Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
་ཏྃ། བཛྲ་ཏ་ཐཱ་ག་ཏ་ཧཱུྃ། བཛྲ་ཀྲོ་དྷ་
མ་ཧཱ་ཡོ་གི་ནི་ག་ཎེ་ཤྭ་ར། མ་ཧཱ་བཛྲ་ཀུ་ལོ་གྲ་པ་ནེ་ཧོ། བྷ་ག་བཱ་ན་བཛྲ་ཙཎྜེ་ཤྭ་རཱ་ཡ། ཧ་ཧ་ཧ་ཧ་ཧྲཱིཿ། བཛྲ་པདྨོ་ད་བྷ་བ་ཧོ། བྷ་ག་བཱ་ན་བཛྲ་ལོ་ཀེ་ཤྭ་རེ། མ་ཧཱ་པྲ་མེ་སིད་དྷྱ། ཨོྃ་བྷཱུ་ར་བྷུ་བ་སྭཿ། སྭ་སྟི་ན་མཿསྭཱ་ཧཱ། ཧེ་བཛྲ་ཀུ་སུ་མཱ་ཡུ་དྷ། སརྦ་ཀཱ་མ་མེ་སཱ་དྷ་ཡ་ཧོ།
བྷ་ག་བཱ་ན་བཛྲ་ཨཱ་ཀཱ་ཤ་གརྦྷ། བ་བ་ཊ་ཊ་ཏྲྃ། བཛྲ་ཨཱ་ཀཱ་ཤ་གརྦྷ་ཨ་ཤེ་ཥྃ་མུ་དྲཱ། ན་མོ་ཡེ་ན་སཱ་དྷེ་ན། བྷ་ག་བ་ཏེ་པྲཛྙཱ་པཱ་ར་མི་ཏཱ་ཡུ་དྷ། ཙྪིནྡ་བཛྲ་ཎི་ཙཀྲེ་ཎ་ཏེ་ནས་ཏྱེན་པཱ་པ་ཀ་ན། ཨོྃ་དྷཱིཿ། ཤྲཱི་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། བཛྲ་པར་མི། ཨོྃ་བཛྲ་གཽ་རི་མ་ཧཱ་བི་དྱ་ཏྲཻ་ལོ་ཀྱ་བི་ཛ་ཡེ་ཤྭ་རི་བཛྲ་ཀྲོ་
དྷ་ཨ་ག་ནི་ས་མ་ཡེ། བཛྲ་དྷ་རི་ན་མོ་སྟུ་ཏེ། ཏད་ཡ་ཐཱ། ཨོྃ་ཧི་ལི་མི་ལི་ལེ་ལི་ཏཱ་ལི་བཛྲ་ཀ་མུ་ཀ་ཡེ་སྭཱ་ཧཱ། བཛྲ་ས་མ་ཡ་ན་མོ་ཡེ་ན་སཱ་དྷྱེ་ན་བྷ་ག་བ་ཏི། །བུདྡྷ་བོ་དྷི་རྦུད་དྷ་དྷ་ར། བཛྲ་དྷརྨ་པྲ་ཡོ་གེ་ན། ཏེ་ནས་ཏྱེ་ན་སིདྷ་མཱྃ། ཨོྃ་ཏཱ་རེ་ཏུ་ཏྟ་རེ་ཏུ་རེ་སྭཱ་ཧཱ། བཛྲ་དྷ་མོ་ཏ། ཨོྃ་ཀརྨ་བཛྲི་ཎི་སིདྦྷྱ་
སིདྦྷྱ་བི་ཤུདྡྷ་སཱ་དྷྱ་བ་ཧ། ག་ག་ནོད་བྷ་བེ། ཡོ་གེ་ན་སིདྡྷ་མཱྃ་པ་ར་མ་ཀ་རེ། ཏདྱ་ཐཱ། ག་ག་ན་བི་ཤུད་དྷེ། སརྦ་མ་བ་པྲི་ཡ་པ་རི་པཱུར་ནི་སྭཱ་ཧཱ། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །རྡོ་རྗེ་འཛིན་པ་རང་ཕྱོགས་གནས། །ལྷ་དབང་དང་ནི་མ་མོ་ཉིད། །འཇིག་རྟེན་སྐྱོང་རྣམས་
དགོད་པར་བྱ། །ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡི། །རོལ་མོ་ཆེ་བཅུ་རྡུང་བྱེད་པ། །ཕྱི་ཡི་དཀྱིལ་འཁོར་ཁ་ཁྱེར་དང་། །སྒོ་དང་མཚམས་སུའང་དེ་བྲིའོ། །སྒོ་རྣམས་ཀུན་ཏུ་འཇུག་པ་ནི། །རང་གི་ཕྱག་རྒྱ་རབ་ཏུ་གཞུག །དཀྱིལ་འཁོར་དམ་པ་ལྔ་པར་ནི། །དང་པོའི་

སྦྱོར་བས་འཇུག་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་ནི། །དང་པོ་ལྕགས་ཀྱུ་ཆེ་དེ་ཉིད། །སྙིང་པོ་འདི་ནི་རྗོད་བྱེད་ཅིང་། །འགུགས་པ་འདི་ནི་བརྗོད་པར་བྱ། །ཨོྃ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་སིདྡྷི་ཧཱུྃ། །སརྦ་ཏ་ཐཱ་ག་ཏན། ས་མ་ཡ་ཨཱ་ཀ་རྵ་ཡ་ཛཿ། བཛྲ་ཀུ་ལ་དི་པྃ།
ད་མ་ཡེ་ཏྭ་པྲ་བེ་ཤ་ཡ་ཧཱུྃ། སརྦ་ལོ་ཀེ་ཤྭ་རྃ་པྲ་བེ་ཤ་ཡ་ས་མ་ཡ་བ་ན་དྷ་ན་བྃ། ས་མ་ཡ་སརྦ་རཏྣ་དཱི་པྃ་མ་ཧཱ་མ་ཎི་རཱ་ཛཱ་ནཱྃ། བ་ཤཱི་ཀུ་རུ་ཧོཿ། ཧཱུྃ་ཨཱཿཧཱུྃ་ཧྲཱིཿཏྲཱྃ། དེ་ནས་གསང་བ་ཆེན་པོ་ཡི། །སྙིང་པོ་བཟང་པོ་འདི་བརྗོད་པས། །རྡོ་རྗེ་འཆང་ཆེན་རྒྱལ་པོ་ནི། །འཁོར་ལོ་
ཐམས་ཅད་དང་བཅས་པར། །བཀུག་ཅིང་རབ་ཏུ་བཅུག་པ་དང་། །བདེན་པས་བཅིངས་ཏེ་དབང་དུ་བྱས། །དཀྱིལ་འཁོར་རྒྱལ་པོ་མཆོག་ཐམས་ཅད། །དངོས་གྲུབ་ཀུན་གྱིས་འགྲུབ་པར་འགྱུར། །དེ་ནས་གོ་རིམས་ཇི་བཞིན་དུ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་
དང་། །དངོས་གྲུབ་དེ་རྣམས་ཉིད་ཀྱང་ནི། །ཐམས་ཅད་ཀྱང་ནི་བསྒྲུབ་པར་བྱ། །བདེ་བ་ཐམས་ཅད་མི་འགྱུར་གནས། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །རྡོ་རྗེ་འདི་ནི་བསྒྲུབ་ལ་སོགས། །འདི་ནི་ཚེ་འདིར་འགྲུབ་པར་འགྱུར། །དེ་ལྟར་སྣ་ཚོགས་པའི་དོན་སྦྱང་བའི་དོན་གྱི་
ཆོ་ག་འགྲོ་བ་དཔག་ཏུ་མེད་པ་འདུལ་བ། མཐའ་མེད་ཅིང་སྣ་ཚོགས་པ་མཉམ་པ་མེད་པའི་ཕུལ་དུ་བྱུང་བ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་འཛིན་པའི་བདེ་བའི་མཆོག་བྱེད་པ་རྒྱལ་བ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྲིད་པའི་བདེ་བ་མཆོག་བྱེད་པ་གསུངས་
པ་ཡིན་ནོ། །དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ལས། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཀུན་གྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་གསང་བ་རས་བྲིས་ཀྱི་ཆོ་ག་གསུངས་པ་ནི། སངས་རྒྱས་ཀུན་
ཀྱི་གསང་བ་ཆེ། །དམ་ཚིག་མཆོག་གི་སྒྲུབ་པ་དང་། །བདེ་བ་ཆེན་པོའི་གཞལ་ཡས་ཁང་། །དངོས་གྲུབ་ཀུན་གྱིས་ལུས་བྱས་པ། །དེ་བཞིན་གཤེགས་མཆོག་ཆེན་པོ་ཡི། །རིན་ཆེན་རྒྱལ་པོ་སོགས་ཀྱིས་བརྒྱན། །བདེ་བ་ཆེན་པོ་ཆགས་པ་ཡི། །གླུ་དང་རོལ་

མོ་རྗེས་ཆགས་པ། །བླ་མེད་དགའ་བ་ཆེན་པོ་ཡི། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །དགའ་བ་ཆེན་པོ་དཔལ་གྱི་གནས། །རང་གི་བཞུགས་གནས་མཆོག་དེ་ལ། །རབ་ཏུ་དགའ་བའི་རྒྱལ་པོ་མཆོག །མི་འགྱུར་མཆོག་ནི་ཡང་དག་བཞུགས། །
རྡོ་རྗེ་སེམས་དཔའ་བདག་རང་ཉིད། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཀུན་ཏུ་བཟང་པོ་འཁོར་བ་དང་། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །རྡོ་རྗེ་བསྙེམས་པ་བདག་པོའི་བདག །ཀུན་མཆོག་ཆགས་པ་ཆེན་པོ་ཡི། །དངོས་
གྲུབ་དབང་ཕྱུག་རྗེས་གྲུབ་པ། །གླུ་དང་རོལ་མོ་ཐོག་མཐའ་མེད། །མཆོག་ནི་བཅོམ་ལྡན་འདས་ཀྱིས་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་ཐམས་ཅད་འཛིན་པ་ནི། །གསང་བ་ལྔ་ཡི་དེ་ཉིད་ཆེ། །ཕྱག་རྒྱའི་ལྷ་མོ་བྱུང་བར་གྱུར། །རྟག་ཏུ་ཆགས་དང་
དངོས་གྲུབ་ཆེ། །རྣམ་རྒྱལ་དབང་ཕྱུག་ལྷག་པའི་ལྷ། །ཕྱག་རྒྱ་དམ་པ་བཞི་པ་སྟེ། །སེམས་དཔའ་བྱིན་གྱིས་བརླབས་པའི་སྐུ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་འདི་ཡིན་ཏེ། ཀུན་མཆོག་སོ་སོར་རྟོག་པ་དང་། །དངོས་གྲུབ་ཀུན་གྱི་བདེ་བའི་མཆོག །ཀུན་མཆོག་རྣམ་རྒྱལ་
མཐོང་བའམ། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ། །དངོས་གྲུབ་རྣམས་དང་ཕུན་ཚོགས་དང་། །དགའ་བ་དག་དང་བདག་པོ་རྣམས། །རྡོ་རྗེ་ལྷ་མོ་ཐོག་མཐའ་མེད། །རྡོ་རྗེ་སེམས་དཔའི་སྐུ་ཡི་མཆོག །ཅེས་བྱའོ། །དེ་ནས་མཆོག་ཏུ་གསང་བའི་མི་རྣམས་ནི་དགའ་བ་
ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་དམ་ཚིག་གི་འདོད་པའི་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་དོན་ཡོད་ལ་ཆགས་པའི་དམ་ཚིག་གི་རྡོ་རྗེ་ཀི་ལི་ཀི་ལི་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ཆགས་པའི་དམ་ཚིག་རྣམ་པར་རྒྱལ་བའི་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་
ཡོད་ལ་ཆགས་པའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །འདི་རྣམས་གསང་བའི་མཚན་དག་ནི། །མཁས་པས་གང་ཞིག་དད་པས་བརྗོད། །དེ་ནི་ཕྱག་རྒྱ་ཐམས་ཅད་ཀྱི། །དངོས་གྲུབ་ཀུན་བདག་བདག་པོར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་

