Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 8 / 18 (50.000 ký tự/trang)
ྱག་རྒྱའོ། །རྡོ་རྗེ་བསྡམས་པར་ བརྟན་པར་བྱས་ནས། གུང་མོ་གཉིས་རྡོ་རྗེ་རྩེ་མོར་བྱས་ལ། མཐེའུ་ཆུང་དང་མཐེ་བོ་རབ་ཏུ་བརྐྱང་བའོ། །འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ཀྱིས་མཐེའུ་ཆུང་དང་མཐེ་བོང་གཉིས་དེ་བཞིན་དུ་བྱས་ལ། མཛུབ་མོ་དང་མིང་མེད་པདྨའི་འདབ་མའི་རྣམ་པར་བྱའོ། །འདི་ནི་ངན་སོང་ཐམས་ཅད་ ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་ཀྱི་མཛུབ་མོ་དང་མིང་མེད་དག་རིན་པོ་ཆེའི་རྣམ་པར་བྱའོ། །འདི་ནི་དབང་བསྐུར་བའི་ཕྱག་རྒྱའོ། །མཐེའུ་ཆུང་དང་མཐེ་བོང་སོ་སོ་སོ་སོར་སྦྱར་ནས་ལྷག་མ་རྣམས་རབ་ཏུ་བརྐྱང་བ་ནི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་ གཡོན་པ་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ། །སྙིམ་པ་གྱེན་དུ་འཐོར་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །དེ་ཉིད་འོག་ནས་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ཉིད་མཐེ་བོང་གཉིས་གྱེན་དུ་བསྙམས་ལ་འཛིན་པ་ནི་མར་མེའི་ཕྱག་རྒྱའོ། །དེ་ཉིད་དུང་འདྲ་བར་ བྱས་པ་ནི་དྲིའི་ཕྱག་རྒྱའོ། །དེ་ཉིད་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ། །དེ་ཉིད་གུང་མོ་རྣམས་ནང་དུ་བཅུག་པ་ནི་ཨརྒྷའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ་ཚིགས་བར་མ་བཅག་ནས་སོར་མོ་ཐམས་ཅད་བརྐྱང་བ་འདི་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ། །དེ་ ཉིད་མཐེ་བོ་དང་མཐེ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་ཀྱི་སྙིམ་པ་འོད་ཟེར་གྱི་རྣམ་པ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་སྤྱི་བོའི་གནས་སུ་བསྐོར་བ་ནི་གདུགས་དཀར་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་ བཅིངས་ལ་བསྐོར་བ་འདི་ནི་འཁོར་ལོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱ་སྟེ། ལྷག་མ་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་ ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཡས་པ་མཆོག་སྦྱིན་དང་གཡོན་པ་མི་འཇིགས་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཡིན་ནོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་ གཡས་པ་བཀུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་ཉིད་ལས་མདའ་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ། །དེ་ཉིད་ཀྱི་ཕྱག་རྒྱ་དང་མཐེ་བོང་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའིའོ། །དེ་ཉིད་ཀྱི་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའིའོ། །དེ་ཉིད་སོར་མོ་རྣམས་འོད་ཟེར་འདྲ་བ་ནི་གཟི་བརྗིད་ཀྱིའོ། ། དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱའོ། །དེ་ཉིད་མདུན་དུ་བཞག་པ་ནི་བཞད་པའིའོ། །དེ་ཉིད་པདྨ་འདྲ་བར་བྱས་པ་ནི་པདྨའོ། །དེ་ཉིད་གུང་མོ་དང་མཛུབ་མོ་བཀུག་པ་ནི་རལ་གྲིའོ། །དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའིའོ། །དེ་ཉིད་པདྨའི་འདབ་མ་འདྲ་བར་བྱས་པ་ ནི་ལྕེའིའོ། །དེ་ཉིད་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་སྣ་ཚོགས་ཀྱིའོ། །དེ་ཉིད་ཤིན་ཏུ་བསྐྱེད་པ་ནི་བསྲུང་བའིའོ། །དེ་ཉིད་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་དམ་དུ་བཀུག་པ་ནི་བསྡམས་པའིའོ། །དེ་ཉིད་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའོ། །དེ་ཉིད་རྩེ་མོ་ གཉིས་སྤྲད་པ་ནི་ཞགས་པའིའོ། །དེ་ཉིད་ཕན་ཚུན་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་བསྐྱོད་པ་ནི་དྲིལ་བུའིའོ། །དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚེ་ཐུང་བ་དང་། སྐལ་བ་ ཆུང་བ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། ཚེ་བསྲིང་བའི་སླད་དུ་བཤད་དུ་གསོལ། །བདག་ལ་གསང་བའི་བདག་པོ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་དག་ལ་གཟིགས་ ནས་ལེགས་སོ་ཞེས་བྱ་བས་མགུ་བར་བྱ་སྟེ། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་གང་ཁྱེད་ལ་འདི་ལྟ་བུའི་སྤོབས་པ་ཡང་དག་པར་སྐྱེས་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐམས་ཅད་ཚེ་དཔག་ ཏུ་མེད་པར་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། ཨོྃ་པུ་ཎྱེ་པུ་ཎྱེ། མ་ ཧཱ་པུ་ཎྱེ་ཨ་པ་ར་མི་ཏཱ་ཡུཿཔུ་ཎྱེཛྙཱ་ན་སྃ་བྷ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་བཤད་པ་ཙམ་གྱིས་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་བྱོལ་སོང་གི་འགྲོ་བ་རྣམས་སུ་སྐྱེས་པའི་སེམས་ ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཤིང་སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་བཤད་དོ། །ཨོྃ་ཨ་མི་ཏེ་ཨ་མི་ཏཱ། ཨ་མི་ཏོདྡྷ་ བེ། ཨ་མི་ཏ་སྃ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏེ་བི་ཀྲྭནྟ་གཱ་མི་ནི་སརྦ་ཀརྨ་ཀླེ་ཤ་ཀྵ་ཡྃ་ཀ་རི་སྭཱ་ཧཱ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞིའོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་ཐམས་ ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་ཀྃ་ཀ་ནི་ཀྃ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་ པྲ་ཏི་ཧ་ན་སརྦ་ཀརྨ་པ་རྃ་པ་རཱ་ཎི་མེ་སརྦ་བཏྲྭཱ་ནཱཉྩ་སྭཱ་ཧཱ། འདི་བཤད་པ་ཙམ་གྱིས་ཐམས་ཅད་དེ་ཁོ་ན་བཞིན་ད་འགྱུར་རོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་སྙོམས་པར་ཞུགས་ནས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་མ་ལུས་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སཾ་བྷ་བེ། རཏྣ་ཀི་རཏྣེ། རཏྣ་མཱ་ལཱ་བི་ཤུདྡྷེ། ཤོདྷ་ཡ། སརྦ་པཱ་པཾ་ཧཱུྃ་ཏྲཊ། དེ་ནས་འདི་བཤད་མ་ ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམ་ཞིང་རྣམ་པར་བཅོམ་པར་གྱུར་ཏོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་མི་ཆོམས་པར་སྒྲིབ་པ་ཐམས་ཅད་རྣམ་པར་འཇོསམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཨོྃ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦཱ་བ་ར་ཎ་བི་ཤོ་དྷ་ནི་ཧ་ར་ཧ་ར་ཧཱུྃ་ཕཊ། འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གཡོས་རབ་ཏུ་གཡོས་ཡང་དག་པར་རབ་ཏུ་གཡོས། བསྐྱོད་རབ་ཏུ་བསྐྱོད་ཡང་དག་པར་རབ་ཏུ་བསྐྱོད། བསྒུལ་རབ་ཏུ་བསྒུལ་ཡང་དག་པར་རབ་ཏུ་བསྒུལ་ཞིང་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་དུ་མ་འཇིག་རྟེན་དུ་སྣང་བར་འགྱུར་རོ། །དེ་ནས་དེ་དག་གི་དཀྱིལ་འཁོར་ནི་འདི་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །ལོགས་བཞི་དང་ཡང་ཡང་དག་ལྡན། །རྟ་བབས་བཞི་དང་ཀུན་དུ་ལྡན། །ཁ་ ཁྱེར་དང་ནི་སྒོ་ཁྱུད་བཅས། །དེ་ཡི་དབུས་སུ་འཁོར་ལོ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །རྩིབས་བཞི་དང་ནི་ཡང་དག་ལྡན། །ལྟེ་བའི་དཀྱིལ་འཁོར་མཆོག་ཡིན་ནོ། །དེ་ཡི་དབུས་སུ་མགོན་པོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་པོ། །ཕྱག་ན་རྡོ་རྗེ་དྲིལ་བུ་ཅན། །ཟླ་བ་རྒྱས་ཞལ་ འཛུམ་པ་བྲི། །ཤར་གྱི་རྩིབས་ཀྱི་དབུས་ཀྱི་ཆར། །གཙོ་བོ་མི་བསྐྱོད་པ་ཉིད་བྲི། །ལྷོར་ནི་རིན་ཆེན་བྲི་བྱ་ཞིང་། །ནུབ་ཏུ་ཆུ་སྐྱེས་པདྨ་སྟེ། །བྱང་དུ་གདོན་མི་ཟ་ཞེས་གྲགས། །དཔའ་བོ་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འཁོར་ལོས་སྒྱུར་བའི་ཆ་ལུགས་ མཛད། །ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་རྣམས། །ཕྱག་ནི་མཆོག་སྦྱིན་མི་འཇིགས་པ། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་བྲི། །གྲྭ་ཡི་ཆ་རྣམས་ཐམས་ཅད་དུ། །དེ་བཞིན་བདུག་པ་ལ་སོགས་བྲི། །སྒོ་སྐྱོང་རྣམས་ཀྱང་ཁྲོ་བོ་དང་། །མཆོག་ ཏུ་ཁྲོ་བར་གཞོལ་བ་བྲི། །དེ་ནས་རྣལ་འབྱོར་རང་ཉིད་ཞུགས། །སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། །ཛཿཧཱུྃ་བྃ་ཧོཿབྷ་ག་བཱན། བཛྲ་ཨེ་ཧྱེ་ཧི་ས་མ་ཡ་སྟྭྃ། དེ་ནས་མགོན་པོ་བྱོན་པ་ལ། །མདོར་ན་མཆོད་པ་བྱས་ནས་ནི། །འཆི་བདག་ཉིད་དང་སྦྲུལ་འཇིགས་པའི། །འཆི་ བདག་གཞོམ་ཕྱིར་གཞུག་པར་བྱ། །ཨོྃ་བཛྲ་ས་མ་ཡེ་ཧཱུྃ། རྡོ་རྗེ་ཏི་རིནྟི་རི་བཅིང་། །ལག་ན་རིན་ཆེན་ཐོགས་པ་གཞུག །ཡང་ན་མེ་ཏོག་ཕྲེང་ལྡན་པ། །དེ་དག་དཀྱིལ་འཁོར་ཉིད་དུ་དོར། །ཨོྃ་པྲ་ཏཱི་ཙྪ་བཛྲ་ཧཱུྃ། དེ་ནས་དམ་ཚིག་སྦྱིན་ཏེ། ཨོྃ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་ འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོྃ་བཛྲ་ཧཱ་སྱོ་ཏྒྷ་ཊཱ་ཡ་ཧཱུྃ། དེ་ནས་འདིས་དཀྱིལ་འཁོར་བསྟན་པར་བྱའོ། །ཨོྃ་བཛྲ་དྲྀ་ཤྱ་ཧོ། །དེ་ནས་དབང་བསྐུར་བ་སྦྱིན་ཏེ། ཨོྃ་བཛྲཱ་བྷི་ཥིཉྩ་ཧཱུྃ། ཨོྃ་བུདྡྷཱ་བྱི་ཥིཉྩ་ཨོྃ། ཨོྃ་རཏྣ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་བྷི་ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་བྷི་ཥིཉྩ་ ཨཿ། དེ་ནས་བུམ་པའི་དབང་བསྐུར་སྦྱིན་ཏེ། ཨོྃ་བཛྲ་ཀ་ལ་ཤཱ་བྷི་ཥིཉྩ་ཧཱུྃ། ཨོྃ་བུདྡྷ་ཀ་ལ་ཤ་བྷི་ཥིཉྩ་ཨོྃ། ཨོྃ་རཏྣ་ཀ་ལ་ཤཱ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་ཀ་ལ་ཤཱ་བྷི་ཥིཉྩཱ་ཧྲཱིཿ། ཨོྃ་ཀརྨ་ཀ་ལ་ཤཱ་བྷི་ཥིཉྩྀ་ཨཿ། དེ་ནས་ཕྲེང་བའི་དབང་བསྐུར་བར་བྱའོ། །ཨོྃ་རཏྣ་མཱ་ལཱ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ ཨོྃ་བཛྲ་པཊྚཱ་བ་ལྃ་བ་ནཱ་བྷི་ཥིཉྩ་ཏྲཱྃ། ཨོྃ་བཛྲ་མུ་དྲཱ་བྷི་ཥིཉྩ་ཧཱུྃ། ཨོྃ་བུདྡྷ་མུ་དྲཱ་བྷི་ཥིཉྩ་ཨོྃ། ཨོྃ་རཏྣ་མུ་དྲཱ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་མུ་དྲཱ་བྷི་ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་མུ་དྲཱ་བྷི་ཥིཉྩ་ཨཿ། ཨོྃ་བཛྲ་ནཱ་མཱ་བྷི་ཥིཉྩ་ཧཱུྃ། ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ། ཨོྃ་བཛྲ་ཀརྨཱ་བྷི་ཥིཉྩ་ཧཱུྃ་ཨཿ། ཨོྃ་བཛྲ་ཙཀྲཱ་བྷི་ཥིཉྩ་ཧཱུཾ་བྷྲུཾ། ཨོྃ་བཛྲ་ཙཀྲཱ་དྷི་ པ་དྷི་སྟྭ་མ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཨོྃ་ཨོྃ་ཨོྃ། ཏྲཱྃ་ཏྲཱྃ་ཏྲཱྃ། ཧྲཱིཿཧྲཱིཿཧྲཱིཿ། ཨཿ། ཨཿ། ཨཿ། ཨོྃ་བཛྲ་དྷཱ་ར་ཎྱ་བྷི་ཥཉྩི་ཧཱུྃ། ཨོྃ་ཏ་ཐཱ་ག་ཏ་དྷཱ་ར་ཎྱ་བྷི་ཥིཉྩ་ཨོྃ། ཨོྃ་རཏྣ་དྷ་ར་ཎྱ་བྷི་ཥིཉྩ་ཏྲཱྃ། ཨོྃ་པདྨ་དྷཱ་ར་ཎྱ་བྷི་ཥིཉྩ་ཧྲཱིཿ། ཨོྃ་ཀརྨ་དྷཱ་ར་ཎྱ་བྷི་ཥིཉྩ་ཨཿ། ཨོྃ་སརྦ་ཏ་ཐཱ་ག་ཏ་གུ་ཧྱཱ་བྷི་ཥིཉྩ་ཨོྃ། ཨོྃ་བཛྲ་གུ་ ཧྱཱ་བྷི་ཥིཉྩ་ཧཱུཾ། ཨོྃ་རཏྣ་གུ་ཧྱཱ་བྷི་ཥིཉྩ་ཏྲཱཾ། ཨོྃ་པདྨ་གུ་ཧྱཱ་བྷིཥིཉྩ་ཧྲཱིཿ། ཨོྃ་ཀརྨ་གུ་ཧྱཱ་བྷི་ཥིཉྩ་ཨཿ། ཨོྃ་པྲ་ཛྙོ་པཱ་ཡ་ས་མ་ཡོ་གཱ་བྷི་ཥིཉྩ་ཧཱུྃ་ཨཿ། དེ་ལྟར་དབང་བསྐུར་ནས་ཚེ་འཕེལ་བའི་རིག་པ་འདི་སྦྱིན་ནོ།།ཨོྃ་བྷྲུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཿ། འདིའི་སྒྲུབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ རྡོ་རྗེ་ཚེ་དཔག་མེད་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་མི་འཇིགས་པ་དང་མཆོག་སྦྱིན་མཛད་པ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་པ་ཐལ་མོ་སྦྱར་བ་བརྐྱང་བ་ གདོང་གྱེན་དུ་བཅོམ་ལྡན་འདས་ལ་བལྟ་བ་བྲིས་ལ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱ་སྟེ་དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་སོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ལ་བ་དམར་སེར་གྱི་མར་སྣོད་སར་པར་བཅུག་ལ་གཡོན་པའི་རྡོ་རྗེས་མནན་ཏེ། བཅོམ་ལྡན་འདས་ལ་རབ་ཏུ་སེམས་ ཤིང་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་དྲི་མནམ་ཞིང་སྔོན་མ་བྱུང་བའི་དྲིའི་ངད་ཀྱང་ལྡང་ངོ་། །དྲོ་བ་དང་དུ་བ་དང་མེ་ཡང་འབྱུང་ངོ་། །འོད་ཟེར་གྱི་སྣང་བ་རབ་ཏུ་འཕྲོས་ཏེ་དེ་ལ་སོགས་པའི་མཚན་མ་བྱུང་ན་མར་དེའམ་མར་གསར་པའམ། ཏིལ་མར་རམ། ཆུའམ། འོ་མའམ། ཞོའམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པའམ། ཤའམ། གང་ཡང་རུང་བ་དང་ལྷན་ཅིག་ཏུ་རབ་ཏུ་བསྒྲུབས་ཏེ་ནང་པར་སྔར་སྲུང་བ་ལ་སོགས་པ་བྱས་ནས་བདག་ཉིད་སྦྱངས་ཏེ་འཐུངས་སམ་ཟོས་ན་མཚན་མ་ཇི་ལྟ་བ་བཞིན་དུ་བྱུང་ན་ནི་ནམ་ཟླ་བ་དང་ཉི་མ་ཇི་སྲིད་པའི་ཚེར་ འགྱུར་ཞིང་རྡོ་རྗེ་སེམས་དཔའི་ཚེར་ཡང་འགྱུར་རོ། །ཐ་མས་ནི་དངོས་གྲུབ་ཐ་མར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །མཚན་མ་མ་བྱུང་ན་ཡང་འཇིག་རྟེན་ན་ནད་མེད་པ་དང་ཡིད་གཞུངས་པ་དང་ལྡན་ཞིང་སྐྲ་དཀར་དང་གཉེར་མ་མེད་པ་དང་ལུས་བརྟན་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། ། གཞན་ཡང་བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པའི་ལས་རྣམས་བརྟག་མི་དགོས་པར་འགྲུབ་སྟེ་ཐེ་ཚོམ་མེད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་ སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་གནང་བར་ཞུ། རྡོ་རྗེ་འཛིན་པས་བཀའ་གནང་བར་ཞུ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ་ཤོད་ཅིག་དང་། ངས་རྗེས་སུ་ཡི་ རང་ཞིང་རང་གི་དམ་ཚིག་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ངལ་བསོ་པོས། བཅོམ་ལྡན་འདས་ཀྱིས་གནང་ཞིང་རྗེས་སུ་ཡི་རངས་ཏེ་བྱིན་གྱིས་བརླབས་པས་རང་གི་སྙིང་པོ་རང་གི་སྙིང་ག་ནས་ཕྱུང་ལ། ཨོྃ་བཻ། དེ་ནས་དྲི་ཟའི་རྒྱལ་པོ་ ཆེན་པོ་ཡུལ་འཁོར་སྲུང་གིས་དེ་ཁོ་ན་བཞིན་རང་གི་སྙིང་པོ་བཤད་པ། །ཨོྃ་ཌྷྲྀ། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་དེ་ཁོ་ན་བཞིན་དུ་རང་གི་སྙིང་པོ་བཤད་པ། ཨོྃ་བྷི། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་དེ་ཁོ་ན་བཞིན་དུ་རང་གི་སྙིང་པོ་བཤད་པ། ཨོྃ་ཀྵ། དེ་ནས་དེ་དག་གིས་དཀྱིལ་འཁོར་བཤད་དེ། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔས་ནི་བརྒྱན་པ་སྟེ། །དེ་ཡི་དབུས་སུ་མགོན་པོ་ནི། །ཕྱག་ན་རྡོ་རྗེ་འགྱིང་བཅས་བྲི། །དེ་ཡི་གཡོན་པའི་ལོགས་སུ་ནི། །ངལ་བསོ་རྣམ་ཐོས་བུ་དགེ་ཡི། །ལག་ན་ བེ་ཅོན་ནེའུ་ལེ། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །སྦོམ་ཞིང་སེང་གེའི་གདན་ལ་བཞུགས། །གསེར་མདོག་གཟི་བརྗིད་ལྡན་པ་བྲི། །མཁས་པས་བུམ་པ་བཟང་ལ་སོགས། །རིན་ཆེན་ཚོགས་ཆར་འབབ་པ་བྲི། །མདུན་དུ་ཡུལ་འཁོར་སྐྱོང་ཉིད་ནི། །པི་ཝང་སྒྲོགས་ པར་ཡང་དག་བརྩོན། །མཛེས་ཤིང་ཁ་དོག་ལྗང་གུ་ཉིད། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །གཡས་སུ་དཔའ་བོ་ལུས་འཕགས་པོ། །རལ་གྲི་ཕྱག་ན་བསྣམས་པ་བྲི། །ནུབ་ཏུ་ཡང་ནི་མིག་མི་བཟང་། །རྡོ་རྗེ་ཞགས་པ་འཛིན་ཅིང་མཆོག །སྦྲུལ་མགོ་བདུན་གྱིས་ ཡོངས་སུ་བསྐོར། །མིག་ནི་དམར་ཞིང་ཤིན་ཏུ་འབུར། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་སྔགས་པ་རང་ཉིད་འཇུག །འཁོར་ལོའི་ཕྱག་རྒྱ་ཞེས་གྲགས་པའི། །བཅོམ་ལྡན་འདས་ཉིད་སྤྱན་དྲང་ཞིང་། །དེ་ནས་རྒྱལ་པོ་སྤྱན་དྲང་ངོ་། ། སྤྱན་དྲངས་ནས་ནི་མཁས་པས་མཆོད། །མཆོད་ཡོན་ཞབས་བསིལ་ཆོ་ག་བཞིན། །དེ་ནས་སློབ་མ་རྒྱལ་རིགས་སམ། །རྗེ་རིགས་བྲམ་ཟེ་ལ་སོགས་ཀྱང་། །མེ་ཏོག་ཕྲེང་བས་རྣམ་བརྒྱན་པ། །སྔགས་ཤེས་པ་ཡི་སྔགས་འདི་དང་། །རྡོ་རྗེ་འཛིན་མའི་ཕྱག་རྒྱས་གཞུག ། ཨོྃ་བཛྲ་ས་མ་ཡེ་ཧཱུྃ། དེ་ནས་མེ་ཏོག་གམ་རིན་པོ་ཆེ་འདིས་ཀྱང་དོར་བར་བྱའོ། །ཨོྃ་བཛྲ་པྲ་ཏཱིཙྪ་དྷཱྃ་མ་ཧོ་ཏྟ་མ། གང་ལ་ལྷུང་བའི་རྒྱལ་པོ་དེ། །འདི་ཡིས་འགྲུབ་འགྱུར་གཞན་དུ་མིན། །དེ་ནས་གྲྭ་ན་གནས་པ་ཡི། །བུམ་པ་བཞིས་ཀྱང་དབང་བསྐུར་ཏེ། ། ལྔ་པ་ཕྱག་ན་རྡོ་རྗེའིའོ། །ཕྱག་རྒྱ་ཉིད་ཀྱིས་དབང་བསྐུར་བྱ། །དེ་ལ་སོགས་པའི་གོ་རིམས་བཞིན། །དཀྱིལ་འཁོར་བྲིས་ནས་དབང་བསྐུར་བས། །རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་ན་ཆེན་པོར་འགྱུར། །འཛམ་བུ་གླིང་དབང་དཔལ་དང་ལྡན། །གླིང་བཞི་ པོ་ཡི་བདག་པོ་མཆོག །ལན་བཞིར་དབང་ནི་བསྐུར་བ་དང་། །ལན་བཞིར་རབ་ཏུ་ཞུགས་ན་ནི། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག །རང་གི་བུ་བཞིན་བསྲུང་བར་བྱ། །བདག་ཅག་རྒྱལ་ཆེན་བཞི་པོས་ཀྱང་། །འབངས་དང་འཁོར་དུ་བཅས་པ་དང་། །ཡུལ་འཁོར་ཕོ་བྲང་ བཅས་པ་ཡི། །རྒྱལ་པོས་རྟག་ཏུ་བསྐྱང་བགྱི་སྟེ། །དེ་ཡི་མ་རུངས་པ་རྣམས་དང་། །དེ་ཡི་ཕ་རོལ་སྡེ་དང་ནང་། །འཆི་བདག་འཇིགས་པ་མུ་གེ་དང་། །ཡམས་དང་ཉེར་འཚེ་གཞོམ་པར་བགྱི། །ངལ་བསོ་པོས་ནི་རྒྱས་པར་བགྱིད། །ཡུལ་འཁོར་སྲུང་གིས་ཞི་བ་ཉིད། ། ཕྱུགས་དང་གཉེན་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བདེ་བར་བྱེད། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་ཡི་ནི། །རེ་བ་ཀུན་དང་བསམ་པ་ཀུན། །བགྱི་སྟེ་གལ་ཏེ་མ་ངེས་ན། །ཕྱག་ན་རྡོ་རྗེ་ བསླུས་པ་ཡིན། །དེ་ནས་ཕྱོགས་སྐྱོང་བཅུས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་རབ་ཏུ་དབུལ་ལོ། །འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ་ལེགས་ སོ། །དེ་ལེགས་པར་སྨྲོས་ཤིག །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པས་རང་རང་གི་སྙིང་པོ་རྣམས་ཕུལ་བ། ཨོྃ་ཨཱི། ཨོྃ་ཨིཾ། ཨོྃ་ཨ། ཨོྃ་ཡ། ཨོྃ་རྀ། ཨོྃ་བཾ། ཨོྃ་ཡཾ། ཨོྃ་ཀུ། ཨོྃ་ཨཾ། ཨོྃ་བཱ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །མགོན་པོ་དབུས་སུ་དེ་བཞིན་གཞག །ཕྱོགས་སྐྱོང་རང་གི་ཕྱོགས་ཀྱི་ཆར། །གཞག་བྱ་སྤྱན་སྔར་རྣམ་པ་གཉིས། །ཉི་མ་དང་ནི་ཕག་གི་གཟུགས། །སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་དེ་ཀུན་སྤྱན་དྲངས་ལ། །མཆོད་པ་ ཀུན་གྱིས་མཆོད་པར་བྱ། །དེ་ནས་རང་ཉིད་ཞུགས་ནས་ཀྱང་། །སློབ་མ་རྣམས་ནི་གཞུག་བྱ་ཞིང་། །ཕྱོགས་སྐྱོང་ལ་སོགས་སྔགས་བཟླས་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ཕན་པར་འདོད་པ་ཡིས། །སྒྲུབ་ཕྱིར་སྙིང་པོ་སྦྱིན་པར་བྱ། །ཕྱོགས་སྐྱོང་རང་གི་ ཕྱོགས་གནས་རྣམས། །བརྟག་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་དེ་དག་མགུ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སུ་ཞིག་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བས་དཀྱིལ་འཁོར་འདིར་ཞུགས་ཏེ་དབང་བསྐུར་བ་འཛིན་པ་དང་། གཞན་ཡང་རིགས་ཀྱི་ བུའམ་རིགས་ཀྱི་བུ་མོ་དད་པ་དེ་དག་བཅོམ་ལྡན་འདས་བདག་ཅག་གིས་ཀུན་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །ཕ་རོལ་གྱི་སྡེ་རྣམས་གཞོམ་པར་བགྱིའོ། །དུས་དང་དུས་སུ་ཆར་དབབ་པར་བགྱིའོ། །འབྲུ་དང་། མེ་ཏོག་དང་། འབྲས་བུ་རྣམས་བསྐྱེད་པར་བགྱིའོ། །དེ་ ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཆེན་པོ་དེའི་ཚེ་བསྲིང་བར་བགྱིའོ། །དུས་མ་ཡིན་པའི་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །སྲིན་པོ་རྣམས་ཀྱི་བདག་པོ་ཆེན་པོ་བདེན་ བྲལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཆེན་པོ་དེ་དང་། རྒྱལ་པོ་ཆེན་པོའི་བུ་དང་། བྲམ་ཟེའམ། རྗེ་རིགས་སམ། མི་གཞན་གང་ཡང་རུང་བ་དག་ལ་ནད་མེད་པ་དང་། ཡི་དགས་དང་། འདྲེས་འཇིགས་པ་མེད་པ་དང་། སྲིན་པོ་ལ་སོགས་པའི་ འཇིགས་པ་མེད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་མེད་པར་བགྱིའོ། །དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཆུ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དུས་ཐམས་ཅད་དུ་རྒྱལ་པོ་ དེ་དང་། ཡུལ་ཐམས་ཅད་ཀུན་ནས་སོ་སོར་བསྲུང་བར་བགྱིའོ། །ཀུན་དུ་བསྲུང་བར་བགྱིའོ། །འབྲུ་རྣམས་ཀྱང་བསྐྱེད་པར་བགྱིའོ། །ཀླུའི་ཉེས་པ་རྣམས་པ་མི་འབྱུང་བར་བགྱིའོ། །དུག་དང་ཐོག་ཀྱང་མི་འབྱུང་བར་བགྱིའོ། །མེ་ཏོག་དང་འབྲས་བུ་ ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ། །འཇིགས་པ་ཐམས་ཅད་ཀྱང་སོ་སོར་དགག་པར་བགྱིའོ། །དེ་ནས་རླུང་གི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་མི་འབྱུང་བར་ བགྱི། དུས་མ་ལགས་པའི་རླུང་མི་འབྱུང་བར་བགྱི། འབྲུ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་ཀྱང་ཡོངས་སུ་བསྐྱེད་པར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ལུས་ངན་པོས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་ཅུ་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར་པར་བགྱིའོ། །རང་ གི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། ཡུལ་དང་། གནས་དང་། བྲན་དང་། སྣག་གི་གཉེན་དང་། གྲོགས་དང་། བུ་དང་། བུ་མོ་དང་། ཆུང་མ་ལ་སོགས་པ་ཡང་བསྲུང་བར་བགྱིའོ། །གླང་དང་། བ་དང་། བོང་བུ་དང་། རྔ་མོ་དང་། ལུག་དང་། མ་ཧེ་དང་། གླང་པོ་ ཆེ་དང་། རྟ་དང་། ར་ལ་སོགས་པ་ཡང་བསྲུང་བར་བགྱིའོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་ལྡན་གྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་དེ་དང་། རྒྱལ་པོའི་བུ་དང་། རྒྱལ་རིགས་ དང་། བྲམ་ཟེ་རྣམས་འདི་དང་ཕ་རོལ་དུ་ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བཀྲ་ཤིས་པ་དང་། ཆད་པ་ཡོངས་སུ་སྤང་བ་དང་། དུག་གཞིལ་བ་དང་། དུག་གཞོམ་པ་དང་། མཚམས་བཅིང་བ་དང་། ས་གཞི་ བཅིང་བ་དང་། ཕྱོགས་བཅིང་བ་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་ཕུར་བུས་གདབ་པ་དང་། རྡོ་རྗེའི་གུར་ཡང་བགྱིའོ། །དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱིའོ། །བྱ་བ་དང་བྱ་བ་མ་ཡིན་པ་རྣམས་ཀྱི་མཚན་མ་ཉེ་བར་བསྟན་པར་བགྱིའོ། །དགེ་བ་དང་ མི་དགེ་བ་མ་ཡིན་པ་ཐམས་ཅད་རྨི་ལམ་དུ་ཡང་བསྒོ་བར་བགྱིའོ། །བསྒྲུབ་པ་ཐམས་ཅད་ལ་བགེགས་མ་མཆིས་པར་དངོས་གྲུབ་ཐམས་ཅད་ཀྱང་སྩལ་བར་བགྱིའོ། །དེ་ནས་ཡང་ནམ་མཁའ་ལ་སྤྱོད་ཅིང་ནམ་མཁའ་ལ་འགྲོ་བའི་བདག་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དུས་ཐམས་ཅད་དུ་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེའམ། རྒྱལ་རིགས་ལམ་ལ་གནས་པ་ཐམས་ཅད་ལ་བདག་ཉིད་འཁོར་ཐམས་ཅད་དང་བཅས་པ་མཆིས་ཏེ། བསྲུང་ བ་དང་། བསྐྱབ་པ་དང་། སྦ་བ་ཀུན་ནས་བསྒྲུབ་པར་བགྱིའོ། །བགེགས་ཀྱི་གནས་ཐམས་ཅད་སོ་སོར་བཟློག་པར་བགྱིའོ། །ནད་ཐམས་ཅད་བསལ་བར་བགྱིའོ། །དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་བར་བགྱིའོ། །དེ་ནས་སའི་འོག་གི་བདག་པོ་ཕག་ཆེན་པོས་ ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་མིའི་བདག་པོ་དང་། རྗེ་རིགས་དང་། བྲམ་ཟེ་དང་། དམངས་རིགས་སམ། །གཞན་ཡང་རིགས་ཀྱི་བུ་དང་། །རིགས་ཀྱི་བུ་མོ་དང་པ་རྣམས་ཀྱི་དུས་ཐམས་ཅད་དུ་དོན་བསྒྲུབ་པར་བགྱིའོ། ། འཇིགས་པ་ཐམས་ཅད་ལས་ཀྱང་བསྲུང་བར་བགྱིའོ། །གཞན་ཡང་ཡོངས་སུ་བསྐྱབ་པར་བགྱིའོ། །དེ་ནས་གཟའ་ཆེན་པོ་བརྒྱད་འཁོར་རྒྱུ་སྐར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་སྙིང་ པོ་རྣམས་འབུལ་བར་འཚལ་ན་དེ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ལེགས་སོ་ལེགས་སོ། །ངས་བྱིན་གྱིས་བརླབས་ཀྱིས་གཟའ་ཆེན་པོ་རྣམས་ཤོད་ཅིག །དེ་ནས་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྨྲས་པ། ཨོྃ་ཨཱ། ཨོྃ་སོ། ཨོྃ་ཨཾ། ཨོྃ་བུ། ཨོྃ་བྲྀ། ཨོྃ་ཤུ། ཨོྃ་ས། ཨོྃ་རཱ། དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ། དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲིའོ། །མཐའ་རྣམས་སུ་ནི་རྒྱ་མཚོ་ ཆེན་པོ་བཞི་བྲིའོ། །དེ་ཡི་མདུན་དུ་པ་བ་སངས། །ཟླ་བ་རྒྱབ་ཏུ་བྲི་བར་བྱ། །གཡས་སུ་ཕུར་བུ་བྲི་བྱ་ཞིང་། །གཡོན་དུ་ལྷག་པ་བྲི་བར་བྱ། །མེ་ཡི་གནས་སུ་མིག་དམར་ཉིད། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །དབང་ལྡན་དུ་ནི་སྤེན་པ་ཉིད། །སྲིན་པོའི་ཕྱོགས་སུ་སྒྲ་གཅན་བྲི། ། དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །རྒྱུ་སྐར་ཐམས་ཅད་བྲི་བར་བྱ། །སྒོ་སྒོར་དེ་བཞིན་སྒོ་བ་རྣམས། །ཁྲོས་པའི་ཡིད་དུ་བྲི་བར་བྱ། །རྡོ་རྗེ་འཛིན་པས་འཇུག་བྱ་སྟེ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །ཐམས་ཅད་ཀྱང་ནི་སྤྱན་དྲང་ངོ་། །དེ་ནས་སློབ་མ་རྣམས་གཞུག་སྟེ། ། ཨོྃ་བཛྲ་ཧ་ན་ཧཱུྃ་ཕཊ། ཨོྃ་བཛྲ་གྲ་ཧེ་ས་མ་ཡེ་ཧཱུྃ། ཨོྃ་བཛྲ་གྲ་ཧ་པྲ་ཏཱིཙྪ་ཧཱུྃ། དེ་ནས་གཟའ་བརྒྱད་སྔགས་ནི་སྔགས་པ་ཡིས། བུམ་པ་བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་རྡོ་རྗེ་ཕྱག་རྒྱས་དབང་བསྐུར་ཏེ། དེ་ནས་གཟའ་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་ གཟའ་ཆེན་པོ་དག་གིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཟའ་ཆེན་པོ་བརྒྱད་ཀྱིས་རྒྱལ་པོ་ཆེན་པོ་དེ་དང་། རྒྱལ་པོའི་བུ་ལ་ཀུན་དུ་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཐམས་ཅད་བགྱིའོ། །དེ་ནས་ རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་སོ། །ཚེས་དང་། སྦྱོར་བ་དང་། ཁྱིམ་དང་། དུས་སྦྱོར་དང་། འཇུག་ཕོད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོའི་བཀའ་མི་བཅག་ཅིང་དཔོན་པོ་བཞིན་དུ་བསྐྱང་བར་བགྱིའོ། །གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་གནས་ཐམས་ཅད་སོ་སོར་བསྐྱབ་པར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ ཚེ་ན་ཡང་དེས་བདག་ཅག་མཆོད་ན་གདོན་མི་འཚལ་བར་འཇིགས་པ་དེ་མི་འབྱུང་ངོ་། །དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་ཅེས་བྱ་བའི་སྒྲས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་གསང་བའི་སྙིང་པོ་རྣམས་ འབུལ་ལོ། །ཀླུ་ཆེན་པོ་རྣམས་ལེགས་སོ་ལེགས་སོ། །གསང་བའི་སྙིང་པོ་རྣམས་ཕུལ་ཅིག །དེ་ནས་དེ་དག་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨོྃ་ཕུཿ། ཨོྃ་ཕུཿ། ཨོྃ་ཕྃ། ཨོྃ་ཕུཿ། ཨོྃ་ཕཱི། ཨོྃ་ཕཻ། ཨོྃ་ཕོ། ཨོྃ་ཕཽ། ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། པདྨ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དཀར་པོ་ལེགས་པར་བྲི། །དཀྱིལ་འཁོར་དེ་ཡི་དབུས་བཞུགས་པ། །ཕྱག་ན་རྡོ་རྗེ་རབ་ཏུ་ནག །སྦྲུལ་མགོ་མཐའ་ཡས་གདེངས་ཀ་བདུན། །ལྟོས་འགྲོ་ཆེན་པོ་སྡིགས་པ་བྲི། །མཐའ་ཡས་ འཇོག་པ་དེ་བཞིན་དུ། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་བདག་དེ་བཞིན་དུ། །མདོར་ན་འདབ་མ་རེ་རེ་ལ། །དེ་དག་སྦྲུལ་མགོ་འབར་བ་བྲི། །སྦྲུལ་མགོ་བདུན་བདུན་ཆུང་མ་ཡི། །མགུལ་ནས་འཁྱུད་དང་བཅས་པ་བྲི། །བུམ་པ་བརྒྱད་ རྣམས་གཞག་བྱ་སྟེ། །གཏོར་མ་ལྷ་བཤོས་མཛེས་པ་དང་། །མར་དང་འོ་མ་སྦྲང་རྩིར་བཅས། །བཅོས་པའི་དབྱེ་བ་རྣམས་ཀྱང་ངོ་། །རྡོ་རྗེའི་བདག་ཉིད་བཞུགས་པ་ནི། །སྦྲུལ་མགོས་སྦྲུལ་མགོ་ཅན་རྣམས་དགུག །ཕུད་ཅེས་བྱ་བ་ལྷན་ཅིག་སྟེ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་དོ། ། དེ་ནས་རྒྱལ་པོའམ་རྒྱལ་རིགས་ནི། །དེ་དག་ཐམས་ཅད་བཅུག་ནས་སུ། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུད་ཅེས་བྱ་བས་དབང་བསྐུར་རོ། །དེ་ནས་མིང་ཙམ་བཟུང་བས་ཀྱང་། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །དེ་ནས་དེ་དག་ཀུན་མགུ་ནས། །བཅོམ་ལྡན་འདས་ ལ་ཕྱག་འཚལ་ཏེ། །སྤྱན་སྔར་ཐལ་མོ་སྦྱར་འཁོད་ནས། །སྨོན་ལམ་རབ་ཏུ་འདེབས་པར་འགྱུར། །བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་གང་དག་དཀྱིལ་འཁོར་འདིར་ཞུགས་པ་དེ་དག་བསླུས་པར་གྱུར་ན་དེའི་ཚེ་བཅོམ་ལྡན་འདས་འདི་ཉིད་ ལ་བསླུས་པར་གྱུར་ཅིག །དེའི་ཚེ་བདག་བྱེ་ཚན་གྱིས་སྲེགས་པར་གྱུར་ཅིག །རྡོ་རྗེ་ཀུན་དུ་འབར་བས་བདག་ཅག་གི་མགོ་འགེམས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །གཟི་ བྱིན་ཆེན་པོ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་པར་བགྱིའོ། །དེའི་དུག་རྣམས་དུག་མ་མཆིས་པར་བགྱིའོ། །དུས་དང་དུས་སུ་ཆར་དབབ་པར་བགྱིའོ། །མེ་ཏོག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །ཕ་རོལ་གྱི་གཡུལ་ཐམས་ཅད་ལ་དུས་དང་དུས་མ་ཡིན་ པའི་ཆར་དབབ་པར་བགྱིའོ། །འཇིག་རྟེན་པ་ཐམས་ཅད་བསྐྱེད་པར་བགྱིའོ། །རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ། །དེ་ནས་སྒྲུབ་པ་བཤད་དེ། ལྷ་རྫས་འོད་འཕྲོ་དཀར་པོ་ཅན། །ཀླུ་རྣམས་འདུད་པས་གནས་པ་ཡི། །རྡོ་རྗེ་འཛིན་ གཙོ་བསམས་ནས་ནི། །ཕུད་ཅེས་བྱ་བ་འབུམ་དུ་བཟླས། །དེ་ནས་དུག་གིས་ཟིན་པ་ལ། །ཕུད་ཅེས་བྱ་བའི་དཀྱིལ་འཁོར་ནི། །ལྷ་རྫས་འོད་ཟེར་ཕྲེང་བ་འཁྲིགས། །བསམས་ནས་དེ་ལ་ཕུད་ཡིག་བསམ། །ལག་པ་སྦྲུལ་མགོ་ཞགས་འདྲ་དང་། །ཕུད་ཀྱི་རླུང་གིས་ པགས་པ་ཤ། །རུས་གནས་ཕུད་ཀྱི་རྣམ་པའི་དུག །མཐའ་དག་དྲངས་ཏེ་གསོ་བར་བྱ། །དེ་ནས་ལས་རྣམས་ཀུན་བྱེད་ཅིང་། །དུག་རིམས་དུག་སྦྱར་ལ་སོགས་པ། །ཁུ་ཚུར་གྱིས་ཀྱང་ཀུན་སེལ་ན། །སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་དགོས། །དེ་ནས་ལྟོ་འཕྱེ་ཆེན་པོའི་ བདག་པོ་འཇིགས་བྱེད་ཆེན་པོའི་མ་མོ་ཆེན་མོ་བརྒྱད་ཀྱིས་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འཇིགས་པ་དང་མ་མོ་རྣམས་ཀྱིས་འཇིགས་པས་ལྷ་དང་ཀླུ་ལ་སོགས་པ་ཀུན་དུ་སྐྲག་རྣམ་པར་སྐྲག་སྟེ་ཁ་བུབ་ཏུ་ འགྱེལ་ནས་གོས་དང་བྲལ་ཏེ་སེམས་སྟོར་ནས་ཀུན་དུ་འཕྱན་པ་དག་ལ་ཕན་གདགས་པའི་སླད་དུ་བདག་ཅག་གི་སྙིང་པོ་འབུལ་བར་འཚལ་གྱིས་བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིགས་བྱེད་ཆེན་པོ་ལེགས་སོ་ལེགས་སོ། །རབ་ཏུ་འཇིགས་པར་བྱེད་ པས་རང་ཉིད་དང་ལྷའི་བུ་མོ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཤོད་ཅིག །དེ་ནས་འཇིགས་བྱེད་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །ཨོྃ་བྷཻ་ར་བ་བྷཻ་ར་སྭཱ་ཧཱ། ཨོྃ་བྷ་སྭཱ་ཧཱ། ཨོྃ་བྷི་སྭཱ་ཧཱ། ཨོྃ་བྷུ་སྭཱ་ཧཱ། ཨོྃ་བྷེ་སྭཱ་ཧཱ། ཨོྃ་བྷཻ་སྭཱ་ཧཱ། ཨོྃ་བྷཽ་སྭཱ་ཧཱ། །ཨོྃ་ བྷཱྃ་སྭཱ་ཧཱ། ཨོྃ་བྷཿསྭཱ་ཧཱ། །བཅོམ་ལྡན་འཇིགས་བྱེད་ཆེན་པོ་ནི། །བརྒྱད་པོ་དེ་དག་གདམས་ངག་ཉན། །དེ་ནས་དེ་དག་དཀྱིལ་འཁོར་བཤད། །འཁོར་ལོ་ཆེན་པོ་རྩིབས་བརྒྱད་བྲི། །དབུས་སུ་ཕྱག་ན་རྡོ་རྗེ་ནི། །ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ། །རྣམ་པར་རྒྱལ་བ་ ཞེས་བྱ་གཞག །དེ་ཡི་ཞབས་འོག་མ་རུངས་པ། །འཇིགས་བྱེད་རྣམས་ཀྱི་བདག་པོ་ཆེ། །འཇིགས་བྱེད་མ་དང་བཅས་པ་བྲི། །རྩིབས་ཀྱི་ནང་རྣམས་ཐམས་ཅད་དུ། །གཞན་ཡང་འཇིགས་བྱེད་བརྒྱད་པོ་ནི། །མ་མོ་རྣམས་དང་ལྡན་པ་ནི། །ཁྲོས་པའི་བཞིན་དང་ཡིད་ཁྲོས་པར། ། ཅི་བདེ་བར་ནི་བྲི་བར་བྱ། །འདིར་ནི་སྒོ་སྒོར་དེ་བཞིན་དུ། །སྒོ་བ་ཤིན་ཏུ་ཁྲོས་ལྡན་བྲི། །དེ་ནས་ལྕགས་ཀྱུ་ལ་སོགས་པས། །བཀུག་སྟེ་མགོ་བོའི་ཐོད་པ་ནི། །ཁྲག་གིས་གང་བས་མཆོད་ནས་སུ། །ཤ་ཆང་གཏོར་མ་བཟང་པོ་དང་། །སྣོད་རྣམས་ཁྲག་གིས་བཀང་བ་དང་། ། མགོ་ཐོད་མགོ་ཡི་དུམ་བུ་དང་། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །དཀྱིལ་འཁོར་འདིར་ནི་གཞག་པར་བྱ། །དེ་ནས་འཇིག་རྟེན་གསུམ་རྣམ་རྒྱལ། །མཆོག་གིས་སློབ་མ་རྣམ་གཞུག་བྱ། །ཐོད་པ་དང་ནི་བུམ་པ་ཡང་། །བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ ལས་རྣམས་སྦྱིན་པར་བྱ། །མ་མོའི་ཁྱིམ་མམ་མཚན་གཅིག་པར། །འཇིག་རྟེན་གསུམ་ནི་འདུལ་བའི་མཆོག །ཚུལ་བཞིན་དུ་ནི་མཆོད་བྱས་ནས། །འབུམ་ཕྲག་བཞིར་ནི་བཟླས་པར་བྱ། །དེ་ནས་འཇིགས་པར་བྱེད་པའི་སྒྲས། །བདག་ཉིད་ཆེན་པོས་ཐོས་གྱུར་ཏེ། །མི་ འཇིགས་པ་ནི་ཐོད་པ་རུ། །ཁྲག་མཆོག་བཀང་བའི་ཨརྒྷ་དབུལ། །དེ་ནས་ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་མ་མོ་ནི། །ཚོགས་ཀྱིས་བསྐོར་ཅིང་འཇིགས་བྱེད་ནི། །བརྒྱད་ཀྱིས་བསྐོར་བ་མཐོང་བར་འགྱུར། །དེ་མཐོང་འཇིགས་པ་མེད་བྱས་ལ། །ཧཱུྃ་ཞེས་བྱ་བ་ དྲན་བྱེད་ཅིང་། །ཤའམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དབུལ་བར་བྱ། །དེ་ནས་འཇིགས་བྱེད་མ་རུངས་འཇོམས། །མགུ་ཞིང་རབ་ཏུ་འགྲུབ་གྱུར་ནས། །ཅི་འདོད་སྨྲོས་ཤིག་ཅེས་བྱ་བ། །མགུ་བའི་ཡིད་ཀྱིས་དེ་སྦྱིན་བྱེད། །ས་རྣམས་ སྦྱིན་པ་མ་གཏོགས་པར། །རོ་དང་བཅུད་ལེན་རྫས་དང་ནི། །རལ་གྲི་འཁོར་ལོ་རྩེ་གསུམ་དང་། །མཐོ་རིས་ས་སྟེངས་ས་འོག་དང་། །གླིང་དང་གླིང་བཞིའི་རྒྱལ་སྲིད་དང་། །བརྒྱ་བྱིན་ཉིད་དང་གནོད་སྦྱིན་དབང་། །སྲིན་པོ་ཉིད་དང་རིག་འཛིན་ཉིད། །རིག་འཛིན་འཁོར་ལོས་ སྒྱུར་བ་ཉིད། །འཇིག་རྟེན་གསུམ་གྱི་བདག་པོ་ཉིད། །བཀའ་ཉན་ཉིད་ཀྱང་རང་ཉིད་དམ། །མ་མོའི་ཚོགས་རྣམས་སྟེར་བར་འགྱུར། །དངོས་གྲུབ་གང་ཡང་རུང་བ་ནི། །ཇི་ལྟར་འདོད་པ་བླང་བར་བྱ། །ཧཱུྃ་གི་རྣམ་པར་མངོན་ཕྱོགས་ཤིང་། །བྱིན་ནས་དགོད་ཅིང་འགྲོ་བར་ བྱེད། །སྐྲག་ན་དེ་མ་ཐག་ཏུ་གསོད། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་གནང་ན་རང་གི་རྟོགས་པ་བཤད་པར་འཚལ་གྱིས། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་བྱིན་གྱིས་བརླབ་པར་གསོལ། དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་རང་རང་གི་སྙིང་པོ་རྣམས་བཤད་དོ། །ཨོྃ་ཨཱྃ། ཨོྃ་བི། ཨོྃ་རུ། ཨོྃ་ཨི། ཨོྃ་ཀྃ། ཨོྃ་ག །ཨོྃ་བྲྀ། ཨོྃ་ཀ །དེ་ནས་དེ་དག་གི་ དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་འཇིག་རྟེན་གསུམ་འདུལ་བ། །དེ་ཡི་མདུན་དུ་དཔའ་བོ་ནི། །དབང་ཕྱུག་ལག་ན་རྩེ་གསུམ་བྲི། །རྒྱབ་ཏུ་ཚངས་པའི་རྣམ་པར་བྲི། །གཡོན་དུ་ལག་ན་འཁོར་ལོ་ཅན། །གཡས་ན་དབང་པོ་རང་ཉིད་ཀྱི། ། ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི། །སྒོ་སྐྱོང་རང་བཞིན་འདིར་དེ་རྣམས། །ཆུང་མ་རང་གི་དཀྱིལ་འཁོར་དུ། །བུམ་པ་བུམ་པ་བཀང་བ་ཡང་། །ཕྱི་རོལ་དཀྱིལ་འཁོར་དུ་ནི་གཞག །སྟོབས་བཟང་ལ་སོགས་མཐུ་ཆེན་ཡང་། །དེ་ནས་འཇུག་བྱ་ལྷ་རྣམས་ཡིན། །མཁས་ པས་ཀུན་ནས་སྤྱན་དྲང་ཞིང་། །ཛཿཧཱུྃ་བྃ་ཧོས་ལྷ་ཐམས་ཅད། །ཕོ་བྲང་དམ་པར་འཇུག་པར་མཛོད། །དེ་ནས་དེ་རྣམས་གཤེགས་བལྟས་ནས། །དགའ་བ་ཆེན་པོ་མཆོད་པར་བྱ། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །ཕྱག་རྒྱ་སློབ་མ་རྣམས་གཞུག་སྟེ། ཨོྃ་པྲ་ཏཱིཙྪ་དྷཱྃ་མ་ཧཱ་ས་ཏྭྃ་ བཛྲ་དྷ་རཱ་ཛྙཱ་པ་ཡ་ཧཱུྃ་ཧ་ཧ་ཧ་ཧ་ཧོ། མེ་ཏོག་ཇི་ལྟ་བཞིན་དུ་དོར། །མིག་ཕྱེ་ནས་ནི་བསྟན་པར་བྱ། །དེ་ནས་མངོན་པར་བསྔགས་པ་ཡི། །བུམ་པའི་ཆུ་ཡིས་དབང་བསྐུར་རོ། །དེ་ནས་ལྷ་རྣམས་གང་འདོད་པའི། །དངོས་གྲུབ་རབ་ཏུ་སྦྱིན་པར་བྱ། །འབུམ་ཕྲག་གཅིག་གམ་འབུམ་ ཕྲག་གཉིས། །སྔོན་དུ་བསྙེན་པ་བྱས་ནས་ནི། །དབང་ཕྱུག་ལ་སོགས་ལྷ་མཆོག་ནི། །དེ་རྣམས་སྒྲུབ་པ་པོ་ཡིས་འགྲུབ། །མཚན་མ་གཅིག་པ་ལ་སོགས་སུའམ། །ཡང་ན་ཕྱག་ན་རྡོ་རྗེའི་གནས། །དེ་བཞིན་གཤེགས་པའི་ཕོ་བྲང་ངམ། །རིང་བསྲེལ་ལྡན་པའི་མཆོད་རྟེན་དུ། ། ལྷ་རྣམས་ཐམས་ཅད་ཆོ་ག་བཞིན། །སྒྲུབ་པ་པོ་ཡིས་རྟག་ཏུ་བསྒྲུབ། །དེ་ནས་ནམ་ཕྱེད་ན་ནི་ལྷ། །འོངས་ནས་ཁྱོད་ཀྱི་འདོད་པ་ཅི། །ཇི་ལྟར་བདེ་ཞིང་ཕན་པ་ནི། །སྦྱིན་ཞེས་ངེས་པར་གོ་བར་བྱེད། །བཟང་པོ་མྱུར་དུ་སོམས་ཏེ་སྨྲོས། །གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན། །དེ་ནས་ སྔགས་ཤེས་དངོས་གྲུབ་དང་། །མཆོག་གི་ལྷ་ལ་གསོལ་བ་གདབ། །ལྷ་རྫས་བཅུད་དང་བཅུད་ལེན་དང་། །མི་སྣང་བ་དང་མཁའ་འགྲོ་དང་། །རིལ་བུ་རྒྱལ་སྲིད་རྫས་ལ་སོགས། །ཡིད་འདོད་ཚད་མེད་གསོལ་བ་གདབ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པས་བཅོམ་ལྡན་ འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པ་བདེ་དག་གིས་བཅོམ་ལྡན་འདས་བདག་ཅག་ལྷ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ་། །མཐོ་རིས་ཀྱི་ལམ་བསྟན་པར་ བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་འབྱེད་པའི་ལམ་བསྟན་པར་བགྱིའོ། །ངེས་པར་འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངན་འདས་པའི་ལམ་བསྟན་པར་ བགྱིའོ། །སྤོང་བའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་བསྲུང་བར་བགྱིའོ། །ཡུལ་ དང་ཕྱོགས་དང་གྲོང་འཁོར་རྣམས་ཀྱང་བསྲུང་བར་བགྱིའོ། །རྒྱལ་པོ་ཡང་སྩལ་བར་བགྱིའོ། །རྒྱལ་པོ་ཐོབ་པའི་རྒྱལ་པོ་ཆེ་བར་བགྱིའོ། གླིང་གཅིག་དང་གླིང་གཉིས་དང་གླིང་གསུམ་དང་། གླིང་བཞི་པ་དང་། བདེ་འགྲོ་དང་། ས་སྟེངས་དང་། ས་འོག་གི་འཁོར་ལོས་སྒྱུར་ བའི་རྒྱལ་པོ་རྣམས་སྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། ཁྱབ་འཇུག་ཉིད་དང་། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ཉིད་ཀྱི་དཀྱིལ་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ། ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས། རབ་ཏུ་གཡོས་ཡང་དག་པར་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཡང་དག་པར་རབ་ཏུ་འགུལ། འབར་རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར། དགའ་རབ་ཏུ་དགའ། ཡང་དག་པར་རབ་ཏུ་དགའ། རྩེ་རབ་ཏུ་རྩེ། ཡང་ དག་པར་རབ་ཏུ་རྩེ་ཞིང་ངོ་མཚར་རྨད་དུ་བྱུང་བ་དུ་མ་ཡང་འཇིག་རྟེན་དུ་ཡང་དག་པར་རབ་ཏུ་མཐོང་ངོ་། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཤིན་ཏུ་ཡ་མཚན་སྐྱེས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་ པ་འདིའི་རྒྱུ་གང་ལགས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་དོ། །བཅོམ་ལྡན་འདས་དེའི་ཕྱིར་འཛུམ་པ་མཛད་པའི་རྒྱུ་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་ གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ལྷ་རྣམས་གང་སྔོན་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་འཆི་བདག་གཞི་བར་བྱེད་པའི་རིག་པ་དང་། དུས་མ་ཡིན་པར་འཆི་བ་འཇོམས་པར་བྱེད་པའི་རིག་པའི་སྔགས་གཟི་བརྗིད་ཆེན་པོ་ཉོན་ཅིག །དེ་ནས་ བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀུན་དུ་དགའ་ཞིང་བ་སྤུ་ལངས་ཤིང་ཕྱག་བཙལ་ནས་ལེགས་སོ་ཞེས་བྱ་བ་རབ་ཏུ་ཕུལ་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །རྡོ་རྗེ་འཛིན་པ་ལེགས་སོ་ལེགས་སོ། །གང་གིས་ཚེ་ཐུང་བའི་སེམས་ཅན་ རྣམས་ཚེ་རིང་བར་འགྱུར་བ་དང་། དུས་མ་ཡིན་པའི་འཆི་བདག་གིས་ཟིན་པ་རྣམས་དུས་མ་ཡིན་པར་འཆི་བ་ལས་རྣམ་པར་གྲོལ་བ་དང་། ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ངན་སོང་ལས་ཇི་ལྟར་གྲོལ་བ་དང་། འཁོར་བའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བདེ་བའི་ ཐབས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་མྱུར་བ་ཉིད་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་ཕ་རོལ་གནོན་པའི་རིག་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་གསོལ་བ་འདེབས་པའི་ཚིག་གསན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འདི་རང་གི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོྃ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་བ་རི་མི་ཧཱ་ཡུཿཔུ་ཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ། སྙིང་པོའི་རིག་པའོ། །ཨོྃ་བཛྲིཾ་ སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། །ཨོྃ་བྷྲཱུྃ་སྭཱ་ཧཱ། སྙིང་པོའི་ཉེ་བའི་སྙིང་པོའི་རིག་པའོ། །ཨོྃ་ཀྲཱྃ་སྭཱ་ཧཱ། སྙིང་པོ་ཡང་དག་པར་བསྐུལ་བའི་རིག་པའོ། །ཏྲཱྃ་སྭཱ་ཧཱ། སྙིང་པོ་དམ་པའོ། །ཨོྃ་ཧྲཱིཿསྭཱ་ཧཱ། གསང་བའི་སྙིང་བོའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། །དཀྱིལ་ འཁོར་རྩིབས་བཞི་པར་བྱས་ལ་དེའི་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞག་སྟེ། བྷྲཱུྃ་ཞེས་བྱ་བའི་སྙིང་པོའོ། །དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་སྟེ། བཛྲིཾ་ཞེས་བྱ་བའི་སྙིང་བོའོ། །གཡོན་དུ་ནི་ཁྲོ་བོ་སྟེ། ། ཀྲཱྃ་ཞེས་བྱ་བའི་སྙིང་པོའོ། །གཡས་སུ་ནམ་མཁའི་སྙིང་པོ་སྟེ། ཏྲཱཾ་ཞེས་བྱ་བའི་སྙིང་པོའོ། །རྒྱབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་སྟེ། ཧྲཱིཿཞེས་བྱ་བའི་སྙིང་པོའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་ འཁོར་ལ་རེག་པར་བྲིའོ། །བུམ་པ་ལྔ་དང་བརྒྱད་འཁོར་ལོས་སྒྱུར་བའི་སྔགས་ཀྱིས་བཏབ་ལ་གཞག་གོ། །ལས་ཐམས་ཅད་པས་མངོན་པར་བསྔགས་པ་ཡང་ངོ་། བདུག་པ་ལ་སོགས་གཞག་གོ། །མཆོད་པའི་དང་པོ་ཅན་སྒོ་སྐྱོང་ཐམས་ཅད་ཉིད་ཀྱང་ངོ་། །དེ་ནས་སྔགས་ པ་ཡང་དག་པར་འཇུག་པའི་ཕྱིར་བདེ་བར་གཤེགས་པ་དམ་པ་སྲས་དང་བཅས་པ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །རིག་པ་ཡང་བདེ་བར་གཤེགས་པའི་གཡོན་གྱི་ལོགས་སུ་བྲིའོ། །དེ་ནས་བདག་ཉིད་དབང་བསྐུར་ཏེ། སྐྱིལ་མོ་ཀྲུང་གིས་འདུག་ ལ་སྟོང་ཕྲག་བརྒྱར་བཟླས་སོ། །དེ་ནས་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་འགྱུར་ཞིང་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གམ། ཇི་ལྟར་འདོད་པའི་མཆོག་སོ་སོར་འཐོབ་བོ། །གང་གི་ཚེ་མཉམ་པར་གཞག་པ་དེའི་ཚེ་ཡིད་ཀྱིས་ལས་ཐམས་ཅད་ ནུས་པར་འགྱུར་རོ། །དེ་ནས་སློབ་མ་རྣམས་གཞུག་སྟེ་རྡོ་རྗེ་འཛིན་པའི་ཕྱག་རྒྱས་ང་རྒྱལ་འདི་བསྐྱེད་པར་བྱ་སྟེ། ཨོྃ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲམ། ཏ་ཐཱ་ག་ཏ་ས་མ་ཡ་དྷཱ་རཱ་ཏྨ་ཀོ྅་ཧྃ་ཞེས་པའོ། །དེ་ནས་འདིས་མེ་ཏོག་དོར་བར་བྱའོ། །ཨོྃ་ སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭྃ། དེ་ནས་ཕྲེང་བ་དེ་མགོ་ལ་བཅིངས་ལ་དབང་བསྐུར། ཨོྃ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥིཉྩ་དྷཱ་རཱ་ཛྙཱ་པ་ཡ་ཧཱུྃ་བྷཱུྃ། ཨོྃ་བཛྲཱ་བྷི་ཥིཉྩ་ཧཱུྃ་བྷཱུྃ། ཨོྃ་རཏྣ་བྷི་ཥིཉྩ་ཧཱུྃ་ཏྲཱྃ། ཨོྃ་པདྨ་བྷི་ཥིཉྩ་ཧཱུྃ་ཧྲཱིཿ། ཨོྃ་ཀརྨ་བྷི་ཥིཉྩ་ཧཱུྃ་ཨཿ། དེ་ནས་དམ་ཚིག་དང་བཀའི་དབང་བསྐུར་བ་སྦྱིན་ནོ། །དེ་ ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་ཡོང་མི་སྤོང་། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཉིད། །བརྫུན་ཡང་སྨྲ་བར་མི་བྱའོ། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་ཞིང་། །གྲིབ་མའང་འགོམ་པར་ མི་བྱའོ། །སློབ་དཔོན་མ་ཡིན་མི་གཟུང་ཞིང་། །མཚན་མ་སློབ་དཔོན་སྤངས་པ་ཡང་། །སྔགས་དང་ཕྱག་རྒྱ་མི་སྨད་དེ། །ལྷ་རྣམས་ལ་ཡང་ག་ལ་ཞིག །གལ་ཏེ་རྨོངས་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །མཆོད་རྙིང་ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་ འཇིག་རྟེན་ལས་འདས་པའི། །ཕྱག་རྒྱ་ཡི་གེ་མཚན་མ་ཡང་། །གོམ་པས་བགོམ་པར་མི་བྱའོ། །བླུན་པོ་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མི་ལྡན་ དང་བསྲེག་པ་དག །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བས། །སྔགས་པས་སྔགས་ཀྱིས་གཞོམ་པར་བྱ། །འཇུངས་པའི་ནོར་ཡང་ཡང་དག་བླང་། །སེམས་ཅན་སྡུག་བསྔལ་ཅན་ལ་སྦྱིན། །བླ་མ་མཆོད་པའི་རྒྱུ་མཚན་དང་། །དེ་བཞིན་དམ་ ཚིག་སྒྲུབ་པ་དང་། །དཀྱིལ་འཁོར་དོན་དང་རྒྱལ་སྲས་ལ། །མཆོད་པའི་དོན་ཕྱིར་བསམས་པ་ཡིས། །ནོར་འཕྲོག་འཇུངས་པའི་ནོར་ཡང་འོང་། །སེམས་ཅན་རྣམས་ལ་ཕན་དགའ་བས། །དམ་ཚིག་དང་ནི་བླ་མའི་རྫས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྟག་ཏུ་བརྫུན་ནི་སྨྲ་ བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །སྔགས་རིག་པ་ཡི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་ཀྱང་བསྟེན་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་པས། །ཐམས་ཅད་སྤྱོད་ཅིང་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་ རྗེ་ལྡན་པས་སྨོས་ཅི་དགོས། །དེ་ནས་འདིས་བཀའི་དབང་བསྐུར་རོ། །ཨོྃ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ཏེ་དཱ་སྱཱ་མི་གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཨོྃ་བཛྲ་ཏིཥྵ་ཧཱུྃ། འདིས་རྡོ་རྗེ་ལག་ཏུ་བྱིན་ལ་ཕྲིན་ལས་ཀྱི་དབང་བསྐུར་སྦྱིན་ནོ། །ཨོྃ་སརྦ་ཀརྨ་ཎི་ཀུ་རུ་བུ་དྡྷཱ་ནཱཾ་ཧཱུྃ། དེ་ནས་བླ་མ་བླ་མར་བྱ་བའི་ཕྱིར། །ཁྱོད་ཀྱི་ ལུས་མཆོག་སྦྱིན་པར་བྱ། །རྫས་དང་ནོར་དང་འབྲུ་རྣམས་དང་། །རྟ་དང་བཞོན་པ་ཉིད་དང་ནི། །བྲན་གྱི་མཆོག་དང་ཁང་པ་དང་། །རྒྱལ་སྲིད་དབང་ཕྱུག་དེ་བཞིན་ཏེ། །བུ་དང་བུ་མོ་ཆུང་མ་དང་། །མ་དང་སྲིང་མོ་ཚ་མོ་དང་། །གཞན་ཡང་ཅི་བཞེད་ཐམས་ཅད་ནི། །ཕན་པའི་བསམ་ པས་བླ་མར་དབུལ། །དེ་ནས་དངོས་གྲུབ་སངས་རྒྱས་དང་། །བྱང་ཆུབ་སྒྲུབ་དང་གཞན་ཡང་ནི། །འཇིག་རྟེན་པ་ཡི་མཐུ་ཆེན་རྣམས། །ཇི་ལྟར་འདོད་པས་གསོལ་བ་གདབ། །དེ་ནས་བུ་ལ་ཕན་པའི་ཕྱིར། །སྔགས་རིག་སེར་སྣ་མེད་སེམས་དང་། །དད་པས་དད་པའི་ སེམས་ལྡན་ལ། །དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཆོས་རྣམས་རང་བཞིན་མེད་པར་ནི། །སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གིས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་ཡང་། །བསམ་བཞིན་དེ་བཞིན་ དེ་ཉིད་ཀྱང་། །ལྷ་ཡི་རྣམ་པའི་རྣལ་འབྱོར་དུ། །སྒྲུབ་པ་པོ་ཡིས་ཡོངས་སུ་བསྒྱུར། །དེ་ནས་རང་གིས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །གོང་འོག་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ལྟར་ང་རྒྱལ་བསྐྱེད་ནས་ནི། །མཁས་པ་ཡིས་ནི་ བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་དང་། རྒྱལ་ པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། གཞན་ཡང་དམན་པ་ཕྱག་དར་པ་དང་། མཐའ་འཁོབ་ཀྱི་སྐྱེ་བོའི་གནས་དང་། སྐྱེ་བོའི་གནས་ཀྱི་རིགས་སུ་སྐྱེས་པ་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དེ་དག་གི་རྣམ་པར་སྨིན་པ་ ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས་གང་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞུས་པ་ནི་ལེགས་སོ་ལེགས་སོ། །ལྷའི་ཚོགས་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་ཤིང་དབང་བསྐུར་བ་དང་། བྲིས་ པ་དང་། འདྲིར་བཅུག་པ་དང་། རྗེས་སུ་ཡི་རང་བ་དང་། ཕྱག་བྱས་པ་དང་། མཆོད་པ་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཉོན་ཅིག །ལྷའི་བུ་རྣམས་མདོར་ན་ངལ་ཡང་དེའི་ཕན་ཡོན་བཤད་པར་སྤྲོ་བ་མེད་དེ། གང་ང་ལ་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་ཕྲག་སྟོང་དུ་མར་བསྒྱུར་ཡང་ གྲངས་སུ་ཡང་། བགྲང་བར་ཡང་། དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསོད་ནམས་ཀྱི་ཕུང་པོའི་བར་གྱིས་ཀྱང་མི་བཟོད་དོ། །གང་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ཆེའོ། ། རྡོ་རྗེ་འཛིན་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བདག་ཅག་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་སོགས་པར་ཞུགས་པ་སྤྲོའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྲོའོ། །དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་ པའི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུད་དང་ལྡན་པ་དང་། དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་རྣམས་སུ་སྐྱེས་པ་དག་ཀྱང་མཆིས་ན། །བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ། ཀྱེ་ལྷའི་བུ་དག་དེ་དག་ནི་ དཀྱིལ་འཁོར་འདི་ཉིད་དུ་ཆུག་ཅིག །བཅུག་ནས་ཀྱང་དབང་སྐུར་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་སུ་ཆུག་ཅིག །དེ་ནས་སེམས་ཅན་དེ་དག་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་རོ། །ལྷའི་བུ་ རྣམས་གང་ངན་སོང་དུ་སྐྱེས་པ་དེ་དག་གི་མིང་ལ་དབང་བསྐུར་བ་མཛོད་ཅིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཐ་ན་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་དེ་དང་རུས་མཐུན་པ་དང་། དེའི་མིང་འཛིན་པ་དང་། བྲན་ ལ་ཡང་དབང་སྐུར་ཅིག །ཞག་བདུན་ལན་བདུན་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བས། ངེས་པར་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ། འབུམ་ཕྲག་གཉིས་དང་། འབུམ་ཕྲག་གསུམ་དང་། འབུམ་ཕྲག་བཞི་དང་། འབུམ་ ཕྲག་བརྒྱ་སྟོང་གི་བར་དུ་བཟླས་ན། མཚམས་མེད་པ་ལྔ་བྱས་པ་ཡང་རྣམ་པར་གྲོལ་བར་འགྱུར་ན། སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་ཅི་སྨོས། ལྷའི་བུ་རྣམས་ཞི་བའི་ཐབ་ཁུང་ཟླུམ་པོ་ཐ་མ་དང་བར་མ་དང་མཆོག་ཁྲུ་གང་དང་ཁྲུ་དོའམ། ཁྲུ་བཞི་པ་བྱས་ནས་དེའི་མིང་གིས་ཡུངས་ཀར་དཀར་ པོ་རྣམས་བརྒྱ་ཕྲག་སྟོང་དུ་བསྲེགས་ན་ངན་སོང་ཀུན་ལས་ཐར་བར་འགྱུར་རོ། །དེའི་ཤ་དང་། རུས་པ་དང་། སྐྲ་དང་། ཐལ་བ་ལ་སོགས་པ་ལ་ཆོ་ག་དེ་བཞིན་ཉིད་ཀྱིས་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རྩིབས་ བརྒྱད་དཀར་པོ་འོད་ཟེར་འབར། །ཁོར་ཡུག་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་དཀར་པོ་དང་ལྡན་བྲི། །དེ་ནས་སྣ་ཚོགས་རྡོ་རྗེ་བྱ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག །དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་རྣམ་པ་སྣ་ཚོགས་བྱ། །ཕྱི་རོལ་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱི་ རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང་། །དེ་ལྟར་འཇིག་རྟེན་འཁོར་རྣམས་ཀྱང་། །གཙོ་བོའི་རི་མོ་ལུགས་མ་དང་། །རྡོ་རྗེ་ཅན་དང་ལྷན་ཅིག་གཞག །བུམ་པ་བུམ་པ་གང་བ་དང་། །གཏོར་མ་ལྷ་བཤོས་ཤིན་ཏུ་དཀར། །མདོར་ན་ཐིག་ནི་བཏབ་ནས་ཀྱང་། །ཆོ་ག་བཞིན་དུ་ བྲི་བར་བྱ། །དཀར་པོའི་གོས་ནི་གྱོན་ནས་སུ། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་འགྲོ་བར་གནས་པ་ཡི། །སེམས་ཅན་དེ་རྗེས་དྲན་བྱེད་ཅིང་། །སྡིག་པ་སྒྲིབ་པ་ཞི་བའི་ཕྱིར། །རྒྱུད་དག་པ་ཡི་སྦྱིན་སྲེག་ནི། །མར་དང་འོ་མ་སྦྲང་རྩིར་བཅས། །འབྲས་ཡོས་ ཡུངས་ཀར་བསྲེས་པ་དང་། །དེ་ཡི་རུས་པ་ཤ་ལ་སོགས། །ཡང་ན་མིང་ཙམ་གྱིས་ཀྱང་བྱ། །དེ་ནས་བདེ་འགྲོར་སྐྱེས་ནས་སུ། །མཁས་པས་རྒྱས་པར་བྱ་བ་ནི། །ཁྲུ་དོ་པའམ་ཁྲུ་བཞི་པ། །དེ་བཞིན་མཆོག་ནི་ཁྲུ་བརྒྱད་པར། །བྱས་ནས་ཐབ་ཁུང་ཁྲུ་བཞི་པ། །ཀུན་དུ་མུ་རན་དང་ལྡན་པ། ། དེ་དབུས་པདྨ་རིན་ཆེན་ཅན། །འོད་ཟེར་སེར་པོ་ཅན་བྲི་ཞིང་། །ཁོར་ཡུག་ཏུ་ནི་རིན་ཆེན་དང་། །མུ་རན་ལ་ནི་ཆུ་སྐྱེས་བྲི། །ཕྱི་རོལ་དུ་ནི་རིགས་ལྔ་ཡི། །དབྱེ་བས་ཕྱག་རྒྱ་བྲི་བར་བྱ། །དེ་བཞིན་ཕྱི་ཡི་ལྷ་རྣམས་དང་། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །ན་བཟའ་སེར་པོར་གྱོན་བྱས་ནས། ། མཐོ་རིས་གནས་པ་རྗེས་དྲན་ཞིང་། །དེ་ལ་ཕན་ཕྱིར་རྒྱས་པ་ཡི། །དོན་དུ་རྒྱས་པའི་ལས་བྱས་ན། །ལུས་ཅན་དེ་ཡི་ཚེ་དང་དཔལ། །གཟི་བརྗིད་སྐལ་བ་བཟང་པོ་འཕེལ། །དེ་ནས་དེ་ལ་ཕན་པ་ཡི། །དབང་དུ་བྱ་བའི་ལས་བྱ་སྟེ། །ཐབ་ཁུང་གཞུ་ཡི་དབྱིབས་འདྲ་བ། །ཁྲུ་གང་བའམ་ ཁྲུ་དོ་པ། །ཁྲུ་བཞི་བྱས་ལ་དེ་དབུས་སུ། །ཆུ་སྐྱེས་དམར་པོ་ཡང་དག་བྲི། །དེ་ཡི་དབུས་སུ་མདར་བཅས་པའི། །གཞུ་ཉིད་ཀྱང་ནི་བྲི་བར་བྱ། །ཁོར་ཡུག་ཏུ་ནི་མདར་བཅས་པའི། །གཞུ་ནི་ཁ་དོག་དམར་པོ་བྲི། །སྔགས་འཛིན་པ་ཡིས་རྟག་པར་ཡང་། །ཕྱི་རོལ་དེ་ཡི་ ལྷ་ཡི་བྱ། །སེམས་ཅན་དེ་ནི་དྲན་བྱས་ལ། །ན་བཟའ་དམར་པོ་གྱོན་པ་ཡི། །མེ་ཏོག་དམར་ཞིང་པདྨ་ཡང་། །འབྲས་བུ་དམར་དང་ཁམས་བཅས་པ། །མར་དང་གུར་གུམ་བསྲེས་པ་དང་། །ཙནྡན་དམར་པོའི་ཕྱེ་མ་དང་། །སྦྱིན་སྲེག་བྱས་ནས་ལྷ་ལ་སོགས། །ཐམས་ ཅད་དེ་ཡི་དབང་དུ་འགྱུར། །དེ་ཡི་གདོན་རྣམས་རྣམ་གཞོམ་ཕྱིར། །མངོན་སྤྱོད་ཡང་དག་བརྩམ་པར་བྱ། །ཁྲུ་དོ་ཕྱེད་བཅས་ཁྲུ་གསུམ་མམ། །དེ་བཞིན་མཆོག་ནི་ཁྲུ་དགུ་པ། །ཟུར་གསུམ་དང་ནི་ལྡན་པར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །རྩེ་གསུམ་པ་ཡིས་མུ་རན་བྱ། ། སྣ་ཚོགས་རྡོ་རྗེ་ཡང་བྱས་ལ། །དབྱུག་པ་མགོ་དང་རྩེ་གསུམ་རྣམས། །རྡོ་རྗེ་དགྲ་སྟ་རྩེ་གཅིག་གིས། །ཕྱི་རོལ་དུ་ཡང་མཚན་པར་བྱ། །རིག་པ་གསུམ་པ་སྔར་བཞིན་བརྒྱན། །བུམ་པ་གཏོར་མ་བུམ་པ་ཡང་། །ཞལ་ཟས་མང་པོ་གཞག་པར་བྱ། །ཤ་དང་ཁྲག་གིས་བཀང་བ་ཡི། ། ཐོད་པ་རྣམས་ཀྱང་ཀུན་དུ་ཡང་། །དེ་ནས་གོས་ནག་བགོས་ཤིང་ཁྲོས། །རང་ཉིད་འཇིག་རྟེན་གསུམ་རྣམ་རྒྱལ། །ལུས་ཅན་དེ་ཡི་སྡིག་ལས་སོགས། །དེ་ནས་དེ་ཡི་སྡིག་བཅོམ་ཞིང་། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་རྣམས་ཉིད། །ཇི་སྙེད་ཁམས་ གསུམ་འཇིག་རྟེན་སྤྱོད། །མྱུར་དུ་གོ་རིམས་འདི་ཉིད་ཀྱིས། །ཚེ་འདིར་གནས་པ་རྣམས་ལ་བྱ། །དེ་ནས་གང་གི་ཕྱིར་བྱས་པ། །དེ་ཡི་ཕྱིར་ནི་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ཀྱང་། །སྔ་མ་ཇི་བཞིན་དེ་བཞིན་བྱ། །དེས་ནི་སེམས་ཅན་རྣམས་ལ་ཡང་། །མྱུར་དུ་ བདེ་སྐྱིད་འགྲུབ་པར་འགྱུར། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཡང་དག་པར་དགའ་བས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་ཕན་ཡོན་དང་བདེ་བའི་སླད་དུ་བརྟག་པའི་རྒྱལ་ པོ་འདི་འདྲི་བ་དང་འདྲིར་འཇུག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི་སྟེ། ཡང་ཇི་ལྟར་བཤད་པ་མ་ཚང་བ་མེད་པར་བགྱིད་པ་ལྟ་ཅི་སྨོས། གང་ཡང་རྒྱལ་པོ་དང་རྒྱལ་པོའི་བུ་ དང་རྒྱལ་པོའི་བློན་པོ་ཇི་ལྟར་གསུངས་པའི་སྔགས་རྗེས་སུ་སློབ་པ་དེའི་རྒྱལ་སྲིད་འཕེལ་བར་བགྱིའོ། །ཡུལ་དང་། ཕྱོགས་དང་། སྐྱེ་བོའི་གནས་དང་། འཁོར་གྱི་སྐྱེ་བོའི་ལོ་ཐོག་ལ་སོགས་པ་ཡང་བསྲུང་བར་བགྱིའོ། །ནོར་དང་འབྲུ་རྣམས་མང་དུ་འབྱོར་བར་བགྱིའོ། །བུད་མེད་ དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཕུན་སུམ་ཚོགས་པར་ཡང་བགྱིའོ། །འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། བདེ་བར་བགྱིའོ། །གང་ཞིག་བརྟག་པའི་རྒྱལ་པོ་འདི་ལ་དད་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གྲོང་དང་གྲོང་ཁྱེར་ལ་སོགས་པར་འཇུག་པ་ བདག་ཉིད་ཀྱིས་བསྡུ་བར་ཡང་བགྱིའོ། །གླང་པོ་ཆེའི་སྟེང་དུ་བཞག་ལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དུས་མ་ཡིན་པར་འཆི་བ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །སེམས་ཅན་ཆེན་པོ་དེའི་དྲུང་ན་བདག་ཅག་བྲན་གྱི་ཚུལ་ལམ་བུའི་ཚུལ་དུ་གནས་པར་ཤེས་ པར་བགྱིའོ། །གང་ན་འདི་རབ་ཏུ་སྤྱོད་པ་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རང་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་འཚལ་བར་བགྱིའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་དུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག་པའི་རྒྱལ་པོའི་གཟུགས་སུ་ བཞུགས་པར་འཚལ་བར་བགྱིའོ། །ས་ཕྱོགས་དེ་ཡང་མཆོད་རྟེན་དུ་གྱུར་པར་འཚལ་བར་བགྱི་སྟེ། མཆོད་པར་བགྱི། ཕྱག་འཚལ་བར་བགྱིའོ། །ཀུན་དུ་བསྲུང་བར་བགྱིའོ། །གང་ཡང་བརྟག་པའི་རྒྱལ་པོ་འདིར་རབ་ཏ་སྤྱོད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་དེའི་བདག་ཅག་ཚངས་པ་ལ་ སོགས་པའི་ལྷ་རྣམས་ཀྱིས་གཡོག་བགྱིའོ། །བྲན་གྱི་ཚུལ་དུ་གནས་པར་བགྱིའོ། །མངག་གཞུག་པ་ཉིད་དུ་གནས་པར་བགྱིའོ། །བསྒོ་བ་ཐམས་ཅད་མཉན་པར་བགྱིའོ། །ཕན་པ་དང་བདེ་བ་ཐམས་ཅད་བགྱིའོ། །དངོས་གྲུབ་ཐམས་ཅད་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་མདོར་ ན་དེའི་རྐང་པའི་རྡུལ་མགོ་བོས་གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཕྱག་འཚལ་བར་བགྱིའོ། །དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་བགྱིའོ། །བཅོམ་ལྡན་འདས་གང་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་དེ་ཁོ་བོ་ཅག་གིས་མངའ་བདག་ཏུ་འཚལ་བར་བགྱིའོ། །ཕྱག་ ན་རྡོ་རྗེར་འཚལ་བར་བགྱིའོ། །རྡོ་རྗེ་སེམས་དཔའ་ལགས་པར་འཚལ་བར་བགྱིའོ། །བདེ་བ་ཆེན་པོ་ཀུན་དུ་བཟང་པོ་ལགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པའི་ལྷ་ རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ལྷ་རྣམས་གང་ཆོས་ལ་རིམ་གྲོ་གཅིག་གཉིས་བྱས་པས་དེ་ལྟར་ཡང་དག་པའི་དམ་བཅའ་ནི་ལེགས་སོ་ལེགས་པར་སྒྲུབས་ཤིག །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་དང་རིག་པ་དང་། སྙིང་པོ་ཐམས་ཅད་བརྟན་ པར་བྱ་བའི་ཕྱིར་རང་གི་སྙིང་པོ་འདི་བཤད་དོ། །ཨོྃ་བྷྲཱུྃ་དྲུྃ་བཛྲ་པཱ་ཎི་དྲྀ་ཌྷི་ཏིཥྛ་ཧཱུྃ། ཨོྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཧཱུྃ་ཕཊ། ཨོྃ་དྲྀ་ཌྷ་བཛྲ་ཧཱུྃ། ཨོྃ་བཛྲ་ཧཱུྃ་ས། ཨོྃ་བཛྲ་ཧཱུྃ་ཨཿ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་ རྗེ་སེམས་དཔའ་འམ། །ཀུན་ཏུ་བཟང་པོ་བདེ་བ་ཆེ། །སྤྱན་སྔར་ཕྱག་ན་རྡོ་རྗེ་ཉིད། །གཡས་སུ་ཕྱག་ན་རིན་ཆེན་སྤྱན། །ཕྱག་ན་པདྨ་ནུབ་ཕྱོགས་བྲི། །བྱང་དུ་ཕྱག་ན་སྣ་ཚོགས་བྲི། །ཕྱི་རོལ་དུ་ནི་ཟླུམ་པོར་བསྐོར། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། ། གོ་རིམས་བཞིན་དུ་བྲི་བར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་ཡང་། །བྱམས་པ་ལ་སོགས་མཆོག་ཆེན་བྲི། །དེ་ཕྱིར་དེ་བཞིན་དགེ་སློང་ནི། །ཀུན་དགའ་བོ་སོགས་ཐུབ་པ་བྲི། །རང་གི་ཆུང་མ་བུས་བསྐོར་བའི། །ཚངས་པ་ལ་སོགས་ཕྱི་རོལ་བྲི། །གཟའ་དང་རྒྱུ་སྐར་ཉི་ཟླ་དང་། །རྒྱལ་པོ་ བཞི་པོ་རྣམས་དང་ནི། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས། །དཀྱིལ་འཁོར་འདིར་ནི་ཡང་དག་བྲི། །ཕྱི་རོལ་དུ་ནི་དམྱལ་བ་སོགས། །ཀླུ་ལ་སོགས་པ་དུད་འགྲོའི་དཔེ། །སྒོ་དང་སྒོར་ནི་དེ་བཞིན་དུ། །སྒོ་སྐྱོང་སྟོབས་ཀྱི་དམ་པ་རྣམས། །དཀར་པོ་འདོད་པའི་ཉི་མ་ལ། །རབ་ཏུ་འབད་ པས་དཀྱིལ་འཁོར་བྲི། །གང་བསྔགས་ནག་པོའི་ཕྱོགས་ལ་ཡང་། །དཀྱིལ་འཁོར་འགལ་བ་མ་ཡིན་ནོ། །ལྔ་པ་དེ་རྗེས་བདུན་པ་དང་། །ཉ་གང་བ་ནི་ཁྱད་པར་དུ། །བསྔགས་ཏེ་ཕྱག་ན་པདྨ་ཡི། །དཀྱིལ་འཁོར་བྱ་བའི་ཆོ་ག་ལའོ། །གང་ཡང་དྲག་པོའི་ལས་རྣམས་ལ། ། དེ་ནི་ནག་པོ་ལ་ཡང་བྲི། །ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་ཡང་། །ཟླ་བ་ཉ་བ་ཁྱད་པར་དུ། །རྒྱལ་པོ་རྣམས་ཀྱིས་དཀྱིལ་འཁོར་བསྔགས། །གཞན་ཡང་རང་གིས་འདུས་བྱས་པའི། །དཀྱིལ་འཁོར་ལ་བརྩོན་གདབ་བྱ་ཞིང་། །ཤར་ནས་འཆར་བའི་དབང་བྱ་སྟེ། །ཕྱོགས་ཀྱི་ཆ་ནི་ བརྟག་པར་བྱ། །དེ་ནས་དཀྱིལ་འཁོར་དགོད་པ་ནི། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །སྔགས་དང་རྒྱུད་ནི་དང་པོར་བྱས། །འཇམ་ཞིང་སྔགས་གཟུགས་དགེ་ཞིང་ཞི། །རྗེས་མཐུན་རང་གི་སློབ་ཉིད་ཀྱི། །སློབ་མ་ལྷན་ཅིག་ཙམ་གྱིས་སྤྱད། །དེ་ནས་ནང་པར་རབ་སྔར་ལངས། ། ལེགས་བཀྲུས་གོས་དཀར་འཆང་ཞིང་གཙང་། །བློ་ལྡན་བླ་མ་སློབ་མར་བཅས། །དཀྱིལ་འཁོར་དྲུང་དུ་ཀུན་ནས་འགྲོ། །དཀྱིལ་འཁོར་ཕྱོགས་ཉིད་ཤིན་ཏུ་ཡང་། །ཉེ་བར་བྱུགས་ཤིང་ལེགས་པར་མཉེས། །ཁྲོ་བོ་ཆེན་པོ་བཟླས་པ་ཡི། །དྲི་ཡི་ཆུ་ཡིས་བསངས་པ་ཡི། །དབུས་སུ་ རིགས་རྣམས་སྙིང་པོ་ཡིས། །ལྷག་པར་གནས་པར་བྱ་བ་ཉིད། །དཀྱིལ་འཁོར་གྱི་ནི་གཙོ་བོ་ཡི། །སྔགས་ཀྱི་ལས་རྣམས་ཐམས་ཅད་བྱ། །ས་ལ་སོར་ནི་བཅུ་གཉིས་པའི། །དཀྱིལ་འཁོར་དྲི་ཡིས་བྱས་ནས་སུ། །དཀྱིལ་འཁོར་རིག་པས་ལན་བདུན་དུ། །ལྷག་པ་དེ་ནས་བཟླས་ པར་བྱ། །དེ་རྗེས་ལྷ་རྣམས་ཉིད་ཀྱི་ཡང་། །བྱང་ཆུབ་ཆེན་པོ་ཞེས་བྱ་བའི། །སྙིང་པོས་སྐལ་བ་ཇི་ལྟ་བ། །དྲི་དང་མེ་ཏོག་སོགས་མཆོད་པ། །བྱས་ནས་གཏོར་མ་དབུལ་བྱ་ཞིང་། །མངོན་པར་བསྔགས་པའི་སྤོས་ཀྱང་ངོ་། །དེ་ནས་ཙནྡན་ལ་སོགས་པ། །བསྲེས་པའི་ཆུ་ལ་ མངོན་པར་བསྔགས། །དེ་ལ་དབུལ་བའི་མེ་ཏོག་དང་། །བདུག་པ་ལ་ཡང་ཆོ་ག་བཞིན། །སོ་ཤིང་ཨུ་དུམ་བཱ་ར་དང་། །ཨ་ཤྭཏྠ་སོགས་རྨ་མེད་ཅིང་། །ཤིན་ཏུ་ཕྲ་མིན་སྦོམ་པ་མིན། །སོར་མོ་བཅུ་གཉིས་ཚད་ཙམ་ནི། །དྲི་ཡི་ཆུ་ཡིས་རབ་བཀྲུས་ཤིང་། །མེ་ཏོག་ཕྲེང་བ་ཡིས་ཀྱང་ བཅིང་། །དྲི་བཟངས་ལ་སོགས་བྱུགས་ཤིང་བདུག །ལག་པས་རེག་ན་སྙིང་པོ་ནི། །མང་པོ་ཡང་ནི་བཟླས་བྱ་ཞིང་། །རིགས་ཉིད་ཀྱིས་ནི་ལན་བདུན་ནམ། །སློབ་མ་རྣམས་ཀྱིས་ཚད་གཞལ་བས། །སོ་ཤིང་ལ་སོགས་ཡང་དག་གཟུང་། །གཅིག་ལ་སོགས་པས་གོ་རིམས་བཞིན། །རྩེ་ མོ་ཉིད་ནས་བཅའ་བར་བྱ། །དེ་ནས་མཁས་པས་བདག་ཉིད་ཀྱིས། །སློབ་མ་སྲུང་བ་བརྟན་བྱས་ནས། །སྦྱིན་སྲེག་ལས་ནི་མར་བྱུགས་པའི། །ཡམ་ཤིང་རྣམས་ནི་མར་དང་བཅས། །སྦྲང་རྩི་མར་དང་བསྲེས་པ་དང་། །མར་གྱི་སྲེག་བླུགས་བསྲེག་བྱ་ཞིང་། །ཞོ་ཟན་གྱི་ཡང་སྦྱིན་ སྲེག་བྱ། །དང་པོར་བགེགས་ནི་ཞི་བྱའི་ཕྱིར། །དེ་ནས་ཐུགས་ཀྱིས་རྗེས་འཛིན་ཕྱིར། །དེ་ནས་ཞི་བའི་སྦྱིན་སྲེག་ཅིང་། །སྡིག་པ་ཞི་བར་བྱ་ཕྱིར་རམ། །དེ་ནས་སློབ་མ་རྣམ་བརྟགས་ནས། །ཆོ་ག་ཡི་ནི་ལྷག་གནས་བྱ། །དེ་ཡིས་ཇི་ལྟར་ནུས་པ་ཡིས། །དེ་བཞིན་སྡོམ་པ་གཟུང་བར་ བྱ། །དེ་རྣམས་ཆོ་ག་འདི་ཡིན་ཏེ། །གཙང་ཞིང་དཀར་བའི་གོས་ཅན་ནི། །མདུན་དུ་བལྟས་ཏེ་འདུག་པ་ལ། །ལྷག་པར་གནས་པར་བརྩམ་པར་བྱ། །བླ་མས་དང་པོར་སྐྱབས་གསུམ་སྦྱིན། །དེ་ཡི་རྗེས་ལ་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་བྱ་ཞིང་། །བསྐྱེད་པ་སླར་ཡང་ རྗེས་དྲན་བྱ། །དེ་ནས་ཁྲོ་བོ་མངོན་བཟླས་པའི། །ཆུ་ཡིས་སྤྱི་བོར་བསང་གཏོར་བྱ། །མགོ་བོར་ཀུན་ཏུ་རེག་ནས་ནི། །མཉམ་པར་གཞག་པར་ལན་བདུན་བཟླས། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །ལག་པས་དྲི་བཟངས་སྦགས་པ་ལ། །འཇིགས་པ་བཟློག་ལ་མཁས་པ་ཡིས། ། ལན་བདུན་རྟག་ཏུ་བཟླས་པར་བྱ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །རིག་པའི་རྒྱལ་པོ་ཡི་གེ་གཅིག །རྟ་མགྲིན་ཆུ་སྐྱེས་རིགས་ལ་ནི། །རིག་པའི་རྒྱལ་པོའི་ཡི་གེ་བཅུ། །སུམྦྷ་ཞེས་བྱ་རྡོ་རྗེའི་རིགས། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཡི་གེ་ཧཱུྃ་བཞི་རྣམས་དང་ ལྡན། །ལས་ཀུན་རབ་ཏུ་སྤྲོས་པ་ལའོ། །རིགས་གསུམ་རྣམས་ལ་ཐུན་མོང་བ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཉིད། །བགེགས་ཀུན་རྣམ་པར་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་གསུངས། །ལས་ནི་ཐམས་ཅད་པ་ཡི་སྔགས། །སྤྱི་བོར་རེག་ཅིང་བཟླས་དེ་ནས། ། བསང་གཏོར་ཡང་བྱ་དེ་ཉིད་ཀྱིས། །བདུག་པ་ཡིས་ཀྱང་བདུག་པར་བྱ། །དབང་བསྐུར་བ་ནི་བུམ་པ་བཅས། །འབྲུ་ལ་སོགས་པ་ཐམས་ཅད་ལྡན། །ཅུང་ཟད་ཅུང་ཟད་གང་དུ་བླུགས། །རིག་པའི་རྒྱལ་པོས་མངོན་པར་བསྔགས། །ཆོ་ག་བཞིན་དུ་ལྷག་གནས་བྱ། ། དྲི་ཡི་ཆུ་ཡིས་མཆོད་ཡོན་སྦྱིན། །མེ་ཏོག་ཀྱང་ནི་གཞུག་པར་བྱ། །བདུག་པ་ཡིས་ཀྱང་བདུག་པར་བྱ། །དབང་བསྐུར་བ་ནི་བུམ་པ་བཅས། །མཁས་པས་ཡང་དག་ཡོངས་སུ་བཟླས། །དེ་ཡིས་དབང་བསྐུར་བྱ་བ་ཡིན། །སླར་ཡང་བཟླས་པ་དཀྱིལ་འཁོར་དུ། །སློབ་མ་དམ་ ཚིག་ཅན་རྣམས་ནི། །ཐལ་མོ་སྦྱར་ཞིང་མངོན་ཕྱོགས་ལ། །དེ་ནས་སོ་ཤིང་སྦྱིན་པར་བྱ། །སློབ་མ་རྣམས་ནི་གོ་རིམས་བཞིན། །གཟུང་ཞིང་ཤར་དུ་ཁ་བལྟས་ཏེ། །ཕྱི་རོལ་ཉིད་དུ་སོ་ཤིང་བཅའ། །མ་གས་པར་ནི་འཆོས་ནས་སུ། །ལོགས་མ་ཡིན་པར་འདོར་བྱ་སྟེ། །སོ་ ཤིང་མདུན་དུ་དོར་བྱས་པ། །གང་ཚེ་མདུན་དུ་རྩེ་མོ་ལྷུང་། །དེ་ཚེ་དངོས་གྲུབ་མཆོག་ཤེས་བྱ། །གང་ཞིག་སྟེང་དུ་བལྟས་པ་ཡང་། །དེ་བཞིན་ཤར་དུ་རྩེ་མོ་བསྟན། །དངོས་གྲུབ་འབྲིང་དུ་ཡོངས་སུ་གྲགས། །བྱང་དུ་བསྟན་ན་ཐད་ཀ་ཉིད། །རིག་པའི་དངོས་གྲུབ་འཇིག་རྟེན་པ། ། སོ་ཤིང་དོར་བ་བརྒྱ་ལམ་ན། །གང་ཚེ་འོག་ཏུ་ཁ་བལྟས་པ། །དེ་ཚེས་འོག་དངོས་གྲུབ་ནི། །འབྱུང་བ་འདི་ལ་ཐེ་ཚོམ་མེད། །སློབ་མ་ཉེ་བར་རེག་པ་ནི། །སྔ་མ་བཞིན་དུ་གཟུང་བྱས་ལ། །ཐམས་ཅད་ལས་བྱེད་སྔགས་ཀྱིས་ནི། །བླ་མས་དྲི་བཟངས་ཆུ་སྦྱིན་ནོ། །རེ་རེ་ལ་ཡང་བཏུང་བའི་ ཕྱིར། །ཁྱོར་བ་གསུམ་ནི་སྦྱིན་པར་བྱ། །དེ་ནས་བློ་ལྡན་ལངས་ནས་སུ། །འདི་དག་ཀུན་དུ་སྤྱད་པར་བྱ། །དེ་ནས་མཆོད་པ་ཡང་བྱས་ནས། །ལག་པས་སྤོས་ནི་བཏེག་ནས་སུ། །བློ་ལྡན་གུས་པས་ལྷ་རྣམས་ལ། །གསོལ་བ་གདབ་ཅིང་གུས་གནས་བྱ། །དང་པོར་སྔགས་ནི་སྙན་ གསན་དབབ། །དེ་ཡི་དཀྱིལ་འཁོར་གང་ཡིན་པ། །དེ་ཡི་རིམ་པའི་སྦྱོར་བ་ཡིས། །ལྷ་རྣམས་སྤྱན་འདྲེན་པ་ཡིན་ནོ། །བཅོམ་ལྡན་ཆེ་གེ་མོ་ཞེས་བྱ། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཉིད་ཀྱི་དཀྱིལ་ འཁོར་ཐུགས་རྗེ་ཡི། །བདག་ཉིད་ཀྱང་ནི་བྲི་བར་འཚལ། །བཅོམ་ལྡན་དེ་ནི་བདག་གུས་ལ། །བཀའ་དྲིན་མཛད་པར་རིགས་ལགས་སོ། །འཇིག་རྟེན་མགོན་པོ་བརྩེ་བ་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགྲ་བཅོམ་གང་གཞན་སྔགས་ཀྱི་ལྷ། །ལྷ་དང་ འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་པོ་རྫུ་འཕྲུལ་ཆེ་གང་དང་། །སངས་རྒྱས་བསྟན་ལ་མངོན་དགའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །ཆེ་གེ་མོ་ཞེས་བྱ་བ་དང་། །ཆེ་གེ་མོ་ཡི་དཀྱིལ་འཁོར་ནི། །རང་ཉིད་འབྱུང་བ་བགྱིད་པར་འཚལ། །ཇི་ལྟར་གུས་པའི་ཉེར་སྤྱོད་ ཀྱིས། །སློབ་མ་དང་བཅས་བདག་ལ་ནི། །རྗེས་སུ་བརྩེ་བ་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །དེ་སྐད་སྨྲས་ཏེ་ཚིག་གང་ཞིག །བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། །བསྟོད་པའི་ཉེར་སྤྱོད་ཀྱང་བྱས་ནས། ། དེ་དག་གཤེགས་སུ་གསོལ་བར་བྱ། །ཆགས་བྲལ་སོ་སོར་ལྡན་པ་ཡི། །སློབ་མ་རྣམས་ལ་ཆོས་བཤད་བྱ། །བློ་ལྡན་ཤར་དུ་མགོ་བསྟན་ཏེ། །དགེ་བའི་གཉིད་ཀྱིས་ཉལ་དུ་གཞུག །དེ་ནས་སྔ་དྲོ་ཉིད་དུ་ནི། །མཚན་མོའི་རྨི་ལམ་མཐོང་བ་དྲི། །གང་ཚེ་དགེ་བའམ་མི་དགེ་བ། ། དོགས་མེད་ཉིན་པར་ཐོས་ནས་སུ། །སངས་རྒྱས་རྡོ་རྗེ་འཛིན་པས་ནི། །རིགས་བདུན་རྣམས་ཀྱི་དམ་ཚིག་བསྐྱང་། །དེ་ནས་བུ་ཁྱོད་དམ་ཚིག་དང་། །སྡོམ་པ་རྒྱལ་བ་ཡིས་གསུངས་པ། །དད་པས་བླ་མའི་བཀའ་ཡང་བསྐྱང་། །ཁྱེད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་མི་བླང་ འདོད་ལོག་དང་། །དངོས་གྲུབ་འདོད་པས་མི་བྱའོ། །ཆང་མི་བཏུང་ཞིང་ཤ་ལ་སོགས། །བཟའ་བ་ནམ་ཡང་མ་ཡིན་ཉིད། །སེམས་ཅན་ཀུན་ལ་གནོད་མི་བྱ། །དཀོན་མཆོག་གསུམ་ཡང་མི་སྤང་ཞིང་། །དུས་རྣམས་ཀུན་དུ་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །བླ་ མ་ལྷ་རྣམས་དེ་བཞིན་ཉིད། །བླ་མའི་བཀའ་ལས་འདའ་མི་བྱ། །གང་ལས་སྡིག་འགྱུར་དེ་ལས་འདའ། །དེ་ལ་ཕུལ་བའི་རྙིང་པ་དང་། །གྲིབ་མ་ལ་ཡང་འགོམ་མི་བྱ། །ཕྱག་རྒྱའི་རྣམ་པའང་དེ་བཞིན་ཉིད། །སྔགས་དང་ལྷ་ལ་མི་སྨད་ཅིང་། །གདོན་གྱི་ལས་རྣམས་མི་བྱའོ། ། མུ་སྟེགས་པ་ཡང་སྨད་མི་བྱ། །མདོར་ན་བདག་ཉིད་ཐེ་ཚོམ་དང་། །སོམ་ཉི་ཡིད་གཉིས་མི་བྱ་སྟེ། །རྒྱུད་དང་ལྷ་སོགས་ལ་དེ་བཞིན། །དད་པ་བརྟན་པས་དམ་བཅས་ནས། །སརྦ་བིད་ཀྱིས་དབང་དེ་བཞིན། །བུམ་པ་ལ་སོགས་མཆོག་རྣམས་ཀྱིས། །དབང་ བསྐུར་བཅུ་པོ་འདོད་ཇི་བཞིན། །དེ་ནས་ལག་ཏུ་རྡོ་རྗེ་དང་། །དྲིལ་བུ་སྦྱིན་བྱ་དེ་རྗེས་ལ། །འཁོར་ལོ་ལ་སོགས་རིན་ཆེན་བདུན། །བཟུང་ནས་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་དབང་ཕྱུག་ཐོབ་ཕྱིར་དང་། །སྡིག་པ་གཞོམ་ཕྱིར་དབང་བསྐུར་ཞིང་། །སྔགས་བསྒྲུབ་འདོད་པའི་སློབ་ མ་ལ། །རྗེས་སུ་གནང་བ་ཉན་དུ་གཞུག །དེ་ནས་བསྟོད་པས་མགོ་བོ་ཡིས། །ཕྱག་འཚལ་ཇི་ལྟར་འདོད་པའི་རྫས། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་གཏེར་དང་འབྲུ་དང་དབྱིག །གསེར་དང་བཞོན་པ་ཁྱིམ་དང་གདན། །བུ་དང་བུ་མོ་སྐྱེས་པ་དང་། །བུད་མེད་རྣམས་ནི་ དབུལ་བྱ་ཞིང་། །གྲོང་དང་གྲང་ཁྱེར་ཅི་བཞེད་རྣམས། །རང་གི་སེམས་ནི་རབ་དང་བས། །ཡོན་རྣམས་ངེས་པར་དབུལ་བྱ་ཞིང་། །དངོས་གྲུབ་མྱུར་ཕྱིར་བླ་མ་ལ། །མདོར་ན་བདག་ཉིད་ཀྱང་འབུལ་བྱ། །ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕ་རོལ་བདེ་བའི་མཆོག །སངས་ རྒྱས་ཉིད་ཀྱང་འཐོབ་འགྱུར་ཏེ། །ལྷ་ཡི་བདེ་བ་ལྟ་ཅི་སྨས། །བླ་མ་སངས་རྒྱས་ཀུན་དང་མཉམ། །རྡོ་རྗེ་སློབ་དཔོན་སྨོད་པ་གང་། །དེ་ཡིས་རྟག་ཏུ་སྡུག་བསྔལ་འཐོབ། །དེ་ཕྱིར་སློབ་དཔོན་སྨད་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །གང་ཡང་སྨད་པར་མི་བྱ་ཞིང་། །ཁོན་པར་ཡང་ནི་མི་ བྱའོ། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །བླ་མ་སྨོད་བྱེད་མ་རུངས་རྣམས། །དམ་ཚིག་འདས་ལ་བཟོད་མི་བྱ། །དེ་ལྟ་བུ་སོགས་གནོད་བྱེད་ལའང་། །དེ་ལྟ་ཉིད་དོ་དེ་བྱས་ན། །ཀུན་རིག་གིས་གསུངས་དངོས་གྲུབ་འཐོབ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དངོས་ གྲུབ་མྱུར་དུ་འབྱུང་བ་འཐོབ། །དེ་ནས་བཅོམ་ལྡན་འདས