་དང་། གནོད་པ་ཐམས་ཅད་མ་མཆིས་པར་འགྱུར་ལ་སེམས་ཅན་ཆེན་པོ་དེའི་དྲུང་ན་བདག་ཅག་བྲན་གྱི་ཚུལ་ལམ། བུའི་ཚུལ་དུ་གནས་པར་བགྱིའོ། ། གང་དུ་འདི་རབ་ཏུ་སྤྱོད་པ་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་རྡོ་རྗེ་སེམས་དཔའི་སྐུར་ཞུགས་པར་འཚལ་བར་བགྱི་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག་པའི་རྒྱལ་ པོའི་གཟུགས་སུ་བཞུགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་ཏེ་བཞུགས་པར་འཚལ་བར་བགྱིའོ། །ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པར་འཚལ་བར་བགྱི་སྟེ། མཆོད་པར་བགྱི། ཕྱག་འཚལ་བར་བགྱི། ཀུན་ཏུ་བསྲུང་བར་ བགྱིའོ། །བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བརྟག་པའི་རྒྱལ་པོ་འདི་ཀུན་ལ་རྒྱས་པར་འཆད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་དེའི་གཡོག་བགྱིའོ། །བྲན་གྱི་ཚུལ་དུ་གནས་པར་བགྱིའོ། །བཀའ་ཉན་པའི་ཚུལ་དུ་གནས་པར་བགྱིའོ། །བསྒོ་བ་ ཐམས་ཅད་མཉན་པར་བགྱིའོ། །ཕན་པ་དང་བདེ་བ་ཐམས་ཅད་བགྱིའོ། །དངོས་གྲུབ་ཐམས་ཅད་ཀྱང་སྩལ་བར་བགྱིའོ། །བཅོམ་ལྡན་འདས་མདོར་ན་དེའི་རྐང་པའི་རྡུལ་མགོ་བོས་བླང་བར་བགྱིའོ། །བཅོམ་ལྡན་འདས་ཕྱག་འཚལ་བར་བགྱིའོ། །བཅོམ་ལྡན་འདས་མཆོད་ པར་བགྱིའོ། །བདག་ཅག་དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་། །བཅོམ་ལྡན་འདས་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་གང་ལགས་པ་དེ་དག་ཀྱང་བདག་ཅག་གི་དཔོན་པོ་ལགས་པར་འཚལ་བར་བགྱིའོ། །ཕྱག་ན་རྡོ་རྗེ་ལགས་པར་འཚལ་བར་བགྱིའོ། །རྡོ་རྗེ་སེམས་ དཔའ་ལགས་པར་འཚལ་བར་བགྱིའོ། །བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ལགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པ་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་ པ་ལ་སོགས་པ་ལྷ་རྣམས་ཆོས་ལ་རིམ་གྲོ་བྱ་བར་དེ་ལྟར་དམ་ཚིག་བཅས་པར་གྱུར་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་པར་སྒྲུབས་ཤིག། །།བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་དང་། རིག་པ་དང་། སྙིང་པོ་ཐམས་ཅད་བརྟན་པར་བྱ་བའི་ཕྱིར་ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཨོྃ་བཛྲ་བྷྲུྃ་ཧཱུྃ་བཛྲ་པཱ་ཎི་དྲྀཌྷ་ཏིཥྛ་ཧཱུྃ་ཨོྃ་ཧཱུྃ་ཨ། ཨོྃ་བཛྲ་ཧཱུྃ་ཕཊ། ཨོྃ་དྲྀཌྷ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཧཱུྃ་ས། ཨོྃ་བཛྲ་ཧཱུྃ་ཨཿ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ ལ། དབུས་སུ་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །ཀུན་ཏུ་བཟང་ངམ་བདེ་བ་ཆེ། །སྤྱན་སྔར་ཕྱག་ན་རྡོ་རྗེ་ལ། །གཡས་སུ་ཕྱག་ན་རིན་ཆེན་བསྣམས། །ཕྱག་ན་པདྨ་ནུབ་ཕྱོགས་བྲི། །བྱང་ཕྱོགས་ཕྱག་ན་རྒྱ་གྲམ་བསྣམས། །ཕྱི་རོལ་དུ་ནི་ཀུན་བསྐོར་ ཅིང་། །སངས་རྒྱས་ཐམས་ཅད་གཞག་པར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །གོ་རིམས་བཞིན་དུ་བྲི་བར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །བྱམས་པ་ལ་སོགས་མཆོག་ཆེན་བྲི། །དེ་ལྟར་དགེ་སློང་ཀུན་དགའ་སོགས། །ཐུབ་རྣམས་དེ་ཡི་ཕྱི་རོལ་ བྲི། །རང་གི་ཆུང་མ་བུས་བསྐོར་བའི། །ཚངས་པ་ལ་སོགས་ཕྱི་རོལ་བྲི། །གཟའ་དང་སྐར་མའི་ལྷ་རྣམས་དང་། །རྒྱལ་པོ་བཞི་པོ་རྣམས་དང་ནི། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས། །དེ་ཡི་ཕྱི་རོལ་དམྱལ་ཀུན་དང་། །འདོད་ཆགས་ལ་སོགས་བྱོལ་སོང་འདྲི། །སྒོ་ སྒོར་གསུངས་པ་དེ་བཞིན་དུ། །སྒོ་བ་སྟོབས་ཀྱི་དམ་པ་རྣམས། །དྲི་རྣམས་ལྔ་ཡི་ཆུས་བཀང་བ། །གསེར་གྱི་བུམ་པ་འོད་ཅན་དང་། །གཏོར་མ་དང་ནི་ལྷ་བཤོས་དང་། །མེ་ཏོག་བདུག་པ་རབ་མཛེས་དང་། །གདུགས་དང་རྒྱལ་མཚན་འཕན་རྣམས་དང་། །བླ་རེ་དང་ ནི་རྔ་མཆོག་དང་། །དྲིལ་བུ་རྡོ་རྗེ་ནོར་བུ་དང་། །དོ་ཤལ་ཉི་ཟླ་ལ་སོགས་བརྒྱན། །འདོད་ཅན་རྣམས་ཀྱི་འབྲས་བུ་ནི། །འདོད་པའི་ཡོན་ཏན་ལྔས་དགང་ངོ་། །དེ་ནས་སྔགས་མཁན་ཉིད་ཀྱིས་ནི། །སྤྱན་དྲང་བདག་ཉིད་འཇུག་པར་བྱ། །བདག་ཉིད་ཀྱིས་ནི་དབང་ཡང་བསྐུར། ། སྡོམ་གནས་དམ་ཚིག་ལྡན་པ་དང་། །བླ་མ་མོས་ཤིང་མི་འཇིགས་ལ། །རིགས་སྐྱེས་སྐྱོན་དང་བྲལ་བ་དང་། །སེར་སྣ་མ་ལུས་སྤངས་གྱུར་ཅིང་། །ཡོན་ཏན་མང་པོར་ལྡན་གྱུར་པ། །གཏོང་དང་ཚུལ་ཁྲིམས་མང་དུ་ཐོས། །བྱམས་པ་དང་ནི་སྙིང་རྗེའི་སེམས། །དགའ་དང་བཏང་སྙོམས་ གནས་པ་དང་། །སྟོང་པ་མཚན་མ་མེད་པའི་སེམས། །སྨོན་པ་མེད་པའི་ཡིད་ལྡན་པའི། །སློབ་མ་དམ་པ་སྔགས་འདི་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལ། །སྔགས་མཁན་གྱིས་ནི་གཟུང་བར་བྱ། །ཨོྃ་བཛྲ་ཧཱུྃ་ཛཿ། ཨོྃ་བཛྲ་ས་མ་ཡ་པྲ་བེ་ཤ་ཧཱུྃ། ཨོྃ་བཛྲ་པཱ་ཎི་པྲ་ཏཱིཙྪ་བཛྲ་ས་ཏྭ་མ་ཧཱ་སུ་ཁ་ཧཱུྃ། ཧ་ཧ་ཧོ་ས་མ་ཡ་སྟྭྃ། མེ་ཏོག་གི་ཕྲེང་བ་དོར་ནས་གང་ལ་བབ་པའི་སྔགས་དང་ཕྱག་རྒྱས་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དམ་ཚིག་སྦྱིན་པར་བྱ་སྟེ། ཨོྃ་ཅི་སྟེ་ཁྱོད་ཀྱིས་སུ་ཡང་རུང་བ་ལ་སྨྲས་ན་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་འབར་ཞིང་ རབ་ཏུ་འབར་བས་ཁྱོད་ཀྱི་མགོ་བཀས་པར་འགྱུར་རོ། །ཨོྃ་བཛྲ་ས་མ་ཡ་དྲྀ་ཌྷ་ཧཱུྃ་ཨ། དེ་ནས་འདིས་དམ་ཚིག་གི་ཆུ་བླུད་ལ་གདོང་གཡོགས་དགྲོལ་བར་བྱའོ། །ཨོྃ་བཛྲ་ཙཀྵུཿཔ་ཤྱ་ཧོ། །ཨཱ་ཛྙཱ་པ་ཡ་ཏི་པནྣ་མོ་ཀྵ་ཡ་མ་ནི་ཧཱུྃ་ཕཊ། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བསྟན་ཏེ། སངས་རྒྱས་ཀྱི་སྤྱན་སྔར་དབང་བསྐུར་བར་བྱའོ། །ཨོྃ་བཛྲ་པཱ་ཎི་སྭ་ཡཱནྟེ་ཨ་ནུ་རཀྟོ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོྃ་བཛྲ་བཛྲ་ཨ་བྷི་ཥིཉྩ་སརྦ་བཛྲ་ཨ་བྷི་ཥེ་ཀ་ཏ་ཧཱུྃ་ཨཱཿ། ཨོྃ་བུད་དྷ་ཨ་བྷི་ཥིཉྩ་སརྦ་བུད་དྷཱ་ཨ་བྷི་ཥེ་ཀ་ཏ་ཨོྃ་ཧཱུྃ། ཨོྃ་རཏྣ་ཨ་བྷི་ཥིཉྩ་སརྦ་རཏྣ་ཨ་བྷི་ཥེ་ ཀ་ཏ་ཨོྃ་ཏྲཱྃ། ཨོྃ་པདྨ་ཨ་བྷི་ཥིཉྩ་སརྦ་པདྨ་ཨ་བྷི་ཥེ་ཀ་ཏ་ཨོྃ་ཧྲཱིཿ། ཨོྃ་ཀརྨ་ཨ་བྷི་ཥིཉྩ་སརྦ་ཀརྨ་ཨ་བྷི་ཥེ་ཀ་ཏ་ཨོྃ་ཨཱཿ། དེ་ནས་བདག་གི་ལུས་ལ་སོགས་པ་ཡོན་དུ་ཕུལ་ལ་བཀའ་མ་ནོད་པར་བྱའོ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཨ་བྷི་ཥེ་ཀ་ཏ་ཨོ་ཀ་ན་ཏེ་དཱ་སྱཱ་མི་གྲྀཧྞ་བཛྲ་པྲ་སིད་དྷ་ཡེ་ཧཱུྃ། དེ་ནས་ལས་ ཐམས་ཅད་བྱེད་དུ་གཞུག་ཅིང་དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་ནོ། །བདེ་བས་བདེ་བ་བསྐྱེད་ནས་ནི། །དཀྱིལ་འཁོར་བཞི་པོའི་དབུས་སུ་ནི། །ཀུན་དུ་བཟང་ངམ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམས་ནས་ཀྱང་། །སྙིང་གར་ཧཱུྃ་ཞེས་བྱ་བསམས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། ། དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། །དེ་ལྟར་འགྱུར་བ་ཐེ་ཚོམ་མེད། །ཧཱུྃ་ལས་སངས་རྒྱས་གཟུགས་གྱུར་ན། །ཕྱག་ན་རྡོ་རྗེ་རབ་དག་ཉིད་འགྱུར། །སྙིང་གར་འཁོར་ལོ་རབ་བསྒོམས་ན། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །རྡོ་རྗེ་ཁྲོ་བོར་རྣམ་བསྒོམས་ ཏེ། །སྙིང་གའི་དབུས་སུ་ཕཊ་ཅེས་པ། །ཧཱུྃ་ཞེས་བྱ་བས་བསྐོར་བསམས་ན། །ཁྲོ་བོ་སྟོབས་ཆེན་ཉིད་དུ་འགྱུར། །རྡོ་རྗེ་བརྟན་པར་བདག་བསྒྱུར་ལ། །སྙིང་གར་ཨོྃ་ཞེས་བྱ་བ་ཡིས། །བསྐོར་བའི་ཧཱུྃ་དང་ཏྲཱྃ་ལྡན་པའི། །བསམས་ན་རིན་ཆེན་འདྲ་བར་འགྱུར། །རྡོ་རྗེར་བསྒོམས་ལ་སྙིང་གི་ནི། ། དབུས་སུ་པདྨོ་ཞེས་བྱ་བ། ཨོྃ་ཞེས་བྱ་བས་བསྐོར་བསམས་ན། །ཕྱག་ན་པདྨོ་མཉམ་པ་འགྱུར། །འཁོར་ལོ་རྒྱ་གྲམ་ཧཱུྃ་ལྡན་པར། །ཨ་ཞེས་བྱ་བས་བསྐྱེད་ནས་ཀྱང་། །ཨོྃ་ཞེས་བྱ་བས་བསྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། །དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞི་ བ་དང་ནི་རྒྱས་པའི་ལས། །དེ་ལྟར་དབང་དང་མངོན་སྤྱོད་རྣམས། །བཟླས་དང་སྦྱིན་སྲེག་ཆོ་ག་ཡིས། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །རྡོ་རྗེ་སེམས་དཔར་བདག་བསྒྱུར་ལ། །ཞི་བའི་ལས་ནི་བརྩམ་བྱ་ཞིང་། །ཆོ་ག་ཤེས་པས་ནང་པར་ཉིད། །བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང་། །འོད་ཟེར་ སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པར་རྣམ་བསྒོམས་ཏེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བར་བསམ། །འདི་ནི་སེམས་ཅན་ཕན་དགའ་བས། །དེ་བཞིན་གཤེགས་པའི་རིགས་ལས་བྱ། །ཀུན་དུ་བཟང་པོའི་སྐུ་ཆེན་ནམ། །བདེ་བ་ཆེན་པོར་བསམས་ནས་ ཀྱང་། །ནང་པར་རེ་རེ་འོད་བྱེད་ན། །སྔ་མ་བཞིན་དུ་ལས་བྱས་ཏེ། །ནང་པར་སྔར་ནི་སེམས་ཅན་རྣམས། །སྡིག་ཅན་སེམས་ནི་ཞི་བར་འགྱུར། །གསེར་འོད་མཛེས་ཤིང་འབར་བ་ཡི། །རིན་ཆེན་འཛིན་དུ་བསམས་ནས་ནི། །བཟའ་བ་ལེགས་བྱས་ཉི་མ་ཡི། །གུང་ལ་རྒྱས་པའི་ལས་ཤིས་ ཏེ། །རིན་ཆེན་འདྲ་བར་ཁུང་བརྐོས་ལ། །བཟླས་དང་སྦྱིན་སྲེག་རབ་ཏུ་བྱ། །ཡང་ན་སྔགས་པས་སྔ་མ་བཞིན། །འོད་ཀྱིས་ལུས་ལ་རབ་ཏུ་དགང་། །སྦྱོར་དང་ལྡན་པས་ཁུང་བུ་ནི། །པདྨོ་འདྲ་བར་བྱས་ནས་ཀྱང་། །པདྨ་འཛིན་པར་བདག་བསྒྱུར་ལ། །བདག་དང་ཉེ་བའི་ཉི་མའི་མཐར། །བཟླས་ དང་སྦྱིན་སྲེག་ཉིད་བྱེད་ཅིང་། །འོད་ཟེར་སྤྲིན་གྱིས་ལུས་བཀང་ནས། །ཐམས་ཅད་མ་ལུས་དབང་དུ་འགྱུར། །འདྲེན་པ་ཀུན་དུ་བཟང་པོ་ཡིས། །ཞི་བའི་ལས་ནི་རབ་ཏུ་བྱ། །རྡོ་རྗེ་རིན་ཆེན་རྒྱས་པ་སྟེ། །དབང་བསྐུར་བ་ཡང་དེ་བཞིན་ནོ། །དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་ དཔལ་མཉམ་མེད། །རྡོ་རྗེ་ཉི་མ་གཟི་བརྗིད་དང་། །མདོག་སྡུག་ཤིན་ཏུ་འབར་བ་བྱ། །བཞད་ཅིང་རྨད་དུ་མཛད་པས་ནི། །དགའ་མགུ་རངས་པ་རྣམས་སུ་འགྱུར། །པདྨོ་བཞད་པས་ཆོས་ཀུན་ནི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། །མཉེས་འགྱུར་ ལྷ་བྲན་སྨོས་ཅི་དགོས། །གཞན་གྱི་རིགས་སོགས་ཚོགས་མཆོག་རྣམས། །རྣོན་པོས་གཅོད་པ་ཉིད་དུ་མཛད། །གདོན་དང་ཡི་དགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཀའ་ཉན་དང་། །གཟའ་མཆོག་བརྒྱད་ནི་མ་རུངས་རྣམས། །འཁོར་ལོས་རྩ་ནས་འབྱིན་པར་མཛད། །ལྐུགས་ དང་ལྐུགས་པ་མ་ཡིན་དང་། །གླེན་རྣམས་མི་སྨྲ་སྨྲ་བར་མཛད། །ལྕེ་ལ་ཛཾ་ཞེས་བྱ་བ་ཡིས། །མ་རུངས་རྣམས་ཀྱང་ལྐུགས་པར་མཛད། །རྒྱ་གྲམ་གྱིས་ནི་མཆོད་པ་དང་། །སེམས་ཅན་དོན་མཛད་ཐམས་ཅད་སྟོན། །ཧཱྃ་ཞེས་བྱ་བས་འཕྲོ་མཛད་ཅིང་། །རྡོ་རྗེ་སྲུང་བས་སྲུང་བར་མཛད། ། ཧཱུྃ་ཞེས་བྱ་བའི་སོ་ཡིས་ནི། །རྡོ་རྗེ་གནོད་སྦྱིན་ཉིད་ཀྱིས་ཀྱང་། །མ་རུངས་རབ་ཏུ་མ་རུངས་ཀུན། །ཟ་བྱེད་སྡིག་སྤྱོད་སྨོས་ཅི་དགོས། །མ་རུངས་སྙིང་གར་དམ་དུ་ནི། །བཾ་ཞེས་བྱ་བ་བསམས་ནས་ཀྱང་། །དུག་དང་རིམས་དང་གདོན་ལ་སོགས། །རྡོ་རྗེ་བསྡམས་པས་བཅིང་བར་མཛད། ། བཟླས་དང་སྦྱིན་སྲེག་ལས་རྣམས་ཀྱིས། །དགོས་པ་ཐམས་ཅད་སྒྲུབ་པར་མཛད། །འོད་ཟེར་བསིལ་བས་དངོས་པོ་ལ། །རྒྱས་པར་གྱུར་པས་སྒོམ་བྱེད་ཅིང་། །ཞི་བའི་ལྷ་ཡི་རྣལ་འབྱོར་དང་། །ཞི་བའི་སེམས་ཀྱིས་ཞི་བར་བྱ། །རང་གི་ལུས་ནི་གསེར་བཅོས་དང་། །ཉི་མ་གསལ་ ཤར་དགེ་འདྲ་བར། །བསམས་ལ་རྒྱས་པར་བྱ་བའི་ཕྱིར། །འོད་ཟེར་སྤྲིན་གྱིས་དགང་བར་བྱ། །པདྨོ་སེམས་དཔའི་ཏིང་འཛིན་གྱིས། །ཧྲཱིཿའདྲ་འོད་ཟེར་བཏང་བ་ཡིས། །སྙིང་ལ་ཀུན་དུ་སྐོར་བྱེད་ཅིང་། །འདོད་པ་ཀུན་གྱི་དབང་དུ་བྱེད། །རྡོ་རྗེ་ཧཱུྃ་གི་ཏིང་འཛིན་གྱིས། །ཁྲོས་ནས་ རྡོ་རྗེ་མཚོན་ཆའི་ཆར། །སྡིག་སྤྱོད་ལུས་ལ་དབབ་བྱས་ན། །དེ་མ་ཐག་ཏུ་བརླག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པ་ ངན་སོང་ཐམས་ཅད་བཟློག་པའི་བརྟག་པ་དམ་པ་འདི་བཤད་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལེའུ་འདི་བཤད་དོ། །ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པར་བསམས་ཏེ། ཧཱུྃ་ཞེས་བྱ་བ་ དང་། ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་དེ་གཉིས་ཀྱིས་བྱིན་གྱིས་བརླབས་ཏེ། ལག་པ་གཉིས་ཀྱི་ཐལ་མོ་གཉིས་ཀ་ལ་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་གིས་བཀང་ཞིང་འཕྲོ་བར་བྱས་ཏེ། མཐེ་བོ་གཉིས་ལ་ཨོྃ་ཞེས་བྱ་བ་བསམ། མཛུབ་མོ་གཉིས་ལ་ཧཱུྃ་ཞེས་བྱ་བ་གཞག ། གུང་མོ་གཉིས་ལ་ཏྲཱྃ་ཞེས་བྱ་བ་གཞག །སྲིན་ལག་གཉིས་ལ་ཧྲཱིཿཞེས་བྱ་བ་གཞག །མཐེའུ་ཆུང་གཉིས་ལ་ཨ་ཞེས་བྱ་བ་གཞག། དེ་ལྟར་ཡི་གེ་རྣམས་གཞག་པ་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང་། བདག་དང་ཡང་རྗེས་སུ་མཐུན་པར་དྲན་པར་བྱས་ཏེ། ལག་པ་གཉིས་པདྨ་ལྟ་བུར་སྦྱར་བ་བྱས་ནས་ཨོྃ་ཞེས་བྱ་བ་གཉིས་བརྐྱང་བ་དང་། ཨ་ཞེས་བྱ་བ་གཉིས་བཀུག་སྟེ། དེ་བཞིན་དུ་ཧཱུྃ་ཞེས་བྱ་བ་དང་། ཧྲཱིཿཞེས་བྱ་བ་གཉིས་པདྨའི་འདབ་མ་འདྲ་བར་བྱ། ཏྲཱྃ་ཞེས་བྱ་བ་གཉིས་གཤིབས་ ཏེ་བརྐྱང་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་དང་ལྡན་པའི་དམ་ཚིག་གོ། །དེ་ཉིད་རྣོན་པོ་དང་ལྡན་པ་དང་། དེ་ལས་རབ་ཏུ་འཁོར་ལོ་འདྲ་བ་ནི་འཁོར་ལོའིའོ། །དེ་ཉིད་ལས་ཁར་བཞག་པ་ནི་སྒྲའི་སྟེ། འདི་ནི་ཕྱག་རྒྱའི་ཚོགས་སོ། །དེ་ཉིད་ལས་གཉིས་སུ་བྱས་ ནས་ལས་ཀྱིར་བྱས་ན་ལས་ཀྱིའོ། །གཡོན་པ་མགོ་ཐོད་ཐོགས་འདྲ་དང་། །གཡས་པ་མདུང་ཐུང་རྩེ་གསུམ་དང་། །གཡོན་པ་པདྨོ་ཁ་འཛུམས་དང་། །གཡས་པ་ཨོྃ་ཞེས་བྱ་བར་གཞག །གཡོན་པ་འཁོར་ལོ་བདེ་གསུམ་དང་། །ཨ་དང་ཨོྃ་གཉིས་རྩེ་སྤྲད་ལ། །ལྷག་མ་ གསུམ་ནི་རྡོ་རྗེ་ཅན། །ཨོྃ་དང་ཧཱུྃ་གཉིས་གཞུར་བྱས་ལ། །ལྷག་མ་མདར་བྱས་མདའ་ཅན་གྱིའོ། །ལག་པ་གཡས་གཡོན་འཁོར་ལོར་བྱ། །འོད་ནི་ཉི་མ་ཟླ་བའི་ཞལ། །ཐལ་མོ་དམ་སྦྱར་སོར་མོ་འཕྲོ། །གཟའ་ལྷག་རྟག་ཏུ་སེ་གོལ་གཏོགས། །དེ་ཉིད་ཚིག་དབང་གསུངས་ པ་སྟེ། །མཆུ་ལ་ཚིག་འབྱུང་འདྲ་བར་གཞག །པ་བ་སངས་ནི་བདེ་ལྡན་པ། །སྤེན་པ་དབྱུག་པ་འཛིན་པར་བྱ། །བན་གླང་སྣ་ནི་ཆུ་སྲིན་འདྲ། །ཤེས་བྱ་རྒྱུ་སྐར་མེ་སྟག་འདྲ། །དེ་ཉིད་བསྐོར་ན་གློག་ཕྲེང་གི། །བླ་འོག་གཞག་ན་སྤྲིན་ཕྱག་རྒྱ། །འདི་དག་ ནི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་ཡང་འདི་དག་ཉིད་དོ། །དེ་ཉིད་ལས་སྲིན་ལག་གཉིས་བཅིངས་པ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུྃ་ཞེས་བྱ་བ་ཚིགས་བར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པ་སྟེ། ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུྃ་ཞེས་ བྱ་བ་བཅིངས་ཏེ། སྲིན་ལག་པདྨ་འདྲ་བར་བྱས་པ་འདི་ནི་པདྨ་ལས་བྱུང་བའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུྃ་ཞེས་བྱ་བ་དང་། ཧྲཱིཿཞེས་བྱ་བ་གཉིས་གཤིབས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །དེ་ཉིད་ལས་པདྨོ་འདྲ་བར་བྱས་པ་ནི་བདེ་བ་ཆེན་པོའི་ཕྱག་རྒྱའོ། ། དེ་ཉིད་ལས་འོད་ཟེར་འཕྲོ་བའི་ཚུལ་དུ་བྱས་པ་ནི་ཀུན་དུ་བཟང་པོའི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཀུག་པ་ནི་ཁྲོ་བོ་སྣ་ཚོགས་ཀྱི་ཕྱག་རྒྱ་གཟི་ཅན་ནོ། །དེ་ཉིད་ལས་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བསྡམས་པའོ། །བརྐྱང་བ་ནི་གཟི་ཅན་ནོ། །ཧཱུྃ་ཞེས་བྱ་བའི་སོ་ནི་གནོད་སྦྱིན་གྱིའོ། །ཧཱུྃ་ཞེས་བྱ་ བ་གཉིས་ལྕགས་ཀྱུར་བྱས་པ་ནི་འགུགས་པའོ། །དེ་ཉིད་མདར་བྱས་པ་ནི་འདོད་པའོ། །ཧཱུྃ་དང་ཨོྃ་ཞེས་བྱ་བ་གཉིས་སྦྱར་བ་ནི་དགྱེས་པའིའོ། །དེ་ཉིད་དཀྱིལ་འཁོར་ལྟ་བུར་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ནོར་བུ་འདྲ་བར་བྱས་པ་ནི་རྒྱལ་མཚན་གྱིའོ། །བསྐོར་ན་བཞད་པའི་སྟེ། དེ་ ཉིད་ཁར་བཞག་ན་ནི་དགྱེས་ཤིང་འཛུམ་པར་མཛད་པའི་ཡ་མཚན་ནོ། །ཐལ་མོ་པདྨོ་འདྲ་བར་བཀུག་པ་ནི་པདྨའིའོ། །ཨཱཿཞེས་བྱ་བ་དང་། ཨོྃ་ཞེས་བྱ་བ་ནང་དུ་བཀུག་པ་ནི་རལ་གྲིའི་ཕྱག་རྒྱའོ། །གཅིག་ལ་གཅིག་སྦྱར་བ་ནི་འཁོར་ལོའིའོ། །སྔ་མ་ལས་ཨོྃ་ཞེས་བྱ་བ་གཉིས་ཁར་བཞག་ པ་ནི་ཚིག་འབྱུང་བ་སྟེ། མདོར་ན་ཕྱག་རྒྱ་འདི་དག་ནི་ལས་ཐམས་ཅད་སྦྱིན་པར་བྱེད་པའོ། །དེ་ཉིད་བསྡུས་མདུད་སྦྲུལ་མགོར་འགྱུར། །ཀུན་ཏུ་གནོད་སྦྱིན་མཆེ་བ་འདྲ། །སྲིན་པོ་ཡི་ནི་ཁྲག་འཕྲོག་པ། །ལག་པ་བསྐོར་བ་རླུང་གི་སྟེ། །དབྱུག་ཏོར་ལྡན་པ་གནོད་སྦྱིན་ནོ། །བུམ་པར་ གཞག་པ་ནོར་གྱི་སྟེ། །མཐེ་བོ་སྲེ་མོའི་སྣ་འདྲར་བྱ། །མགོ་ཡི་ཐོད་པ་ནག་པོའི་སྟེ། །བྷྲིདྒི་རི་ཏི་ལག་བརྐྱང་བ། །པི་བང་གཡོན་ཐོགས་དྲི་ཟའིའོ། །ལག་གཉིས་འབར་བ་མེ་འབར་བ། །གུང་མོ་དབྱུག་འདྲ་གཤིན་རྗེའིའོ། །རྣོ་ལ་ཁྲོ་དང་དབང་བསྒྱུར་བ། །མཐེའུ་ཆུང་རལ་ གྲི་མཛུབ་ཞགས་པ། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ལག་ལས་སྐྱེ་བ་སྐྱེས་པར་འགྱུར། །ལྷ་རྣམས་ཀུན་གྱི་ཐུན་མོང་དུ། །པདྨོའི་ཕྱག་རྒྱ་བཀྲ་ཤིས་ཏེ། །ཀླུ་རྣམས་ཤེས་བྱ་ཨུཏྤལ། །དེ་ལྟར་སོ་ནི་གནོད་སྦྱིན་རྣམས། །སྲིན་པོ་རྣམས་ཀྱི་ མགོ་ཚལ་པ། །བུད་མེད་རྣམས་ཀྱི་སོར་བཅུ་བསྣོལ། །གཟའ་རྣམས་ཀྱི་ནི་དབྱུག་པ་སྟེ། །ཨརྒྷ་དབུལ་བ་རྒྱུ་སྐར་རྣམས། །དེ་དག་ཀུན་གྱི་སེམས་སྒྲུབ་པའོ། །མགོ་བོ་ཐོད་པ་ཁར་བཞག་པའི། །ཕྱག་རྒྱ་འདི་ནི་ཕྲ་མེན་མའི། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་ཡིར་བཤད། ། དེ་དག་ཀུན་ཀྱང་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བར་བཤད་པ་སྟེ། །ཡང་ན་ཐལ་མོ་པདྨོར་བྱ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །ཨ་ཞེས་བྱ་བ་ལུ་གུ་རྒྱུད། །ཧཱུྃ་ཞེས་བྱ་བ་གཉིས་བསྒྲེང་ལ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །རྡོ་རྗེ་བསྡམ་པ་བསྡམས་ནས་ ཀྱང་། །ཧཱུྃ་དང་ཨ་གཉིས་གཤིབས་ཏེ་བསྒྲེང་། ཨོྃ་ཞེས་བྱ་བ་ངོས་བཅར་བའི། །ཕྱག་རྒྱ་སྣང་བ་བྱེད་པར་དགོངས། །དེ་ལས་ཨ་ཞེས་བྱ་བ་བཅིངས། །ཨོྃ་ཞེས་བྱ་བ་ནང་དུ་གཞུག །ཨོྃ་ཞེས་བྱ་བ་སྔོན་བཞིན་སྦྱར། །ཨོྃ་ཡང་ཨ་དང་འདྲ་བར་བྱ། །ཏྲཱྃ་ཞེས་བྱ་བ་གཤིབས་ནས་ནི། །ཨ་ དང་ཨོྃ་གཉིས་ལུ་གུ་རྒྱུད། །ཧཱུྃ་ཞེས་བྱ་བ་གཉིས་བསྒྲེང་ལ། །ལྷག་མ་གཤིབས་པའི་ཕྱག་རྒྱ་འདི། །བདུད་རྩི་འཁྱིལ་པར་ཤེས་པར་བྱ། །ཏྲཱྃ་ཞེས་བྱ་བ་གཤིབས་ནས་ནི། །ཧཱུྃ་ཞེས་བྱ་བའང་དེ་བཞིན་ནོ། །དེ་ལྟར་ཧཱུྃ་ཞེས་བྱ་བ་གཤིབས། །ལྷག་མ་འོད་ཟེར་འདྲ་བར་བྱ། །རྟ་མགྲིན་ཕྱག་ རྒྱ་གང་ཡིན་པ། །དེ་ཡང་ལས་རྣམས་ཀུན་ལ་གསུངས། །སྤྱན་གྱི་མིག་དང་འདྲ་བར་བཤད། །མཱ་མ་ཀཱི་ཡི་རྡོ་རྗེ་འདྲ། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤ་ལ་ནི་སྒྲོལ་མར་དགོངས། །ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས། བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ། ཧཱུྃ། ཛ། ཧོ། དྷུ། ཏྲཱྃ། རྱཾ། བྷྲི། ཧཱ། ཧྲཱིཿ། དྷཱིཿ། ཀྲུྃ། བྷྃ། ཀྃ། རྃ། ཀྵྃ། སྃ། ཨོྃ་བུད་དྷ་ལོ་ཙ་ནེ་ཧཱུྃ། ཨོྃ་བཛྲ་མཱ་མ་ཀཱི་ཏྲཱྃ། ཨོྃ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིད་དྷི་བོ་དྷི་ན་ལོ་ཀོཏྟ་རམྦཱ་སྭཱ་ཧཱ། ཨོྃ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ ཧཱུྃ་ཧཱུྃ་ཧཱུྃ་སྭཱ་སྭཱ་སྭཱ་སྭཱ་ཧཱ། ཞི་བའི་བརྡུང་བ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། ཤམྦ་ཏ། །རྒྱས་པའི་བརྡུང་བ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། གྷུཾ། དབང་གི་བརྡུང་བ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། མངོན་སྤྱོད་ཀྱི་བརྡུང་བ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། ཁ་ཏྭྃ། དེ་ནས་ལྷ་རྣམས་ཀུན་དགའ་ནས། །ཕྱག་ན་རྡོ་རྗེ་ཕྱག་འཚལ་ཏེ། །ཁྲོ་བོའི་འཁོར་ལོ་བཤད་པའི་ཕྱིར། །གསོལ་བ་འདེབས་པ་ཉིད་དུ་གྱུར། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རང་གི་སྐུ་བོར་ཏེ། རྡོ་རྗེ་སེམས་དཔའི་ སྐུར་ཞུགས་ནས་གཉིས་སུ་མེད་པར་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སེམས་དཔའི་ཁྲོ་བོ་མེ་ཡི་རྡོ་རྗེ་ཉི་མ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་། ཨོྃ་བཛྲ་སཏྭ་ཀྲོ་དྷཱ་ན་ལཱ་རྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། །སརྦཱ་པཱ་ཡ་ནཱ་ཤ་ཡ་ནཱ་ ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཨོྃ་ཏྲཻ་ལོ་ཀྱཱ་ལོ་ཀ་ཀཱ་ར་ཡ་ཧཱུྃ་ཕཊ། ཨོྃ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུྃ་ཕཊ། ཨོྃ་ཏྲཻ་ལོ་ཀྱ་ནཱ་ཤ་ན་ཧཱུྃ་ཕཊ། ཨོྃ་ཏྲཻ་ལོ་ཀྱ་བནྡྷ་ཀ་ཧཱུྃ་ཕཊ། ཨོྃ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོྃ་ཀཱ་ལ་དཎྜ་ཧཱུྃ་ཕཊ། ཨོྃ་ཀཱ་ནི་དྷུ་ནི་ཧཱུྃ་ཕཊ། ཨོྃ་ཧྲཱིཿཧཱུྃ་ཕཊ། ཨོྃ་ཀཱ་ལ་ཨྃ་ཀུ་ཤ་ཧཱུྃ་ཕཊ། ཨོྃ་ཀཱ་ལ་པཱ་ཤ་ཧཱུྃ་ཕཊ། ཨོྃ་ཀཱ་ལ་བནྡྷ་ཧཱུྃ་ཕཊ། ཨོྃ་ཀཱ་ལ་རཱཀྵ་ས་ཧཱུྃ་ཕཊ། ཨོྃ་ཀཱ་ལ་རཱཀྵ་སི་ཧཱུྃ་ཕཊ། ཨོྃ་ཀཱ་ལ་དཎྜི་ཧཱུྃ་ཕཊ། ཨོྃ་ཀཱ་ལ་རཱ་ཏྲི་ཧཱུྃ་ཕཊ། ཨོྃ་ཀཱ་ལ་ཡཀྵི་ཎི་ཧཱུྃ་ཕཊ། དེ་ནས་དཀྱིལ་འཁོར་མི་བཟད་པ། །ཆེ་བའི་མཆོག་སྟེ་རྩིབས་བཅུ་གཉིས། །ལྷ་རྫས་འབར་བའི་ཕྲེང་བས་དཀྲིགས། །ཤིན་ཏུ་ འབར་ཞིང་ཆེར་འབར་བ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་གཞག་པར་བྱ། །འཇིག་རྟེན་གསུམ་སྣང་ལ་སོགས་ཁྲོ་བོ་ཀུན། །མ་རུངས་སྙིང་གར་མནན་ནས་སྡིགས་བྱེད་ཅིང་། །ཞལ་ནི་ཤིན་ཏུ་འཇིགས་འཇིགས་ལྟ། །ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། ། སྦྲུལ་དང་མི་སྡུག་མགོས་བརྒྱན་ལ། །སྟག་ལྤགས་ཀྱི་ནི་སྨད་གཡོགས་བགོས། །རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །མགོ་ཐོད་ཤས་གང་ཕྱག་ན་ཐོགས། །དེ་ལྟར་བྲིས་ནས་ཕྱི་རོལ་དུ། །སྲིན་མོའི་ཚོགས་རྣམས་གཞག་པར་བྱ། །སྒོ་བ་རྣམས་ནི་ཇི་བཞིན་དུ། །རང་ གི་ཕྱག་རྒྱའི་ལག་མཚན་ཅན། །དེ་ནས་བདུད་རྩིས་གང་བ་ཡི། །བུམ་པ་བཅུ་དྲུག་གཞག་པར་བྱ། །བདུག་པ་མེ་ཏོག་དྲི་ཞིམ་དང་། །མར་མེ་དང་ནི་བྲོ་སྣོད་དང་། །ཁ་ཟས་བཀང་བའི་གཏོར་མ་དང་། །བཟའ་དང་བཅའ་དང་བདུད་རྩི་ཞེས། །མགོ་ཐོད་གང་བར་གྱུར་པ་རྣམས། ། དཀྱིལ་འཁོར་དུ་ནི་མང་དུ་གཞག །དེ་ནས་སློབ་དཔོན་བདག་ཉིད་ཀྱང་། །མགུ་ནས་མགོ་ཐོད་ཕྱག་རྒྱས་འཇུག །ཕྱག་རྒྱ་དེ་དང་དེ་ཡིས་ནི། །ཤ་རྣམས་ཀུན་གྱི་དམ་ཚིག་སྩོལ། །དེ་ནས་འདོད་ལྡན་རྙེད་ནས་ནི། །ཧཱུྃ་ཞེས་བྱ་བས་བསྒྲུབ་པར་བྱ། །དེ་ནས་སྔགས་མཁན་སྒོ་སྒོར་ཡང་། ། དེ་ཉིད་དྲན་བྱེད་བསྙེན་པར་བྱ། །དེ་ནི་ངེས་པར་དངོས་གྲུབ་སྟེ། །ཡུད་ཙམ་འཇིག་རྟེན་གསུམ་དབང་འགྱུར། །དཀྱིལ་འཁོར་དུ་ནི་ཚོགས་རྣམས་དང་། །རང་གི་ལྷ་ཡི་ཚོགས་རྣམས་ལ། །རྒྱུད་ལས་འབྱུང་བའི་དམ་ཚིག་བརྗོད། །དེ་ནས་མཆོད་དེ་ལངས་ནས་ཀྱང་། །ཚོགས་སྤྱན་རྡོ་རྗེ་ སེམས་དཔའ་ཡི། །ཚུལ་དུ་གནས་ནས་འབྱུང་བར་བྱ། །དེ་ནས་སློབ་མ་བསྡུས་ནས་ནི། །ལག་ན་རིན་ཆེན་ཐོགས་ཏེ་གཞུག །ཨོྃ་བཛྲ་ཀྲོདྷ་ས་མ་ཡ་ཧཱུྃ། ཨོྃ་བཛྲ་རཱཀྵ་སི་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོདྷཱ་ན་ལཱ་རྐ་སྥུ་ཊ་རཏཱ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ན་ནི་རཀྵ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་པཱ་ ཤ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ནི་བཱི་ར་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ར་ཏི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ། འདིས་དབང་བསྐུར་ལ་དེ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་དེ་དག་གིས་སྒྲུབ་པ་བཤད་དེ། བདག་ཉིད་ཁྲོ་བོར་སྙོམས་ཞུགས་ལ། །དེ་ནས་ སྙིང་གར་ཉི་མ་བསྒོམ། །རང་གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་ནས་ཡང་དང་ཡང་འཕྲོ་ཞིང་། །དེ་གཉིས་གཅིག་ཏུ་བསྒོམ་པར་བྱ། །དེ་ནས་འགྲུབ་འགྱུར་གཞན་དུ་མིན། །ཁྲོ་བོའི་རྒྱལ་པོའི་ལས་དངོས་སུ། །གསོད་པ་ཡིན་པར་བཤད་མོད་ཀྱི། །ཞི་དང་དབང་དང་ རྒྱས་པ་རྣམས། །དེ་དག་བྱེད་འགྱུར་གདོན་མི་ཟ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ན། །གདུག་པའི་སེམས་ཅན་འཛིན་བྱེད་ཅིང་། །མདོར་ནི་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། །ཐབས་ལ་སོགས་པས་ འཇོམས་བྱེད་པ། །ཁྲོས་ནས་སྙིང་ལས་འབྱུང་འགྱུར་བར། །གསད་པའི་ལས་ལ་བསམ་པར་བྱ། །ཁྲོས་པར་གྱུར་པའི་རྒོད་མའི་ཁས། །ཤ་དང་ཁྲག་རྣམས་འཇིབ་བྱེད་ཅིང་། །དེ་དག་འཚོ་བ་འཕྲོག་བྱེད་པར། །བསམས་ན་ངེས་པར་བརླག་པར་འགྱུར། །ཁྲོ་བོ་འཇིག་རྟེན་གསུམ་ སྣང་མཛད། །ཟླ་བ་འདྲ་བའི་དགེ་བསམ་ཞིང་། །འོད་ཟེར་འབྱུང་བ་མང་པོ་ཡིས། །ཁྱབ་པར་གྱུར་པར་རྣམ་བསམས་ལ། །རིམས་དང་གདོན་དང་དུག་ལ་སོགས། །འོད་ཟེར་དེས་ནི་ཕྱུང་ནས་ཀྱང་། །དེ་ཡི་ནད་རྒས་གནོད་པ་རྣམས། །ཞི་བྱའི་ཕྱིར་ནི་རིང་དུ་དོར། །དེ་ནས་ཧཱུྃ་གི་ ཚིག་བཞག་ལ། །རྡོ་རྗེ་ལྟ་བུའི་ལུས་བསམ་ཞིང་། །ཧྃ་གི་འཁོར་ལོས་གོ་ཆར་བྱ། །འོད་ཟེར་ཆུ་ཡིས་དབང་བསྐུར་རོ། །དེ་ནས་དེ་ཡི་མིང་སྨོས་ཤིང་། །བཟླས་པས་ཚུལ་བཞིན་བསམ་པར་བྱ། །དེ་ནས་ཁུང་བུ་གསུམ་ལ་རྣམ་ཅིག་ནི། །ཟླ་བ་རྒྱས་ཤིང་འོད་ཟེར་འཕྲོ་འདྲ་ལ། ། ཁྲུ་གང་ཙམ་མམ་ཡང་ན་ཁྲུ་དོ་པ། །མི་རྒྱལ་མཆོག་རྣམས་ཀྱི་ནི་གཉིས་སུ་བསྒྱུར། །དེ་ཡི་ས་རྣམས་རྣམ་པར་སྦྱང་བྱས་ཏེ། །འཁོར་ལོའི་དཀྱིལ་ན་ཟླ་བའི་དཀྱིལ་འཁོར་གྱི། །དབུས་སུ་རྡོ་རྗེ་རྩེ་ལྟར་གྱུར་པ་གཅིག །འོད་ཟེར་དཀར་པོ་ཕྲེང་བསྐོར་གཟི་ཅན་གཞག །ཕྱག་རྒྱའི་ཚོགས་ རྣམས་ཐམས་ཅད་བྲི་བྱ་སྟེ། །རིགས་བརྒྱ་ལ་སོགས་ཕྱག་རྒྱ་ཟུར་ཕྱིན་ཅིང་། །རྒྱལ་པོ་བཞི་ཡི་ཇི་བཞིན་ཕྱག་མཚན་རྣམས། །ཕྱོགས་ཀྱི་བདག་པོ་རྣམས་ཀྱང་ཕྱོགས་ཕྱོགས་སུ། །ལྷ་ཆེན་ལ་སོགས་ཕྱག་རྒྱ་ཁྱབ་འཇུག་དང་། །འཁོར་ལོ་ལྟ་བུ་ཉིད་དུ་བྲི་བར་བྱ། །དྲི་ཞིམ་ ཆུས་བཀང་མདོག་འོད་དཀར་འགྱུར་ལ། །དཀར་པོས་ཤིན་ཏུ་དཀྲིགས་པའི་བུམ་པ་བརྒྱད། །དཀར་གསུམ་གང་བའི་གཏོར་མ་ལྷ་བཤོས་དང་། །བདུག་པ་མར་མེ་མེ་ཏོག་རྣམས་ཀྱང་གཞག །མཆོད་པ་བྱ་བའི་ཕྱིར་ནི་བླ་རེ་དང་། །གདུགས་དང་རྒྱལ་མཚན་རྔ་མ་ལ་ སོགས་གཞག །ནང་རེ་ག་པུར་བཅས་པའི་དྲི་ཞིམ་པ། །ཙནྡན་ལ་སོགས་པ་ཡི་བྱུག་པས་བྱུག །ཁ་ནི་ཤར་ཕྱོགས་བལྟས་ཏེ་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་གདན་ལ་འདུག་བྱའམ། །ཡང་ན་རྣལ་འབྱོར་ལྡན་ཞིང་སེམས་དཔའི་གདན། །གོས་ལ་སོགས་ དཀར་ཕྲེང་བ་དཀར་གྱིས་བརྒྱན། །མར་དང་སྦྲང་རྩི་འོ་མ་དང་། །ནས་ཀྱི་ཐུག་པ་ལ་སོགས་དང་། །ཏིལ་མར་དང་ནི་ཏིལ་ཉིད་དང་། །ཡུངས་ཀར་དང་ནི་འབྲས་ཡོས་དང་། །འབྲས་ཆན་ནས་དང་གྲོ་རྣམས་དང་། །མེ་ཏོག་ཤིན་ཏུ་དྲི་ཞིམ་རྣམས། །ག་པུར་དང་ནི་བསྲེས་ནས་ཀྱང་། ། ཙནྡན་དཀར་པོས་བསྒོས་པ་དང་། །འདབ་བདུན་མེ་ཏོག་འབྲས་བུ་རྣམས། །ཞོ་དང་ལྡན་པའི་ཡམ་ཤིང་ལ། །དེ་དག་ཁུང་བུའི་ཁྱད་པར་ལས། །རང་གི་སོར་གྱིས་གཞལ་བྱ་ཞིང་། །ཉི་ཤུ་རྩ་བཞི་ཡན་ཆད་མཆོག །སོར་བཅུ་དྲུག་ནི་བར་མ་སྟེ། །ཐ་མ་བཅུ་གཉིས་ཉིད་དུ་ཤེས། ། ཤིན་ཏུ་ཆུང་ན་སོར་བརྒྱད་དེ། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བསྐུས་པར་ཤེས་པར་བྱ། །བུད་ཤིང་དེ་ལས་བྱུང་བའི་མེ། །སྦྱར་ནས་དྲི་ཆུས་གཏོར་ནས་ནི། །པདྨ་དཀར་པོ་ཞལ་འདྲ་དགེ། །པདྨ་ནོར་བུ་རིལ་བ་ཐོགས། །ལག་ན་དབྱུག་པ་མཆོག་ཐོགས་པ། །པདྨ་དཀར་པོའི་ སྟན་སྟེང་འདུག །དེ་ལྟའི་མེ་ལྷ་བཀུག་ནས་ཀྱང་། །ཨརྒྷ་བླངས་ཏེ་དབུལ་བར་བྱ། །དེ་ནས་ཟླ་རྒྱས་དཀར་པོ་ལ། །བཞུགས་པའི་འགྲོ་ཕན་སྤྱན་དྲངས་ཏེ། །པདྨ་དཀར་པོ་ཤར་ཕྱོགས་སུ། །བསམས་ནས་སྟེང་དུ་གཞག་པར་བྱ། །དེ་ནས་དེ་ལྟར་བསམས་ནས་ཀྱང་། །བསྒྲུབ་བྱ་རྟག་ཏུ་ མདུན་བཞག་སྟེ། །དེ་ཡི་ཉེས་པ་དྲངས་ནས་ནི། །ཤིན་ཏུ་བསྲིངས་ཏེ་སྦ་བར་བྱ། །ནང་པར་སྔར་ནི་གཙང་འགྱུར་ཞིང་། །ཤིན་ཏུ་དྲི་ཞིམ་ལུས་བྱུགས་ལ། །བདུད་རྩི་བཞིན་བསམས་སྦྱིན་སྲེག་བྱ། །དམ་ཚིག་འདི་ནི་འདའ་བར་དཀའ། །ལྷ་རྫས་བདུད་རྩི་བྲོ་ལྔ་འདི། །དང་པོར་མེ་ ལྷ་བརྟག་བྱས་ལ། །ཁྲོ་བོ་དེ་ནི་དེ་ལུས་སུ། །སྤྱན་དྲངས་ནས་ནི་བཞུགས་པར་བསམས། །དེ་ནས་དང་པོ་ཁྲོ་བོ་ལ། །བསྲེག་བྱ་ལན་གསུམ་དབུལ་བར་བྱ། །དེ་ནས་དཀོན་མཆོག་གསུམ་ལ་གསུམ། །དེ་ནས་མེ་ལྷ་ཉིད་ལ་གསུམ། །དེ་ནས་རྡོ་རྗེ་ སེམས་དཔའ་ལ། །དེ་ནས་ལྷ་རྣམས་རེ་རེ་ལ། །དེ་ནས་བགེགས་ལ་སོགས་ལ་དབུལ། །དེ་ཡིད་འོང་བའི་ལྷ་ཡང་རུང་། །དེ་ནས་དང་པོ་ཁྲོ་བོ་ཡི། །སྔགས་ཀྱིས་ཡམ་ཤིང་སྦྱིན་སྲེག་བྱ། །དེ་ནས་གཅིག་ཏུ་བསྲེས་ནས་ཀྱང་། །བདུད་རྩི་སྔགས་ཀྱིས་བཏབ་ནས་ནི། །དེ་ བཞིན་སྦྱིན་སྲེག་བྱས་འོག་ཏུ། །བརྒྱ་སྟོང་སྙེད་དམ་ཡང་ན་ནི། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཁྲོ་བོ་ཉིད་ལ་དབུལ་བར་བྱ། །དེ་ཡི་ལུས་ལ་དབང་བསྐུར་ཞིང་། །མཉམ་པར་བཞག་པས་བསྲུངས་ནས་ཀྱང་། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་ པར་གསོལ། །འདིས་ནི་ཞི་བའི་ལས་རྣམས་ཀྱང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅི་སྟེ་དེ་ནི་སྡིག་ཅན་ནམ། །གལ་ཏེ་མཉམ་པར་མ་བཞག་པས། །དེ་ཚེ་དངོས་གྲུབ་མ་གྱུར་ན། །སྟོང་པ་ཉིད་དུ་རྣམ་བསྒོམས་ལ། །དེ་ནས་དེ་བཞིན་བྱས་ནས་ནི། །གདོན་མི་ཟ་བར་དངོས་ གྲུབ་འགྱུར། །ཞི་བའི་ལས་སོ། །འབྲས་བུར་ལྡན་པའི་ནགས་ཚལ་ལམ། །ཡང་ན་ནགས་སམ་རྒྱལ་པོའམ། །རྒྱལ་རིགས་ཁྱིམ་དུ་རྒྱས་པ་ནི། །དགའ་བའི་སེམས་ཀྱིས་བྱ་བ་སྟེ། །ཁྲུ་དོ་ཡང་ན་ཁྲུ་བཞི་པའམ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་དེ། །ཆུང་མཆོག་བར་མ་རྣམས་ལས་ གཅིག །རྒྱས་པའི་ལས་ནི་བྱ་བ་ཡིན། །མདོར་ན་ཧོམ་ཁུང་བྱ་བ་ནི། །སྟེགས་བུ་བརྩིགས་ཏེ་དཀྱིལ་འཁོར་ནི། །ཆུང་ངུ་ལ་ནི་ཁྲུ་བརྒྱད་དེ། །བར་མ་ལ་ནི་བཅུ་གཉིས་ཉིད། །མཆོག་ལ་བཅུ་དྲུག་ཡང་ན་ནི། །ཉི་ཤུ་རྩ་བཞིར་ཤེས་པར་བྱ། །མུ་ཁྱུད་སོར་བརྒྱད་བཅུ་དྲུག་གམ། །སུམ་ཅུ་ གཉིས་སུ་བྱ་བ་ཡིན། །ཕྱི་ཡི་འཁོར་ལོ་དེ་ཡི་ཕྱེད། །པདྨ་རྣམས་ཀྱིས་བརྒྱན་པར་བྱ། །དཀྱིལ་འཁོར་དབུས་སུ་རིན་ཆེན་དང་། །པདྨ་སྣ་ཚོགས་བརྒྱན་པར་བྱ། །དེ་ཡི་དབུས་སུ་བརྐོ་བ་ནི། །ལེགས་པར་བལྟས་ཏེ་ཕྱེད་ཀྱི་ཚད། །ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཡང་ན་དཔལ་ བསྐྱེད་པདྨ་འདྲ། །མདོར་ན་འཇིམ་པ་སེར་པོ་ཡིས། །དེ་བཞིན་ཁུང་མཆོག་བརྐོས་ནས་ནི། །གུར་གུམ་ལ་སོགས་བསྐུས་ནས་ཀྱང་། །དེ་ཡི་དབུས་སུ་བྲིས་ནས་ནི། །ཚོན་མཆོག་སེར་པོས་བསྐུས་ནས་ཀྱང་། །གསེར་འོད་འདྲ་བར་བསྒོམ་པར་བྱ། །དེ་ནས་ཚོན་ནི་དམར་ སེར་གྱིས། །རིན་ཆེན་པདྨ་ལ་སོགས་པའི། །ཕྱག་རྒྱའི་དཀྱིལ་འཁོར་ཁོར་ཡུག་ཏུ། །གནས་པ་ཉིད་དུ་བྲི་བར་བྱ། །རིམ་གཉིས་ཡང་ན་རིམ་བཞི་འམ། །ཡང་ན་རིམ་པ་བརྒྱད་ལྡན་པར། །དེར་ནི་སྒོ་བ་དེ་དག་ཉིད། །ཕྱག་རྒྱའི་གཟུགས་སུ་བརྟག་པར་བྱ། །བུམ་པ་ཁ་དོག་ གསེར་འདྲ་ཞིང་། །དྲི་ཆུས་རབ་ཏུ་བཀང་བ་ལ། །ཤིན་ཏུ་མཛེས་བརྒྱད་བཅུ་གཉིས་སམ། །སུམ་ཅུ་གཉིས་སམ་བཅུ་དྲུག་སྟེ། །དཀྲི་བའི་དར་ནི་སེར་པོ་ལ། །ཁ་རྒྱན་ཡལ་ག་མེ་ཏོག་ཅན། །དྲི་ཞིམ་མེ་ཏོག་བདུག་པ་དང་། །ཕྲེང་བ་མར་མེ་རྒྱན་རྣམས་དང་། །རྒྱལ་མཚན་ འཕན་ལ་སོགས་པ་དང་། །བླ་རེ་གདུགས་རྣམས་སེར་པོས་བརྒྱན། །བདག་ཉིད་གོས་དང་རྒྱན་རྣམས་དང་། །མེ་ཏོག་ལ་སོགས་སེར་པོས་བརྒྱན། །བྱང་ཕྱོགས་ཁ་བལྟས་འདུག་ནས་ནི། །འཇིག་རྟེན་གསུམ་འདུལ་ཁྲོ་བོ་ཡི། །ཉིད་ཀྱི་རྣལ་འབྱོར་རྗེས་དྲན་ཞིང་། །ལྷ་ཡི་ ཡིད་བཞིན་ནོར་རྒྱལ་མཚན། །བཙོ་མ་གསེར་གྱི་འོད་དང་འདྲ། །དེ་བཞིན་ཉི་ཟླ་ཀུ་བེ་ར། །གནོད་སྦྱིན་དང་ནི་ཛམ་བྷ་ལ། །གསེར་གྱི་ཆར་ནི་རབ་འབེབས་ཤིང་། །ཡིད་ཀྱི་འདོད་པ་སྐོང་མཛད་པ། །མདོར་ན་དེ་ཡི་འོད་ཟེར་གྱིས། །ངེས་པར་དབང་ནི་བསྐུར་བར་བསམ། ། དེ་ནས་རྒྱལ་སྲིད་ཐོབ་འགྱུར་ན། །ལུས་རྒྱས་པ་ལྟ་སྨོས་ཅི་དགོས། །རྒྱས་པར་བྱ་ཕྱིར་དེ་མིང་ནས། །སྨོས་ཏེ་བརྒྱ་ཕྲག་བརྒྱ་རྩ་བརྒྱད། །ཡང་ན་དེ་བཞིན་སྟོང་ཕྲག་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །དེ་ནས་སྦྱིན་སྲེག་རབ་བྱ་སྟེ། །བྱང་ཕྱོགས་སུ་ནི་སེང་གེ་ཡི། །གདན་གྱི་ སྟེང་ན་རིན་ཆེན་དང་། །པདྨ་ཉི་ཟླ་གདན་སྟེང་ན། །རྡོ་རྗེ་རིན་ཆེན་རིན་ཆེན་མཆོག །རིན་ཆེན་དཔལ་དང་གཟི་བརྗིད་མཆོག །རྡོ་རྗེ་བཞད་དང་རྒྱལ་བ་ཡང་། །རྒྱན་རྣམས་ཀུན་གྱིས་བརྒྱན་ནས་ནི། །ཕྱག་ནི་མཆོག་སྦྱིན་གཞོལ་བ་དང་། །རིན་ཆེན་ཆར་ཡང་འབེབས་བརྩོན་ཞིང་། ། འོད་ཟེར་སེར་འཕྲོ་ཐམས་ཅད་ཀྱིས། །དེ་ལ་ཤིན་ཏུ་ཁྱབ་བྱེད་བསམ། །དུང་དང་པི་བང་ཅང་ཏེའུ་དང་། །སིལ་སྙན་གླུ་དང་གར་མཆོག་གིས། །མདོར་ན་མཆོད་པ་བྱས་ནས་ནི། །དེ་ཡི་འོག་ཏུ་ལས་བརྩམ་མོ། །ཁུང་བུའི་ཁྱད་པར་ཉིད་ལས་ཀྱང་། །ཡམ་ ཤིང་བུད་ཤིང་ཁྱད་པར་དབྱེ། །མཛུབ་གང་ཁུ་ཚུར་བཅངས་ཁྲུ་གང་། །ཆུང་ངུ་ཉིད་དུ་བཤད་པ་ཡིན། །བར་མ་ཁྲུ་དོར་ཤེས་པར་བྱ། །ཁྲུ་བཞི་པ་ནི་མཆོག་ཡིན་ཏེ། །མེ་ཏོག་འབྲས་བུར་བཅས་རིགས་ཀྱི། །ཡ་ཏོག་མ་ཏོག་སྦྲང་རྩིར་གཞུག །འབྲུ་རྣམས་ཐམས་ཅད་འབྱོར་པ་དང་། ། མེ་ཏོག་འབྲས་བུ་སེར་པོར་ལྡན། །མར་དང་སྦྲང་རྩི་བསྲེས་ནས་ནི། །ཕལ་ཆེར་དཔལ་གྱི་འབྲས་བུར་ལྡན། །མེ་ལྷ་གསེར་དང་འདྲ་བ་ལ། །ཕྱག་བཞི་པ་སྟེ་འདིར་དེ་བཞིན། །པདྨ་གདན་བཞུགས་རྣམ་བརྒྱན་པ། །སྤྱན་དྲངས་བསྲེག་བྱ་སྦྱིན་སྲེག་བྱ། །དེ་ཡི་ལུས་སུ་ཁྲོ་རྒྱལ་ པོ། །བྱིན་ཅན་ལེགས་པར་བཅུག་ནས་ནི། །སྔོན་བཞིན་དྲན་བྱེད་དེ་ཞལ་དུ། །སྦྱིན་སྲེག་ཡོངས་སུ་བརྟག་བྱ་སྟེ། །འབུམ་མམ་ཉིས་འབུམ་ཙམ་གྱིས་ཀྱང་། །དོན་ནི་ངེས་པར་རབ་ཏུ་འགྲུབ། །འབུམ་ཕྲག་བརྒྱས་ནི་རྒྱལ་སྲིད་དམ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། ། དེ་ནས་མཇུག་ཏུ་འོད་ཟེར་གྱིས། །དེ་ལ་དབང་བསྐུར་བསྲུང་བར་བྱ། །དེ་ནས་དེ་ནི་རྒྱལ་འགྱུར་ཏེ། །ཕྱག་ན་རྡོ་རྗེའི་བཀའ་བཞིན་ནོ། །རྒྱས་པའི་ལས་སོ། །དབང་ནི་ཆགས་པའི་སེམས་ཀྱིས་ཀྱང་། །ཆགས་པའི་ཏིང་ངེ་འཛིན་གྱིས་བྱ། །ཆགས་པ་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་ཆགས་པ་དེ་ལས་བྱུང་། ། ཁམས་གསུམ་ཆགས་པར་བྱེད་པའི་ཕྱིར། །པདྨ་སེམས་དཔའ་རྟག་ཏུ་ཆགས། །དེ་བས་འདིས་ནི་དེ་དག་ནི། །ལས་འགྲུབ་པར་ནི་བཤད་པ་ཡིན། །ཆགས་དང་མཐུན་པའི་ས་ཕྱོགས་སམ། །ཆགས་པར་བྱེད་པའི་ཁྱིམ་དུ་ཤིས། །བཙོ་བླག་ཅན་ནམ་ཟླ་མཚན་ཅན། །ཁྱིམ་དུ་ཆགས་པའི་ལས་རྣམས་བྱ། །ཡིད་དང་ མཐུན་པའི་ས་ཕྱོགས་སམ། །རྡོ་རྗེ་ཆགས་པའི་གནས་ཀྱང་རུང་། །ཕྱག་ན་པདྨའི་གནས་ཉིད་དུ། །རྟག་ཏུ་རྡོ་རྗེ་སེམས་དཔའི་གནས། །བདེ་ཆེན་གྱི་ནི་གནས་ཆེན་དང་། །པདྨ་ཨུཏྤལ་རྫིང་བུ་དང་། །བནྡུ་ཀ་ཡི་མེ་ཏོག་གནས། །མེ་ཏོག་འབྲས་བུ་དམར་ཚལ་ནི། །ཡིད་འོང་སེམས་ནི་ཆགས་བྱེད་པ། ། དེར་ནི་སྟེགས་བུ་ཁྲུ་བརྒྱད་དམ། །དེ་ལྟར་བཅུ་གཉིས་བཅུ་དྲུག་རྣམས། །བྱས་ནས་དེ་ཡི་དབུས་སུ་ཡང་། །ཧོམ་ཁུང་དཀྱིལ་འཁོར་བྱ་བ་ནི། །ཁྲུ་གང་ཡང་ན་ཁྲུ་དོའམ། །དེ་ལྟར་ཁྲུ་ནི་བཞི་བར་བྱ། །གཞུ་འདྲ་བའམ་པདྨོ་འམ། །ཡང་ན་རྡོ་རྗེ་འདྲ་བར་བྱ། །མདའ་འདྲ་ཟླ་བ་ཁམ་འདྲ་ དང་། །དེ་ལྟར་པདྨའི་འདབ་མ་འདྲ། །ཞེང་དུ་ཆུ་ཡི་ཕྱེད་ཀྱི་ཚད། །ཞེང་གི་ཕྱེད་ཀྱི་ཚད་ཙམ་དུ། །ཧོམ་ཁུང་ཟབས་སུ་བརྐོ་བར་བྱ། །མུ་ཁྱུད་སོར་ནི་བཞི་པར་བྱ། །ཉིས་འགྱུར་བ་ནི་ཉིས་འགྱུར་བྱ། །ཐ་མ་མཆོག་གི་ཁྱད་པར་ལས། །ཡམ་ཤིང་སོ་སོར་ཤེས་པར་བྱ། །ཡང་ན་ཡམ་ཤིང་སྲེག་ཤིང་ནི། ། ཚད་ནི་ཞི་བའི་ལས་སུ་གསུངས། །ཤིན་ཏུ་དམར་བའི་ཙནྡན་ནམ། །ཡང་ན་ཤིང་དམར་གཞན་ཡང་རུང་། །མེ་ཏོག་འབྲས་བུ་དམར་པོའམ། །བཙག་དང་ཙནྡན་རྒྱ་སྐྱེགས་སོགས། །ལེ་བརྒན་རྩི་དང་གུར་གུམ་གྱིས། །མདོར་ན་བུད་པའི་ཤིང་དང་ནི། །ཡམ་ཤིང་ལ་ཡང་བསྐུས་ནས་ནི། ། ཡུངས་ཀར་ཁ་དོག་དམར་པོ་དང་། །བཙག་དང་མཚལ་ཡང་དེ་བཞིན་དུ། །ཟངས་ཀྱི་ཕྱེ་དང་ཡུངས་ཀར་དང་། །སྐྱེ་ཚེ་འབྲུ་དང་ལན་ཚྭ་དང་། །ཏིལ་དང་དྲི་ཞིམ་ཐིག་ལེའི་འབྲུ། །ལ་ཕུག་ཡུངས་རྡོག་དེ་བཞིན་ཏེ། །ཁྲག་དང་རྡུལ་ནི་ཆེན་པོ་རྣམས། །བསྲེག་བྱ་ཕྱིར་ནི་བསྡུས་ནས་ཀྱང་། །སྔར་ བཤད་འབྲས་བུ་ལ་སོགས་པའི། །ཁུ་བས་ཡང་དང་ཡང་བསྐུས་ནས། །ཁྲོ་བོའི་སྔགས་ཀྱིས་བྱིན་བརླབས་ཏེ། །བ་དང་ར་ལས་བཞོས་པ་ཡི། །བཤིགས་མ་ཐག་པའི་མར་སར་དང་། །མར་དང་ཏིལ་མར་རྣམས་ཀྱིས་དགང་། །ག་པུར་ལ་སོགས་བསྒོས་ནས་ཀྱང་། །བདུད་རྩིས་བཏབ་སྟེ་ གཞག་པར་བྱ། །དེ་ནས་ཧོམ་ཁུང་དམར་པོ་ལ། །བྱི་རུའི་སྡོང་པོ་འདྲ་བར་ཡང་། །བསམས་ནས་སྤོས་དམར་ལ་སོགས་དང་། །གུར་གུམ་དམར་པོས་བྱུག་པར་བྱ། །དེ་ནས་ཁ་དོག་དམར་པོ་ཡིས། །སྟུག་པོ་ཉིད་དུ་བསྐུ་བར་བྱ། །གུར་གུམ་སེར་པོས་བསྲེས་པ་ཡི། །ཚོན་གྱིས་རི་མོ་བྲི་བ་ནི། ། ཧོམ་ཁུང་ནང་དུ་པདྨ་བྲི། །དེ་ཡི་སྟེང་དུ་མདའ་བཅས་གཞུ། །རྟག་ཏུ་ཧོམ་ཁུང་ཁོར་ཡུག་ཏུ། །པདྨ་ཉིད་ནི་བྲི་བར་བྱ། །གཞུ་ཡི་དབུས་སུ་རྡོ་རྗེ་ཉིད། །ཁོར་ཡུག་ཏུ་ནི་མདའ་ཉིད་བྲི། །གཞུ་ཡི་ཕྱི་རོལ་པདྨ་ཉིད། །བྲིས་ནས་དེ་ཡི་སྟེང་དུ་མདའ། །དེ་ཡི་ཕྱི་རོལ་རྡོ་རྗེ་དང་། །ལྕགས་ཀྱུ་མདར་ བཅས་གཞུ་བྲིས་ལ། །ལྷོ་ཕྱོགས་རྒྱལ་མཚན་རིན་ཆེན་དང་། །གཟི་བརྗིད་དཀྱིལ་འཁོར་བྲི་བར་བྱ། །པདྨ་རལ་གྲི་འཁོར་ལོ་རྣམས། །ནུབ་ཕྱོགས་ཉིད་དུ་བྲི་བར་བྱ། །རྡོ་རྗེ་མཆེ་བ་གོ་ཆ་མཆོག །བྱང་ཕྱོགས་སུ་ནི་བྲི་བར་བྱ། །གྲྭ་རྣམས་སུ་ནི་སྤོས་ལ་སོགས། ། ཕྱག་རྒྱའི་གཟུགས་སུ་བྲི་བྱ་ཞིང་། །མེ་ཏོག་དམར་པོ་ལ་སོགས་པས། །ཤིན་ཏུ་སྔ་མ་བཞིན་མཆོད་དེ། །དཔལ་ལྡན་གོས་དང་ཕྲེང་བ་དང་། །དམར་པོའི་དྲི་ནི་བསྐུས་ནས་ཀྱང་། །རྟག་ཏུ་ཐུབ་པ་ནུབ་བལྟས་ལ། །དམར་ཐག་མ་ཆད་ལས་བྱ་སྟེ། །པདྨ་དམར་པོའི་གདན་བསམས་ལ། ། རབ་ཆགས་ཕྱག་ན་པདྨ་བསྣམས། །གཡོན་དུ་རྡོ་རྗེ་ཆགས་པ་ལ། །གཡས་སུ་བདེ་བ་ཆེན་པོ་སྟེ། །བསམས་ན་དེ་ཡི་དབུས་སུ་ནི། །ཆུ་སྲིན་རྒྱལ་མཚན་འཛིན་པ་གཞག །རྡོ་རྗེ་གཞུ་དང་གཡོན་འགྱིང་མ། །མེ་ཏོག་དམར་རྒྱན་རབ་དགྱེས་མ། །དྲི་དམར་ལ་སོགས་རབ་མཆོད་དེ། ། མདའ་དང་གཞུ་ཐོགས་དེ་བཞིན་དུ། །པདྨ་དམར་དང་དབྱིག་བསྣམས་པའི། །མེ་ཡི་ལྷ་ནི་བཀུག་ནས་ཀྱང་། །དེ་ཡི་ལུས་སུ་ཁྲོ་རྒྱལ་པོ། །ལེགས་པར་བཅུག་སྟེ་གཞག་པར་བྱ། །འོད་ཟེར་ཆགས་པས་བསྒྱུར་ནས་ནི། །དེའི་ལུས་རྡོ་རྗེ་ལྕགས་ཀྱུ་དང་། །ཞགས་པ་བཅིངས་པས་བཀུག་ ནས་ནི། །སྤྱི་བོ་ཞབས་ཀྱི་དྲུང་དུ་གཞག །དེ་ལྟར་བསམས་ཏེ་སྙོམས་ཞུགས་པས། །ལས་བྱས་པ་ནི་གང་ཡིན་པ། །དེས་ནི་ལྷ་ཡང་དབང་འགྱུར་ན། །མི་དང་ལྷ་མིན་སྨོས་ཅི་དགོས། །ལས་རྣམས་ཟིན་པར་གྱུར་པ་དང་། །ཆགས་པའི་སེམས་སུ་བྱས་ནས་ནི། །དེ་ཡི་འོད་ཟེར་སྤྱི་བོར་དགང་། ། དེ་ནི་བསྲུངས་ནས་གཏང་བར་བྱ། །དེ་ནས་རྡོ་རྗེ་འདོད་པ་ཡིས། །ལྷ་རྣམས་མཆོད་དེ་གཤེགས་པར་གསོལ། །དེ་ནས་བསྲུང་བ་བྱས་ནས་ནི། །རྡོ་རྗེ་འདོད་པས་རྟག་ཏུ་བཟླས། །དབང་གི་ལས་སོ། །དེ་ནས་བརྒྱ་བྱིན་ཚངས་སོགས་ལྷ། །ཕྱག་འཚལ་ཡང་དང་ཡང་དུ་ནི། །རིན་ཆེན་གདུགས་ལ་སོགས་ མཆོག་གི། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང་། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་སྟོད་བྱེད་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་ བསྟོད། །རྡོ་རྗེའི་ཡན་ལག་རྡོ་རྗེའི་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེའི་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སེམས་རྒྱས་རང་བྱུང་བ། །རྡོ་ རྗེའི་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེའི་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་བྱེད་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟབ་བོ། །རྡོ་རྗེ་གནོད་སྦྱིན་གནོད་ སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་ཆེའི་མཆོག །འཇིགས་བྱེད་དགའ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་སྔགས་བྱེད་པ། །བསྒྲུབ་དཀའ་བསྒྲུབ་པས་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་ གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྟུག་པས་ན་སྟུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པའོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཆོག །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་པ་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ ནག་པོ་ཆེ། །སྒྲ་ཆེ་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །རྙོག་པའི་དུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བ་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་བའི་ཞལ། །སྤྱན་དམར་འཇིགས་ པར་མཛད་པ་པོ། །ཁྲོ་བོ་དུ་མ་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མ་མཚོན་ཆ་བརྒྱ། །དུ་མའི་ཞལ་ལ་སྐུ་ཡང་སྟོང་། །འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་ལ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་གཏོགས་ འདོད་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་དུ་བཟང་པོ་ཆེར་བཟང་བ། །མཚན་རྣམས་ དམ་པས་རྣམ་པར་བརྒྱན། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེ་བདག་ཉིད་གཙང་། །གང་གིས་འདི་བྲིས་བཀླགས་གྱུར་ཏམ། །རྟག་ཏུ་དེ་དོན་འཆང་བྱེད་དམ། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ ནས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱིནྟཾ་གརྦྷ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་ཞུས། ཨཱ་ཙཱརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། །།དུར་ཁྲོད་དག་དང་ཤན་པ་ཡི། །ཁྱིམ་དང་སྲིན་ པོའི་གནས་རྣམས་སུ། །མངོན་སྤྱོད་ཀྱི་ནི་ལས་བྱ་བ། །ཐབ་ཁུང་ཐ་མ་བར་མ་མཆོག །ཕྱེད་གསུམ་མམ་ཁྲུ་གསུམ་མམ། །རྐུ་དགུ་པ་ནི་བྱས་པ་ལས། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །གྲུ་གསུམ་པའམ་མདུང་རྩེ་འདྲ། །ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི། །བསྐུས་པས་ཐག་ཁུང་ནག་པོར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་བ། །ནག་ པོ་ཤིན་ཏུ་འབར་བ་བྲི། །མུར་ན་སྟེང་དུ་རྩེ་གསུམ་དང་། །རྒྱ་གྲམ་པ་ཡི་རྡོ་རྗེས་མཚན། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །དབྱུག་པ་དང་ནི་དགྲ་སྟ་དང་། །རལ་གྲི་ཤིན་ཏུ་འབར་བ་བྲི། །དེ་ཡི་ཕྱི་རོལ་ཀེང་རུས་ཏེ། །བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན། །དུད་སྤྲིན་མདོག་འདྲ་དྲང་སྲོག་མཆོག །མི་རོའི་སྟེང་བཞུགས་རྩེ་གསུམ་དང་། །གཟར་བུ་ཕྲེང་ བ་རིལ་བར་ལྡན། །དེ་ལྟའི་མེ་ལྷ་སྤྱན་དྲངས་ནས། །ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་བསྲེག །ཤིན་ཏུ་གདུག་ཅིང་ཚེར་མར་བཅས། །སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་། །ཤ་དང་ཁྲག་དང་ལྕགས་ཕྱེ་དང་། །རུས་བྱེ་དུག་དང་སྐེ་ཚེ་དང་། །དྲི་ཆེན་དྲི་ཆུ་ལ་སོགས་པའི། །རྫས་རྣམས་ཀུན་ལ་དུག་གིས་ནི། །བསྒོས་པས་ལན་གྲངས་འབུམ་བསྲེགས་ ནས། །དེ་ཡི་ལོངས་སྤྱོད་འབྱོར་པ་དང་། །གཉེན་དང་འཁོར་རང་བྲན་རྣམས་དང་། །བུ་དང་ཆུང་མར་བཅས་པ་རྣམས། །སྤངས་ཏེ་སྲོག་དང་བྲལ་ནས་ནི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །མངོན་སྤྱོད་ཀྱི་ལས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱིནྟཾ་གརྦྷ་དང་། །ལོཙྪ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་བའོ།། །།སྭ་པར་ཧི་ཏ་བྷ་བནྟུ།། །། ༄༅༅། །རྒྱ་གར་སྐད་དུ། །སརྦ་དུརྒ་ཏི་པ་རི་ཤོདྷ་ན་ཏེ་ཛོ་རཱ་ཛ་སྱ་ཏ་ཐཱ་ག་ཏ་སྱཱ་རྷ་ཏེ་སཾ་མྱ་ཀྶཾ་བུདྡྷ་སྱ་ཀ་ལྤཻ་ཀ་དེ་ཤ་ནཱ་མ། །བོད་སྐད་དུ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱི་མཆོག་དགའ་བའི་ཚལ་ན་བཞུགས་ཏེ། ནོར་བུ་དང་གསེར་གྱི་ཤིང་ལོ་མ་དང་། ཡལ་ག་དང་། ལྕུག་མར་བཅས་པའི་སྡོང་པོ་དང་། ཤིང་གེལ་པ་དང་། སྨན་ དང་། མེ་ཏོག་ཀ་མལ་དང་། མེ་ཏོག་ཨུཏྤ་ལ་དང་། མེ་ཏོག་ཀརྞི་ཀཱ་དང་། མེ་ཏོག་བཀྐུལ་དང་། མེ་ཏོག་ཏི་ལ་ཀ་དང་། མེ་ཏོག་ཨ་ཤོ་ཀ་དང་། མེ་ཏོག་མནྡཱ་ར་བ་དང་། མེ་ཏོག་མནྡཱ་ར་བ་ཆེན་པོ་ལ་སོགས་པ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཉེ་བར་མཛེས་པ། དཔག་བསམ་གྱི་ཤིང་རྣམས་ཀྱིས་ཡང་དག་པར་ བརྒྱན་པ། རྒྱན་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། བྱའི་ཚོགས་སྣ་ཚོགས་སྐད་སྙན་པ་འབྱིན་པ། རྔ་དང་། རྔ་མུ་ཀུནྡ་དང་། གླིང་བུ་དང་། རྔ་བྷི་རི་ལ་སོགས་པའི་སྒྲ་སྒྲོགས་པ། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་བུ་རྣམ་པ་སྣ་ཚོགས་པ་རྣམས་རྣམ་པར་རྩེ་བ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནའོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་ཐམས་ཅད་དང་། རིག་པ་འཛིན་པ་དང་། ལྷའི་བུ་མོ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་སྟོང་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། །མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་ལ་སོགས་པ་འཁོར་རྣམ་པ་སྣ་ཚོགས་པ་དུ་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་རྣམས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྤོབས་པ་དང་། བློ་གྲོས་མི་གཡོ་བ་དང་། བློ་གྲོས་ཡངས་པ་དང་། ཀུན་དུ་བློ་གྲོས་དང་། བློ་གྲོས་མཐའ་ཡས་པ་དང་། ཀུན་ནས་ལེགས་པའི་བློ་གྲོས་དང་། བློ་གྲོས་ཀ་མ་ལ་དང་། བློ་གྲོས་ཆེན་པོ་དང་། །བློ་གྲོས་ལྷ་རྫས་དང་། །བློ་གྲོས་སྣ་ཚོགས་པ་དང་། བློ་གྲོས་མ་ལུས་པ་དང་། ཀུན་དུ་བཟང་པོ་སྟེ། དེ་དག་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། མཆོད་ཅིང་རྗེད་པར་བྱས། ཤིན་ཏུ་ཕུལ་དུ་བྱུང་བར་བྱས་ཏེ། འཁོར་གྱི་ཚོགས་ཆེན་པོའི་དབུས་སུ་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཤིང་ངན་སོང་ ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཉིད་དུ་ངན་སོང་གསུམ་གྱི་རྒྱུད་རྣམ་པར་གྲོལ་བར་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་འོད་ཟེར་འཕྲོ་བ་དང་སྡུད་པ་དུ་མའི་ཕྲེང་བ་རང་གི་མཛོད་སྤུ་ནས་ཕྱུང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བར་བྱས་སོ། །ཀུན་དུ་སྣང་བར་བྱས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་བཀྲོལ་ཏེ། ཡང་དག་པ་སོ་སོ་སོ་སོར་ཐོབ་པར་བྱས་ཤིང་དགའ་བའི་ཚལ་ཡང་ཀུན་དུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་པ་རྣམས་ཀྱིས་མངོན་པར་ མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཨེ་མ་ཧོ་སངས་རྒྱས་ཆོས། །ཨེ་མ་ཧོ་སངས་རྒྱས་མཛད་པ་ཤིན་ཏུ་ལེགས། །གང་ཕྱིར་བདག་ཅག་ངན་ སོང་ཡོངས་སུ་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་རབ་ཏུ་བཞག །དེ་ནས་ལྷའི་དབང་པོས་བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་ཀུན་དུ་སྣང་བས་ངན་སོང་ཀུན་ ལས་རྣམ་པར་བཀྲོལ་ནས་རྣམ་པར་གྲོལ་བའི་ལམ་ལ་རབ་ཏུ་བཞག་པ་ནི་བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པའི་བསོད་ནམས་ ཀྱི་ཚོགས་རྣམས་ལེགས་པར་བསགས་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚད་མེད་པའི་ཐབས་ཡོངས་སུ་རྫོགས་པའོ། །ལྷའི་དབང་པོ་ སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་དཔག་ཏུ་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་པར་མཛད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་ པ་དང་མཉམ་པའི་ཡེ་ཤེས་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ཡང་དག་པར་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་སྨོན་ལམ་དང་ཡང་དག་པར་ལྡན་པའོ། །ལྷའི་དབང་པོ་དེའི་ ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྣོད་ཇི་ལྟ་བ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང་། གདུལ་བྱ་ཇི་ལྟ་བ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་ནོ། །ཞེས་ཤེས་པར་བྱ་བ་འདི་ལ་འདིར་ ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མི་བྱའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་གདུལ་བར་མི་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་རང་གི་སྟན་ལས་ལངས་ནས་སླར་ཡང་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེ་ཞིང་ཆེ་བ་བྱས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། རྗེས་སུ་བརྩེ་བར་བྱ་བའི་ཕྱིར་དང་། སྙིང་རྗེ་དང་བཅས་པར་བྱ་བའི་ཕྱིར་དང་། བརྩེ་བ་ཆེན་པོ་དང་བཅས་པར་བྱ་བའི་ཕྱིར་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་ཕྱིར་བཅོམ་ལྡན་འདས་བདག་སྤོབས་ པ་བསྐྱེད་དུ་གསོལ། བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་རིགས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཤིང་དུས་ལས་འདས་ནས་དགུང་བདུན་ལོན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས་ ཤིང་། བདེ་བའམ་སྡུག་བསྔལ་གང་མྱོང་བར་འགྱུར་བ་དེ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེའི་དུས་དང་སྐབས་སུ་བབ་པར་ཤེས་ན་ཉོན་ཅིག །ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་འདི་ནི་དུས་ལགས་སོ། །བདེ་བར་གཤེགས་པ་འདི་ནི་སྐབས་སུ་བབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་ པོར་སྐྱེས་ཏེ། དེར་ལོ་སྟོང་ཕྲག་བཅུ་གཉིས་སུ་སྡུག་བསྔལ་དྲག་ཅིང་མི་བཟོད་པ་མྱོང་བར་འགྱུར་རོ། །སླར་ཡང་དམྱལ་བ་ཆུང་ངུ་རྣམས་སུ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར་འགྱུར་རོ། །སླར་ཡང་བྱོལ་སོང་དང་ཡི་དགས་རྣམས་སུ་སྐྱེས་ཏེ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར་འགྱུར་རོ། ། སླར་ཡང་མཐའ་འཁོབ་ཀྱི་སྐྱེ་བོའི་གནས་སུ་སྐྱེས་ནས། འོན་པ་དང་། དིག་པ་དང་། ལྐུགས་པའི་རང་བཞིན་ཅན་རྣམས་སུ་ལོ་སྟོང་ཕྲག་དྲུག་ཅུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སླར་ཡང་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ནད་རྣག་ཁྲག་འཛག་པ་དང་། མཛེ་དང་ཕོལ་མིག་གིས་གཟིར་བ་དང་། སྐྱེ་བོ་མང་པོས་སྨད་པ་དང་། ཡོངས་ཀྱིས་སྤངས་པ་དང་། རིགས་དམན་པར་འགྱུར་ཞིང་སྡུག་བསྔལ་ནས་སྡུག་བསྔལ་དུ་བརྒྱུད་པ་རྒྱུན་མི་འཆད་པར་འགྱུར་ཏེ། གཞན་རྣམས་ལ་ཡང་གནོད་པ་བྱེད་ཅིང་ལས་ཀྱི་སྒྲིབ་པ་སྣ་ཚོགས་པ་ཡང་རྒྱུན་མི་འཆད་པར་བྱེད་པར་འགྱུར་རོ། །སླར་ཡང་སྡུག་བསྔལ་ རྒྱུད་པ་གཞན་དང་གཞན་མྱོང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དེ་ཐོས་ནས་དངངས་ཤིང་སྐྲག་སྟེ་སྐྱོ་ནས་ཁ་བུབ་ཏུ་འགྱེལ་ཏོ། །ཡང་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་བརྒྱུད་མ་དེ་ལས་ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་ པ་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཐབས་གང་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དེ་ལས་གྲོལ་བར་འགྱུར་བ་དེས་ཡོངས་སུ་སྐྱོབས་མཛོད། །བདེ་བར་གཤེགས་པ་ཡོངས་སུ་སྐྱོབས་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ རྩ་བཞིས་བཤད་པ་འདི་ངས་ཀྱང་བཤད་ཀྱིས་ཉོན་ཅིག །དེ་ནས་ལྷའི་དབང་པོས་སླར་ཡང་བཅོམ་ལྡན་འདས་ལ་མེ་ཏོག་མནྡཱ་ར་བ་དང་། །མནྡཱར་བ་ཆེན་པོ་དང་། མེ་ཏོག་རྣམ་པ་སྣ་ཚོགས་པ་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཕྱག་གདུབ་དང་། དཔུང་རྒྱན་དང་། སྙན་རྒྱན་དང་། དོ་ཤལ་ དང་། དོ་ཤལ་ཕྱེད་པ་ལ་སོགས་པ་རྒྱན་གྱི་ཁྱད་པར་དུ་མས་མངོན་པར