ཏུ་གསང་བས་གསུངས་པ་ཡིན་ནོ། །དེ་ནས་འདི་སྒྲུབ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་བརྟག་པ་སྟེ། །སྡིག་པ་ཆེ་ལ་དགའ་བ་དང་། །སྒྲུབ་པ་གང་ཞིག་མ་གྲུབ་ཀྱང་། །རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །དེ་དག་ཀྱང་ནི་མྱུར་འགྲུབ་འགྱུར། །ཉིན་རེ་འམ་ནི་ཟླ་རེ་
འམ། །དེ་བཞིན་ལོ་ནི་རེ་རེ་ལ། །ཅི་མངོན་མངོན་འདོད་འགྲུབ་པར་བྱ། །ཅི་རྙེད་པ་དང་ཅི་བདེ་བས། །རས་ལ་བཅོམ་ལྡན་བྲི་བར་བྱ། །ཀུན་བདག་དམ་ཚིག་དབང་ཕྱུག་སྟེ། །གང་ཞིག་བྲིས་པར་གྱུར་ན་ནི། །མཆོག་ཏུ་རྟག་པའི་ཐར་པ་ཐོབ། །བཞད་པ་དང་
བཅས་ཟླ་བའི་འོད། །སྣ་ཚོགས་པདྨའི་འོད་འབར་བ། །སངས་རྒྱས་ཀུན་གྱི་དབང་བསྐུར་སོགས། །སྣ་ཚོགས་རྒྱན་དང་ན་བཟའ་ལྡན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་བསྙེམས་པའི་མཆོག་འཆང་བ། །གཡོན་པ་དྲིལ་བུ་མཆོག་བསྙེམས་པ། །
རྡོ་རྗེ་སེམས་དཔའ་རབ་ཏུ་བརྟག །དེ་ཡི་ལོགས་ན་བཞུགས་པ་རྣམས། །དེ་ཡི་འོད་ཀྱི་དཀྱིལ་འཁོར་བརྟེན། །རབ་ཏུ་དགའ་དང་བདེ་བའི་སྐུ། །གསང་བ་ཆེན་པོ་དགོད་པར་བྱ། །དང་པོ་པདྨ་ལྟར་དཀར་དམར། །གཞན་ནི་པ་ལ་ཤ་ལྟར་དཀར། །གཞན་ནི་ཨུཏྤལ་འདབ་
ལྟར་སྔོ། །རྡོ་རྗེ་བསྙེམས་མ་སེར་པོ་འཛིན། །དང་པོ་དང་ནི་གཉིས་པ་དག །གཡས་ཀྱི་ལོགས་ལ་བརྟེན་པ་སྟེ། །གསུམ་པ་དང་ནི་བཞི་པ་དག །གཡོན་གྱི་ལོགས་སུ་བཞུགས་པ་ཡིན། །རྡོ་རྗེ་ཀི་ལི་ཀི་ལི་མ། །དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ། །དེ་ཡི་ལོགས་
ལ་རྡོ་རྗེ་ཆེའི། །མདའ་ནི་གསོར་བ་ལ་བརྩོན་པ། །བསྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས། །དེ་ཡི་ལོགས་ན་བཞད་དང་བཅས། །མཆོད་པས་བདག་པོ་ལ་ལྟ་བ། །སངས་རྒྱས་རིན་ཆེན་དབང་བསྐུར་མཚན། །ཐམས་
ཅད་སྤྱན་གྱི་ཕྱག་རྒྱ་གཟིགས། །རང་ལ་བདག་ནི་ཐུགས་གཏད་པ། །ཟུར་དུ་བལྟ་ཞིང་བཞུགས་པའོ། །རས་རིས་འདི་ནི་མཐོང་བ་ཡིས། །རྟག་པའི་བསོད་ནམས་ཐོབ་པར་འགྱུར། །མཆོད་པ་དང་ནི་བརྟགས་པ་ཡིས། །མཆོག་ཏུ་དགའ་བའི་ཐར་པ་ཐོབ། །ཅེས་བྱ་བ་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟར་མཆོག་ཏུ་དགའ་བ་རབ་ཏུ་འདོད་པ་ནི། །མཆོག་ཏུ་དགའ་བ་དག་པ་དམ་པའི་དངོས་གྲུབ་འགྲུབ། །གསལ་ཞིང་རྣམ་པར་རྒྱལ་བ་ཡི། །རྒྱལ་བའི་རས་རིས་ཆེན་པོ་འདི། །ཐམས་ཅད་
གཟིགས་པ་རྣམས་མཆོད་པ། །ཆེན་པོ་ཡིས་ནི་དཔལ་འདིར་རོལ། །འཁོར་ལོ་དེ་ནི་བརྟགས་བྱས་ནས། །མཆོག་ཏུ་གསང་བའི་དཀྱིལ་འཁོར་ནི། །རྣམ་པར་དབེན་པའི་ཁང་པར་རམ། །ཡང་ན་སྐྱེད་མོས་ཚལ་སོགས་སུ། །དེ་བཞིན་གཤེགས་མཆོག་ཆེན་པོ་
ཡི། །རས་རིས་རྒྱལ་པོ་སོགས་ཀྱིས་བརྒྱན། །དྲིལ་བུ་དང་བཅས་ཡིད་དགའ་བའི། །བླ་རེ་ཕུལ་བས་མཆོག་གྱུར་པའི། །རྡོ་རྗེ་གླུ་ཡི་མཆོད་སོགས་དང་། །གླུ་དང་རོལ་མོ་རྣམ་འཕྲུལ་བ། །མེ་ཏོག་སྤོས་སོགས་རབ་སྦྱོར་བ། །མར་མེའི་སྦྱོར་བས་ཡང་དག་
མཆོད། །ཁང་པ་སུམ་བརྩེགས་དཀྱིལ་འཁོར་དུ། །མཆོག་གི་གསང་བ་བསྒྲུབ་པར་བྱ། །ཡང་ན་བདག་ཉིད་ཁོ་ན་མཆོག །རང་གི་ལྷག་པའི་ལྷར་བསྒོམ་བྱ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང་། །རང་ཉིད་ཀྱིས་ནི་རྟག་ཞུགས་ནས། །རྡོ་རྗེ་ཀུན་འཆང་སློབ་དཔོན་ནི། །
དངོས་གྲུབ་ཀུན་ལ་འགྲུབ་པར་འགྱུར། །རང་ཉིད་ཁྲུས་བྱས་དྲི་ཞིམ་བསྒོས། །ཇི་སྙེད་རྒྱན་དང་གོས་དང་ལྡན། །སྣ་ཚོགས་གོས་ཀྱིས་ཡང་དག་བཀླུབས། །ཕྲེང་བཅས་ཁ་ནི་དྲི་ཞིམ་པ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །མེ་ཏོག་སྤོས་དང་དྲི་སྣོད་བཅས། །རྡོ་རྗེ་གླུ་ནི་འདི་
དག་གིས། །གར་བྱེད་གྲོང་ཁྱེར་འཇུག་པར་བྱ། །དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་འཇུག་ལ་མཆོག་ཏུ་གསང་བའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །
མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུྃ་བྃ་ཧོཿརབ་ཏུ་གྲུབ་པར་མཛོད། །རབ་ཏུ་ཞུགས་ཏེ་གཡོན་པ་ཡིས། །རྡོ་རྗེའི་མིག་གིས་མགོན་ལ་འདུད། །གཡོན་པ་བསྙེམས་པ་ཅུང་ཟད་བཞད། །བསྟོད་ཅིང་མཛེས་པའི་མིག་བཙུམས་པ། །དེ་ལ་མཆོག་ཏུ་གསང་བ་

དམ་པ་དཔལ་དམ་ཚིག་གསུམ་གྱི་ཕྱག་འཚལ་བའི་མེ་ཏོག་གི་སིལ་མ་དོར་བའི་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུྃ་བྃ་ཧོཿཧི་ཧི་ཧི་ཧི་ཧི། །
མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །དེ་ནས་མེ་ཏོག་སིལ་མ་དོར། །རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །ལྡན་པའི་དོན་གསལ་སྦྱིན་པར་བྱ། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་རྡོ་རྗེ་སེམས་དཔའི་
དབང་བསྐུར་བའི་མཆོག་ཏུ་གསང་བའི་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། ཨོྃ། སངས་རྒྱས་ཀུན་ལྡན་རིན་ཆེན་མཆོག་གིས་བརྒྱན། །ལྷ་ཡི་ཅོད་པན་དང་བཅས་ཁྱོད་ལ་འདུད། །རྡོ་རྗེ་འཆང་བདག་རིན་ཆེན་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་ས་མ་ཡ་སྟྭྃ་ཧྃ། །
དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །རྡོ་རྗེ་ལ་སོགས་ཐོབ་བཟུང་བས། །རྡོ་རྗེ་སེམས་དཔའ་གཉིས་པ་འདྲ། །རྡོ་རྗེ་ཐམས་ཅད་འཛིན་རྒྱལ་པོ། །རྡོ་རྗེ་ཅན་གྱིས་བྱིན་
བརླབས་འགྱུར། །ཞེས་བྱ་བ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་གཅིག་པུའི་ཆོ་ག་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འདིར་བསྒྲུབ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་རྟག་པ་
ཡང་། །གང་གིས་སྒྲུབ་པོ་དམ་པ་དང་། །སྡིག་ཆེན་བྱེད་པ་རྣམས་ཀྱང་ནི། །རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །མ་གྲུབ་རྣམས་ཀྱང་གྲུབ་པར་འགྱུར། །ལུགས་མའམ་ནི་བརྡུངས་མའམ། །འདུས་བྱས་པའམ་བྲིས་པའམ། །དང་པོའི་སེམས་དཔའ་
བཞུགས་གསོལ་ནས། །དེ་ཡི་མདུན་དུ་ཆོ་ག་བཞིན། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་རླབས་སོགས་བསྒྲུབ་རྣམས་སོ། །དེ་ལ་ཇི་ལྟར་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་

གསུམ་གྱི་དངོས་གྲུབ་ཐམས་ཅད་དགུག་པའི་རྒྱུད་ནི་འདི་ཡིན་ཏེ། རང་ལྷག་ལྷ་ཡི་སྦྱོར་བ་ལས། །ཐམས་ཅད་དགུག་པའི་སྦྱོར་བ་ཡིས། །ཡན་ལག་མཆོག་གིས་རོལ་བཅས་པས། །གར་བྱ་ཞིང་ནི་དགུག་པར་བྱ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
མཆོག་གི་དངོས་གྲུབ་མཆོག་ཏུ་གསང་བའི་དམ་ཚིག་གི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཛཿམཆོག་དང་པོའི་རྡོ་རྗེ་འཆང་བ་རྡོ་རྗེ་སེམས་དཔའ་བདེ་བ་རབ་རྟོགས་རབ་ཏུ་དགའ་བ་ཁྱོད་བདག་སངས་རྒྱས་སོ་སོར་རྟོགས། ཧཱུྃ་མཆོག་རྡོ་རྗེ་ལས་ནི་མཆོག་ཏུ་མི་འགྱུར་ཟད་མེད་སྲིད་པ་རབ་བསྒྲུབ་བདེ་དང་ཡིད་
བདེ་དམ་ཚིག་བདག་ལ་དེང་གྲུབ་མཛོད། །བྃ་མཆོག་བདག་གི་སྐུ་འཛིན་རྣལ་འབྱོར་ཐམས་ཅད་རྣམ་རྒྱལ་བསྒྲེང་བ་རབ་མཆོག་དག་པ་བདེ་བར་འགྱུར་བའི་པདྨའི་རྒྱལ་པོ་ཀྱེ། །ཧོཿརབ་མཆོག་ནི་མཆོག་གི་དངོས་གྲུབ་དམ་པ་ཐམས་ཅད་དབང་ཕྱུག་དམ་པར་བདག་གྱུར་ཅིག །རྟག་པར་
བདག་འཕེལ་ནམ་མཁའི་སྙིང་པོ་ཁྱོད། །ཧུ་ལུ་ཧུ་ལུའི་སྒྲུབ་པས་དབབ་པར་མཛོད། །དམ་ཚིག་ཆེན་པོས་ཡང་དག་དགུག་པ་ཁྱོད། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་སྟེ། །རབ་ཏུ་དགའ་བ་མཆོག་བདག་པོ། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་
གསུམ་གྱི་དངོས་གྲུབ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ཆོ་ག་ཅི་ལྟར་ཡིན། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། །མཆོད་པ་ཀུན་མཆོག་སྐུ་རྣམས་ཀྱི། །མཆོད་དེ་སྔགས་པས་གླུ་རྣམས་ཀྱི། །རོལ་མོའི་རྣམ་འཕྲུལ་གྱིས་རྗེས་མཆོད། །དེ་ནས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་མཆོག་གི་དངོས་གྲུབ་ཀྱི་མཆོད་པ་ཆེན་པོའི་ཆོ་གའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་དགའ་བ་ཡིན། །བདེ་བ་ཆེན་པོ་གསལ་མཐོང་བདག་ལ་
བརྟན་གྱུར་ཅིག །མྱུར་དུ་སོ་སོར་མཁྱེན་ནས་རབ་ཏུ་འདོད་པ་བསྒྲུབས། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་པའི་སྒྲུབ་པ་ཆེན་པོ་ཅི་ལྟར་ཡིན། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །ཕྱག་རྒྱ་ཀུན་གྱིས་

