Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 17 / 18 (50.000 ký tự/trang)
ན་འདས་མཆོག་ཏུ་གསང་བས་གསུངས་སོ། །མ་མཆུ་སོ་རྣམས་ཀྱིས་བཟུང་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེའི་ལྟ་ བས་བལྟ་ཞིང་བྱེད་པ་དག་གིས་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །བདེ་བ་ཆེན་པོའི་གསང་བ་ཆེན་པོའི་རྡོ་རྗེ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོས་དགོད་ཅིང་བརྟན་པའི་རྡོ་རྗེ་ ལྟ་བུའི་བྱེད་པ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པར་བྱེད་པ་སྟ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །ཁྲོ་གཉེར་དང་བཅས་པ། ཁྲོ་བོའི་རྡོ་རྗེ་ལྟ་བ་དང་བས་པའི་བྱེད་བདག །སྣའི་དབུགས་ཆེན་པོའི་ཡི་གེ་ཧཱུྃ་ གིས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། རྡོ་རྗེ་ཉི་མ་ལྟར་མེ་འབར་བའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བས་ཅུང་ཟད་འཛུམ་པས་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བའི་བྱེད་པ་རྣམས་ཀྱིས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་སྟེ་པདྨ་ཆེན་པོའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །བསྙེམས་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཕྲ་བར་འཛུམས་པའི་ལྟ་བའི་བྱེད་པ་རྣམས་དང་། བཞིན་འཛུམ་པ་དང་། བཞད་པས་ནམ་མཁའ་ལ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་ པར་བྱེད་པ་སྟེ་རྡོ་རྗེ་ཆེན་པོ་ནི་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དོན་ཡོད་ཐོགས་མེད་གྲུབ་པ་དང་། །བདེན་པའི་བདག་ཉིད་འཇིགས་པ་མེད། །སངས་རྒྱས་ཀུན་དང་བདག་གིས་ཀྱང་། །གསང་བའི་ཕྱག་རྒྱ་ལེགས་གྲུབ་སྩོལ། །དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། །དེ་ནས་དེ་ཕྱིར་ མཆོག་དང་པོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་མཆོག །དང་པོ་ཤིན་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་སྟེ། མཆོག་གི་མཆོག་ནི་དང་པོ་དང་། །མཆོག་ཏུ་གསང་བ་དམ་པ་སྟེ། །འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས། །རྡོ་རྗེ་སེམས་དཔས་གསུངས་ པ་ཡིན། །རྡོ་རྗེ་འཆང་ཆེན་སློབ་དཔོན་ནི། །མཆོག་ཏུ་དང་ཞིང་རབ་དགའ་བས། །སྙིང་པོ་ལ་སོགས་རྣམས་མེད་ཀྱང་། །མྱུར་དུ་ཐམས་ཅད་སྒྲུབ་པར་བྱེད། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །སྒྲུབ་པ་འདི་ནི་རྨད་བྱུང་སྟེ། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས། །མ་གྲུབ་ རྣམས་ཀྱང་འགྲུབ་པར་འགྱུར། །གང་ཞིག་གྲུབ་པར་མ་གྱུར་དང་། །བསོད་ནམས་ཕུན་ཚོགས་མི་ལྡན་ན། །བདག་ཉིད་དམ་ནི་རྡོ་རྗེ་སེམས། །བསྒྲུབས་ན་དེ་ནི་མྱུར་དུ་འགྲུབ། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་སོགས་དང་ཉེ་སྙིང་པོས། །བསྒྲུབ་པར་བྱས་ཀྱང་མ་ གྲུབ་ན། །འཛུམ་པའི་ཕྱག་རྒྱས་བསྒྲུབ་པར་བྱ། །དེ་ཕྱིར་གསང་བའི་བཙུན་མོ་འདི། །རྡོ་རྗེ་སེམས་དཔས་རབ་དགའ་བྱེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །དགྱེས་པ་དེ་ཡིས་མྱུར་དུ་འགྲུབ། །དེ་ཉིད་ཆེན་པོ་འདི་གྲུབ་པ། །དམ་པ་མཆོག་གི་བདག་ཉིད་ནི། །གསང་ བ་མཆོག་ཏུ་བསོད་ནམས་ལྡན། །སོ་སོའི་སྐྱེ་བོ་ལ་བརྗོད་མིན། །དེ་ཉིད་གྲུབ་པའི་རྗེས་འབྲང་བའི། །རྡོ་རྗེ་སེམས་དཔའི་གྲུབ་པ་གང་། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དེ་བཞིན་གཞན་ལ་སྦྱིན་མི་བྱ། །གང་གིས་གྲུབ་པར་མ་གྱུར་ན། །དེ་ལ་དེ་ཉིད་སྦྱིན་པར་བྱ། ། དེ་ཉིད་འཛུམ་པས་མྱུར་དུ་ནི། །བདག་བྱིན་བརླབས་པས་འགྲུབ་པར་འགྱུར། །དེ་ཉིད་ཆེན་པོ་དག་པ་འདི། །རྡོ་རྗེ་ཅན་གྱི་མཚོན་ཆ་མཆོག །ཕྱག་རྒྱའི་རྒྱུད་ནི་བླ་མེད་པ། །མཆོག་ཏུ་གསང་བ་བཤད་པ་ཡིན། །དེ་ཉིད་དད་པའི་རྗེས་འབྲང་བའི། །རྡོ་རྗེ་སློབ་དཔོན་ཀུན་མཆོག་ལ། ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གཞན་རྣམས་ལ་ཡང་དེ་བཞིན་སྦྱིན། །ཕྱག་རྒྱའི་རྒྱུད་ནི་གཅིག་པུ་འདི། །བདག་ཉིད་གང་ལ་ཡོད་གྱུར་ན། །བདུད་ལ་སོགས་པ་རྣམས་ཀྱིས་ནི། །མི་ཐུབ་པ་དང་མི་སོད་འགྱུར། །དེ་ལ་རྒྱལ་བ་རྡོ་རྗེ་འཛིན། །ཀུན་མཆོག་དངོས་གྲུབ་ཀུན་ གསོལ་བ། །ཀུན་གསོལ་ཀུན་བྱེད་ཐམས་ཅད་དུ། །བཀའ་བསྒོ་བ་ཀུན་གྲུབ་པར་འགྱུར། །དཔལ་མཆོག་དང་པོ་གསང་བའི་བླ་མ་དམ་པའི་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག་རྒྱའི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་རྡོ་རྗེ་ སེམས་དཔའི་མཆོག་དང་པོ་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ལ་མཐའ་མེད་ཅིང་ཤིན་ཏུ་མཐའ་ཡས་པ་ཚད་མེད་ཅིང་གཞལ་དུ་མེད་པ། བླ་ན་མེད་པ། དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་གསང་བ་དང་། རབ་ཏུ་དགའ་བ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག་སྒྲུབ་ པར་བྱེད་པ་དང་། མཆོག་གི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཙུམ་བ་ན་དང་། །འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་ དགའ་བའི་དམ་ཚིག་རྣལ་འབྱོར་ཞེས་བྱ་བ་སྟེ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བ་གང་བརྗོད་པའོ། །དེ་གང་དང་གང་ལ་ཉེ་བར་སྦྱོར་བ་དེ་དང་དེར་བཅོམ་ལྡན་འདས་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །བྱིན་རླབས་མཆོག་ནི་རྟགས་མཛད་ནས། །རྡོ་རྗེ་ སེམས་དཔའ་མྱུར་དུ་གྲུབ། །ཙུམ་བ་ན་དང་འཁྱུད་པ་ལ་སོགས་པའི་རེག་བྱའི་རྒྱས་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང་། ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱི་ འདོད་པ་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ། །རྣམ་པར་འཕྲུལ་བ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་གི་ཟུར་གྱིས་ལྟ་བའི་ཕྱག་རྒྱ་སྟེ། །བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་མདའ་ཞེས་བྱ་བའི་རྒྱས་བཏབ་པས་ཐམས་ ཅད་རྗེས་སུ་ཆགས་པ་དང་། །དགུག་པ་དང་། །དབང་དུ་བྱ་བ་དང་། དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱིས་འདོད་པ་རྣམས་སྒྲུབ་པར་བྱེད་པའོ། །འཛུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གི་ལྟ་བ་ནི་མཆོག་ཏུ་དགའ་བའི་དཔལ་རྡོ་རྗེ་སྤྱན་ ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ་འདིས་ལྟ་ཞིང་བཏུང་བར་བྱའོ། །འདི་ནི་བཅོམ་ལྡན་འདས་ཀྱི་རབ་ཏུ་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཅེས་བྱ་བའི་ཕྱག་རྒྱ་སྟེ་ཚེ་ཟད་པ་ཐམས་ཅད་ཀྱང་འདིས་རྡོ་རྗེ་སེམས་དཔའི་ན་ ཚོད་གཞོན་པ་དང་། ནད་མེད་པ་དང་། གཟུགས་དང་། སྟོབས་དང་། གཟི་བརྗིད་ཀྱི་སྟོབས་དང་། སྤྲོ་བ་དང་། དངོས་གྲུབ་ཀྱི་མཆོག་ཐམས་ཅད་དང་། དཔལ་དང་སྐལ་བ་བཟང་པོ་དང་། དགའ་བ་ཆེན་པོ་དང་། ཤིན་ཏུ་བདེ་བ་ཐམས་ཅད་དང་། ཡིད་བདེ་བ་དང་། དངོས་ གྲུབ་ཀྱི་མཆོག་ཐོབ་པ་སྟེ། ཇི་སྲིད་དངོས་གྲུབ་ཀྱི་མཆོག་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་སྟེ། བཅོམ་ལྡན་འདས་ཡུམ་གྱི་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་མ་གཅིག་གིས་གྲུབ་པའོ། །བསྙེམས་པ་དང་བཅས་པའི་གཡོན་པའི་མིག་དགོད་ཅིང་སྟོད་པ་ནི་བཅོམ་ ལྡན་འདས་དགྱེས་པ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། ཕྱག་བྱེད་དུ་བཅུག་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཇི་སྲིད་མཆོག་ ཐམས་ཅད་གྲུབ་ཅིང་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཉིད་རབ་ཏུ་སྒྲུབ་པར་བྱེད་པའོ། །སྒེག་པ་དང་བཅས་པའི་ལྟ་བ་དང་། འཛུམ་པ་དང་གསོང་ཞིང་ཕྱག་འཚལ་བ་དང་ལྡན་པ་ནི་བཅོམ་ལྡན་འདས་ཕྱག་རྒྱ་ཕྱག་འཚལ་བའི་ཕྱག་རྒྱ་སྟེ། དགའ་བ་ཆེན་པོ་དཔལ་དོན་ཡོད་པའི་ དབང་ཕྱུག་གི་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྒྱས་བཏབ་པས་འདུད་པར་གྱུར་ནས་དངོས་གྲུབ་མཆོག་ཐམས་ཅད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་མཆོག་གི་ དམ་པའི་དངོས་གྲུབ་ཀྱིས་འགྲུབ་པར་འགྱུར་རོ། །རྣམ་པར་འཕྲུལ་པ་དང་། སྒེག་པ་དང་བཅས་པའི་འཛུམ་པའི་ཞལ་ཉིད་ནི་བཅོམ་ལྡན་འདས་མཆོག་དང་པོ་རྡོ་རྗེ་སེམས་དཔའི་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་དགའ་བས་བརྩོན་པ་ཞེས་བྱ་བ་མཆོག་ཏུ་གསང་ བའི་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་སྟེ། །འདིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་མཆོག་དང་པོའི་གླུ་ནི། །ཀུན་མཆོག་དངོས་གྲུབ་ཆེན་པོ་ནི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་ཀུན་རྒྱལ་པོ་སྟེ། །མི་འགྱུར་མཆོག་ནི་འགྲུབ་པར་འགྱུར། །རྣམ་པར་ འཕྲུལ་པ་དང་བཅས་པའི་སྒེག་པའི་འཛུམ་པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་གྲུབ་པར་བྱེད་དོ། །སརྦ་ཀུ་རུ་ཡ་ཐཱ་སུ་ཁྃ་ཞེས་ བྱ་བ་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་ པར་རྟོགས་པའི་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཡེ་ཤེས་དང་། མངོན་པར་ཤེས་ པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་རྡོ་རྗེ་ལྟ་བའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། འབེབས་པ་དང་། གཞུག་པ་དང་། གར་དང་། གླུ་དང་། རྣམ་པར་འཕྲུལ་པ་སྟོན་པ་དང་། བདེན་ངག་ཐམས་ ཅད་དང་། གྲོལ་བ་དང་པྲ་དབབ་པ་ཐམས་ཅད་བསྒྲུབ་པ་དང་སྒྱུ་མ་ཐམས་ཅད་དང་རྨད་དུ་བྱུང་བ་ཐམས་ཅད་སོ་སོར་སྟོན་པ་དང་སྣ་ཚོགས་པའི་གཟུགས་ཐམས་ཅད་ཀྱིས་བྱ་བ་སྟོན་པ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། གནོད་པ་དང་། འདུལ་བ་དང་། གསད་པ་དང་། ཐམས་ཅད་ ཕྱིར་འདྲེན་པ་དང་། ཐམས་ཅད་སྒྲུབ་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་གཞོམ་དུ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །ཐམས་ཅད་དག་པའི་ཏིང་འཛིན་གྱིས། །ཐམས་ཅད་མཉམ་པ་ཉིད་ཀྱི་གཟུགས། །སྣ་ཚོགས་པ་ཡི་བྱ་བ་ལ། ། རབ་འཇུག་མཆོད་པ་བྱིན་གྱིས་བརླབ། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱ་སྟེ། ཐམས་ཅད་རྣམ་པར་སྦྱོང་བ་དང་། སྲུང་བ་དང་། ཡོངས་སུ་སྦྱོང་བ་དང་། རིམས་ཐམས་ཅད་དང་། དུག་དང་། སྦྱར་བའི་དུག་དང་། གདོན་དང་། ནད་དང་། མཁའ་འགྲོ་མའི་ཕྱག་རྒྱ་ཉེ་བར་ཞི་བ་དང་། ཤི་བ་ཡང་དག་པར་གསོ་བ་དང་། དབང་ཕྱུག་ཐམས་ཅད་ཐོབ་པ་དང་། གཟུགས་སྣ་ཚོགས་པའི་བྱ་བ་ཐམས་ཅད་ལ་རབ་ཏུ་འཇུག་པ་ལ་སོགས་པའི་དོན་གྲུབ་པའི་དངོས་གྲུབ་མཐའ་ཡས་པ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་རབ་ཏུ་བྱེད་པའོ། །ནམ་མཁའ་ཕྲ་བར་བསྐྱོད་པ་དག་གིས་རོལ་ཞིང་རྣལ་འབྱོར་ཐམས་ཅད་ཀྱིས་རྗེས་སུ་ཆགས་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཕྱག་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་ བཏབ་པས་བཅོམ་ལྡན་འདས་རྗེས་སུ་ཆགས་ཤིང་དགྱེས་པ་དང་། བརྟན་པར་རྗེས་སུ་ཆགས་ནས་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ ཚོགས་ཡིད་ལ་འདོད་པ་རྣམས་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་ཡང་གསུངས་སོ། །མཆོག་དང་པོ་ནི་མཆོག་ཉིད་དུ། །གསང་བ་དམ་པ་གསུངས་པ་ཡིན། །མིག་སོགས་ཕྱག་རྒྱས་རྒྱས་བཏབ་པའོ། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱི། །ཙུམ་ བ་ན་དང་འཁྱུད་སོགས་ཀྱིས། །ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་སྟེ། །མྱུར་དུ་ཀུན་ལ་རྒྱས་གདབ་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་འདི་ནི་རྨད་བྱུང་སྟེ། །གྲུབ་པ་མེད་པ་རྣམས་ལ་ཡང་། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །གང་ལ་དངོས་གྲུབ་མེད་གྱུར་ དང་། །བསོད་ནམས་ཕུན་ཚོགས་མེད་པ་ཡང་། །བདག་ཉིད་རྡོ་རྗེ་སེམས་དཔའ་འམ། །རྒྱས་བཏབ་མྱུར་དུ་འགྲུབ་པར་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་ལ་སོགས་ཉེ་སྙིང་པོས། །བསྒྲུབ་བྱ་གྲུབ་པར་མ་གྱུར་ན། །ཙུམ་བ་སོགས་ཀྱིས་རྒྱས་གདབ་ བྱ། །གང་ཕྱིར་གསང་བའི་ཕྱག་རྒྱ་ནི། །དངོས་གྲུབ་ཀུན་གྱི་བདེ་དམ་པ། །རྡོ་རྗེ་སེམས་དཔའི་མཆོད་པ་མཆོག །དེ་ཡིས་མྱུར་དུ་འགྲུབ་པར་འགྱུར། །དེ་ཉིད་ཆེན་པོ་འདི་གྲུབ་པ། །མཆོག་གི་བདག་ཉིད་དམ་པ་སྟེ། །མཆོག་ཏུ་གསང་བ་བསོད་ནམས་ལྡན། །སོ་སོའི་སྐྱེ་བོ་ལ་ བརྗོད་མིན། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲང་ལ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྦྱིན་ཏེ་གཞན་ལ་སྦྱིན་མི་བྱ། །ཕྱག་རྒྱའི་རྒྱུད་འདི་འབའ་ཞིག་གི། །བདག་ཉིད་གང་ལ་ཡོད་གྱུར་ན། །བདུད་ལ་སོགས་པ་ཐམས་ཅད་ཀྱིས། ། མི་ཐུབ་པ་དང་སོད་མི་འགྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་དངོས་གྲུབ་ཀུན་སྩོལ་བ། །ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན། །ཐམས་ཅད་སྒྲུབ་པར་མཛད་པ་ཡིན། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་ གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་ཕྱག་རྒྱ་བཅུ་པ་རྫོགས་སོ།། །།དེ་ནས་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་མཐའ་ཡས་པ་ཚད་མེད་ཅིང་གཞལ་དུ་མེད་ཅིང་བརྗོད་ཀྱིས་མི་ལང་ཞིང་རབ་ཏུ་ཁྱབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་བཤད་ པའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཕྱག་རྒྱ་བཅུ་ནི་བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བའོ། །སྔོན་དུ་དང་པོའི་དངོས་གྲུབ་ཐམས་ཅད་ མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མྱུར་དུ་སྒྲུབ་པར་བྱེད་པ་སྟེ། དེ་ལ་འདི་ནི་སྐུའི་ཕྱག་རྒྱ་སྟེ་བ་དན་གསུམ་པ་དང་ཁ་ཊྭཱྃ་གའི་ཕྱག་རྒྱ་བཅིངས་ནས་གཡོན་པ་དྲིལ་བུ་དང་བཅས་ཤིང་གཡས་པ་བསླང་བའི་ཚུལ་དུ་བྱེད་པ་སྟེ། སྒེག་པ་དང་བཅས་པའི་མཛུབ་མོ་ ལ་སོགས་པ་བཀྲོལ་བའི་གར་གྱིས་རྡོ་རྗེ་འདོད་པའི་དབང་ཕྱུག་མ་བསྟོད་པ་སྟེ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱས་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགྱེས་པའི་དམ་ཚིག་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་མ་ཞེས་བྱ་བ་སྟེ། དེས་རྡོ་རྗེ་བསྙེམས་མ་ཡོངས་སུ་བཏང་བར་བྱས་ན་དངོས་གྲུབ་བཞིར་འགྱུར་རོ། །རྡོ་རྗེ་བསྙེམས་མ་དེ་ཉིད་ཀྱིས་རྒྱས་བཏབ་ན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་མི་འགྱུར་བའི་མཆོག་གོ། །མདའ་གསོར་བས་རྒྱས་བཏབ་ན་རྡོ་རྗེ་ལྷ་མོ་རྣམས་ཀྱང་རྗེས་ སུ་ཆགས་པར་བྱེད་ན་བུད་མེད་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེ་ཀི་ལི་ཀི་ལས་རྒྱས་བཏབ་ན་ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་ཀྱི་བུད་མེད་ཐམས་ཅད་རོལ་པར་བྱེད་ཅིང་མ་གྲུབ་ན་ཡང་ཐམས་ཅད་སྒྲུབ་པར་ནུས་པ་ཡིན་ནོ། །ཆུ་སྲིན་གྱི་རྒྱལ་མཚན་སྒྲེང་བའི་ཕྱག་རྒྱ་འདིས་ ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་གསོད་པའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཡོངས་སུ་དགོད་ཅིང་ཕྲེང་བ་དོར་བའི་སྔགས་དང་ཕྱག་རྒྱས་བཏབ་པ་ཙམ་གྱིས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པའོ། །མཆོག་ཏུ་གསང་བའི་རས་རིས་ཀྱི་ཕྱག་རྒྱ་ཅི་ལྟ་བ་བཞིན་དུ་བརྗོད་པར་ བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ་མི་ཟད་པའོ། །རྡོ་རྗེ་སྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་སྐྱོད་པ་དང་དབང་དུ་བྱེད་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་ལྷའི་གཟུགས་ བརྙན་མནན་ཅིང་རྒྱས་བཏབ་ནས་སྡིགས་མཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོར་མི་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང་ལས་རྣམས་བྱེད་པར་འགྱུར་རོ། །སྟན་མཐོན་པོ་ལ་སྐྱིལ་ཀྲུང་ཕྱེད་པས་འདུག་སྟེ། རྐང་པ་གཡོན་པས་རྡོ་རྗེ་ སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔའ་མནན་ནས། དངོས་གྲུབ་ཡིད་དུ་འོང་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན་ལྷ་ལ་སོགས་པའི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་ རྟགས་བཟུང་ནས་གཡས་པ་རྡོ་རྗེ་ལ་སོགས་པ་སྟོད་པའི་ཚུལ་གྱིས་འཛིན་ཅིང་། ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཤིང་སྟོབས་ཀྱིས་རོལ་བར་བྱེད་པའམ་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་ དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ་སྙིང་གར་སེན་མོ་འདྲུད་པའོ། །ལྕགས་ཀྱུ་བརྡེག་པའོ། །གཡོན་པའི་ལྕགས་ཀྱུ་ལ་གཡས་པ་དེ་གཞུག་པའོ། །ལྕགས་ཀྱུའི་རྩེ་མོ་བཙིར་བའོ། །ཕན་ཚུན་སེམས་བྲུད་པའི་སྙིང་གར་བྱས་པའོ། །ལྕེ་མཉམ་པར་བྱིན་པའོ། །སྙིང་གར་ རྡོ་རྗེ་བརྟན་པར་རབ་ཏུ་བཞག་པའོ། །རྡོ་རྗེས་བྱ་བ་པའོ། །རྩེ་བའི་ཕྱག་རྒྱ་ཡང་ངོ་། །འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུམ་ཚོགས་པ་དང་། བདེ་བ་དང་། ཕྱག་རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་ པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ། །དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ལས་བཅུ་ནི་དབུས་མའི་ལྕགས་ཀྱུས་སོ། །ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་སོར་མོ་རྣམས་ཐམས་ཅད་ཀྱི་ལས་སོ། །མཐེ་བོང་རྡོ་རྗེའོ། །དེ་ཉིད་ཀྱིས་མཐིལ་གཉིས་ སུ་བྲུད་པའོ། །མཛུབ་མོ་རྡོ་རྗེའོ། །དེ་ཉིད་ཀྱི་ལྕགས་ཀྱུ་གཉིས་སོ། །དབུས་མའི་རྡོ་རྗེའོ། །དེ་ཉིད་ཀྱིས་སོར་མོའི་རྩེ་མོ་བཅིང་བར་བྱའོ། །སྲིན་ལག་གི་རྡོ་རྗེའོ། །དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དག་གི་རོལ་མོའོ། །མཐེའུ་ཆུང་གི་རྡོ་རྗེའོ། །དེ་ཉིད་ཀྱིས་མཐེ་བོ་གཉིས་ཀྱི་སེན་མོ་བཙིར་ བའོ། །འདི་རྣམས་ཀྱིས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། དགུག་པ་དང་། རོལ་པ་དང་། ཆགས་པས་བཅིང་བ་དང་། ཐམས་ཅད་སྨྲར་གཞུག་པ་དང་། གར་བྱེད་དུ་གཞུག་པ་ དང་། དགོད་དུ་གཞུག་པ་དང་། གསོད་པའོ། །དེ་ནས་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་གར་གྱི་མཆོད་པ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་དང་། བུ་མོ་གཞོན་ནུ་མ་ཐམས་ཅད་བརྟན་པར་རྗེས་སུ་ཆགས་པ་ནི་རྡོ་རྗེ་ལྟ་བས་སོ། །རབ་ཏུ་དགའ་བའི་སྒྲུབ་པ་ནི་མ་མཆུ་ནང་དུ་གཡོ་ བར་བྱེད་པས་མྱང་བ་དང་བཏུང་བའོ། །ཆགས་པ་བརྟན་ཞིང་ལྟུང་བ་ནི་དབུགས་རིང་པོར་གཏོང་བས་སོ། །དེ་ནས་ལས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པ་ནི་དཔུང་པ་གཉིས་པ་སྟོད་པས་སོ། །ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་ནི་སྙིང་གར་གཞུག་པས་སོ། །ཡོད་པ་ཐམས་ཅད་ རྙེད་པ་ནི་མིག་དགུག་པས་སོ། །འདོད་པའི་ཆགས་པ་བསྐྱེད་པ་ནི་དབུས་དང་བཅས་པའི་དམན་པའི་གདོང་གིས་བལྟ་བས་སོ། །ཐམས་ཅད་འབེབས་པའི་ཆོ་ག་ནི་རང་གི་སྙིང་ཕྲ་བར་བསྐྱོད་པའི་ལས་རྣམས་ཀྱིས་སོ། །འདོད་པའི་ཆགས་པ་གསད་པ་ནི་དབུགས་བཏང་བས་རང་ཉིད་ལྡང་ བར་བྱེད་པས་སོ། །འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ཀྱི་བྱེད་པ་ནི་བཀའ་བསྒོ་བས་སོ། །དེ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་ཡང་ཉེ་བར་སྦྱོར་ན་དོན་ཡོད་གྲུབ་པས་སྐད་ཅིག་ཉིད་ཀྱིས་བརྟན་ ཞིང་མི་འགྱུར་བའི་དངོས་གྲུབ་ཀྱིས་རྒྱས་བཏབ་ན་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་བསྙེམས་མའི་ཕྱག་རྒྱས་ཐམས་ཅད་བསྒྲུབ་པའོ། །རྡོ་རྗེ་མཚོན་ཆ་མས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་ རྗེས་སུ་ཆགས་པའོ། །རྡོ་རྗེ་ཀི་ལི་ཀི་ལས་རབ་ཏུ་དགའ་བའི་རེག་བྱ་དང་དངོས་གྲུབ་ཐམས་ཅད་བདེ་བར་གྲུབ་པའོ། །རྒྱལ་མཚན་སྒྲེང་བས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མས་བདག་པོ་ཆེན་པོ་ཉིད་དོ། །དུས་ཀྱི་མཆོད་པས་ མཆོད་པར་འགྱུར་བ་ཉིད་དོ། །རྡོ་རྗེ་གསོར་བས་ཐམས་ཅད་འདུལ་བའོ། །རྡོ་རྗེ་དོར་བས་ཐམས་ཅད་གསོད་པ་དང་། ཐམས་ཅད་འཕྲོག་པའོ། །གཡོན་པ་བསྙེམས་ཤིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ལས་རྣམས་ཀྱིས་སྒྱུ་མ་དང་། རྫུ་འཕྲུལ་ཐམས་ཅད་དང་། སོ་སོར་སྟོན་པ་དང་། རྨུགས་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། བསྐོར་བ་དང་། བསྐྲད་པ་དང་། འབྲུ་དང་། ལྟུང་བ་འཕོག་པ་དང་། དབང་དུ་བྱེད་པ་ལ་སོགས་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའོ། ། རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་ཐམས་ཅད་དོ། །མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ། །རྡོ་རྗེ་གནོད་སྦྱིན་གྱིས་བདུད་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའི་དེ་ཉིད་ཀྱིས་མཐེ་བོའི་རྡོ་རྗེས་བཀབ་པས་ཐམས་ཅད་རྙེད་པའོ། །དེ་ཉིད་ཀྱི་མཐེ་བོ་གཉིས་བཅུག་པའི་གཙུག་ ཏོར་རྡོ་རྗེས་ཐམས་ཅད་བསྲུང་བའི་མཐེ་བོ་རྡོ་རྗེ་ནང་དུ་བཅུག་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱེད་པ་བསྒྲུབ་པའོ། །མཐེའུ་ཆུང་རྡོ་རྗེ་སོར་མོ་གཉིས་ཀྱི་རྩེ་མོ་གཉིས་མཛུབ་མོ་གཉིས་ཀྱིས་ ལེགས་པར་བཟུང་བས་མཐེ་བོ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ། །རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་ཐམས་ཅད་དང་དཔལ་དབྲོག་པའོ། །དེ་ཉིད་ཀྱི་དབུས་མ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ཡོངས་སུ་བཙིར་བས་བདུད་ལ་སོགས་པའི་གདོན་ ལས་གྲོལ་བ་དང་། དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ། །རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའོ། །དེ་ནས་གསང་བའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ། །སེམས་དཔའ་མནན་ནས་རྡོ་རྗེ་ལྷ་མོ་རོལ་དུ་གཞུག་པའོ། །དེ་ཡང་ རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པས་སོ། །རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་དང་བྲལ་བའི་འཁོར་ལོས་སོ། །མཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་བསྒྲེང་བར་བྱས་ལ་མཐེ་བོ་ དང་། མཐེའུ་ཆུང་མཉམ་ལ་དྲལ་བར་བྱ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་བསྒྲུབ་པ་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་ཅིང་བསྒྲུབ་པར་འགྱུར་རོ། །བཙིར་བས་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །མཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་དགུག་པའོ། །མཛུབ་ མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའོ། །རྟག་ཏུ་བསྐྱོད་པས་རབ་ཏུ་དགའ་བ་འབེབས་ཤིང་དེ་ནས་བསྒྲུབ་པའོ། །སྐྱེ་གནས་གཡོ་བས་བུད་མེད་དང་སྐྱེས་པ་དག་གིས་རབ་ཏུ་དགའ་བ་ལ་འཇིག་རྟེན་ལས་འདས་པའི་འདོད་པ་ཐམས་ཅད་ཀྱི་ བདེ་བ་ཆེན་པོ་ཤིན་ཏུ་མཐའ་ཡས་པའོ། །ཁ་སྦྱོར་བཙིར་བས་ཅི་སྲིད་འཚོ་བའི་བར་དུ་འདུས་པ་དང་བྲལ་བ་ཡང་ངོ་། །རྟགས་ཀྱི་སེན་མོ་གཡོན་པའི་མཐིལ་བྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ། །གཞན་གྱི་འདོད་པ་ལ་མི་ལྟ་ཞིང་གཞན་ལ་མི་ འགྲོ་བར་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་སྟེར་བའི་བུད་མེད་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐྱེ་གནས་སུ་སེན་མོ་བྲུང་པས་སྐྱེས་བུ་རྣམས་སོ། །དེ་ནས་ཐམས་ཅད་ཀྱི་བདག་ཉིད་ཀྱི་གསང་བའི་ཕྱག་རྒྱ་བཅུ་སྟེ། །དེ་ལ་ལུས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ འཁྱུད་ལམ་མཆུ་སོ་རྣམས་ཀྱིས་བཟུང་སྟེ། །རྨོངས་པས་བདེ་བ་སྟེར་དུ་གཞུག །བསྲུབ་པས་རབ་ཏུ་དགའ་བའི་དངོས་གྲུབ་ཀྱིས་རྡོ་རྗེ་སེམས་དཔའ་ཤིན་ཏུ་འགྲུབ་པར་འགྱུར་རོ། །མཆོག་དང་པོའི་དངོས་གྲུབ་ཀྱིས་སུ་ར་ཏ་སྟཱྃ་ཞེས་བཅོམ་ལྡན་འདས་ལ་བརྗོད་ཅིང་དེ་ཁོ་ན་ཉིད་བསྐུལ་བས་ འགྲུབ་པར་འགྱུར་རོ། །རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་ཐམས་ཅད་བསྒྲུབ་པའོ། །ལག་པ་གཡོན་པའི་ཁུ་ཚུར་གསང་བར་རེག་ན་ཐམས་ཅད་བསྒྲུབ་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བས་ཐམས་ཅད་གྲུབ་པའོ། །སྨིན་མ་གྱེན་དུ་བཏེག་པས་ལྟུང་བ་སློང་བའོ། ། རང་གི་མ་མཆུ་ནང་དུ་མྱང་བས་སྐལ་བ་བཟང་པོ་ཆེན་པོ་བསྒྲུབ་པའོ། །རང་གི་ལྕེ་བསྐྱོད་པས་རང་ཉིད་ཀྱི་བདེན་པ་ཐམས་ཅད་དང་དེ་ཁོ་ན་ཉིད་གསལ་ཞིང་མི་སླུ་བར་སྨྲ་བའོ། །རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་ སུ་ཡང་འགྱུར་བ་ཡིན་ནོ། །རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ནམ་མཁའ་ལ་འགྲོ་བའོ། །དེ་ནས་དང་པོ་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ཁ་ཊྭཱྃ་གིས་སོ། །དངོས་གྲུབ་ཐམས་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ། །དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ ཐམས་ཅད་དོ། །ཐམས་ཅད་གསོད་པ་ནི་ཁྲོ་བོའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་སྦྱར་བ་ནི་པདྨའི་ཁུ་ཚུར་དག་གིས་སོ། །ནོར་ཐམས་ཅད་འབྲོག་པ་ནི་ནོར་བུའི་ཁུ་ཚུར་གྱིས་སོ། །ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གར་བྱེད་དུ་ གཞུག་པ་ནི་ཁ་ཊྭཱྃ་ག་གཏོར་བའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་སྨྲར་གཞུག་པ་ནི་མཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་བསྐྱོད་པ་ནི་བརྟན་པའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་གཞུག་ཅིང་དོན་ཡོད་པར་བསྒྲུབ་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཁུ་ཚུར་གྱིས་སོ། །དེ་ ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མོའི་ཕྱག་རྒྱ་བཅུ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པར་སྐད་ཅིག་མས་མྱུར་དུ་གྲུབ་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། རྫ་རྔ་དང་། མུ་ཀུཎྜ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྔ་ཟླུམ་དང་། རྔ་པ་ཊ་ཧ་དང་། གུཉྫ་དང་། ཏི་མི་ལི་སྟེ། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་དུ་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་། དུག་དང་། སྦྱར་དུག་དང་། གདོན་ལས་གྲོལ་བ་དང་། གསོད་པ་དང་། འཐབ་མོ་ལས་རྣམ་པར་ རྒྱལ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན། །ཕྱག་རྒྱའི་རྟོག་པ་རབ་ཏུ་བརྟགས། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲངས་ལ། ། རྟོགས་པ་ཙམ་གྱིས་སྐད་ཅིག་གིས། །དོན་ཡོད་ཀུན་གྲུབ་བདེ་བར་གསོལ། །ཞེས་བྱའོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སྷོ།། །།དེ་ནས་མཆོག་ཏུ་མཁས་ཤིང་མཐའ་ལས་འདས་པ་ཚད་མེད་ཅིང་གཞལ་དུ་མེད་པ་མ་ ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་ཞེས་བྱ་བ་རྡོ་རྗེ་གར་ལས་བྱུང་བའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔས་གསུངས་སོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། །སྒེག་བཅས་འཛུམ་སོགས་བཀྲོལ་བ་ཡིས། །ལས་ཀྱི་ཕྱག་རྒྱ་ཆེན་པོ་བརྒྱ། །ཐམས་ཅད་གར་གྱིས་བསྒྲུབ་པར་བྱ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་ཁྱད་པར་དུ་ལས་ཀྱི་ཕྱག་རྒྱ་བཅིང་བ་སྟེ་བརྒྱ་ཕྲག་ དང་པོ་མཆོག་ཏུ་བསྒྲུབས་ཏེ་རྡོ་རྗེ་དམ་ཚིག་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཁ་སྦྱོར་ནང་དུ་གསལ་བ་སྟེ། །མཆོག་དང་པོ་ཡི་གསང་ཆེན་གྱི། །ལས་ཀྱི་ཕྱག་རྒྱ་རྒྱ་གཞན་ཡིན། །ཞེས་བྱ་བ་རྡོ་རྗེ་ལྷ་མོ་གསང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ། ། རྡོ་རྗེ་ལས་ཀྱི་མཆོད་པ་ཆེའི། །ཐལ་མོས་སྤྱི་བོར་བཟུང་ནས་ནི། །ལས་ཀྱི་ཕྱག་རྒྱ་གྲུབ་པས་ན། །དབང་པོ་རྣམས་དང་སྦྱར་བར་བྱ། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྙེམས་མས་གར་བྱ་ཞིང་། །སྒེག་བཅས་མཐེའུ་ ཆུང་སོགས་བཀྲོལ་བས། །དེ་ཉིད་བཅིངས་ནས་གར་བྱ་ཞིང་། །ཕྱི་མ་འདི་ནི་འབྱུང་བ་ཡིན། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱའོ། །རྡོ་རྗེ་ཐལ་མོ་མཉམ་གཞག་ནས། །ཐམས་ཅད་ཀྱིས་ནི་ བསྒྲུབ་པར་བྱ། །མཆོག་དང་པོའི་ལས་ཆེན་པོའི་ཕྱག་རྒྱ་མཆོག་གཞན་ཡིན་ནོ་ཞེས་བྱ་བ་རྒྱལ་མོ་ཐམས་ཅད་ཀྱི་ཕྱག་རྒྱ། མདའ་ལྔ་བསྡུས་པ་བཅིངས་ནས་ནི། །ལས་ཀྱི་ཕྱག་རྒྱ་བདེ་བ་བརྒྱ། །རབ་ཏུ་དགའ་མཆོག་མ་བཀྲོལ་བར། །བདེ་བ་ཉིད་དུ་མངོན་པར་སྦྱར། ། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཇི་བཞིན་ཕྱག་རྒྱ་མཆོག་སྦྱོར་བས། །ལས་ཀྱི་ཕྱག་རྒྱ་སྣ་ཚོགས་བརྒྱ། །མཆོག་དང་པོ་ནི་རབ་ཏུ་བརྟག །ཅེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལྷ་མོའི་ཁ་ཊྭཱྃ་ག། །ལུས་ཀུན་གྱིས་ནི་གར་བྱ་ཞིང་། །རྡོ་རྗེ་གར་མཆོག་གླུ་བླང་ཞིང་། །དང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ། །ཅི་ལྟར་གོང་དུ་རྒྱས་གསུངས་པ། །རོལ་མོ་མཆོག་གི་ཕྱག་རྒྱའི་ཚོགས། །རོལ་མོ་བརྡུང་ཞིང་གླུ་ལེན་པ། ། ཕྱག་རྒྱ་ཀུན་གྱི་གསལ་བ་བརྒྱ། །ཞེས་བྱ་བར་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་སྟོང་མཆོག་ཏུ་གྲུབ་པའོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་མཐའ་ལྟར་གྲངས་མེད་པའི། །ཕྱག་རྒྱའི་རྒྱལ་ མོ་གྲུབ་མཆོག་སྟེར། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་མཆོག་གྲུབ་ཕྱིར། །ནམ་མཁའ་ཀུན་གྱི་གོ་སྐབས་ཀྱིས། །དཀྱིལ་འཁོར་འདིར་ནི་རབ་ཏུ་ཞུགས། །དམ་པ་མཆོག་ཏུ་གྲུབ་པར་བྱེད། །མཆོག་གི་དམ་པ་རྒྱུད་ཆེན་པོ། །དམ་པ་མཆོག་གི་ དངོས་གྲུབ་སྟེར། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲངས་ལ། །ཕྱག་རྒྱ་ཀུན་གྱི་ཚུལ་འདི་ནི། །བསྟན་པར་བྱ་སྟེ་གཞན་ལ་མིན། །དེ་ལྟར་མཆོག་ཏུ་མི་འགྱུར་དམ་པའི་དངོས་གྲུབ་བདེ་བ་ཡི། །མཆོག་ཏུ་རྣམ་དག་རྡོ་རྗེ་བདེ་གྲུབ་མཐའ་ཡས་འབྲས་ བུར་ལྡན། །དཔལ་མཆོག་དང་པོའི་གསང་བའི་དེ་ཉིད་མཆོག་གི་སྐུའི་ཚུལ་ལོ། །མཆོག་ཏུ་རྟག་པའི་རྟོག་པའི་ཚུལ་འདི་ཡོངས་སུ་མཐར་ཐུག་པའོ། །དཔལ་མཆོག་དང་པོ་ལས་དམ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སྷོ།། །།དེ་ནས་ སེམས་དཔའ་ཆེན་པོ་ཀུན། །རྡོ་རྗེ་འཛིན་དང་བཅས་པའི་མཆོག །རྡོ་རྗེ་འཆང་ཆེན་གཙོ་བོ་ནི། །མགོན་ལ་བདེ་གཤེགས་རྣམས་ཀྱིས་གསོལ། །ཀུན་མཆོག་ནམ་མཁའ་ཆེན་པོ་ཡི། །དངོས་གྲུབ་དབང་ཕྱུག་རབ་གྲུབ་ཕྱིར། །རྟོག་པ་ཐམས་ཅད་ཀུན་བསྡུས་པའི། །དེ་ ཉིད་སེམས་དཔའ་ཆེན་པོས་གསུངས། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །རྟོག་པའི་དོན་འདི་གང་བརྗོད་པ། །གང་གིས་རྒྱུད་འདི་ཕྱི་མ་ལ། །དང་པོའི་གནས་མཆོག་ཅི་ལྟར་ལགས། །དེ་བཞིན་རྡོ་རྗེ་སེམས་དཔའ་ཉིད། །རབ་དགའ་ཉིད་དང་བཟང་བ་ཉིད། །རྡོ་རྗེ་བསྙེམས་ བདག་ཇི་ལྟར་ལགས། །སེམས་དང་སེམས་དཔའ་ཏིང་འཛིན་དང་། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །བྱང་ཆུབ་སྤྱོད་པ་ཇི་ལྟར་ལགས། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་ཇི་ལྟར་ལགས། །རྡོ་རྗེ་གཏུམ་པོ་མཐར་བྱེད་ཉིད། ། ཕྱག་ན་རྡོ་རྗེ་ཇི་ལྟར་ལགས། །ཇི་ལྟར་དང་པོའི་རིགས་བྱུང་དང་། །འདོད་པ་ཐར་པ་ཇི་ལྟར་ལགས། །ཇི་ལྟར་མགོན་པོ་རྣམ་གསུམ་དང་། །ཁྱོད་ནི་ཇི་ལྟར་ཐམས་ཅད་ཉིད། །དང་པོའི་སྙིང་པོ་ཇི་ལྟར་བྱུང་། །དེ་ཅི་ཉེ་སྙིང་ཇི་ལྟར་ལགས། །བདེ་ཆེན་རྡོ་རྗེ་ཆེན་པོ་ཡི། །དོན་ ཡོད་དམ་ཚིག་ཇི་ལྟར་ལགས། །དཀྱིལ་འཁོར་ཞེས་བྱ་ཇི་སྐད་གསུངས། །དེ་ཡི་རྣམ་སྨིན་ཇི་ལྟ་བུ། །ཐིག་གདབ་པ་དང་བརྟག་པ་ཡིས། །དངོས་གྲུབ་ཇི་ལྟར་གསུངས་པ་ལགས། །གསང་བ་ལྔ་ཡི་དེ་བདེ་བ། །ཇི་ལྟར་གྱུར་པ་ཇི་ལྟ་བུ། །དཀྱིལ་འཁོར་བདག་པོ་ རྣམས་དང་ནི། །རིགས་རྣམས་གསལ་བ་ཇི་ལྟར་ལགས། །ཐམས་ཅད་དབང་བསྐུར་དེ་ཉིད་དང་། །ཕྱག་མཚན་ཚོགས་ཀྱི་དེ་ཉིད་དང་། །ཐམས་ཅད་དགུག་གཞུག་མཆོད་པ་ཆེ། །བདག་བྱིན་བརླབས་སོགས་སྒྲུབ་པ་ཆེ། །དེ་ནི་དེ་ཉིད་གསང་བ་དང་། །དོན་ཡོད་པ་ ནི་མཆོག་ཉིད་དེ། །མི་འགྱུར་དམ་པ་འགྲུབ་པའི་ཕྱིར། །ཐམས་ཅད་བདག་ཅག་རྣམས་ལ་གསུངས། །ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་མདོ་གསུངས་སོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །རྟོག་པ་ཀུན་གྱི་བདག་པོ་ནི། ། ཐེ་ཙོམ་ཚོགས་རྣམས་གསན་ནས་སུ། །འདི་ཡི་ལན་ནི་གསུངས་པ་ཡིན། །དེ་ལ་རྟོག་པའི་དོན་གྱི་རྒྱུད་ཅི་ལྟར་ཡིན་ཞེ་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་ནི་ཡོངས་བརྟགས་པས། །དེས་ནི་རྟོག་པར་གསུངས་པ་སྟེ། །རྟོག་པ་ཡོངས་སུ་དག་ ཕྱིར་རོ། །དེ་ནས་རྒྱུད་ཕྱི་མ་ཇི་ལྟར་ཡིན་ཞེ་ན། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད། །ཕྱི་མ་སྔར་དང་ཡང་དག་བྱུང་། །དེ་ཉིད་གསང་བའི་གསང་བ་དང་། །ཕྱི་མ་དང་བཅས་རྒྱུད་དུ་འདོད། །དེ་ལ་དང་པོ་གནས་ཞེས་བྱ་བའི་རྒྱུད་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་ཀུན་ལ་རབ་ཏུ་ གནས། །རྡོ་རྗེ་ཀུན་མཆོག་རང་བཞིན་མཆོག །བདེ་བ་ཆེན་པོ་དགའ་བ་ཆེའི། །གྲོང་ཁྱེར་དེར་ནི་མི་འགྱུར་མཆོག །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟོག་པ་ཐམས་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུངས་སོ། །དེ་ལ་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་ སེམས་དཔའ་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །དེ་ནས་བཅོམ་ལྡན་འདས་དེ་གང་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རབ་ཏུ་དགའ་བ་མི་འགྱུར་མཆོག །དེ་ལ་བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་ཅིང་ཤིན་ཏུ་རྟག །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །དེ་ཉིད་འདི་ཡིས་གསང་བ་འདི། །འདོད་ ཆགས་ཆེན་པོ་དགའ་བ་ཆེ། །དེ་ལ་ཅི་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའི་ཆོ་ག་མཆོག །དེ་ལ་རྡོ་རྗེ་བསྙེམས་པའི་བདག་པོ་བཅོམ་ལྡན་ འདས་ཇི་ལྟར་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག །རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་པའི་བདག་པོའི་བདག །ཅེས་བྱ་བ་ནི་བཅོམ་ལྡན་འདས་མཆོག་དང་པོའི་སྐྱེས་བུའོ། །མཆོག་དང་པོ་ཡི་དེ་ཉིད་འདི། ། རྡོ་རྗེ་སེམས་དཔའ་གང་གང་བརྗོད། །དངོས་གྲུབ་ཀུན་གྱི་འབྱོར་པ་རྣམས། །དེ་ལ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་ པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཐམས་ཅད་ཀྱི་སེམས་ཅན་ཇི་ལྟར་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་རྒྱ་ཆེ་བ། །ཟབ་དངོས་ཀུན་བདེ་མི་འགྱུར་བ། །ཐམས་ཅད་ཁྱབ་ཅིང་དྲི་མ་མེད། །བྱང་ཆུབ་སེམས་ནི་བདག་བརྟན་པ། །དེ་ནས་འདིའི་ ལས་ཀྱི་ཁྱད་པར་ནི། སེམས་ཉིད་བརྟན་པ་ཉིད་སེམས་པས། །ཏིང་འཛིན་དེ་ལ་མཉམ་པར་གཞག །རྣམ་ཤེས་ལས་ནི་རྡོ་རྗེ་ཀུན། །རྡོ་རྗེ་ལས་ནི་འཛིན་འགྱུར་ཏེ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ཇི་ལྟར་ཡིན་ཞེ་ན། སེམས་དཔའི་བྱིན་རླབས་སྦྱོར་བ་ནི། །བདག་ལ་བྱིན་རླབས་མཆོག་བསྒྲུབ་ པ། །ཉིན་རེ་སྒྲུབ་པར་བྱེད་ན་དེས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །དེ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱོད་པ་ཇི་ལྟར་ཡིན་ཞེ་ན། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་གྱུར་པས། །དེ་ཕྱིར་ང་ནི་ཀུན་ཏུ་བཟང་། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་ པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་བདུད་ཉིད་དང་འདུལ་བས་རྒྱལ་བ་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་ཁོ་ན་བདུད་ཉིད་དེ། །སེམས་ཉིད་དེ་བཞིན་གཤེགས་པའོ། །རང་སེམས་གདུལ་བར་བྱ་བའི་ཕྱིར། །བདག་ནི་བདུད་ཉིད་གྱུར་པ་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་ པའི་བྱང་ཆུབ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར་རྟོག་པའི་ཕྱིར། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །དེ་ཕྱིར་དེ་ཉིད་སངས་རྒྱས་ཉིད། །བདག་བྱིན་རླབས་མཆོག་གྲུབ་ཕྱིར་རོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན། མི་ཕྱེད་སོ་སོར་རྟོགས་པ་དང་། །གདུག་ པ་ཐམས་ཅད་ངེས་པར་གནོན། །སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ། །བྱང་ཆུབ་སེམས་ནི་བརྟན་པ་བདག །ཀུན་ཏུ་བཟང་པོའི་ལག་ཏུ་ནི། །མཚོན་ཆ་དེ་ནི་རྒྱལ་བས་བྱིན། །བརྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །དེས་ན་ཕྱག་ན་རྡོ་རྗེ་དེས། །དེ་ལ་ཇི་ལྟར་དང་པོའི་རིགས་ལས་བྱུང་བ་ཤེས་པའི་རྒྱུད་ ཡིན་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ཡུམ། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རིག་རྣམས་རབ་ཏུ་བྱུང་བའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་དང་ཐར་པ་ཡིན་ཞེ་ན། བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དངོས་གྲུབ་ཐམས་ཅད་རྗེས་ཆགས་ ཕྱིར། །དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཡིན་ཞེ་ན། བདག་ནི་དུས་གསུམ་མཐའ་ཡས་ཕྱིར། །ང་ནི་སྲིད་གསུམ་གདུལ་བྱའི་ཕྱིར། །གསུམ་མཆོག་འཇིག་རྟེན་གསུམ་ཀུན་ཕྱིར། །འཇིག་རྟེན་གསུམ་ང་ཁམས་ གསུམ་ང་། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཡིན་ཞེ་ན། ང་ཉིད་བརྟན་པ་ཐམས་ཅད་བདེ། །བསོད་ནམས་ཀུན་མཆོག་ཆེ་བའི་ཕྱིར། །གཡོ་བ་སེམས་ཀྱིས་འདུས་བྱས་ཕྱིར། །སྒྱུ་མ་ཐམས་ཅད་ང་ཡིན་ནོ། །ཞེས་བྱ་བ་རང་གི་ལས་ཀྱི་བྱ་བའི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔས་གསུངས་ སོ། །དེ་ལ་ཇི་ལྟར་དང་པོའི་གླུ་བྱུང་བ་ཤེས་པ་ཡིན་ཞེ་ན། སྲིད་པ་ཤིན་ཏུ་གྲུབ་པ་ཡི། །དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར། །གཟི་ཅན་སེམས་ཅན་དོན་མཛད་ཕྱིར། །བསྐལ་པ་ཐོག་མར་བཅོམ་ལྡན་གསུངས། །དེ་ནས་དེ་གང་ཡིན་ཞེ་ན། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། ། རབ་ཏུ་དགའ་བ་མི་འགྱུར་མཆོག །གསང་བའི་ཕྱིར་ནི་སྙིང་པོར་བརྗོད། །ཡི་གེ་ཧཱུྃ་ནི་མི་འགྱུར་མཆོག །དེ་ནས་ཉེ་བའི་སྙིང་པོ་ཡི། །དེ་ཁོ་ན་ཉིད་ཤེས་པ་ནི། །དེ་ཉིད་གསང་ཞིང་གསང་བ་དང་། །སྙིང་པོ་རབ་ཏུ་བརྗོད་པར་བྱ། །སྙིང་པོའི་རྗེས་སུ་སྒྲུབ་པར་འགྲུབ། །ཉེ་བའི་སྙིང་པོ་ཉིད་དུ་བརྗོད། ། དེ་ལ་ཇི་ལྟར་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པ་དམ་ཚིག་གི་བཤད་པའི་རྒྱུད་ཡིན་ཞེ་ན། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །རྡོ་རྗེ་དེ་ཉིད་དོན་ཡོད་གྲུབ། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བའི་མཆོག་གི་དམ་པའི་གླུ་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་དཀྱིལ་འཁོར་གྱི་དོན་ཤེས་པ་ཡིན་ཞེ་ན། ཇི་ལྟར་གནས་དང་འཁོར་ལོ་དང་། །ཇི་ལྟར་དགོད་པར་འགྲོ་བ་དང་། །འཁོར་དང་བཅས་པ་དགོད་པ་གང་། །དེ་འདྲའི་འཁོར་ལོ་མཆོག་གིས་སྤྲུལ། །དེ་ནས་རྣམ་པར་ཤེས་པ་ནི། །རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །འཁོར་ལོ་མངོན་ སུམ་མཐོང་བ་ཡིས། །རྟག་པའི་བསོད་ནམས་ཅི་འདྲ་བ། །ཕྱིར་ན་བྲིས་ནའང་དེ་བཞིན་ནོ། །དེ་ནས་ཐིག་གདབ་པའི་ཆོ་ག་ནི། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིས། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར། ། ཀ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་། །སྒོ་བཞི་རྟ་བབས་ཁ་ཁྱེར་དང་། །དྲ་བ་དྲ་ཕྱེད་ལ་སོགས་བརྒྱན། །དེར་བདག་པོའི་དོན་ཤེས་པ་ནི་རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །དཔལ་མཆོག་དང་པོ་ཞེས་བྱར་བརྗོད། །དེ་ནས་བཅོམ་ ལྡན་འདས་དེ་གང་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ནས་སྤྱན་རས་གཟིགས་དབང་གིས། །པདྨ་རཱ་ག་དང་མཚུངས་པ། །ཐམས་ཅད་དག་པ་བླ་ན་ མེད། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད། །དེ་ནས་པདྨའི་རིགས་ཀྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །པདྨ་ཆེན་པོའི་རིགས་དག་པའི། །ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས། །ཞེས་བྱའོ། །དེ་ལ་ཇི་ལྟར་ནམ་མཁའི་སྙིང་པོ་ ཡིན་ཞེ་ན། ཐམས་ཅད་ནམ་མཁའ་བཅོམ་ལྡན་འདས། །སེམས་ཅན་བསོད་ནམས་མཐོང་ཞིང་ཆེ། །ནམ་མཁའི་སྙིང་པོ་སེམས་དཔའ་དང་། །དེ་ནས་ནོར་བུ་རིགས་ཀྱི་ནི། །དབང་བསྐུར་བ་དང་གཏེར་དང་ནི། །རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ། །ནོར་བུ་ཆེན་པོའི་རིགས་གྲུབ་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་ པའོ། །ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན་ཆེན་རྡོ་རྗེ་ཕྱེད། །རྡོ་རྗེ་རིན་ཆེན་རྡོ་རྗེ་ལ། །སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ། །ནོར་བུ་ནོར་བུ་འཛིན་པའོ། །དེ་ནས་མཆོག་དང་པོའི་ ཕྱག་མཚན་གྱི་དེ་ཁོ་ན་ཉིད་དོ། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་མཚོན་ཆ་ཆེ། །གསང་བ་ལྔ་ཡི་དེ་ཉིད་ཆེ། །རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ། །དེ་ནས་རིགས་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཤེས་པ་ནི། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད། །སྣ་ཚོགས་བྱ་བར་རྡོ་རྗེ་ཅན། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ ཆོས། །ནོར་བུ་ནོར་བུ་བསགས་པའོ། །ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། །རྟོག་པ་ཐམས་ཅད་གསང་ཆེན་གྱི། །རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས། །བཀུག་སྟེ་དེ་ནས་རྗེས་བསྒྲུབ་པ། ། དྲིལ་བུ་ཉིད་ཀྱིས་བྱ་བ་ཡིན། །ཇི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱིས། །རབ་ཏུ་དགའ་བས་མཆོད་ནས་ནི། །གླུ་དང་རོལ་མོ་རྣམ་འཕྲུལ་བས། །མཆོད་དེ་སླར་ཡང་རྣལ་འབྱོར་མཆོད། །དེ་ལ་ཇི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ ཉིད་ཡིན་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱིས། །ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས། །དམ་ཚིག་ཆེན་པོ་འདི་ཉིད་ཀྱིས། །རང་ཉིད་བསྒྲུབས་ནས་སྙིང་པོ་བཟླས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པའི་བདག་པོའི་བདག ། ཅེས་བྱ་བ་མཆོག་དང་པོའི་སྐྱེས་བུའོ། །དེ་ལ་ཇི་ལྟར་རང་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན། བརྟན་པ་དང་ནི་གཡོ་བ་དང་། །རྟོག་པ་ཀུན་ལས་བསྒྲུབ་བྱ་གང་། །རང་གི་ལྷག་པའི་ལྷ་སྦྱོར་བས། །དེ་དག་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་ཐམས་ཅད་རྗེས་སུ་སྒྲུབ་པའི་རྒྱུད་ནི། རྡོ་རྗེ་དྲིལ་བུ་འཛིན་ གྱུར་ནས། །རྡོ་རྗེ་དྲིལ་བུ་རབ་སད་ཅིང་། །རྟོག་པ་ཐམས་ཅད་རྗེས་བསྒྲུབས་པས། །མཆོག་དང་ལས་སོགས་འགྲུབ་པར་འགྱུར། །དེ་ལ་ཇི་ལྟར་འབད་པ་མེད་པ་ཐམས་ཅད་སྒྲུབ་པའི་རྒྱུད་ཡིན་ཞེ་ན། བསྒྲུབ་བྱ་ཅི་འདོད་བསྒྲུབས་ནས་ནི། །ཕྱི་ནས་ཇི་ལྟར་འདོད་པ་ཡིས། །ཅི་འདོད་སྤྱོད་པ་ལ་སྤྱོད་ཅིང་། །ཐམས་ཅད་བྱེད་ ཅིང་ཐམས་ཅད་བཟའ། །ལངས་པའམ་ནི་འདུག་པའམ། །གང་དང་དེ་རུ་འཆག་པའམ། །དགོད་པ་དང་ནི་སྨྲ་བའམ། །གང་དེར་ཇི་བཞིན་དེ་བཞིན་ནོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་བཞག་ནས་རྣལ་འབྱོར་གྱིས། །རང་གི་ལྷག་པའི་ལྷ་སྦྱོར་བྱ། །དེ་ཉིད་རྣལ་འབྱོར་འདི་ཡིས་ ནི། །ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ། །སངས་རྒྱས་ཀུན་དངོས་ཐམས་ཅད་ནི། །རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར། །དམ་ཚིག་ཆེན་པོ་དེ་ཉིད་ནི། །མཁས་པ་གང་ཞིག་དད་པས་ཀློག །དེ་ནི་སྡིག་ཀུན་དང་བྲལ་བས། །དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྱུར། །ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ ཉིད་དོ། །དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་མཉམས་མཆོག་གི་བླ་མ་གསལ། །མཆོག་ཏུ་གསང་བསྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ། །རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ། །བདེ་ཆེན་དམ་པ་རྡོ་རྗེ་འཛིན་པ་དགའ་ཆེན་མཆོག་གིས་དེ་ གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་ག །དེ་ནས་སྟོན་པ་རྡོ་རྗེ་འཛིན། །མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ། །སངས་རྒྱས་ཀུན་གྱིས་བསྟོད་ནས་ནི། །རྟོག་པའི་མཐར་ཐུག་དོན་གསུངས་སོ། །བདག་གི་སྙིང་པོ་དང་འདི་མཆོག་ཆེན་པོའོ། །བདེ་ཆེན་མཆོག་གི་མཆོག་དང་རྗེས་སུ་ ཆགས་པ་ཆེ། །ཀུན་མཆོག་སེམས་དཔའ་རྣམས་ཀྱི་རྟག་ཏུ་འབྱུང་གནས་ནི། །ཀུན་མཆོག་འབྱོར་པའི་དབང་ཕྱུག་འདི་ནི་གསོ་བ་ཡིན། །མཐའ་ཡས་པ་དང་ཐོག་མེད་མཐར་ཐུག་མེད་པ་ནི། །མཆོད་བྱ་ཆེན་པོ་ཐམས་ཅད་རྣམས་ཀྱི་ཚུལ་ཆེན་པོ། །ནམ་མཁའ་དང་མཚུངས་མཆོག་གི་དངོས་འཕེལ་གསོལ། ། དེ་ནི་སུས་ཀྱང་མཐར་ཐུག་བྱེད་པར་ནུས་པ་མིན། །སེམས་ཅན་རྣམས་ནི་དམན་ལ་ཞེན་ཅིང་ཉུང་ལ་དགའ། །དད་པ་མེད་ཅིང་སླུ་བ་བྱེད་ལ་མ་སྦྱངས་པ། །རྟག་ཏུ་རྗེས་སུ་ཆགས་ཤིང་ཆགས་བྲལ་ལ་ཆགས་པ། །དེ་རྣམས་ལ་ནི་ཕན་ཕྱིར་འདི་ནི་མཐར་ཐུག་པའོ། །གང་གི་ཁྱིམ་ན་འདི་གནས་གང་གིས་རབ་ཏུ་བསྒྲུབ་ པའམ། །ཡང་ན་ཇི་བཞིན་གསུངས་པ་རྟག་ཏུ་འདིར་སྒྲུབ་བྱེད། །སོ་སོར་ཉམས་སུ་མྱོང་བའི་མཐུ་ཡིས་ཐམས་ཅད་དུ། །བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས། །རྡོ་རྗེ་འཆང་སོགས་སྐུ་ནི་གང་གིས་སྒྲུབ་བྱེད་པ། །གཟུགས་བརྙན་ལ་སོགས་ཐམས་ཅད་འདིར་ནི་ཇི་བཞིན་གསུངས། །དེས་ ནི་ཐམས་ཅད་སོ་སོར་ཉམས་མྱོང་ནུས་པར་ལྡན། །བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས། །གང་ཞིག་རྡོ་རྗེ་ལ་སོགས་གཟུགས་བརྙན་ལ་སོགས་པ། །ཇི་ལྟར་འདོད་པ་འདི་དག་ཐམས་ཅད་སྒྲུབ་པར་བྱེད། །རབ་ཏུ་འདོད་པས་ཡི་གེ་ཧཱུྃ་ལས་བྲིས་ནས་ནི། །འདོད་པའི་དངོས་གྲུབ་དེ་ཡིས་ སྟེར་ཞིང་ཐོབ་པར་འགྱུར། །རྒྱལ་པོ་རྣམས་ཀྱིས་རྣམ་པར་སྦྱང་བར་མཛད་པ་ནི། །གང་ལ་དོན་ཀུན་དག་ཕྱིར་མཛད་པར་མི་འགྱུར་མིན། །འདི་ནི་བགེགས་བྱེད་བདུད་རྣམས་ཀྱང་ནི་ཡོད་མ་ཡིན། །རྟོགས་པས་དངོས་གྲུབ་འཕེལ་ཞིང་བྱིན་གྱིས་བརླབས་པ་ཡིན། །ང་ནི་བདུད་ཉིད་མི་འགྱུར་བརྟན་ མེད་ཉིད་མི་འགྱུར། །བརྟན་པ་ཉིད་ཕྱིར་ང་ནི་བརྟན་པར་མཛད་པ་ཡིན། །རྟག་པ་འདི་ནི་མཆོག་ཆེན་གང་གིས་སྒྲུབ་བྱེད་པ། །དེ་ལ་ང་ནི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད། །དངོས་གྲུབ་ཆེན་པོ་ལ་ཐམས་ཅད་རྗེས་སུ་ཆགས་ཤིང་ཤིན་ཏུ་མཉེས་པ་དང་། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་རྒྱས་པ་དང་། རྟག་ཏུ་རྒྱ་ཆེ་བར་འགྱུར་བ་ཡིན་ནོ། །གང་ཞིག་མཆོག་གི་རྒྱལ་པོ་སྙིང་པོ་སྒྲུབ་བྱེད་པ། །རྒྱལ་བ་ཐམས་ཅད་དགྱེས་ཤིང་རྒྱལ་བ་དགྱེས་པར་མཛད། །དེ་དག་གྲགས་པ་ཆེན་པོ་ཐོབ་ནས་བདེ་བའང་ཐོབ། །དེ་ཕྱིར་འདི་ལ་དད་ཅིང་གུས་པར་བྱ་བ་ཡིན། །དེ་ནས་རྒྱལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཡབ་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། །སྲས་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། །རྡོ་རྗེ་མཆོག་ནི་རྡོ་རྗེ་འབྱུང་བ་ལེགས། །དམ་པའི་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས། །སངས་རྒྱས་རྣམས་ཀྱིས་ཡང་དག་བྱིན་ བརླབ་པ། །རྟག་ཏུ་མི་འགྱུར་དོན་ཡོད་གྲུབ་པ་ཆེ། །ཇི་ལྟར་དང་པོའི་གྲུབ་པ་དེ་བཞིན་དུ། །ཕྱི་ནས་ཀྱང་ནི་དེ་བཞིན་གྲུབ་པར་འགྱུར། །དེ་ལྟར་ངག་ཆེན་གསུངས་ནས་ནི། །སྲས་དང་བཅས་པའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡི། །གསུང་ལ་རྗེས་ སུ་ཡི་རང་མཛད། །དཔལ་མཆོག་དང་པོ་ལས་རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་རྫོགས་སོ།། །།ཐུགས་དམ་སའི་སྙིང་པོ་ཐོ་ལྡིང་དུ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀཱ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ལྷ་བཙན་པོ་དགེ་སློང་བླ་མ་ཞི་བའི་འོད་ཀྱི་ཞལ་སྔ་ ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ཡིས། །དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། །བར་བར་དཔེ་མ་རྙེད་པས་མ་འགྱུར་ནས། །བདག་གིས་འབད་པས་དཔེ་བཙལ་རྙེད་པས་བསྒྱུར།། །། ༄༅༅། །རྒྱ་གར་སྐད་དུ། །ཨཱཪྻ་པྲཛྙཱ་པཱ་ར་མི་ཏཱ་ན་ཡ་ཤ་ཏ་པཉྩཱ་ཤ་ཏི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པའི་བྱེ་བྲག་རྣམ་པ་ཐ་དད་པ་དང་ལྡན་པ། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད་པན་གྱིས་ཁམས་གསུམ་དུ་དབང་བཅུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ། སྣ་ཚོགས་ཀྱི་བྱ་བ་མཛད་དེ། མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་ ཕྲིན་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ། རྟག་པ་ཁམས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ་སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན་གཤེགས་པ། ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས། འདོད་པའི་ཁམས་ཐམས་ཅད་ན། ནོར་བུ་རིན་པོ་ཆེ་ཆེན་པོས་རབ་ཏུ་སྤྲས་པ་དང་། བ་དན་ཁ་དོག་སྣ་ཚོགས་དྲིལ་བུ་བརྒྱུས་པ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། རྒྱན་ཕྲེང་དང་། ཆུན་འཕྱང་དང་། ཟླ་བ་ལྟ་བུས་མཛེས་པར་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ། ཤིས་པ་ ཐམས་ཅད་བསྟོད་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་སྟེ། ཡོངས་སུ་བསྐོར་ཅིང་ མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏེ། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་ཀྱི་མཐའ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་པ་རྣམ་པར་དག་པའི་གནས་དེ་ནི་འདི་ ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྡུག་པའི་འཆིང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་ གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྙེམས་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། ། བྱང་ཆུབ་སེམས་དཔའི་གནས་སོ། །རྒྱན་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཡི་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྣང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའི་གནས་སོ། །ལུས་བདེ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དྲི་ རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལག་ན་རྡོ་རྗེ་སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ ཐོས་ན་ཡང་དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྒྲིབ་པ་ཐམས་ཅད་དང་ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་དུ་ནམ་ཡང་སྐྱེ་བར་མི་འགྱུར། སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་ མེད་པར་འབྱང་བར་འགྱུར་རོ། །སུ་ཞིག་འཛིན་པ་དང་། ཉིན་རེ་ཞིང་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཚེ་འདི་ཉིད་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བར་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་མྱོང་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་ཚེ་བཅུ་དྲུག་གིས་དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་པ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དཀྱིལ་འཁོར་ ཐམས་ཅད་པ། རྡོ་རྗེ་འཛིན་མཐའ་དག་གི་སེམས་ཅན་གྱི་མཆོག་ཁམས་གསུམ་མ་ལུས་པ་མཐའ་དག་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི་ཁམས་ལུས་པ་མེད་པ་འདུལ་བ། དོན་ཐམས་ཅད་གྲུབ་པ། དམ་ཚིག་ཆེན་པོ་པ། རྡོ་རྗེ་གསང་བའི་སེམས་ཅན་ ཆེན་པོ་དུ་མས་གཡོག་བྱས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་ཏེ་ཐོག་མའི་རྡོ་རྗེ་ཆེན་པོ་གསོར་ནས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་ཅིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ ཀྱི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞི་བའི་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་ རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དོན་གཅིག་པའི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཐམས་ ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ལག་ན་རྡོ་རྗེ་སུ་ལ་ལ་ཆོས་མངོན་པར་སྒྲུབ་པ་བཞི་པོ་འདི་དག་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེ་སྡིག་པ་ཐམས་ཅད་སྤྱོད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ གི་བར་དུ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་དོན་གནས་ འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་རབ་ཏུ་སྨྲས་སོ། །ཨ། དེ་ནས་མ་རུངས་པ་ཐམས་ཅད་འདུལ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་ བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་འདི་བཤད་དེ། འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་ཀྱིས་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དོ། །གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་ ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ལག་ན་རྡོ་རྗེ་སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེས་འདུལ་བའི་དབང་གི་ཕྱིར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བསད་ཀྱང་ངན་སོང་དུ་འགྲོ་ བར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཆོས་ཉིད་འདིའི་དོན་རྒྱ་ཆེར་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་ཁྲོ་གཉེར་དང་བཅས་ཤིང་སྨིན་ མ་བཏེག་སྟེ་འབར་བར་ལྟ་ལ་པདྨའི་གདོང་ཁྲོ་ཞིང་དགོད་དེ། མཆེ་བ་གཙིགས་ནས། རྐང་པ་གཡོན་པ་བརྐྱང་བའི་ཚུལ་དུ་གནས་པས་གནས་ནས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སྡིག་པ་ཐམས་ཅད་ རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ལག་ན་རྡོ་རྗེ་སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེ་འདོད་ཆགས་དང་། དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨ་ལྟ་བུར་འདོད་ཆགས་ཀྱི་ཉེས་པ་རྣམས་དང་། དྲི་མ་རྣམས་དང་། གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། པདྨའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ ལ་ལྟ་ཞིང་འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨ་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧྲཱིཿ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དབང་བསྐུར་བ་སྦྱིན་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ནོར་སྦྱིན་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་སྦྱིན་པ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་སྦྱིན་པ་ནི་ལུས་དང་ངག་དང་སེམས་ཀྱི་ བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཞིན་རབ་ཏུ་འཛུམ་སྟེ། རང་གི་མགོ་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བ་འཆིང་ཞིང་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན་པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཏྲཱྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ། དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གནས་རྡོ་རྗེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་ དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་ པ་ནི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་། ཀློག་པ་དང་ ལུང་འབོགས་པ་དང་། སྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཤེས་པ་ཐམས་ཅད་དང་། དགོས་པ་ཐམས་ཅད་དང་། ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གནས་འདི་རྒྱ་ཆེར་བསྟན་ཏེ། དེ་བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། ། ཨཿ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ མཚན་མ་མེད་པའོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་ རབ་ཏུ་འཛུམ་བཞིན་དུ་བདག་གི་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་སྨྲས་སོ། །ཨ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དེར་འདུས་པའི་དེ་བཞིན་གཤེགས་པས་འཁོར་ལོ་ཆེན་པོ་ལ་འཇུག་པ་ ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཆོས་ཐམས་ ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོས་ཉིད་ཀྱི་དོན་འདི་རྒྱ་ཆེར་སྟོན་ཅིང་ འཛུམ་དམུལ་ནས་རྡོ་རྗེའི་འཁོར་ལོ་བསྐོར་ཞིང་རྡོ་རྗེའི་འཁོར་ལོ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་སྣོད་ཀྱིས་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཚུལ་འདི་བཤད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། བརྗོད་པ་དང་། སྟོན་པ་དང་། ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། མཆོད་པ་བྱེད་པ་ནི་དེ་བཞིན་གཤེས་པ་ཐམས་ཅད་ལ་མཆོད་ པའི་ཆོ་ག་རྒྱས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམས་བའི་མཛོད་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རང་དུ་འཛུམ་ཞིང་ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཨོྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ ཅད་འདུལ་ནུས་པ་ཡང་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་སེམས་ཅན་ཐམས་ཅད་འདུལ་བ་ཤེས་པའི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ཁྲོ་བ་འདུལ་བ་ ཉིད་དོ། །སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དོན་དེ་ཉིད་ རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་ བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ། །ཐམས་ཅད་ཆོས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ། །ཐམས་ཅད་ལས་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ། །ངག་ཐམས་ཅད་རབ་ཏུ་འབྱུང་བས་སེམས་ཅན་ ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་ རང་གི