བྱིན་བརླབས་པ། །དེ་ཉིད་ཆེན་པོའི་མཆོག་གིས་ནི། །རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་བྱིན་གྱིས་བརླབས་པའི་གསང་བ་ཆེན་པོ་དམ་པའི་དམ་ཚིག་གི །རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་
ཏེ། ཨོྃ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །
མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀྱིས་ནི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །
ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །དཔལ་མཆོག་དང་པོའི་བཅོམ་ལྡན་ཁྱོད། །གང་
གིས་དོན་དང་གླུ་ཡིས་བསྟོད། །དེ་ནི་དངོས་གྲུབ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཉིད་གྲུབ་འགྱུར། །ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མཆོག་ཏུ་གསང་བའི་གླུ་ཆེན་པོ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །དངོས་གྲུབ་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་
དཔའ་ཡང་དག་རྟོགས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཉིད་ནི་རབ་བསྒྲུབ་པའོ། །ཀུན་ནས་འོད་ཟེར་སྟོན་སོགས་དང་། །སོ་སོར་སྟོན་པའི་རྨད་བྱུང་རྣམས། །རྡོ་རྗེའི་ཚིག་གིས་རང་ལྷ་ལས། །ངོ་མཚར་གྱུར་རྣམས་མཐོང་བར་འགྱུར། །རྟོག་པ་ཀུན་གྱི་སྣ་ཚོགས་
ཆེ། །དངོས་གྲུབ་དབང་ཕྱུག་བདེ་རྣམས་ཀྱི། །མྱུར་དུ་རང་གིས་བྱིན་བརླབས་པས། །རྡོ་རྗེ་སློབ་དཔོན་གྱིས་ཐོབ་བོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་གི་དང་པོས་གསུངས་སོ། །དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་གྱི་ལྷ་ཐམས་ཅད་ཀྱི་

བདག་ལ་བྱིན་གྱིས་བརླབས་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཅི་ལྟར་ཡིན། རང་ལྷ་རྣལ་འབྱོར་ཇི་བཞིན་དུ། །ལྷ་ཀུན་བདག་ཉིད་སྐུ་རྣམས་ཀྱིས། །རང་ལྷའི་རྣལ་འབྱོར་བདག་ཉིད་ཀྱིས། །རང་ལྷག་ལྷ་ཉིད་བསྒྲུབ་པར་བྱ། །དེ་ནས་མཆོག་ཏུ་གསང་བ་དམ་
པའི་དཔལ་དམ་ཚིག་གསུམ་གྱི་ཀུན་མཆོག་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བ་དམ་པ་བླ་ན་མེད་པའི་དགའ་བ་དང་། རབ་ཏུ་དགའ་བ་དང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་
པའི་ཆོ་ག་རྒྱས་པ་རྗེས་སུ་གྲུབ་པ་ནི་འདི་ཡིན་ཏེ། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །རྡོ་རྗེ་ཀུན་མཆོག་སྐུ་རྣམས་ཀྱིས། །གླུ་དང་རོལ་མོའི་ཆོ་ག་ནི། །རྡོ་རྗེ་ཉིད་ཀྱིས་རྗེས་ཆགས་འགྱུར། །རང་ལྷའི་སྦྱོར་བ་ཇི་བཞིན་དུ། །དབྱངས་ཀྱི་རྩ་བ་རྣམ་སད་པས། །གླུ་དང་
རོལ་མོའི་ཆོ་ག་ནི། །དྲིལ་བུ་ཉིད་ཀྱིས་རྗེས་སུ་བརྗོད། །རང་ལྷའི་སྦྱོར་བ་ཇི་བཞིན་དུ། །སྣ་ཚོགས་ཕྱག་རྒྱའི་བདག་པོ་མཆོག །གླུ་དང་རོལ་མོའི་ཆོ་ག་ནི། །དམ་ཚིག་གིས་ནི་རྗེས་བསྒྲུབ་བྱ། །འདི་ཡིས་རྟོག་པ་ཐམས་ཅད་ལ། །རྡོ་རྗེ་འབེབས་པས་རབ་སད་པས། །
རང་གི་ལྷ་ཡི་དམ་ཚིག་ནི། །ཐམས་ཅད་བཞི་འགྱུར་འགྲུབ་པར་འགྱུར། །མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་གླུ་ཆེན་པོ་དང་། རོལ་མོའི་ཆོ་ག་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེ་རྗེས་
གནས་ཅི་བཞིན། །ཇི་སྙེད་པ་དང་ཅི་བདེ་བས། །མེ་ཏོག་སྤོས་ཀྱིས་མཆོད་ནས་ནི། །ཁང་པའམ་སྐྱེད་མོས་ཚལ་སོགས་སུ། །བདག་ཉིད་ཅི་འདོད་རབ་བསྒྲུབས་ནས། །ཇི་སྙེད་རྒྱན་དང་གོས་དང་ལྡན། །སྣ་ཚོགས་གོས་ཀྱིས་ཡང་དག་བཀླུབས། །མེ་ཏོག་ཕྲེང་བཅས་ཁ་དྲི་ཞིམ། །
ལུགས་མ་འམ་ནི་བརྡུངས་པའམ། །འདུས་པའམ་ནི་རི་མོར་བྲིས། །དང་པོའི་འཁོར་ལོ་དེ་མདུན་དུ། །ཆོ་ག་བཞིན་དུ་བཞུགས་གསོལ་ནས། །རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། །རྡོ་རྗེ་དྲིལ་བུ་རབ་སད་པས། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་རླབས་སོགས་

འགྲུབ་པར་བྱ། །སྔོན་དུ་ལན་ཅིག་བསྒྲུབ་བྱས་ནས། །དེ་ནས་དེ་རྗེས་ཅི་འདོད་པར། །ཅི་འདོད་པ་དང་ཅི་སྨྲ་བ། །ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད། །ལངས་པའམ་ནི་འདུག་པའམ། །རབ་ཏུ་དགོད་དམ་སྨྲ་བའམ། །ཇི་བཞིན་དེ་བཞིན་དེ་དང་དེར། །ཇི་འདོད་
པར་ནི་དེ་བཞིན་གཞག །གསང་བ་མཆོག་གི་འཁོར་ལོ་ནི། །མེ་ཏོག་སོགས་ཀྱིས་མཆོད་ནས་ནི། །ཇི་བཞིན་དུ་ནི་རྗེས་བསྒྲུབ་བྱ། །འདིས་ནི་འདོད་པ་ཀུན་དབང་ཕྱུག །འགྲོ་དང་འོང་དང་འདོད་ན་ཕུར། །དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ། །རྒ་ཤི་མེད་པའི་གཙོ་
བོར་འགྱུར། །རྡོ་རྗེ་སེམས་དཔའ་གྲུབ་ཆེན་པོ། །ཕྱག་རྒྱ་ཀུན་གྱི་དབང་ཕྱུག་བདག །རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི། །རྡོ་རྗེ་མཚོན་ཆ་ཐམས་ཅད་འཛིན། །མི་ཐུབ་པ་དང་མི་སོད་ཅིང་། །ཐམས་ཅད་བྱེད་ཅིང་ཀུན་གྱི་རྟེན། །སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ། །ཚར་གཅོད་རྗེས་
སུ་བཟུང་བར་ནུས། །ཀུན་མཆོག་རྗེས་སུ་ཆགས་པ་ཆེ། །འདོད་པ་འགྲུབ་པ་བདེ་བའི་མཆོག །ཀུན་ལས་རྣམ་རྒྱལ་གྲུབ་འགྱུར་ཏེ། །ཀུན་མཆོག་དབང་ཕྱུག་དམ་པ་ཡིན། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་གོ་འཕང་གནས། །རྒྱལ་པོ་
རྡོ་རྗེ་ཀུན་འཛིན་པ། །སངས་རྒྱས་ཐམས་ཅད་རབ་འགྲུབ་འགྱུར། །དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨའི་ར་བ་ཆེ། །མཆོག་ཏུ་གསང་བ་གྲུབ་པའི་བླ་ན་མེད་པའི་དངོས་གྲུབ་སྩོལ། །མཆོག་གི་རྒྱལ་མཚན་བསྒྲེང་བས་གང་ཞིག་རྗེས་སུ་བསྟེན་པ་སྟེ། །མཆོག་གི་
དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེས་ཉམས་མྱོང་བ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་གསང་བ་ཆེན་པོ་དམ་པའི་དཔལ་དམ་ཚིག་གསུམ་དང་དངོས་གྲུབ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་
ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་རྒྱས་པའོ།། །།གསང་བ་མཆོག་ནི་དགྱེས་པ་དང་། །སངས་རྒྱས་ཀུན་གྱི་རྗེས་བསྟན་པ། །རྡོ་རྗེ་སེམས་དཔའ་རང་གི་གནས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་

རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །ཅེས་བྱ་བ་འགྲུབ་པར་འགྱུར་རོ། །དེ་ལྟར་མཆོག་ཏུ་རྗེས་ཆགས་
དགའ་བ་པདྨ་ར་བ་ཆེ། །མཆོག་ཏུ་གསང་བ་བླ་ན་མེད་པའི་དངོས་གྲུབ་སྩོལ། །མཆོག་གི་རྒྱལ་མཚན་བསྒྲེང་བ་གང་ཞིག་རྗེས་སུ་བསྟེན་པ་སྟེ། །མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་དེ་ཉམས་མྱོང་བ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་
མཆོག་དང་པོ་ལས། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སློབ་མའི་ཆོ་ག་རྒྱས་པ་རྗེས་སུ་གཟུང་བ་བཤད་པར་བྱའོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་འདི་ལན་ཅིག་བརྗོད་པས་
སེམས་བསྐྱེད་དུ་བཅུག་སྟེ། ཨོྃ་སརྦ་ཡོ་ག་ཙིཏྟཾ་ཨུད་པཱ་ད་ཡཱ་མི། འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲལ་ཞིང་ཕྱིར་མི་ལྡོག་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་དུ་ཡང་
རྟོགས་པར་བྱའོ་ཞེས་བྱ་བ་ཡང་གསུངས་སོ། །བྱང་ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱས་ནས་ནི། །སྙིང་གར་རྡོ་རྗེ་རབ་བཞག་ནས། །སུ་ར་ཏ་ས་མ་ཡ་སྟྭྃ་ཧོ། སྙིང་པོས་རྡོ་རྗེ་ཅི་བདེར་བསྒྲུབ། །འདི་ཡིས་རྡོ་རྗེ་བསྐུལ་བ་ན། །འདོད་པ་ཀུན་ལས་འགྲུབ་པར་
འགྱུར། །དེ་ཉིད་བསྐུལ་བས་མྱུར་དུ་ནི། །བྱང་ཆུབ་སེམས་ནི་བླ་མེད་པ། །ཀུན་མཆོག་དངོས་གྲུབ་ཆེན་པོའི་ཕྱིར། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱ་བའི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །གར་བྱས་སྤྱི་བོར་ཐལ་མོ་སྦྱར། །གོས་ཀྱིས་གདོང་ནི་

གཡོགས་པ་རྣམས། །ཅི་འདོད་དངོས་གྲུབ་འདོད་པ་ཡིས། །སློབ་མ་ཐམས་ཅད་གཞུག་པར་བྱ། །ཅི་འདོད་དངོས་གྲུབ་སེམས་དཔའ་ཡིས། །སློབ་མ་མེ་ཏོག་འདོར་དུ་གཞུག །ཕྱག་རྒྱ་གང་ལ་དེ་བབས་པའོ། །དེ་དེའི་ལྷ་མོ་བསྒྲུབ་པར་བྱ། །དེ་ནས་གདོང་གཡོགས་
དགྲོལ་བྱས་ལ། །རྣམ་པ་ཀུན་གྱི་ཡོན་བླངས་ནས། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །དེ་ལ་རྡོ་རྗེ་ཆེན་པོའི་མནའི་ཆུས་དབང་བསྐུར་ཏེ། །འདི་ལྟར་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་
པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་ན་གནས། །དད་པ་མེད་པས་བཞད་གད་སྨོད། །ཞེས་བྱ་བས་མནའ་བསྒག་གོ། །དེ་ལ་སངས་
རྒྱས་ཀྱི་རིན་པོ་ཆེའི་དབང་བསྐུར་བའི་ཆོ་ག་ནི་འདི་ཡིན་ཏེ། །རྡོ་རྗེ་ཆུ་ཡིས་དབང་བསྐུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་དབང་བསྐུར་བའི་གནས་སུ་བཞག་སྟེ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་ཨ་དྷི་པ་ཏི་སྟྭྃ་ཨ་བྷི་ཥྭིཉྩཱ་མི་མ་ཧཱ་བཛྲ་དྷ་ར་ཞེས་བྱ་བའི་སྔགས་འདིས་རྡོ་རྗེ་ལག་ཏུ་
སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་འཆང་གི་རྡོ་རྗེ་སྟེ། །རྡོ་རྗེ་འཆང་གི་བརྟུལ་ཞུགས་ཆེ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བྱང་ཆུབ་མཆོག་གི་སེམས་ཆེན་པོ། །ཡོངས་སུ་མི་སྤང་རྟག་ཏུ་བསྒྲུབས། །ཤིན་
ཏུ་གསང་བདེ་འདི་ཡིན་ཏེ། ཨོྃ་བཛྲ་ཀརྨྨ་བཱ་དྷི་དྷི་ཤྲཱི་བཛྲ་ནཱ་མ་སིད་དྷི་ས་མ་ཡ་སྟྭྃ་བྷཱུར་བྷུ་བ་སྭཿ། གང་ལ་རྡོ་རྗེའི་མིང་བཏགས་པ་དེ་ལ་ཀྱེའི་སྒྲ་དང་པོར་སྦྱར་བར་བྱའོ། །དེའི་མིང་དེ་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པའི་བར་གྱི་དེ་བཞིན་གཤེགས་པའི་ཡང་མིང་དུ་འགྱུར་རོ། །དེ་ལ་
མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཞེས་བྱ་བ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་

སྐྱེས་བུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་པར་བྱས་ནས་རྡོ་རྗེ་སྦྱིན་པར་བྱའོ། །འདི་བཅོམ་ལྡན་འདས་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག་དབང་ཕྱུག་གི་དམ་པ་དེ་བཞིན་གཤེགས་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བར་མཛད་པ་ནི།
སྲིད་པ་རང་བཞིན་ཉིད་ཀྱིས་དག །རང་བཞིན་གྱིས་ནི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱ་བའམ་ལྷ་སྒྲུབ་པའི་
ཚེ་དཀྲོལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སད་པའི་ཕབ་པ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཐམས་ཅད་འབེབས་པར་བྱེད་པ་དང་རབ་ཏུ་སྒྲུབ་པར་བྱེད་པ་དང་། དབང་དུ་བྱེད་པ་དང་རབ་ཏུ་དང་བར་བྱེད་པ་ཞེས་བྱ་བར་བསྒྲུབ་པར་འགྱུར་རོ། །
དེ་ནས་སྲིད་པ་དག་པའི་ཐབས་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ལ་རྟག་ཏུ་བསྟེན་པར་བྱའོ་ཞེས་བྱའོ། །དེ་ལ་འདི་ནི་དེང་ཁྱོད་ཀྱི། །སྲིད་བདེ་ཤིན་ཏུ་མྱུར་བར་ནི། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་
བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་ཡང་ཆེན་པོ་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་
འདས་ཀྱི་དམ་ཚིག་གོ། །འདི་ལྟར་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་ནི་བསྒྲགས། །ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་བརྗོད་
པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །ཇི་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་དམ་པ་དམ་ཚིག་ཐབས། །བསོད་ནམས་བྱིན་གྱིས་བརླབས་བསྒྲུབས་པ། །རྟག་ཏུ་དངོས་གྲུབ་ཀུན་དབང་

ཕྱུག །སེམས་ཅན་དོན་ནི་བྱེད་པ་ཡིན། །དམ་ཚིག་འདིས་ནི་མཆོག་སྒྲུབ་ཅིང་། །ཅི་བདེ་བར་ནི་སྒྲུབ་བྱེད་པ། །ཉེས་པ་སྤྱད་ཀྱང་སྡིག་ཀུན་གྱིས། །རྣམ་པ་ཀུན་ཏུ་གནོད་མི་འགྱུར། །འདོད་པ་ཆེན་པོ་གྲུབ་པར་འགྱུར། །ཀུན་བདག་དམ་ཚིག་དབང་ཕྱུག་དང་། །ཐམས་ཅད་
རྡོ་རྗེ་འཛིན་རྒྱལ་པོ། །ཀུན་མཆོག་དབང་ཕྱུག་དམ་པའོ། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས། །མ་ལུས་བསྒྲུབས་པས་འགྲུབ་པར་འགྱུར། །བདག་གཞན་ཐམས་ཅད་རྒྱས་བཏབ་པས། །ཡང་ན་བསྒྲུབ་བྱ་ཀུན་ལ་ཡང་། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །རྣལ་
འབྱོར་ཐམས་ཅད་རྗེས་སྒྲུབ་བྱེད། །དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་བྱེད། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་ལ་སོགས་ཐོབ་འཛིན་པས། །དངོས་གྲུབ་ཀུན་གྱི་བདེ་བ་ཀུན། །ཕབ་
པས་རྡོ་རྗེ་སློབ་མ་ཡིས། །དཀྱིལ་འཁོར་དུ་ནི་ཉམས་སུ་མྱོང་། །དེ་ནས་ཐམས་ཅད་གཟེངས་བསྟོད་པས། །སངས་རྒྱས་ཀུན་གྱི་བདག་ཉིད་དངོས། །རྡོ་རྗེའི་མིང་གིས་དབང་བསྐུར་བས། །དེ་བཞིན་གཤེགས་ནི་ལུང་བསྟན་བྱ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་
བསྟན་པའི་རྡོ་རྗེ་སེམས་དཔའི་ཆོ་ག་འདི་ཡིན་ཏེ། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ཆེ། །གཟེངས་བསྟོད་པ་ཡི་གང་ལུང་བསྟན། །དེ་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་མིང་གིས་དབང་བསྐུར་བའོ། །ཨོྃ་འདི་ནི་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །
སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་སྟོན། །ཧེ་བཛྲ་ན་མཿཏཐཱ་ག་ཏ་སིད་དྷི་ས་མ་ཡ་སྟྭྃ་བྷཱུར་བྷུ་བ་སྭཿ། གང་ལ་གཟེངས་བསྟོད་པ་འདི་དང་ཕྱག་རྒྱ་ཆེན་པོར་ལུང་བསྟན་པ་མཆོག་ཏུ་གསང་བའི་ཆོ་གས་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་
པ་ཐམས་ཅད་དང་རྡོ་རྗེ་འཆང་དང་བཅས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་རྣམས་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དོ། །འདི་ལྟ་སྟེ་གཟེངས་བསྟོད་

པ་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་དང་མཆོག་ཏུ་གསང་བ་དམ་པའི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་པ་འདི་དང་སྔགས་ཀྱི་སྟོབས་ལ་དད་པར་བྱའོ། །དེ་ནས་ཅི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་
པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་དང་བཅས་པ་ཅི་སྙེད་པ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་དམ་ཚིག་ལ་རྗེས་སུ་ཆགས་པས་འདིར་དགུག་པ་དང་རབ་ཏུ་གཞུག་པ་དང་དབང་དུ་བྱ་བ་དང་བསྒྲུབ་པ་དང་རྗེས་སུ་བསྒྲུབ་པ་རྣམས་ཀྱི་རྡོ་རྗེའི་
དབྱིངས་ཐམས་ཅད་བརྟན་པར་གྱུར་པ་ཉིད་ཀྱིས། འདི་བརྟན་པར་འགྱུར་བ་ཆོས་ཀྱི་དབྱིངས་ཐམས་ཅད་ཀུན་ཏུ་ཁྱབ་པ་ཉིད་ཀྱིས་ཀུན་ཏུ་ཞུགས་པ། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྒྱ་ཆེ་བ་ཉིད་ཀྱིས་འདིར་རབ་ཏུ་བཞུགས་ཤིང་། ལེགས་པར་རབ་ཏུ་བཞུགས་པ་གང་ཡིན་པ་དེ་དང་དེ་དག་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་རག་ལས་པའི་དེ་བཞིན་གཤེགས་པ་ཉིད་ལ་ལྷག་པར་དམིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡིན་ནོ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་
དམ་ཚིག་གི་སློབ་དཔོན་གྱིས་དམ་ཚིག་གི་མགྲིན་གཅིག་ཏུ་ཁྱེད་རྣམས་ལ་དབུགས་དབྱུང་བ་མཛད་པ་ཡིན་ཏེ་དད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ། གསང་བའི་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་
པས་ཀྱང་། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །ཁྱེད་རྣམས་དེར་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་འཆི་བ་ནི་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་རོལ་པར་གྱིས། །སྲིད་པའི་སྡུག་བསྔལ་ལྡོག་པ་ནི། །སྲིད་པ་
ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཁྱོད། །སྲིད་པ་ཤིན་ཏུ་གྲུབ་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །

སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྨོད་ཅིང་། །ནམ་ཡང་བཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེས་ནི་སྨད་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་
ནས། །དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ། །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་སྤང་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་
ཀུན་མཚུངས་བླ་མ་ཡིས། །སློབ་དཔོན་ལ་ནི་གང་སྨད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་སྦྱར་དུག་དང་། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་
ཅན་དམྱལ་བར་ལྟུང་། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་
འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །གང་གིས་བསྐལ་པ་བྱེ་བར་ནི། །གྲངས་མེད་པ་ནི་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་
ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་
ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །རང་བྱུང་དམ་ཚིག་ལྷ་དང་མཉམ། །དེང་ཁྱོད་འགྱུར་བར་ཐེ་ཙོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཀུན་གྱི་དེང་ཁྱོད་དབང་བསྐུར་བས། །

ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་འདིར་ཐོབ་པར་ཐེ་ཚོམ་མེད། །ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་
དང་རྡོ་རྗེ་འཆང་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེན་པས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་སློབ་
དཔོན་དང་། སློབ་མའི་ཚོགས་རྣམས་ཀྱིས་དབུགས་དབྱུང་བ་ནི་འདི་ཡིན་ཏེ། ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡིས། །བྱང་ཆུབ་སེམས་དང་ལྷན་ཅིག་བསྐྱེད། །སངས་རྒྱས་ཉིད་ཀྱང་རྟོགས་བྱ་སྟེ། །ཞེས་བྱའོ། །དེའི་རྒྱུ་གང་ཡིན་ཞེ་ན། གང་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་
ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱིས་ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་ངེས་པའི་ཕུང་པོ་ལ་རྣམ་པར་གནས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་རྗེས་སུ་རྟོགས་པར་བྱའོ། །ཞེས་བྱའོ། །དེ་ནས་ཐམས་ཅད་ཀྱི་དཔལ་དམ་ཚིག་གི་སློབ་དཔོན་གྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའི་བདག་སྦྱོར་བ། །རྣལ་འབྱོར་ཀུན་དང་རྗེས་སྤྱོད་ལྡན། །
སངས་རྒྱས་ཉིད་དུ་རྟོགས་བྱ་སྟེ། །མཁས་པས་མཆོག་ཏུ་བརྟག་པའོ། །ཞེས་བྱའོ། །དེའི་རྒྱུ་གང་ཡིན་ཞེ་ན། གང་གི་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་ཅད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ཡོངས་སུ་བཟུང་བ་གདོན་མི་ཟ་བ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་ཉིད་དུ་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་རྗེས་སུ་སྒྲུབ་པས་མཆོག་གི་དངོས་གྲུབ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་དེ་དག་རྟོགས་པར་བྱའོ། །དེའི་ཕྱིར་གནས་སྐབས་

ཐམས་ཅད་དུ་ཡང་ཅི་ནུས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་ཁྱེད་རྣམས་ཀྱིས་རང་གི་བདག་ཉིད་ཐམས་ཅད་ཁོ་ན་རྗེས་སུ་བསྲུང་ཞིང་གསད་པར་མི་བྱའོ། །ཅི་སྙེད་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་
བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བས་ཡང་དག་པར་མཆོད་ལ་བདེ་བར་གཟུང་བ་དང་ཡང་དག་པར་འཕེལ་བར་བྱའོ། །བདག་ཉིད་ལ་ཅི་ལྟ་བ་བཞིན་དུ་མངོན་པར་བརྩོན་པ་དེ་བཞིན་དུ་གཞན་རྣམས་ལན་ཚོད་བསྐྱེད་པ་ཡིན་ནོ། །ལྟ་བ་ལོག་པ་དང་ཕྱི་རོལ་མུ་སྟེགས་པ་དང་། ཉན་ཐོས་པ་
ཐམས་ཅད་དང་རང་སངས་རྒྱས་ཀྱི་སར་ལྟུང་བས་ལུས་འདི་ཤིན་ཏུ་གསང་བ་ཡིན་ནོ། །ངག་ནི་ཤིན་ཏུ་མི་སྨྲ་བས་སོ། །སེམས་ནི་ཤིན་ཏུ་འགོག་པས་སོ། །གང་གིས་ཀྱང་ཁྱེད་ཀྱི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དཔལ་རང་གི་དམ་ཚིག་གི་བླ་ན་མེད་
པའི་དངོས་གྲུབ་མཆོག་ཏུ་རྟག་པར་འབྱུང་བར་འགྱུར་ཞེས་བྱ་བ་ཡང་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཅིས་ཀྱང་མི་འཇིགས་རོལ་པར་གྱིས། །དམ་ཚིག་འདི་ནི་འདའ་དཀའ་སྟེ། །སྡིག་པ་མེད་ཀྱིས་མ་འཇིགས་ཤིག །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔས་མཆོག་ཏུ་བདེན་པས་གསུངས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་དགོངས་པ་ཡིན་ནོ། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟན་པར་གྱིས། །དེ་ནི་འགྲོ་
ལ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་ཏུ་ཉིད་དུ་རྟོགས་པར་གྱིས། །དེ་ནས་རོ་དང་བཟའ་དང་སྤྱོད་པ་གར་དང་གླུ། །རོལ་མོའི་མཆོད་སོགས་ཀྱིས་ནི་མགོན་མཆོད་པ། །རྡོ་རྗེ་བླ་མ་ཆེན་པོས་དེ་ཕུལ་ནས། །རང་དང་གཞན་དག་ཅི་འདོད་མཆོད་པར་བྱ། །མྱོས་བྱེད་མྱོས་
བྲལ་བཏུང་བ་ནི། །ཅི་འདོད་པར་ནི་བསྟེན་པ་ཡིས། །གླུ་དང་རོལ་མོའི་ཆོ་ག་སོགས། །ཅི་བཞིན་རྗེས་འགྲོའི་བཟླས་པ་བྱ། །རང་གསང་ཆོ་གས་བླངས་པ་ཡི། །གླུ་དང་རོལ་མོ་གར་རྣམས་ཀྱིས། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་། །རྡོ་རྗེ་སེམས་དཔའི་རོལ་མོ་སོགས། །

བུད་མེད་སོགས་དང་ལྡན་པའམ། །རང་གི་སློབ་མ་དང་བཅས་པ། །ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས། །མཆོད་པ་བྱས་པས་མྱུར་དུ་འགྲུབ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་གསང་བའི་ཆོ་གའི་གླུའི་ཁྱད་
པར་ནི་འདི་ཡིན་ཏེ། །ཧཱུྃ་བཅོམ་ལྡན་འདས་མཆོག་དང་པོའི་རྡོ་རྗེ་སེམས་དཔའིའོ། །ཨ་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཧི་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའིའོ། །ཨོྃ་པདྨའི་སྙིང་པོའིའོ། །ཧ་ནམ་མཁའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྒྱལ་པོ་ནམ་
མཁའི་སྙིང་པོ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །རང་གསང་སྙིང་པོའི་གླུ་དག་ནི། །ཡི་གེ་ལྔ་པོས་བྱ་བ་སྟེ། །རང་གསང་ཆོ་གས་བླངས་པ་འདི། །མཆོག་ཏུ་གཤེགས་པ་ཀུན་གྱི་ཡིན། །དེ་ནས་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་མཉམ་སོགས་བཅས། །
རྣམ་པར་དབེན་པར་རོལ་མོ་དཀྲོལ། །རང་གསང་ཆོ་གས་གླུ་བླངས་པ། །གསང་བའི་རོལ་མོས་རབ་ཏུ་བསྒྲུབ། །དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གར་གྱི་མཆོད་པ་ནི། འཛིན་པ་དང་བཅས་གཟུང་བ་ཆེའི། །གར་ནི་རབ་ཏུ་བྱས་ནས་ཀྱང་། །དཀྱིལ་འཁོར་འདྲ་བའི་གར་བྱས་
ནས། །ཡོངས་སུ་བསྐོར་བས་རང་མཆོད་བྱ། །དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །རྟོག་པ་ཐམས་ཅད་རྣམ་འཕྲུལ་པ། །གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས། །གང་ཞིག་གར་དེ་རོལ་མོ་ཡིན། །གསེར་
རམ་ཡང་ན་དངུལ་དང་ནི། །དེ་བཞིན་ཤིང་ལས་བྱས་པ་ཡི། །རང་གི་ལྷ་ཡི་གདོང་རྣམས་ཀྱིས། །གྲུབ་པའི་ཕྱག་རྒྱས་གར་རྣམས་བྱ། །དཀྱིལ་འཁོར་གང་དང་གང་བསྟེན་པ། །ཕྱག་རྒྱ་སྣ་ཚོགས་མཆོད་པ་ཡིས། །སློབ་མའི་ཚོགས་ནི་དེ་དང་དེ། །བཟླ་ཞིང་ཐམས་ཅད་མཆོག་
ཏུ་གཞུག །སྣ་ཚོགས་ཆོ་ག་འདི་ཡིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །བསོད་ནམས་ཀུན་ཀྱང་འཕེལ་འགྱུར་ཏེ། །རྟག་ཏུ་སྲུང་བར་གྱུར་པ་ཡིན། །རིམས་དང་གདོན་དང་དུག་དང་ནད། །སྦྱར་དུག་མཁའ་འགྲོའི་འཚེ་བ་དང་། །བདུད་དང་གསོད་པར་བྱེད་པ་རྣམས། །

འདིས་ནི་རབ་ཏུ་ཞི་བར་འགྱུར། །དངོས་གྲུབ་དག་ནི་ཕུན་ཚོགས་འགྱུར། །དགའ་བ་དེ་བཞིན་བདག་པོ་རྣམས། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རྣལ་འབྱོར་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ཤིན་ཏུ་གསང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་
ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་ཆོ་ག་རྒྱས་པ་ལྷག་པའི་ལྷ་ཐམས་ཅད་རེ་རེའི་མཆོག་གསང་བ་འཇུག་པའི་རྡོ་རྗེ་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་པར་བརྗོད་ནས། རྡོ་རྗེ་སློབ་དཔོན་གྱིས་བྱས་པའམ་དེ་ལས་གཞན་ཅི་འདོད་པའི་གླུ་དང་རོལ་མོ་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་
ཚིག་ཆེན་པོའི་མཆོག་ཏུ་གྲུབ་པ་ཞེས་བྱ་བ་སྟེ། དེ་རེ་ཞིག་ཐོག་མ་ཁོ་ནར་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་གླུའི་མཆོད་པ་ནི། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་
དགའ་དམ་ཚིག་སྟེ། །བདེ་བ་ཆེན་པོ་བརྟན་ཞིང་མཐོ་བ་གསལ་གྱུར་ཅིག །སོ་སོར་རྟོགས་ནས་མངོན་དུ་ཕྱོགས་ཤིང་མྱུར་སྒྲུབས་ཤིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་
བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །དེ་ནས་རྡོ་རྗེ་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། །ཧཱུྃ་རྡོ་རྗེ་མདའ་གཞུ་དང་བཅས་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པའི་དམ་
ཚིག་དཔལ་ཁྱོད་འདུད། །ཁ་ཊྭཱྃ་འཇིག་དུས་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་དྲིལ་བུ་བསྐྱོད་པའི་དཔལ་ཁྱོད་འདུད། །དེ་ནས་པདྨའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་སྐྱེ་བོ་མ་རུངས་པ་ཡི་སྲོག་འཕྲོག་བྱེད་པ་ཤིན་ཏུ་དྲག་པོའི་
སྐུ། །ལ་ལར་འགྲོ་བ་མཐའ་ཡས་འདུལ་ཕྱིར་ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ། །ལ་ལར་པདྨའི་གདན་གྱི་ཤིན་ཏུ་ཞི་བའི་སྐུ་སྟེ་འགྱུར་བ་མེད་པ་སྟེ། །ལ་ལར་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་པདྨའི་རྒྱལ་པོ་བདག་སྒྲུབས་ཤིག །དེ་ནས་ནོར་བུའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་

གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེའི་གླུའི་མཆོད་པ་ནི། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས། །ཡང་དག་བསྒྲུབས་ཤིང་མི་ཟད་གཏེར་གྱི་མཆོག །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་ལས། །རྡོ་རྗེ་རིན་ཆེན་དཔལ་བདག་ལེགས་མཆོད་གྱུར། །དེ་
ནས་མིང་པོ་གསུམ་གྱི་ནི་བྷཱུར་བྷུ་བ་སྭཿ། དེ་ནས་སྲིང་མོ་བཞི་རྣམས་ཀྱི། ཧྲཱི་ཧཱུྃ་ཤྲཱི་བྷྱོ། དེ་ནས་ཀླུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ནི། ཕུ་ཕུ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེའི་སྡིག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་གླུའི་མཆོད་པ་ནི། སརྦ་མཾ་ག་མཎྜལ་
མི་དྃ་བཛྲ་ངྷ་རཱ་ཀྲ་མ་བི་མར་ད་བི་ཀིར་བྷནྫ་ཨུད་སཱ་ད་ཡ། ནཱ་ཤ་ཡ། ཧ་ན་ད་ཧ། པ་ཙ་བྷ་སྨི་ཀུཾ་རུ་ཀྲོ་ད་ཧཱུྃ་ཀཱ་ར་མནྟྲི་ཎ། དེ་ནས་ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་ཆེན་པོའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་
འོད་ཀྱིས་སྐུ་ནི་རྣམ་པར་མཛེས། །ལ་ལར་འཇིག་དུས་ཉི་མ་འཆར་ཀ་བྱེ་བའི་འོད་ཟེར་ཚོགས་ནི་འཇིགས་ཆེར་འབར། །ལ་ལར་མདངས་དང་འོད་ཟེར་དང་ལྡན་བདེ་ཞིང་ཞི་བའི་རྒྱལ་བའི་སྐུ་འཛིན་པ། །ལ་ལར་ཤིན་ཏུ་མཛེས་པའི་གཟུགས་འཆང་མཆོག་གི་མདའ་དང་བཅས་པའི་གཞུ་འཛིན་
པ། །ལ་ལར་གདུལ་བྱ་རྣམ་པར་སྦྱང་ཕྱིར་བརྩོན་པའི་རྡོ་རྗེ་སེམས་ཁྱོད་མཁའ་བཞིན་བཞུགས། །མ་ལུས་འདུལ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར་བདག་ལ་གྲུབ་གྱུར་ཅིག །དེ་ནས་མཆོག་ཏུ་གསང་བའི་མཆོག་དམ་པའི་གསང་བའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པའི་རྡོ་རྗེ་གླུའི་
མཆོད་པ་མཆོག་ཏུ་གྲུབ་པ་ནི་འདི་ཡིན་ཏེ། །དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་ཁྱེར་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུྃ་བྃ་ཧོཿརབ་ཏུ་གྲུབ་པར་མཛོད། །དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་ཆོ་ག་མཆོག་ཏུ་གསང་བ་བླ་ན་
མེད་པའི་དམ་པ་དཔལ་དམ་ཚིག་བླ་ན་མེད་པའི་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་མངོན་པར་བརྗོད་ནས། ཤིན་ཏུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གླུའི་མཆོད་པའི་གླུ་དང་གར་གྱི་ཆོ་གས་ཅི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབས་ནས། སོ་སོར་རྗེས་སུ་བསྒྲུབ་

པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ཡང་གསུངས་སོ། །སྣ་ཚོགས་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན། །
ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི། །རྣལ་འབྱོར་དབང་ཕྱུག་རབ་ཏུ་གྲུབ། །ཞེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟར་དཔལ་མཆོག་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་གཏམ་རྒྱུད་སྣ་ཚོགས་ཅན། །མཆོག་ཏུ་གསང་བའི་རོལ་མོ་བླ་ན་མེད་པའི་དངོས་གྲུབ་
ཉམས་དང་ལྡན་པ་སྟེ། །གང་གིས་སྣ་ཚོགས་པ་ཡི་རྒྱལ་མཚན་མཐོན་པོ་དང་ལྡན་ཀུན་ཏུ་རྗེས་བསྟེན་པ། །མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་ནི་དེ་ཡིས་ཡང་དག་ཉམས་སུ་མྱོང་། །དོན་ཡོད་མཆོག་ཏུ་བསོད་ནམས་ལྡན། །ཆོ་ག་མཆོག་ཏུ་རྟག་པ་སྟེ། །ཀུན་མཆོག་གསང་བ་ཆེན་པོ་ནི། །
དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་བྱེད། །གང་ཞིག་གྲོང་ཁྱེར་མཆོག་དགྱེས་པར། །ཞུགས་ཏེ་སྒྲུབ་པར་བྱེད་རྣམས་ནི། །ཤིན་ཏུ་མཆོག་གི་འདོད་པ་ཡི། །དངོས་གྲུབ་དབང་ཕྱུག་བདེ་དེས་ཐོབ། །གང་གིས་དངོས་གྲུབ་མ་ཐོབ་དང་། །བསོད་ནམས་ཕུན་ཚོགས་བྱེད་པ་རྣམས། །
དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ན། །སྒྲུབ་པོ་འདིར་ནི་རབ་གྲུབ་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་སོགས་ཀྱིས་མ་གྲུབ་དང་། །ཉེ་བའི་སྙིང་པོས་བསྒྲུབ་བྱས་ཀྱང་། །མ་གྲུབ་འདིར་ཞུགས་འགྲུབ་པར་འགྱུར། །དཔལ་མཆོག་དང་པོའི་རྩ་རྒྱུད་དུ། །དེ་
བཞིན་མྱུར་དུ་གྲུབ་པ་ཡིན། །ཇི་ལྟར་དང་པོའི་ཁྱིམ་བཞུགས་ནས། །རྡོ་རྗེའི་དཀྱིལ་འཁོར་གྲུབ་པ་ལྟར། །དཀྱིལ་འཁོར་ཐམས་ཅད་གྲུབ་པ་ཡིས། །དེ་ལྟར་ཐམས་ཅད་གྲུབ་པ་མིན། །ཇི་ལྟར་མཆོག་ཏུ་གསང་བ་ཡི། །ཁང་བཟངས་དམ་པ་མཐོང་བ་ཡིས། །དམ་ཚིག་
རྣམས་ལ་ཉམས་པ་དང་། །སྒྲིབ་པ་ཀུན་གྱིས་བསྒྲིབས་པ་དང་། །བདུད་སོགས་གདོན་གྱིས་རེག་པ་ཡང་། །རྟག་པའི་ཐར་པ་ཐོབ་པར་འགྱུར། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །ཡང་ན་དཀྱིལ་འཁོར་མ་གྲུབ་པ། །སླར་ཡང་མཆོག་ཏུ་རབ་ཞུགས་ན། །དེ་དག་མྱུར་

དུ་གྲུབ་པར་འགྱུར། །གྲུབ་མིན་ཡང་འདིར་ཅུང་ཟད་མེད། །དངོས་གྲུབ་ལས་དང་བདེ་དེ་བཞིན། །དངོས་གྲུབ་ཐམས་ཅད་བཞི་འགྱུར་དུ། །རྟོག་པ་ཀུན་ལས་བསྒྲུབ་པར་བྱ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་
དང་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་གསང་བ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་དམ་ཚིག་མཆོག་གི་གསང་བའི་ཆོ་གའི་མཆོག་ནི་འདི་ཡིན་ཏེ། སངས་རྒྱས་ཆོས་
དང་དགེ་འདུན་ཏེ། །དམ་ཚིག་ཆེན་པོ་གསུམ་འདི་ཡིན། །བྱང་ཆུབ་སེམས་དཔའ་མཆོག་འཛིན་པའི། །རས་ལ་དཀོན་མཆོག་གསུམ་བྲི་བྱ། །གོ་ཆ་དང་བཅས་རྡོ་རྗེ་མཆོག །གོ་ཆ་སོགས་ཀྱིས་ལེགས་པར་བརྒྱན། །རྡོ་རྗེ་མཚོན་ཆ་བརྗོད་པ་དང་། །པདྨ་རིན་ཆེན་འཆང་བའོ། །
འཁོར་ལོ་དེ་ནི་བརྟགས་ནས་སུ། །གསང་བའི་དཀྱིལ་འཁོར་དམ་པའོ། །ཅི་རིགས་པར་ནི་བསྒྲུབ་བྱས་ན། །སུམ་འགྱུར་དུ་ནི་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བྱ་བའི་སྙིང་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྟེར་བ་འདི་ཡིན་ཏེ། ཨོྃ་བྷཱུ་ཁྃ།
ཁྱིམ་མམ་ཡང་ན་ནགས་ཚལ་ལམ། །སྔ་མ་བཞིན་དུ་བརྒྱན་ནས་ནི། །མཚོན་ཆ་མཆོག་གི་ཆོ་ག་ཡིས། །ཐམས་ཅད་བྱས་ནས་འདི་བརྗོད་བྱ། །དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ལྟ་ངན་རྣམས་ལ་ཕན་པའི་ཕྱིར། །འདི་དག་མྱ་
ངན་འདས་པ་སྟོན། །མ་ལུས་འདུལ་བ་ལ་བརྩོན་པས། །བརྟན་ཞིང་ངེས་པའི་གོ་ཆ་བགོས། །ཤིན་ཏུ་སྲིད་པ་ལ་གནས་མཆོག །གོ་ཆ་ལ་སོགས་བགོས་པ་ཡིན། །སངས་རྒྱས་ཆོས་དང་དགེ་འདུན་ཞེས། །དཀོན་མཆོག་གསུམ་དུ་གྱུར་པ་ཡིན། །སྲིད་བ་ཤིན་ཏུ་གྲུབ་པ་ཡི། །
རྣམ་པར་དག་པའི་དཔལ་མཛད་མཆོག །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྡོ་རྗེའོ། །དེ་ནས་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུ་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་

མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་ཞེས་བྱ་བ་ནི། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་པ། །རང་ལྷ་བདག་ཉིད་ཀྱིས་བསྟེན་ན། །དཀོན་མཆོག་གསུམ་ལ་མཆོད་
པའི་མཆོག །བདག་གིས་བྱ་ཞེས་བརྗོད་ཅིང་མཆོད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ། །ཐབས་ཀྱི་ཆོ་ག་འདི་ཡིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་། །བཟའ་མིན་པ་ཡང་བཟའ་བྱས་ན། །རྟག་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་
བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་ཆེན་པོ་གསུམ་མོ། །དེ་ལྟར་བརྗོད་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་སློབ་ཏུ་བཅུག་ནས་ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ། །དེ་ནས་རྡོར་འཛིན་སློབ་དཔོན་གྱིས། །རྡོ་རྗེ་མཆོད་པས་མཆོད་ནས་ནི། །ཅི་
འདོད་པ་ཡི་མཆོད་པ་ཡིས། །སློབ་མ་ཐམས་ཅད་མཆོག་ཏུ་གཞུག །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་། །དཀོན་མཆོག་གསུམ་པོ་ལ་ཕུལ་བ། །འདོད་པས་བདག་དང་གཞན་རྣམས་ལ། །མཆོད་པ་ཉིད་དུ་འགྲུབ་པར་འགྱུར། །དཔལ་མཆོག་དང་པོ་ལས་མཆོག་ཏུ་
གསང་བའི་ཆོ་གའོ།། །།དེ་ནས་རྡོ་རྗེ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་མཆོག་ཏུ་གསང་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བྱ་སྟེ། །རྡོ་རྗེའི་རིགས་ཀུན་བདག་པོ་ནི། །རྡོ་རྗེ་ཉི་མ་མེ་ལྟར་འབར། །ཆོ་ག་ཇི་བཞིན་མཆོག་ཏུའོ། །དེ་ཡི་པད་འདབ་གཅིག་བཞུགས་པ། །དེ་ཡི་
འོད་ཀྱིས་འཁོར་ལོར་སྟེན། །གསང་བའི་རྡོ་རྗེ་རྣལ་འབྱོར་ཆེའི། །མཁའ་འགྲོ་མ་རྣམས་ལོགས་ལ་བྲི། །དང་པོར་དམར་དང་དཀར་བ་དང་། །གཞན་ནི་ཐལ་བ་ལྟར་དཀར་བ། །གསུམ་པོ་དཀར་དང་ལྟ་བ་སྟེ། །བཞི་པ་གསེར་ལྟར་དྲི་མེད་པའོ། །རྡོ་རྗེ་གཏུམ་པོའི་དབང་ཕྱུག་གྲུབ། །
རྡོ་རྗེ་ཁ་ཊྭཱྃ་བསྒྲེང་དང་བཅས། །རྡོ་རྗེ་འདོད་པ་མེ་ལྟར་འབར། །དེ་ཡི་ལོགས་ལ་མཚན་མ་གཏོད། །རྡོ་རྗེ་ཁྱབ་འཇུག་མ་རྡོ་རྗེའི། །འཁོར་ལོ་གཏོད་པ་དེ་བཞིན་གཞན། །རྡོ་རྗེ་དྲིལ་བུ་བ་དན་ནམ། །དེ་ཡི་ལོགས་ན་གཡོན་བསྙེམས་མ། །ཅུང་ཟད་མཆེ་བ་གཙིགས་པ་ཡིས། །ཁྲོ་

དང་བཅས་པས་ཞལ་བཞད་པ། །རང་བདག་ལ་ནི་ཐུགས་གཏང་ཅིང་། །སྐུ་ནི་ཟུར་གྱི་ཕྱོགས་པ་བཞུགས། །དེ་ནས་འདི་ཡི་སྙིང་པོ་ནི། །ཧཱུྃ། དེ་ནས་ཉེ་བའི་སྙིང་པོ་ནི། །རྡོ་རྗེ་དྲིལ་སོགས་ལྷན་ཅིག་ཏུ། །རྣམ་དབེན་རོལ་མོ་བརྡུངས་པ་ཡིས། །ཧི་ཡི་གླུ་དང་རོལ་
མོ་ནི། །བརྡུང་ཞིང་ཟུར་བཞི་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་འདིར་བཟླས་པའི་ཆོ་གའོ། །འཁོར་ལོ་དེར་ནི་བསྟན་བྱས་ནས། །གསང་བའི་དཀྱིལ་འཁོར་དམ་པ་ནི། །མཚོན་ཆ་མཆོག་གི་ཆོ་ག་ཡིས། །ཆོ་ག་ཐམས་ཅད་རྒྱས་པའོ། །དེ་ནས་དེ་ཁོ་ན་ཉིད་དང་ཆོས་དང་། དམ་
ཚིག་གི་ཆོ་ག་སྦྱིན་པ་ནི། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་ཁྲོ་བོ་ཆེ། །རབ་འབར་བ་ཡི་ཚོགས་ཀྱི་སྐུ། །རྡོ་རྗེ་འབར་བའི་རྣལ་འབྱོར་ཆེ། །མཁའ་འགྲོ་མ་རྣམས་ཀུན་ཏུ་འབར། །ཞེས་བྱ་བ་ནི་རྡོ་རྗེའོ། །དེ་ནས་ཆོས་ནི། ཐམས་ཅད་ནམ་
མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཐམས་ཅད་མྱུར་བ་ཉིད་དུ་སྒྲུབ། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་བརྗོད་ཅིང་། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས། །འཇིག་
རྟེན་གསུམ་ཡང་ཟ་བར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མའི་མཆོག་ཏུ་གསང་བའི་དམ་ཚིག་གོ། །ཆོ་ག་འདི་ཡིས་ཐམས་ཅད་དུ། །མཉམ་པར་གཞག་པས་བསྒྲུབ་པར་བྱ། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས། །ལས་ཀྱི་ཚོགས་རྣམས་མི་ཟད་པའོ། །ཞེས་
བྱ་བའོ། །དེ་ནས་ཅི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོ་གས་རང་གི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པ་བྱས་ནས་འགྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོ་ལས་རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ།། །།དེ་ནས་མཆོག་ཏུ་ཕྲ་བ་དང་། །ཤིན་ཏུ་བཟང་བའི་རྡོ་རྗེ་ཡི། །གྲུབ་ཆེན་
གསང་བའི་རྣལ་འབྱོར་གྱི། །མཁའ་འགྲོ་མ་ཡི་འཁོར་ལོར་བཤད། །གྲོང་ཁྱེར་སྐྱེད་མོས་ཚལ་སོགས་ནི། །ཅི་ལྟ་བ་བཞིན་རྒྱས་བྱས་ནས། །རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས། །ཇི་བཞིན་དུ་ནི་བསྒྲུབས་པ་ཡིས། །ཡིད་འོང་བཞི་དང་ལྷན་ཅིག་ཏུ། །རང་གི་ཕྱག་རྒྱས་མེ་ཏོག་གཏོར། །

ཅི་ལྟ་བ་བཞིན་གྲོང་ཁྱེར་འཇུག །གཡོན་པའི་ཁ་ནི་གྱེན་དུ་གཏོད། །རྡོ་རྗེ་དྲག་པོ་བཞད་ཆེན་པོ། །སྒྲ་སྒྲོགས་མཆོག་གི་ཕྱག་རྒྱ་ཡིས། །འཇུག་སྟེ་མགོན་ལ་ཕྱག་འཚལ་བྱ། །དེ་ལ་ཕྱག་ནི་འདི་ཡིན་ཏེ། །ཨོྃ་ཞེས་བྱ་བ་བརྗོད་བྱས་ལ། །ཤིན་ཏུ་དགའ་བའི་དབུགས་རླུང་
གིས། །རུ་ལུ་རུ་ལུ་ལླྃ་དྲུག་ལྡན་བར་མའི་རུ་ལུ་རུ་ལུ་ལླྃ་སྟེ། འདི་ནི་རྡོ་རྗེ་དྲག་པོའི་ཕྱག་འཚལ་བའི་སྒྲ་སྒྲོགས་པའི་མཆོག་ཅེས་བྱ་བ་འདིར་རྡོ་རྗེ་ཕྱག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཐམས་ཅད་དང་གཞན་རྨོངས་པ་དང་ཐོགས་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད་ལ་དགོངས་
ཤིང་མཆོག་ཏུ་གྲུབ་པ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་ཤིན་ཏུ་གསང་བ་འདི་གསུངས་སོ། །དེ་ནས་ཡིད་འོང་དམ་བཅས་པས། །མེ་ཏོག་སིལ་མ་དོར་ནས་ནི། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །དེ་ལ་རྡོ་རྗེ་སེམས་
དཔའི་ཕྱག་རྒྱ་ནི་འདི་ཡིན་ཏེ། པདྨའི་ཐོད་པ་ལས་བྱ་སྟེ། དེ་ཡང་རྡོ་རྗེ་བྱིན་གྱིས་བརླབས་པས་ན། རྡོ་རྗེ་པདྨ་ཞེས་བྱ་བའོ། །དེ་ནས་འདིར་ཕྱག་རྒྱ་བཅིང་བ་ནི། སོར་མོ་ཐམས་ཅད་ཕན་ཚུན་སྦྱར། །ཀུན་མཆོག་རྩེ་མོ་དང་བཅས་པ། །མཐེ་བོ་རྡོ་རྗེས་བཀབ་པ་ནི། །རྡོ་
རྗེ་པདྨ་ཞེས་འགྲུབ་བོ། །རྡོ་རྗེ་པདྨའི་ཕྱག་རྒྱ་འདིས། །རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་སྦྱོར་བ་དང་། རྡོ་རྗེ་པདྨའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ། །འདིས་དབང་བསྐུར་བ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་གདུག་པ་དང་དྲག་པོ་དང་རབ་ཏུ་
གཏུམ་པ་དང་མ་རུངས་པའི་སེམས་ཅན་ཐལ་བར་བརླག་ནས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བར་བྱིན་གྱིས་རློབ་པར་འགྱུར་བ་དང་། མཆོག་ཏུ་རྟག་པའི་སྲུང་བར་ཡང་
འགྱུར་རོ་ཞེས་མཆོག་ཏུ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །རྡོ་རྗེ་ལ་སོགས་ཐོབ་པར་གཟུང་། །རྡོ་རྗེ་སེམས་

དཔའ་གཉིས་པ་འདྲ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གྲུབ། །རྡོ་རྗེ་ཅན་གྱིས་བྱིན་རླབས་འགྱུར། །བུད་མེད་རྣམས་ཀྱང་འབེབས་གྱུར་ནས། །སྟོན་པའི་རྡོ་རྗེ་ཕབ་པ་ཡིས། །རྡོ་རྗེ་དང་བཅས་ཕྱག་མཚན་འཛིན། །རྣལ་འབྱོར་མ་རྣམས་རབ་ཏུ་འགྱུར། །དེ་ལ་ཐོག་
མར་རེ་ཞིག་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཐལ་བར་རབ་ཏུ་རློག་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོའི་བདག་པོ་མཆོག་དང་པོ་ཡང་དག་འབེབས་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་
ཀྱིས་འཁོན་དུ་འཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་རྡོ་རྗེ་དང་བཅས་པའི་ཁ་ཊྭཱྃ་གའི་རྒྱལ་མཚན་དང་ངེས་པ་སྦྱོར་བ་བ་དན་དང་བཅས་པའི་དྲིལ་བུ་འཆང་བ་རྡོ་རྗེ་བསྙེམས་པའི་བདག་པོ་ཤིན་ཏུ་ཁྲོ་བ་འབེབས་པས་སྒེག་པ་དང་བཅས་པའི་སྨིན་མཚམས་ཀྱི་ཁྲོ་གཉེར་ཤིན་ཏུ་འཇིགས་ཤིང་འཇིགས་
པར་བྱེད་པའི་སྤྱན་སེར་པོ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་སྟོང་ཕྲག་བརྒྱ་བཟླས་པས་འགྲུབ་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་
གཞུག་པ་དང་དབང་དུ་བྱ་བ་དང་འབེབས་པར་ནུས་པའོ། །ཐམས་ཅད་ནམ་མཁར་སྦྱོར་བའི་ཏིང་ངེ་འཛིན་དང་། ལན་ཅིག་བརྗོད་པ་ཙམ་གྱིས་ཁམས་གསུམ་མ་ལུས་པའི་རྡོ་རྗེ་བདུད་རྩི་ལ་སོགས་པའི་བདུད་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གདུག་པ་དང་དྲག་པོ་དང་
རབ་ཏུ་གཏུམ་པ་དང་མ་རུངས་པའི་སེམས་ཅན་རྣམས་དང་། མཁའ་འགྲོ་མ་དྲག་པོ་ཐམས་ཅད་དང་གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་དག་ཀྱང་ཐལ་བར་རློག་པར་འགྱུར་ན། དགྲ་བོ་ལ་སོགས་པ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དོན་ཡོད་ཅིང་ཐོགས་པ་མེད་
པ་དང་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཤིན་ཏུ་དྲག་པོ་འདིའི་མན་ངག་གི་བཟླས་པ་ནི། སྣའི་དབུགས་ཕྲ་བ་ཉིད་ཀྱིས་བདེན་པའི་རྡོ་རྗེ་ཚིག་གིས་གྲུབ་པའི་ཡིད་ཀྱི་འདོད་པའི་

ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཚོགས་རྣམས་ལ་དམ་པའི་མཆོག་ཏུ་གྲུབ་པའོ། །ཧཱུྃ་དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མའི་ལྷ་ཆེན་པོ་རྣམས་ཀྱིས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཞིག་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་རྡོ་རྗེ་གཞུ་དང་
མདའ་སྟོད་པའི་སྤྱན་གཡོན་པ་སྟེ། རྡོ་རྗེ་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་སྒེག་པ་དང་བཅས་ཤིང་གཡོ་བའི་སྤྱན་གྱི་ཟུར་གྱིས་གཟིགས་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། དོན་ཡོད་པ་ཐོགས་པ་མེད་པ་དངོས་
པོ་ཐམས་ཅད་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་ངག་གི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ། །ཧྲཱིཿགཉིས་པ་ནི་རྡོ་རྗེ་ཆེན་པོ་འདོད་
པའི་མེ་འབར་བའི་དམ་ཚིག་ལན་ཞེས་བྱ་བའི་ལྷ་མོ་སྟེ། དབུས་སུ་རང་གི་ལྷག་པའི་ལྷ་བསྟོད་པའི་ཞལ་འཛུམ་པའི་སྤྱན་ཆུང་ཞིག་འཛུམས་ཤིང་། དགའ་བ་ཆེན་པོ་རྡོ་རྗེའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་ཙུམ་པ་ན་དང་། འཁྱུད་པ་ལ་སོགས་པའི་རེག་
པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཐམས་ཅད་འཛེམས་པར་མཛད་པ་དང་། ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པར་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་
ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་ངག་གི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ། །ཧཱུྃ། གསུམ་པ་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་འབར་བ་ཐལ་བར་
རློག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་སྟེ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོ་དང་ཁ་ཊྭཱྃ་གའི་རྒྱལ་མཚན་འཆང་བ་སྒེག་པ་དང་བཅས་པའི་བཞད་པས་སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་ཁྲོ་བོའི་སྤྱན་ཏེ། རྡོ་རྗེ་ཆེན་པོའི་ཁྲོ་བོ་ཀི་ལི་ཀི་ལ་ཁྲོ་བོའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པའོ། །

བཛྲ་ཞེས་བྱ་བ་དང་། རུ་ལུ་རུ་ལུ་རུ་ལུ་ཧྣི་ཞེས་བྱ་བ་ཙམ་གྱིས་བདུད་ཐམས་ཅད་འཇོམས་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །ཧི། བཞི་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཐལ་
བར་རློག་པ་འཆི་བ་སློང་བ་ཞེས་བྱ་བ་གཡོན་བསྙེམས་པ་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་སྐྱོད་པར་མཛད་པ་སྒེག་པ་དང་བཅས་པའི་སྤྱན་ཤིན་ཏུ་གདངས་པ་སྟེ། རྡོ་རྗེ་རྒྱལ་པོ་དྲིན་གྱི་སྤྱན་གྱི་ལྟ་བའི་ཕྱག་རྒྱས་ཐམས་ཅད་སྒྲུབ་པར་མཛད་པ། ཐལ་ལྕག་ལ་སོགས་དང་བཞད་གད་དང་རྡེག་པ་དང་
ཕྱག་རྒྱས་རྒྱས་བཏབ་པས་འཆི་བ་ཐམས་ཅད་སློང་བར་མཛད་པ། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་དྲིལ་བུའི་དབྱངས་ཀྱི་རྡོ་རྗེ་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་
གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་ཐམས་ཅད་ལ་མཆོག་ཏུ་གྲུབ་པའོ། །ཥྚ། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ལྟར་གྲངས་མེད་ཅིང་། །རྡོ་རྗེ་ཉི་མ་ལས་བྱུང་བ། །ནམ་མཁའ་ཀུན་གྱི་གནས་སྐབས་ཀྱི། །
དཀྱིལ་འཁོར་འདི་ལ་རབ་ཞུགས་པ། །རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི། །དབང་ཕྱུག་མ་ལུས་ཀུན་ནས་འབེབས། །དེ་ནས་རྡོ་རྗེ་རྣལ་འབྱོར་པ་སྟོན་པ་དེས་རྣལ་འབྱོར་པ་རང་གི་ལོགས་དག་ཏུ་འགོད་པ་ཡིན་ཏེ། ཟླ་ཚེས་དཀྱིལ་འཁོར་རྣམ་པ་ཡིས། །དཀྱིལ་འཁོར་དུ་ནི་
དགོད་པར་བྱ། །བཀོད་ནས་ཐམས་ཅད་ཀུན་མཆོག་གི། །དངོས་གྲུབ་དམ་པ་བསྒྲུབ་པར་བྱ། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབ་སོགས་གྲུབ་པ་ཡིས། །ཤིན་ཏུ་གསང་བའི་དཀྱིལ་འཁོར་དེ། །བརྟག་པ་དང་ནི་བསྒྲུབས་ནས་ཀྱང་། །རྡོ་རྗེ་འཛིན་ཀུན་སློབ་དཔོན་
གྱིས། །རྡོ་རྗེ་སློབ་མ་རྣམས་གཞུག་བྱ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་སློབ་དཔོན་གྱིས་བཅུག་སྟེ་ཚོགས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གསུམ་གྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་རྣལ་འབྱོར་མ་རྣམས་ལོགས་དག་ཏུ་བཞག་ནས། སྐྱེས་པ་རྣམས་ཀྱང་གཞུག་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེ་

ཆེན་པོའི་ཁྲོ་བོའི་དམ་ཚིག་དང་དམ་ཚིག་སྡོམ་པ་དག་ལེན་དུ་གཞུག་པར་བྱའོ། །ཁྱེའུ་དང་བུ་མོ་རྣམས་རབ་ཏུ་བཞག་ལ་ཚོགས་དང་བཅས་པའི་རང་ཉིད་ཀྱིས་ཞུགས་ཏེ། བསྲུང་བ་དང་བསྐྱབ་པ་དང་སྦ་བ་ཐམས་ཅད་བྱའོ། །དེ་ནས་འདིར་སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ནི། བྱང་
ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱས་ནས་ནི། །གར་བྱས་སྤྱི་བོར་ཐལ་སྦྱར་མཆོད། །སློབ་མ་ཐམས་ཅད་གཞུག་པར་བྱ། །ཅི་འདོད་པ་ཡི་དངོས་གྲུབ་བསྐྱེད། །སློབ་མ་མེ་ཏོག་དོར་དུ་གཞུག །རྣལ་འབྱོར་མ་ནི་གང་ལ་བབས། །དེ་དང་དེ་ཡི་ལྷ་མོ་འགྲུབ། །དེ་
ནས་གདོང་གཡོགས་བཀྲོལ་ནས་ནི། །རྣམ་པ་ཀུན་ཏུ་ཡོན་བླངས་ནས། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །འདིར་མནའ་བསྒག་པ་དང་དབང་བསྐུར་བ་ནི་དེ་ཉིད་དོ། །དེ་ལ་འདིར་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། མི་བྱེད་པ་དང་སོ་སོར་རྟོག །
གདུག་པ་ཐམས་ཅད་གནོན་པ་དང་། །སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ། །བྱང་ཆུབ་སེམས་ནི་ཆེ་ཞིང་བརྟན། །མཚོན་ཆ་དེ་ནི་རྒྱལ་ཀུན་གྱིས། །ཀུན་ཏུ་བཟང་པོའི་ལག་ཏུ་སྦྱིན། །བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིན། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་
མཆོག་ཏུ་གསང་བ་ནི། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རྡོ་རྗེ་ཉི་མ་མེ་ལྟར་འབར། །མཆོག་ཏུ་འཇིགས་པར་བྱེད་པ་ཡིན། །དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ནི། རྡོ་རྗེ་
ཉི་མ་འཆར་ལས་བྱུང་། །དེ་བཞིན་གཤེགས་པའི་གྲིབ་མ་འདི། །སྤྲུལ་ཏེ་མ་ལུས་བདུད་ལ་སོགས། །གདུག་པའི་ཁྲག་ནི་གསོལ་བར་སྤྱོད། །ཅེས་བྱ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་དོ། །དེ་ནས་འདིར་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུ་ནི། ཤིན་ཏུ་གདུག་
ཅིང་དྲག་པ་དང་། །བདག་པོ་དྲག་པོའི་བུ་རྣམས་དང་། །ཤིན་ཏུ་གཉིད་ནི་ལོག་པ་དག །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊྭཱྃ་གའི་རྒྱལ་མཚན་དང་བ་དན་གྱིས་དྲིལ་བུ་ཐམས་

ཅད་འབེབས་པ་དང་། རབ་ཏུ་གྲུབ་པར་བྱེད་པ་དང་། ཐམས་ཅད་ལྟུང་བར་བྱེད་པ་དང་། སློང་བར་བྱེད་པའོ། །དེ་ནས་རྣལ་འབྱོར་མཆོག་གི་དམ་ཚིག་ནི། ཁྲག་ཆེན་ག་བུར་དང་བཅས་པ། །ཙནྡན་དམར་དང་སྦྱར་བ་ནི། །ཚོགས་ཀྱི་ནང་དུ་རབ་ཞུགས་ནས། །རྡོ་
རྗེ་དང་བཅས་རྡོ་རྗེ་འཛིན། །སྲིན་ལག་མཐེ་བོ་རྩེ་མོ་ཡིས། །ནམ་མཁའ་ཐམས་ཅད་སྦྱོར་མཆོག་ལྡན། །ཟླ་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པ་ནི་བསྟེན་བཞིན་དུ། །ནམ་མཁའ་ཀུན་མཆོག་སྦྱོར་
བ་ཡིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །ནམ་མཁའ་ཐམས་ཅད་ཅེས་བརྗོད་ཅིང་། །རྡོ་རྗེའི་ཕྱག་རྒྱས་བཏབ་པ་ཡི། །འཇིག་རྟེན་གསུམ་ཡང་བཟའ་བར་བྱ། །དངོས་གྲུབ་ལས་དང་དེ་བཞིན་བདེ། །འདི་ལ་ཅུང་ཟད་མི་འགྲུབ་
མེད། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས། །དངོས་གྲུབ་མ་ལུས་སྒྲུབ་པར་འགྱུར། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །གདུག་པ་ཐམས་ཅད་གནོན་པར་བྱེད། །སྡུག་བསྔལ་ཀུན་འཕྲོག་དཔལ་དང་ལྡན། །རྣལ་འབྱོར་འདི་ནི་ལས་ཀུན་བྱེད། །ཅེས་བྱ་བ་མཆོག་ཏུ་
གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་རོ་དང་བཟའ་དང་སྤྱོད་པ་གར་དང་གླུ། །རོལ་མོའི་མཆོད་པ་སོགས་ཀྱིས་མགོན་ལ་མཆོད། །ཕུལ་བ་དེ་ཡིས་རྡོ་རྗེ་བླ་མ་ཆེ། །དད་པས་བདག་དང་གཞན་རྣམས་མཆོད་པར་བྱ། །མྱོས་བཅས་མྱོས་བྱེད་
བཏུང་བ་ནི། །ཅི་འདོད་པར་ནི་བསྟེན་པ་ཡིས། །རྡོ་རྗེ་ཉི་མ་མེ་འབར་སོགས། །ཇི་བཞིན་རྗེས་འགྲོའི་བཟླས་པ་བཟླ། །རང་གསང་ཆོ་གས་བླངས་པ་ཡི། །གླུ་དང་རོལ་མོ་གར་རྣམས་དང་། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་། །ཁམས་གསུམ་རྣམ་རྒྱལ་ལ་
སོགས་པ། །བུད་མེད་ཚོགས་དང་བཅས་པ་ཡི། །མཆོད་པ་རྒྱ་ཆེན་ཐམས་ཅད་དང་། །ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས། །མཆོད་པ་བྱས་ནས་རབ་ཏུ་བསྒྲུབ། །ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། འགྲོ་བ་ཀུན་གྱི་ཁམས་རྣམས་ཀྱི། །ཕྲ་རབ་རྡུལ་དང་མཉམ་པ་ཉིད། །རྟོག་པའི་རྒྱལ་པོ་གྲུབ་པ་སྟེ། །སངས་རྒྱས་ལ་སོགས་མཆོག་གྲུབ་པའོ། །གང་ཞིག་བློ་ནི་དཔག་མེད་པའི། །
ཁྱད་པར་དུ་ནི་དམིགས་མི་འགྱུར། །དེ་བཞིན་གཤེགས་པས་བདེ་བ་ནི། །དམ་པ་ཐམས་ཅད་བསྡུས་པའོ། །ཟད་པ་ཐམས་ཅད་ཟད་འགྱུར་དང་། །འཕེལ་བ་ཐམས་ཅད་འཕེལ་བར་འགྱུར། །གང་ཞིང་མཐོང་བས་མི་སྣང་འགྱུར། །གང་ནས་ཀྱང་ནི་འཇིགས་མེད་བྱེད། །
དྲག་པོ་དབང་པོ་ཉེ་དབང་ཟླ། །ཉི་མ་མཁའ་འགྲོ་ཚོགས་དཀྱིལ་འཁོར། །ཁྲོས་ནས་ཡི་གེ་ཧཱུྃ་ཙམ་གྱིས། །མ་ལུས་པ་ནི་ཐལ་བར་བྱེད། །རྣལ་འབྱོར་མཁའ་འགྲོ་མའི་དཀྱིལ་འཁོར། །མཆོག་ཏུ་ཞུགས་ཏེ་མཐོང་ནས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །ཁྱེད་རྣམས་
དང་ནི་རབ་ཏུ་གནས། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །ཁྱད་པར་དུ་ནི་ངན་འགྲོ་མེད། །གཞན་གྱིས་མི་ཐུབ་མི་སོད་ཅིང་། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཤིན་ཏུ་སྲིད་པའི་དངོས་གྲུབ་རྣམས། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །
རྟག་ཏུ་ཡང་ནི་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་ཆོས་དེ་བཞིན་དམ་ཚིག་དང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །གང་ཕྱིར་རྡོ་རྗེ་འཛིན་ཀུན་དེ། །སེམས་ཅན་
ཀུན་ལ་ཕན་ཕྱིར་དང་། །ཐེག་པ་ཐམས་ཅད་འགྲུབ་པའི་ཕྱིར། །གདུག་པ་འདུལ་བ་དག་པ་ཞེས། །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །ཤིན་ཏུ་གདུག་ཅིང་གཏུམ་པ་དང་། །བདག་པོའི་གྲོགས་པོ་བུ་རྣམས་ཀྱང་། །ཕྱག་རྒྱའི་རྣལ་འབྱོར་མངོན་སྤྱོད་ཀྱིས། །ཤིན་ཏུ་
གཉིད་ནི་ལོག་ཏུ་གཞུག །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་