Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 14 / 18 (50.000 ký tự/trang)
་པར་བྱ་སྟེ། ཅི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་མཆོག་གི་དམ་ཚིག་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་བྱེད་པ། །དངོས་གྲུབ་ཀུན་གྱི་ དབང་ཕྱུག་མཆོག །རྒྱུན་དུ་སེམས་ཅན་དོན་བྱེད་པའོ། །དེ་ལྟར་སེམས་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྐྱིད་བསྟེན་པར་གྱིས། །དེ་ནི་འགྲོ་ལ་མྱུར་དུ་བདེ་བ་སངས་རྒྱས་ཐམས་ཅད་དང་། །རབ་ཏུ་མཚུངས་ཤིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །དེ་ནས་ཁྱེད་ཀྱིས་བཅུད་དང་། ཁ་ཟས་དང་གནས་པ་དང་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ལེགས་པར་བསྟབས་པ་བས་བདག་ཉིད་གང་ལ་སྲིད་པས་ཀྱང་རྡོ་རྗེ་སློབ་དཔོན་ཆེན་པོ་མཆོད་པར་བྱའོ། །རྡོ་རྗེ་སློབ་དཔོན་མེ་ཏོག་སོགས། །ཅི་འདོད་པར་ནི་ལེགས་མཆོད་ཅིང་། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡང་དག་པར་ནི་མཆོད་དེ་བྱུང་། ། དེ་ནས་རྡོ་རྗེ་འཛིན་སློབ་དཔོན། །གར་གྱི་མཆོད་པས་མཆོད་ནས་ནི། །རྡོ་རྗེ་ཐལ་མོའི་སྦྱོར་བ་ཡིས། །སློབ་མ་ཀུན་གྱིས་རབ་ཏུ་མཆོད། །རོ་དང་ཁ་ཟས་གནས་པ་དང་། །གླུ་དང་རོལ་མོ་ཅི་འདོད་པས། །རྡོ་རྗེ་སེམས་དཔའ་དེ་བཞིན་བདག ། ཡང་དག་མཆོད་ནས་ཕྱིར་བྱུང་བྱ། །དཔལ་མཆོག་དང་པོ་ཞེས་བྱ་བའི་དཀྱིལ་ འཁོར་མཆོག་ཏུ་གསང་བའོ།། །།དེ་ནས་བསྒྲུབ་པ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་རྟག་པ་སྟེ། །གང་གིས་སྲིད་པ་འདི་ཉིད་ལ། །དངོས་གྲུབ་རྟག་པ་ཐོབ་བྱེད་པའོ། །འདི་ཡིས་བྱང་ཆུབ་སེམས་དཔའ་ནི། །སྲིད་པར་གནས་ཤིང་སྲིད་པར་སངས། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། ། རྟག་ཏུ་སེམས་ཅན་ཀུན་དོན་བྱེད། །འདི་ཡི་ཅི་ལྟར་མཆོག་གྲུབ་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་པས། །དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་། །སངས་རྒྱས་ཀུན་སོགས་ཐོབ་མི་འགྱུར། །འདུལ་བྱ་མིན་པ་བསོད་ནམས་མེད། །སངས་རྒྱས་རྡོ་རྗེ་འཛིན་པ་ནི། །རྣམ་པ་ ཀུན་དུ་མཐོང་སོགས་ཀྱིས། །སེམས་ཅན་དོན་བྱེད་མི་ནུས་སོ། །དེ་བས་རྒྱུད་ཆེན་ལས་གྲུབ་པ། །སངས་རྒྱས་སམ་ནི་རྡོ་རྗེ་འཛིན། །མཐོང་ལ་སོགས་པ་སེམས་ཅན་དོན། །ནམ་མཁའ་མཉམ་པར་བྱེད་པ་ཡིན། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྲིད་པའི་ངེས་པ་དྲི་མ་མེད། །ནམ་མཁའ་མཐའ་ ཡས་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པ་ཡིན། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །བསོད་ནམས་མེད་པའམ་ལེ་ལོ་ཅན། །དེ་ཡང་ཀུན་མཆོག་གྲུབ་པ་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དོན་ཡོད་ ཅིང་ཐོགས་པ་མེད་པ་མྱུར་དུ་སྒྲུབ་པའི་མཆོག་རྗེས་སུ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ལུགས་མའམ་ནི་བརྐོས་པའམ། །བྱས་པའམ་ནི་བྲིས་པ་ཡི། །དང་པོའི་སེམས་དཔའ་བརྟགས་ནས་ནི། །མདུན་དུ་དེ་ནི་བསྒྲུབ་པར་བྱ། །ཉིན་རེ་ཞིང་ནི་དང་པོ་རུ། །དེ་བཞིན་ཡུལ་ དང་ལྡན་གྱུར་པས། །དང་པོའི་གསང་མཆོག་གིས་བཀུག་སྟེ། །ཕྱག་རྒྱ་ཆེན་པོ་རབ་བྱིན་བརླབ། །རྡོ་རྗེ་མིག་གིས་དེ་བཞིན་བལྟས། །རྡོ་རྗེ་བསྙེམས་ཚུལ་བདག་པོ་རང་། །རྡོ་རྗེ་ཧཱུྃ་ནི་གླུར་བླངས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །རྡོ་རྗེ་ཆ་ལུགས་ཅི་བཞིན་དུ། །མཆོག་གི་དང་པོ་རབ་ཏུ་ དགྱེས། །གཟུགས་བརྙན་ལ་སོགས་དང་པོར་ནི། །ཅི་འདོད་པར་ནི་རབ་ཏུ་བསྒྲུབ། །འདི་ཡིས་འདོད་པ་ཀུན་དབང་ཕྱུག །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །དངོས་གྲུབ་ཀུན་གྱིས་དབང་ཕྱུག་གྲུབ། །ཀུན་མཆོག་དམ་པའི་དབང་ཕྱུག་ཡིན། །ཕུན་སུམ་ཚོགས་ཀུན་བདག་ཐམས་ཅད། །འདོད་ཆགས་ ཆེན་པོ་བདེ་བ་ཆེ། །ཐམས་ཅད་འཇུག་མཛད་སྣ་ཚོགས་པ། །རྟག་པར་ཀུན་དུ་འདུལ་བའོ། །དངོས་གྲུབ་ཀུན་གྱི་བདེ་བ་མཆོག །ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིན། །རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ། །ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ། །མི་ཚུགས་པ་དང་མི་སོད་པ། །ཐམས་ཅད་བྱེད་ཅིང་ཀུན་གྱི་གནས། ། ཁམས་གསུམ་ལས་རྒྱལ་སྣ་ཚོགས་པ། །ཚར་གཅོད་པ་དང་ཕན་འདོགས་པ། །ཀུན་ལ་རྗེས་ཆགས་ཀུན་གྱི་མཆོག །ཀུན་རིག་དངོས་གྲུབ་ཐམས་ཅད་སྟེར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རང་གི་རྣམ་འཕྲུལ་རབ་སྟོན་བྱེད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ ཕྱུག་ཆེན་པོའི་དབང་ཕྱུག་ཆེ། །གཟུགས་དང་ཚེ་སྟོབས་རྡོ་རྗེ་མཆོག །རྡོ་རྗེ་སེམས་དཔའ་གཉིས་པ་བཞིན། །འགྲོ་བ་རྣམས་ཀྱིས་མཆོད་ཅིང་བརྗོད། །རང་གི་གཉེན་རྣམས་ཀྱིས་བརྟེན་པ། །རྒྱལ་པོ་རྡོ་རྗེ་འཆང་ཆེན་ལྟར། །རྒ་དང་འཆི་བ་མེད་པར་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་འམ། །སངས་རྒྱས་ བྱང་ཆུབ་སེམས་ཉིད་འདོད། །དངོས་གྲུབ་ཅི་ལྟར་འདོད་པ་ཉིད། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཕྱི་མའམ་ནི་འཇིག་རྟེན་པ། །རྟོག་པ་ཀུན་བཤད་ཆོ་ག་འམ། །རང་ཉིད་ཀྱིས་མཛད་ཀྱིས་རྟག་ཏུ། །དངོས་གྲུབ་ཐམས་ཅད་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་དངོས་གྲུབ་ཀྱི། །དབང་ཕྱུག་བདེ་བ་ཆེན་པོ་ནི། ། རྡོ་རྗེ་འཆང་བ་ཆེ་རྒྱལ་པོ། །ཀུན་མཆོག་ས་ཡི་དབང་པོས་གསུངས། །དེ་ལ་ཅི་ལྟར་ན་རང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་ཡིན་ཞེ་ན། །ཕྱག་རྒྱ་ཆེན་པོར་མཉམ་གཞག་ལ། །རང་གི་སྙིང་པོས་ལན་ཅིག་སྒྲུབ། །དྲྀ་ཌྷ་སུ་ཏོ་ཥྱ་སྃ་རཀྟ། སུ་པོ་སིདྡྷ་ཏ་ལ་གུ། དེ་ལ་ཅི་ལྟར་ཡི་གེ་ཧཱུྃ་གི་གླུ་བླངས་པའི་རྒྱུད་ཡིན་ཞེ་ན། རི་དྷི་ཏ་ སོགས་ཀྱིས་བརྒྱན་ལྡན། །ཅི་ནུས་པ་དང་ཅི་དགའ་དང་། །གཎྜེ་ལ་སོགས་གླུ་བླངས་པའི། །ཡི་གེ་ཧཱུྃ་གིས་འགྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི། །མཆོག་དེ་སྒྲུབ་པའི་རྒྱུད་བཤད་དེ། །གལ་ཏེ་ཕྱག་རྒྱ་སྒྲུབ་འདོད་ན། །དེ་བཞིན་ཡུལ་དང་ལྡན་གྱུར་པས། །རང་ཉིད་ཀྱིས་ནི་རྒྱ་བཅིངས་ལ། །ཡོངས་སུ་མི་སྐྱོའི་བར་ དུ་བསྒྲུབ། །དེ་ལ་ཅི་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུད་ཡིན་ཞེ་ན། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། སེམས་སྟྭཾ་ཞེས་བརྗོད་ལ། །རང་གི་སྙིང་གར་རིམ་བཞིན་དུ། །ཕྱག་རྒྱའི་མཆོག་དེ་བསྒྲུབ་པར་བྱ། །དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག་སྒྲུབ་པའི་རྒྱུད་ནི། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡོངས་སུ་མི་སྐྱོའི་བར་བསྒྲུབས་ན། ། མཆོད་པ་ཀུན་སོགས་ལས་རྣམས་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །དམ་པ་མྱུར་དུ་འགྲུབ་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོ་དོན་ཡོད་པར་འགྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་ནི། ཉིན་རེ་ཞིག་དག་པོར་ལན་ཅིག་ཕྱག་རྒྱ་བསྒྲུབ་པར་དོན་ཡོད་པ་དངོས་གྲུབ་ཐོགས་པ་མེད་པར་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། །དགུག་ པ་དག་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་སོ། །བདེ་བ་དང་ཡིད་བདེ་བ་དང་ཕུན་སུམ་ཚོགས་པ་དང་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་སོ། །ཚེ་དང་ལང་ཚོ་དང་གཟུགས་དང་གཟི་བྱིན་ཆེན་པོ་མངོན་པར་འཕེལ་ བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ། །དཔལ་ཆེན་པོ་དང་སྐལ་བ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ། །སྟོབས་ཆེན་པོ་དང་། ཡེ་ཤེས་དང་། ཆོས་དང་ལས་བསྒྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་སྙིང་སྟོབས་ ཆེ་བས་སོ། །རྫུ་འཕྲུལ་དང་ཆོ་འཕྲུལ་དང་རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་དང་པོའི་རྡོ་རྗེའི་རྣམ་པར་འཕྲུལ་པས་སོ། །ཐམས་ཅད་དུ་ཡི་གེ་དང་གཟུགས་ཀྱི་བདེན་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་འདྲི་བ་གྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་ པའི་བདེན་པས་སོ། །དབང་པོ་ཐམས་ཅད་ཀྱིས་བདེན་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་ཟིལ་གྱིས་གནོན་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ། །སྒྱུ་མ་ཐམས་ཅད་དང་བདེ་བའི་མཆོག་དང་ལུང་བསྒོ་བ་དང་ལན་ཐོབ་པ་གྲུབ་པ་ལ་དང་པོའི་རྡོ་རྗེ་རྨད་དུ་བྱུང་ བས་སོ། །གཏེར་ཐམས་ཅད་དབྱུང་བ་དང་ནོར་དབྲོག་པ་དང་རྒྱལ་སྲིད་ཐོབ་པ་དང་། ས་ལ་ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེས་དབང་བསྐུར་བས་སོ། །ཡུལ་ཐམས་ཅད་དང་སྐྱེ་བོ་དང་གྲོང་ཁྱེར་དང་། ནགས་དང་ཆུ་བོར་ཉེ་བར་ལོངས་སྤྱོད་པ་སྤྲུལ་པ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ། ། ཐམས་ཅད་ལས་སྔོན་མ་བྱུང་བའི་ལྷ་ཡུལ་དང་རིན་པོ་ཆེ་དང་ཁ་ཟས་དང་བཏུང་བ་དང་གཡོག་འཁོར་ལ་སོགས་པ་སྤྲུལ་ཏེ། ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེ་སྤྲུལ་པས་སོ། །སྐད་ཅིག་གིས་ས་གཞི་ཐམས་ཅད་འབྲུ་ལ་སོགས་པ་སྨིན་པར་བསྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་འབྱུང་བ་དང་། སྣང་བ་ཆེན་པོ་བསྐྱེད་པ་དང་རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིས་སོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་བཏུང་བ་དང་རང་རྩེར་གཞུག་པ་དང་ལས་ཐམས་ཅད་ལ་སྦྱར་བ་ལ་ནི། དང་པོའི་རྡོ་རྗེ་དོན་ཡོད་པའི་ཐམས་ཅད་དབང་དུ་བྱེད་པས་སོ། །དངོས་ གྲུབ་ཐམས་ཅད་ལས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་པ་དང་རྡོ་རྗེ་ལ་སོགས་པ་མཐོང་བ་ལ་ནི་དང་པོའི་རྡོ་རྗེའི་བསྙེམས་པས་སོ། །རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྤྲུལ་ཅིང་སྟོན་པ། མི་སྣང་བ་དང་ནམ་མཁར་འགྲོ་ བ་གྲུབ་པ་དང་། ཤིན་ཏུ་ཕྲ་བ་དང་སྦོམ་པ་དང་དུ་མར་སྟོན་པ་ལ་ནི་དང་པོའི་རྡོ་རྗེ་གཟུགས་སྣ་ཚོགས་པས་སོ། །འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པ་ཐམས་ཅད་དབབ་པ་དང་། དབང་དུ་བྱ་བ་དང་བཅིང་བ་དང་། ལས་ཐམས་ཅད་ལ་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ཧཱུྃ་མཛད་ཀྱིས་སོ། །ལྷ་ཐམས་ ཅད་དབབ་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ལྷའི་བདག་པོས་སོ། །ཀླུ་ཐམས་ཅད་གདོན་པ་དང་། འདུལ་བ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེས་སོ། །གནོད་སྦྱིན་ལ་ སོགས་པ་ཐམས་ཅད་དགུག་པ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་དང་སྐྲག་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གདོན་འདུལ་བས་སོ། །དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་འཇུག་པ་དང་མཆོད་པ་དང་བསྒྲུབ་པ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་ རྡོ་རྗེ་འཁོར་ལོས་སོ། །ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་བརྟན་པར་བྱ་བ་དང་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་ཕྱག་རྒྱ་གྲུབ་པས་སོ། །དམ་ཚིག་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་དམ་ཚིག་མཆོག་གིས་སོ། །ལས་ཐམས་ཅད་རབ་ ཏུ་བསྒྲུབ་པ་ལ། རྣམ་པར་མི་འཇིགས་པར་བྱ་བ་དང་བརྟན་པར་བྱ་བ་དང་གྲགས་པ་ཆེན་པོ་རབ་ཏུ་བསྒྲགས་པ་ལ་ནི་དང་པོའི་རྡོ་རྗེ་ལས་ཀྱིས་སོ། །རྡོ་རྗེ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་དགུག་ པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་སེམས་དཔས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་དེ་བཞིན་གཤེགས་པས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་ གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཛིན་པས་སོ་ཞེས་ཀྱང་གསུངས་སོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །སྡིག་པ་ཐམས་ཅད་བྱས་པའམ། །རང་གི་སྙིང་པོ་མ་བསྒྲུབས་པའམ། །དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར། །མ་བསྒྲུབས་པར་ཐམས་ཅད་ འགྲུབ་བོ། །དོན་ཡོད་པར་གྲུབ་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གྲུབ་པའོ།། །།དེ་ནས་དང་པོའི་སྙིང་པོ་མ་བསྒྲུབས་པའི་ཐམས་ཅད་དོན་ཡོད་པ་ཐོགས་པ་མེད་པ་ལས་ཐམས་ཅད་ཀྱི་རྒྱུ་སྐད་ཅིག་ལ་བསྒྲུབ་པ་རྗེས་སུ་བཤད་པར་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ ཚོགས་པའི་ཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དོན་ཡོད་པ་དང་ཐོགས་མེད་པ། །བདག་ཀྱང་བདེ་གཤེགས་ལྷན་ཅིག་ཏུ། །ལས་ཀྱི་རབ་འབྱམ་འདི་དག་ནི། །དངོས་གྲུབ་སྐད་ཅིག་གིས་གྲུབ་བྱེད། །འདི་ལྟ་སྟེ་ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་ ཞི་བ་དང་བདེ་ལེགས་སུ་བྱ་བ་དང་ཚེ་མངོན་པར་འཕེལ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་སེམས་དཔའི་ཚུལ་གཙུག་ཏོར་གྱི་ཕྱག་རྒྱས་སོ། །དཀྱིལ་འཁོར་ཐམས་ཅད་མཚམས་དང་ཕྱོགས་དང་དམ་ཚིག་དང་དངོས་གྲུབ་བཅིང་ཞིང་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་སོ་སོར་འབྲང་བ་ཆེན་པོས་སོ། །ཉིན་གསུམ་པ་ དང་ཉིན་བཞི་པ་དང་སླར་ཟློས་པ་དང་རྟག་པ་ཅན་དང་ཁྱབ་འཇུག་གི་རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་གར་གྱི་རིམས་ནད་མེད་པས་སོ། །གདུང་བ་ཐམས་ཅད་དང་གནོད་བྱེད་དང་ནད་དང་མྱ་ངན་དང་སྡུག་བསྔལ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་སྡུག་བསྔལ་ཉེ་བར་ཞི་བས་སོ། །དུག་དང་ སྦྱར་བའི་དུག་ལས་ཉེ་བར་ཐར་བ་དང་དབབ་པ་དང་བཅིང་བ་དང་བཟའ་བ་དང་བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ། །གདོན་ཐམས་ཅད་དབབ་པ་དང་བཅིང་བ་དང་དམ་ཚིག་འཛིན་དུ་གཞུག་པ་དང་རབ་ཏུ་གདུལ་བ་དང་། བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་གདོན་ལས་ཐར་བའོ། ། ཐམས་ཅད་ལ་བཅིང་བ་དང་ཐར་བ་དང་དྲལ་བ་དང་ལྟུང་བ་དང་ལྡང་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་ཆེན་པོའི་ཁྲོ་བོས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་གདོན་ལས་ཐར་བར་བྱ་བ་དང་ཤི་བ་བསླང་བར་བྱ་བ་དང་ཚེ་མངོན་པར་འཕེལ་བ་དང་ཤིན་ཏུ་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་ཕྱག་རྒྱའི་ ལན་གྱིས་སོ། །སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་བྱུར་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་ཞི་བས་སོ། །ཐམས་ཅད་དབབ་པ་དང་། བསྐྱོད་པ་དང་གར་བྱེད་དུ་གཞུག་པ་དང་ཐམས་ཅད་བདེན་པར་སྨྲར་གཞུག་པ་དང་། པྲ་སེན་ ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་ཐམས་ཅད་འབེབས་པའི་ཕྱག་རྒྱས་སོ། །ཐམས་ཅད་རྒྱས་གདབ་པ་དང་གསད་པ་དང་ལྟུང་བར་བྱ་བ་དང་བསླང་བ་དང་། སླར་གསོ་བ་ལ་ནི་དོན་ཡོད་གྲུབ་པའི་རྡོ་རྗེ་གར་གྱི་མཁའ་འགྲོ་མ་ཆེན་མོས་སོ། །ཐམས་ཅད་རེངས་པར་བྱ་བ་དང་རྨོངས་པར་བྱ་བ་ དང་གཉིད་ལོག་པར་བྱ་བ་དང་གསད་པ་དང་བཟའ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས་སོ། །གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་གཞིག་པར་བྱ་བ་དང་དབང་དུ་བྱ་བ་དང་ལྟུང་བར་བྱ་བ་དང་གསད་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གཤེད་བྱེད་ཀྱིས་སོ། །ཁྲོ་བོ་ཐམས་ཅད་ གསལ་བ་དང་བཞིན་རས་དང་བར་བྱ་བ་དང་རྩོད་པ་ལས་རྒྱལ་བ་དང་འཇིགས་པ་ལས་ཐར་བ་དང་གཡུལ་འགྱེད་པ་ལས་རྒྱལ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ། །སྤྲིན་ཐམས་ཅད་ཡང་དག་པར་བཟུང་ཞིང་མི་གཡོ་བར་བྱ་བ་དང་ཆར་ཆེན་པོ་དབབ་ པ་དང་རླུང་དང་ཆར་པ་དང་གློག་དང་སེར་བ་བཟློག་པ་དང་དྲོ་བ་དང་གྲང་བ་བསལ་བ་ལ་ནི། རྡོ་རྗེ་གར་གྱི་དབང་པོའི་རྡོ་རྗེས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཐམས་ཅད་ཤིན་ཏུ་གྲུབ་པ་ལ་ནི། རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་ སུ་ཆགས་པ་དང་དགུག་པ་དང་དབང་དུ་བྱ་བ་དང་རྩེ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི། རྡོ་རྗེ་གར་གྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ། །ལྷ་ཐམས་ཅད་དབབ་པ་དང་ཀླུ་ཐམས་ཅད་དབང་དུ་བྱ་བ་དང་། གནོད་སྦྱིན་དང་འབྱུང་པོ་དང་མ་མོ་ཐམས་ཅད་ལས་ལ་ངེས་པར་སྦྱར་བ་ལ་ ནི། རྡོ་རྗེ་གར་གྱི་རྡོ་རྗེ་སྐུའི་མཆོག་གིས་སོ། །རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་རབ་ཏུ་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་དང་རྩེ་བ་དང་འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བ་དང་འདོད་པའི་དབང་ཕྱུག་ ཐམས་ཅད་ལས་རྒྱལ་བ་དང་དབང་ཕྱུག་ཆེན་པོ་ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་གར་གྱི་སྐྱེས་བུ་བྱེད་པ་ཆེན་པོས་སོ། །མཆོད་པ་ཐམས་ཅད་སྒྲུབ་པ་དང་། ཐམས་ཅད་རྡོ་རྗེར་བྱ་བ་དང་བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་གཞོམ་པ་དང་། ཕྱག་རྒྱ་ཐམས་ཅད་བཅིང་བ་དང་དངོས་ གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རྒྱུ་མྱུར་དུ་གྲུབ་པར་བྱ་བ་ལ་ནི། རྡོ་རྗེ་གར་གྱི་དོན་ཡོད་ཅིང་། ཐོགས་པ་མེད་པ་མྱུར་བའི་ལས་སྣ་ཚོགས་ཀྱི་དངོས་གྲུབ་དམ་པས་སོ།། །།དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ ཆོ་ག་རྒྱས་པའི་རྒྱུད་ནི། ཉིན་རེ་དང་པོ་ལན་ཅིག་ནི། །ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་བྱེད། །སྙིང་མཆོག་ལན་ཅིག་བཟླས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ། །དེ་ཡི་རྗེས་ལ་ཉེ་སྙིང་པོ། །ལས་རྣམས་ཀུན་ལ་ངེས་སྦྱར་བས། །དོན་ཡོད་གྲུབ་པས་ལས་རྣམས་ ནི ། །ཀུན་ལ་ཤིན་ཏུ་འགྲུབ་པར་འགྱུར། །ཕྱག་རྒྱ་ཐམས་ཅད་རབ་བྱིན་རློབ། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི། །དཀྱིལ་འཁོར་དག་ཀྱང་མ་མཐོང་བ། །མ་བཤད་པ་ལའང་རབ་འགྲུབ་འགྱུར། །རྟོག་འདིར་འཇིགས་པ་ཡོད་མིན་ཏེ། །འཁོར་ལོ་མེད་ལ་བརྒྱ་བྱིན་ ལ། །གང་ཕྱིར་བདག་ལ་བྱིན་རློབ་པས། །རང་སྲས་རྒྱུ་ནི་འགྱུར་བ་ཡིན། །སྡིག་པ་ཆེན་པོ་བྱེད་པ་ཡང་། །བསམ་པ་ཤེས་ནས་སྦྱིན་པར་བྱ། །འདི་དག་བཅིངས་ཙམ་ཉིད་དག་བྱེད། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་ པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྟོག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །འབྱིན་པ་བྱེད་པ་བདེ་བ་ཆེ། །བདེ་ཆེན་ཅན་དུ་བརྟན་ཕྱིར་དང་། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །ཁམས་ཀུན་དང་མཉམ་ཟད་པ་མེད། ། ཀུན་གྱི་བདག་ཉིད་ལ་ཞུགས་ཏེ། །མཉམ་པའི་དངོས་གྲུབ་མཆོག་སྤྲོས་ནས། །དེ་བཞིན་གཤེགས་པའི་རིགས་ཕྱུང་ངོ་། །མཐའ་ཡས་པ་ཡི་ཞིང་ཐམས་ཅད། །འཇིག་རྟེན་ཀུན་གྱི་ཁམས་བཅས་པས། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །ཏིལ་གྱི་གང་བུ་བཞིན་མྱུར་གང་། ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་མདུན་ཡང་དག་བཞུགས། །སེམས་ཅན་ཐམས་ཅད་མ་དག་པས། །རང་རིག་ལས་ཀྱིས་དག་མ་འགྱུར། །དེ་ཚེ་སེམས་ཅན་ཁམས་རྣམས་ནི། །རང་བཞིན་གྱིས་ནི་གསོ་དཀའི་ཕྱིར། །རང་གི་ལས་ནི་སྦྱང་དོན་དུ། ། བཏང་སྙོམས་ཆེན་པོ་མཛད་པ་ཡིན། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །སེམས་དཔའ་ཆེན་པོ་བདེ་བ་ཆེ། །བྱང་ཆུབ་ཆེན་པོར་ཐུགས་བརྟན་པས། །སྐད་ཅིག་གིས་ནི་ཡང་དག་བསྐུལ། །སེམས་ཅན་ལ་ཕན་བསོད་ནམས་ཅན། །བྱང་ཆུབ་སེམས་ནི་བརྟན་པ་དག །སེམས་ ཅན་ཁམས་ནི་རྒུད་འགྱུར་བས། །ཤིན་ཏུ་བཏང་སྙོམས་མ་མཛད་ཅིག །དེ་ནས་སངས་རྒྱས་ཀྱིས་གསུངས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཐུགས་རྗེའི་བདག་ཉིད་ཅན་གྱི་ཐབས། །བྱང་ཆུབ་སེམས་མཆོག་ཁྱོད་སྨྲོས་ཤིག །དེ་ནས་སྟོན་པ་རྡོ་རྗེ་འཛིན། ། དེ་ཚེ་ཀུན་ནས་བྱིན་གྱིས་བརླབས། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡིན། །ཁམས་གསུམ་འཁོར་བའི་རྒྱ་ཁྱོན་གྱིས། །འཁོར་ལོ་ཆེན་པོ་གདོད་ནས་བྱུང་། །དེ་ཡི་ཁམས་གསུམ་གནས་པ་ཡིས། །སེམས་ཅན་ཐམས་ཅད་ཡང་དག་བསྒྲུབས། ། སངས་རྒྱས་ཀུན་སོགས་དངོས་གྲུབ་ལ། །དེ་ཚེ་དག་པ་འགྲུབ་པར་འགྱུར། །དེ་ནས་སངས་རྒྱས་ཐམས་ཅད་ནི། །འདུས་ནས་གསོལ་བ་འདེབས་མཛད་པ། །དེ་བཞིན་གཤེགས་པའི་རིགས་ཆེན་པོ། །སངས་རྒྱས་ཀུན་མཆོག་བཤད་དུ་གསོལ། །དེ་ནི་སངས་རྒྱས་ ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལ་ཡང་དག་གནས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལ། །ཡང་དག་སྤྲོས་ཏེ་འདི་གསུངས་སོ། །ཨོྃ་བྷཱུ་ཁྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །བདུད་བཅོམ་ལ་སོགས་མཛད་ནས་ནི། །བྱང་ ཆུབ་སྙིང་པོར་བྱིན་གྱིས་བརླབས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་གྱི་ནི་མཆོག་གསུངས་པ། །སེམས་ཅན་ཀུན་ལ་བདེ་དོན་ཕྱིར། །རྟོག་པ་ཀུན་གྱི་བདེ་བ་ཆེ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །དཀྱིལ་ འཁོར་ཆེན་པོའི་ཕྱི་རོལ་མཆོག །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །འཁོར་ལོ་ལྟེ་བར་སངས་རྒྱས་ཉིད། །འཛུམ་པའི་ཚེམས་ནི་མི་སྣང་བ། །སུ་ར་ཏེ་ས་མ་ཡ་སྟྭཾ། །ཨོྃ་སིད་དྷ་མཱཾ་ཞེས་བརྗོད་དགོད། །མདུན་དུ་བདུད་ལས་རྣམ་རྒྱལ་བར། །མཛད་པའི་སངས་རྒྱས་ཡང་དག་བྲི། ། གཡས་སུ་བྱང་ཆུབ་སེམས་དཔའ་ཡི། །ནོར་ཆེན་པོས་ནི་དབང་བསྐུར་བ། །རྒྱབ་ཏུ་བྱང་ཆུབ་སེམས་དཔའ་དང་། །མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར། །གཡོན་དུ་ལོག་པར་རྣམ་དྲེགས་པ། །སྡིག་པ་བསྡུས་པ་ཀུན་འབྱིན་པའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། །བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། དེ་ནས་ཕྱག་རྒྱ་རྣམས་ཏེ། སཏྭ་བཛྲཱི། རཏྣ་བཛྲཱི། པདྨ་བཛྲཱི། བི་ཤྭ་བཛྲཱི། །མཚམས་ཀྱི་ཆར་ནི་རྡོ་རྗེ་དང་། །རིན་ཆེན་སྡོང་བུ་ནོར་བུ་བྲིའོ། །མཚམས་རྣམས་སུ་ཡང་ལྷ་མོ་སྟེ། །ལྕགས་ཀྱུ་ལ་སོགས་སྒོ་རྣམས་སུའོ། །དེ་ བཞིན་སྔ་མ་ཅི་ལྟ་བར། །འཁོར་ལོ་དེ་ནི་བརྟག་པར་བྱ། །མཆོད་པའི་ཐལ་མོ་སྙིང་གར་བཅིང་། གཡོན་དུ་དེ་བཞིན་བསྐོར་བར་བྱ། །མེ་ཏོག་དང་བཅས་ཕྱག་རྒྱ་འདི། །སངས་རྒྱས་ཀུན་གྱི་དམ་ཚིག་རིམ། །མེ་ཏོག་བཅས་ཏེ་སྙིང་གར་བཅིང་། །བསམ་པ་གཡོས་པས་གདུང་བར་ བྱ། །མགོན་ལ་མགོ་བོས་ཕྱག་བྱས་ལ། །བསྐོར་བ་ལན་གསུམ་བྱས་ནས་ནི། །ཞུགས་ནས་མེ་ཏོག་འདོར་བར་བྱ། །ཤིན་ཏུ་གསང་བ་ཡང་དག་དགུག །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དབང་དུ་བྱ་བ་དང་དགུག་པ་དང་བསྒྲུབ་པར་བྱ་བའི་སྙིང་པོ་ནི་ འདི་ཡིན་ཏེ། ཨོྃ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷ་རྨཱ་ཎཱྃ་ཨཱདྱཱ་ནུ་ཏྦ་ནྣ་ཏྭཱ་ད། དེ་ནས་ཆོ་ག་ཇི་བཞིན་དུ། །སྟོན་ལ་མེ་ཏོག་སིལ་མ་དོར། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་ཕྱིར། །འགྲོ་བའི་མགོན་ལ་དེ་ཉིད་བརྗོད། །དེ་ཡིས་ཀུན་ནས་སངས་རྒྱས་ནི། །ཐམས་ཅད་འདུས་པ་ཉིད་དུ་འགྱུར། ། ཐམས་ཅད་མི་དམིགས་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །དཀྱིལ་འཁོར་དེར་ཞུགས་པ་ལ་ནི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དགའ་བ་ལ་སོགས་མཚན་མ་མཆོག །སྣ་ཚོགས་པ་ནི་འབྱུང་བར་འགྱུར། །དེ་ནས་དེ་བཞིན་ཆོ་ག་ནི། །རྒྱས་པས་སློབ་མ་ མཆོག་ཏུ་གཞུག །མཆོད་པའི་ཐལ་མོས་འཁོར་ལོ་ཆེ། །མཆོད་པ་བྱས་ནས་སླར་དབྱུང་བྱ། །སྒྲུབ་པ་བྱས་ནས་དངོས་གྲུབ་ཀྱང་། །ཆོ་ག་ཅི་བཞིན་རབ་བཤད་བྱ། །རས་ལ་བཅོམ་ལྡན་བདུད་ལ་སོགས། །རྣམ་པར་རྒྱལ་བ་བརྙེས་པར་བྲི། །སྒྲུབ་འདི་ལན་ཅིག་ཙམ་གྱིས་ནི། །དེ་ འདྲའི་སྒྲུབ་པས་འགྲུབ་པར་འགྱུར། །སྐུ་གཟུགས་སོགས་མདུན་ཡང་དག་པར། །ཡེ་ཤེས་ཁུ་ཚུར་ཡོངས་བཟུང་ལ། །རྡོ་རྗེའི་ཚིག་གིས་ཆོ་ག་བཞིན། །བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །མདོར་ན་འབུམ་ནི་རྫོགས་པ་ན། ཅི་འདོད་དངོས་གྲུབ་ཐམས་ཅད་དང་། །ཚེ་མཆོག་ འདི་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མ་མེད། །དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ཆེན་པོའི་རྒྱུད་ནི། ཕྱག་རྒྱ་གང་རུང་གཅིག་བཅིངས་ནས། །བདག་ནི་སངས་རྒྱས་ཡིན་བསྒོམས་ན། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ། །བརྟན་པ་མྱུར་དུ་ ཐོབ་པར་འགྱུར། །དེ་ནས་དམ་ཚིག་སྒྲུབ་པའི་རྒྱུད་ནི། སྙིང་གར་རྡོ་རྗེ་གཟུགས་བཞག་སྟེ། །ས་མ་ཡ་སྟྭྃ་ཞེས་བརྗོད་ལ། །བཟླས་བརྗོད་འབུམ་གྱིས་བསྒྲུབས་ནས་ནི། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་ནས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རྒྱུད་ནི། བདུད་ལས་ རྒྱལ་བའི་མཆོག་བཅིངས་ཏེ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མཚུངས་མེད་སེམས་ཅན་དོན་བྱས་ནས། །ལས་ཀྱི་ཕྱག་རྒྱ་རྟག་ཏུ་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ ནས་མ་བསྒྲུབས་དངོས་གྲུབ་མཆོག །ལས་རྣམས་རབ་འབྱམ་དམ་པ་སྟེ། །སྡིག་པ་ཀུན་སེལ་སྣ་ཚོགས་པ། །གོ་རིམས་བཞིན་དུ་རབ་བཤད་བྱ། །འདི་ལྟ་སྟེ་ནད་ཐམས་ཅད་དང་མྱ་ངན་དང་གནོད་པ་དང་གནོད་བྱེད་དང་དུག་ཐམས་ཅད་དང་སྦྱར་བའི་དུག་དང་གཤེད་བྱེད་དང་། གཡེངས་བྱེད་ དང་རོ་ལངས་དང་སྔགས་དང་སྨན་དང་བགེགས་དང་ལོག་འདྲེན་དང་སྡིག་པ་དང་རྨི་ལམ་ངན་པ་དང་དུས་མ་ཡིན་པར་འཆི་བ་དང་རིམས་དང་གདོན་དང་མཁའ་འགྲོ་མ་དང་ཉེ་བར་འཚེ་བ་དང་འགོ་བའི་ནད་དང་ཉེས་པ་དང་ཉོན་མོངས་པ་དང་ལུས་དང་ངག་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་ བཤིག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོག་པར་བྱེད་པས་སོ། །ཚེ་དང་ལང་ཚོ་དང་གཟུགས་དང་ཁ་དོག་དང་གཟི་བྱིན་ཆེན་པོ་དང་མདངས་དང་སྟོབས་དང་སྤྲོ་བ་དང་བརྩོན་འགྲུས་དང་དཔལ་དང་སྐལ་བ་བཟང་པོ་དང་བསོད་ནམས་དང་མིང་དང་སྙན་པ་དང་གྲགས་པ་དང་དྲན་པ་དང་བློ་གྲོས་དང་ བརྟན་པ་དང་རྟོགས་པ་དང་སྟོབས་དང་ཏིང་ངེ་འཛིན་དང་ཕུང་པོ་དང་འདུ་བྱེད་དང་སྐུ་དང་གསུང་དང་ཐུགས་འཕེལ་བ་ལ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་ དང་ཤེས་རབ་དང་ཡེ་ཤེས་དང་སྟོབས་དང་ཐབས་དང་རྡོ་རྗེ་དང་བསྒྲུབ་པ་དང་གཟུངས་དང་ས་དང་སྤྱོད་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ཆོས་དང་ལས་དང་སྣ་ཚོགས་པའི་བྱ་བ་དང་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་མཛད་པའི་དོན་དང་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་ཆེན་པོ་ གྲུབ་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་ཆོ་ག་སྤྱོད་པ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་འཕོ་བ་དང་སྐྱེ་བའི་ས་དང་གཞོན་ ནུའི་རོལ་པ་སྟོན་པ་དང་མངོན་པར་བྱུང་བ་དང་དཀའ་བ་སྤྱོད་པ་སྟོན་པ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་བདུད་ཐམས་ཅད་འདུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་། འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བ་དང་། ལྷ་ལས་བབས་པ་དང་། འདུས་པ་ཆེན་པོའི་བྱིན་གྱིས་བརླབ་པ་དང་གདུག་པ་ཐམས་ཅད་འདུལ་བ་དང་འདུལ་བ་ལ་རབ་ཏུ་བཞག་པ་དང་། ངན་འགྲོ་ཐམས་ཅད་ལས་འདོན་པ་དང་མདོ་སྡེ་ཐམས་ཅད་སྟོན་པར་མཛད་པ་དང་རྟོག་པ་ཐམས་ཅད་བྱིན་གྱིས་བརླབ་ པ་དང་དངོས་གྲུབ་ཐམས་ཅད་སྩོལ་བ་དང་དེ་བཞིན་གཤེགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་དམིགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་བསྒྲུབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་རྡོ་རྗེས་སོ། །ཅི་ལྟར་ཕྱག་རྒྱ་འདི་དག་གིས། །བྱང་ཆུབ་སེམས་ལ་མངོན་བརྟེན་པ། །དེ་ ལྟར་བྱང་ཆུབ་སྤྱོད་སོགས་ཀྱིས། །བྱང་ཆུབ་དམ་པ་ཐོབ་མི་འགྱུར། །དོན་ཡོད་བསོད་ནམས་དམ་པ་ཡི། །ལས་ཀྱི་རབ་འབྱམ་སྒྲུབ་བྱེད་པ། །ཆོ་ག་མ་གྲུབ་པ་རྣམས་གྲུབ། །སངས་རྒྱས་ཆོས་ནི་རབ་སྟེར་བྱེད། །རྣམ་པ་ཀུན་ཏུ་དང་ལྡན་པའི། །སེམས་ཅན་ཀུན་ལ་སྦྱིན་པར་བྱ། །དཀྱིལ་ འཁོར་དག་ཏུ་མ་ཞུགས་པ། །སྐད་ཅིག་གིས་ནི་སྦྱོར་བར་བྱེད། །དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བྱང་ཆུབ་རྡོ་རྗེ་བྱིན་གྱིས་བརླབས་པའི་རྡོ་རྗེའི་རྟོག་པ་རྒྱས་པའོ།། །།དེ་ནས་སྣ་ཚོགས་ལས་ཆེན་པོ། །ཁྱབ་བདག་རྡོ་རྗེ་འཛིན་ཆེན་ པོ། །གདུག་པ་ཐམས་ཅད་འདུལ་བའི་མཆོག །སེམས་ཅན་ཀུན་ལ་རྗེས་སྟོན་མཛད། །དེ་བཞིན་གཤེགས་པའི་རིགས་བསྐྱེད་པས། །གང་ཕྱིར་ཉེས་བྱས་ཀྱིས་གདུག་པའི། །རང་གི་རང་སེམས་སྤྱོད་པ་ཡིས། །ཞི་བས་སེམས་ཅན་ཀུན་གྱི་དོན། །གདུལ་བ་རབ་ཏུ་བསྒྲུབ་མི་ནུས། །སངས་རྒྱས་ ཀུན་གྱིས་བསྒྲུབ་བྱ་བ། །འགྲོ་བ་འདི་དག་ཐམས་ཅད་ཡིན། །གང་ཚེ་བདེ་གཤེགས་སེམས་ཅན་དོན། །དམ་པ་མཛད་པར་མི་སྤྱོད་པ། །དེ་ཚེ་ཉིད་ཀྱི་དངོས་པོ་ཀུན། །གཙོ་བོས་རྡོ་རྗེ་གསོལ་བ་བཏབ། །སེམས་ཅན་ཐམས་ཅད་འདུལ་མཛད་པ། །བཅོམ་ལྡན་འདས་ལ་གསོལ་བ་བཏབ། ། ཨུཏྟིཥྛ་ས་མ་ཡ་ཀྲོ་དྷ་ནི་སུམ་བྷ་ཛྭཱ་ལ་བཛྲ་ཧཱུྃ། དེ་ནས་སྔགས་འདི་གསུངས་ཙམ་གྱིས། །ཕྱག་ན་རྡོ་རྗེ་རང་ཉིད་གཙོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སླར་བྱུང་ནས་ནི་མདུན་ན་གནས། །ཁྲོ་ཆེན་རྒྱལ་པོའི་སྐུ་ཡིས་ནི། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །འབར་བའི་ཕྲེང་ འོད་ཀྱིས་གསལ་བ། །སྲེག་པའི་བསྐལ་པ་གཞན་འདྲ་བ། །གཡོན་པའི་རྡོ་རྗེ་བསྙེམས་པ་ཆེ། །དྲག་ཏུ་གསོར་བས་བསྐྱོད་མཛད་ཅིང་། །འབར་བའི་རྡོ་རྗེ་ཆེར་འབར་བ། །རྣམ་པར་འཕྲོ་བས་སྲེག་པ་འདྲ། །འབར་བ་ཆེན་པོས་གསོད་པ་ནི། །བསྐལ་པའི་མེ་ཡི་ཕུང་པོ་འདྲ། །དང་ པོའི་རྡོ་རྗེ་ཁྲོ་གཉེར་བཅས། །རྡོ་རྗེ་མཆོག་འཛིན་པས་གསུངས་པ། དེ་ལ་རྡོ་རྗེ་ཆེན་པོ་མེ་དང་ཉི་མ་ལྟར་འབར་བཞེས་བྱ་བའི་སྙིང་པོ་འདི་ཡིན་ཏེ་ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སྡིག་པ་ཀུན་གྱི་བུད་ཤིང་ཟད། །འཇིག་རྟེན་ཁམས་ཀྱི་འཇིག་རྟེན་གསུམ། །ཐམས་ཅད་ གཡོས་ཤིང་འགུལ་བར་འགྱུར། །ལྷ་ཆེན་ལ་སོགས་ལྷ་རྣམས་ནི། །གཡོ་བ་མེད་ཅིང་རྨོངས་པར་འགྱུར། །རྡོ་རྗེ་འབར་བ་འཁྲུགས་པ་ཀུན། །དེ་བཞིན་འཇིག་པ་ལྟ་བུར་འགྱུར། །ཉན་ཐོས་དང་ནི་རང་རྒྱལ་རྣམས། །མྱ་ངན་འདས་པར་ཉེ་བར་འགྲོ། །ལྷ་ལ་སོགས་པའི་སྲིད་གསུམ་ ཀུན། །དེ་ཚེ་ཀུན་ཏུ་རྨོངས་པར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །སངས་རྒྱས་བྱང་ཆུབ་ཡང་བསྟན་མཛད། །སེམས་དཔའ་ཀུན་གྱི་ཐབས་ཆེན་པོ། །དམ་པ་ཡང་ནི་ཐུགས་སུ་ཆུད། །དེ་ནས་རྡོ་རྗེ་འབར་བའི་མཆོག །འབར་བའི་ཕྲེང་བ་འཁྲུགས་པའི་འོད། ། རྡོ་རྗེ་མཆེ་བ་གཙིགས་པའི་ཞལ། །ཞལ་རས་ཁྲོ་དང་བཅས་པ་ཡིན། །གཡོན་བརྐྱང་བས་ནི་ལེགས་པར་བཞུགས། །སྤྱན་འབར་འཇིགས་སུ་རུང་བ་སྟེ། །དབུ་སྐྲ་གྱེན་དུ་བརྗེས་ཤིང་གཡོ། །ཀུན་ནས་འཁྱིལ་ཅིང་འབར་བ་ཆེ། །རྡོ་རྗེ་གསང་བའི་རྣལ་འབྱོར་ཆེ། །མཁའ་ འགྲོའི་ཚོགས་ཀྱི་ལུས་ཅན་རྣམས། །ཕྱུང་ནས་ཀུན་ཏུ་འགྲོ་བ་རྣམས། །ཐམས་ཅད་དུ་ནི་འབར་བ་འཁྲུག །རླུང་བསྐྱོད་བསྐལ་པའི་མེ་ལྟ་བུར། །འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས། །འཇིག་རྟེན་ཁམས་ནི་མ་ལུས་ན། །སངས་རྒྱས་ཐམས་ཅད་སྲས་བཅས་པ། །ཡང་དག་ བཞུགས་པ་ལེགས་བསྐུལ་ཏེ། །འཇིག་རྟེན་ཐམས་ཅད་ཡོངས་སུ་བསྐོར། །བཀུག་ནས་སེམས་ཅན་ཀུན་དོན་དང་། །བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར། །འཇིག་རྟེན་གསུམ་བདག་དེ་རྣམས་དང་། །རྒྱུ་དང་མི་རྒྱུའི་སེམས་མེད་བྱས། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། ། ཀུན་མཆོག་ས་ཡི་དབང་ཕྱུག་ནི། །དེ་རྣམས་ལ་ནི་ཐུགས་རྗེ་ཡིས། །འཆི་བ་སླར་གསོ་བརྟན་པོར་གསུངས། །ཨོྃ་ཨུཏྟིཥྛ་མ་ཧཱ་ཨ་དྷི་པ་ཏི་བཛྲི་ཎི། ཤཱི་གྷྲཾ་ཨུ་ཏ་ཐཱ་པ་ཡ་ཧཱུྃ། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བསླང་བའོ། །དེ་ནས་ས་གསུམ་བསླང་བ་ནི། །ཐམས་ཅད་དུ་ནི་ཤི་བ་གསོ། ། སངས་རྒྱས་དཔའ་བོས་བཏུལ་གྱུར་ཅིང་། །རྡོ་རྗེ་ཅན་གྱིས་ཀྱང་རྗེས་བཏུལ། །དེ་ནས་རྡོ་རྗེ་འཛིན་ཁྲོ་བོས། །འབར་བའི་རྡོ་རྗེ་གསོར་བྱེད་ཅིང་། །ང་ཡི་དམ་ཚིག་ལ་གནས་ཞེས། །སྣ་ཚོགས་པ་ལ་བཀའ་རབ་བསྒོ། །དེ་རྣམས་ཀྱིས་གསོལ་བ། འདི་སུ་ཞིག་ལགས། བཅོམ་ ལྡན་འདས་ནི་ཞི་བ་ལ། །གནོད་སྦྱིན་གཟུགས་ཅན་གང་ལགས་གསུངས། །ཁྱེད་ཀྱིས་དམ་ཚིག་ཅི་འདྲ་བ། །ཞུས་པ་བདེན་པའི་ཚིག་ཏུ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ནི་སངས་རྒྱས་རྣམ་གྲོལ་བ། །གདོད་སྐྱེས་རྡོ་རྗེ་གནོད་སྦྱིན་ཆེ། །དཀོན་མཆོག་ གསུམ་དང་དེ་བཞིན་དུ། །ང་ལ་སྐྱབས་སུ་འགྲོ་བར་གྱིས། །འཇིག་རྟེན་གསུམ་པོས་འདི་ཐོས་ནས། །ཚོགས་བདག་ཚོགས་ཀྱི་དབང་ཕྱུག་བཅས། །བསྐལ་པའི་མེ་དཔུང་ལྟ་བུ་ཡི། །འབར་བའི་མཚོན་གྱིས་འཐབ་པར་བརྩམས། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་ གིས་ནི་སངས་རྒྱས་རིགས། །རྡོ་རྗེ་གནོད་སྦྱིན་ཤེས་མ་ཡིན། །བདག་ཅག་འཇིག་རྟེན་གསུམ་པོ་གཅིག །གནོད་སྦྱིན་བསྒོ་བས་ཅི་ཞིག་བྱ། །དེ་ནས་རྡོ་རྗེ་འཛིན་ཁྲོས་ནས། །ཁྲོ་གཉེར་དཔྲལ་བར་བསྡུས་ཏེ་གནས། །དེ་ནས་ཁྲོ་གཉེར་ཐམས་ཅད་ནི། །རྡོ་རྗེ་འཛིན་པའི་རྗེས་སུ་སྤྱོད། ། གཡོན་པ་བསྙེམས་པ་རྒྱ་བཅས་པས། །སྨིན་མ་སྤྱན་བསྡུས་པས་དགོད་ཅིང་། །ནམ་མཁའ་ཁྱབ་པའི་དབྱངས་ཀྱིས་ནི། །དྲག་དུ་ཁྲོས་བཅས་པས་སྨྲས་སོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉེ་བའི་སྙིང་པོ་སེམས་ཅན་མ་ལུས་པ་ལས་རྒྱལ་བ་ནི་འདི་ཡིན་ཏེ། ཧི། དེ་ནས་སྙིང་ པོ་འདི་ཕྱུང་བས། །ངེས་རྒྱལ་བཅུ་གཅིག་བཅིངས་པ་དང་། །དམ་ཚིག་བརྟན་པ་འཛིན་དུ་བཅུག །རྡོ་རྗེ་མིང་གིས་དབང་བསྐུར་ནས། །ལག་ན་རྡོ་རྗེ་འཛིན་མཆོག་བྱས། །རྡོ་རྗེ་མིང་ནི་བྱིན་ནས་སུ། །འཇིག་རྟེན་གསུམ་པོའི་ཏིང་འཛིན་བཞག །དེ་ནས་རྡོ་རྗེ་ཆེན་པོ་མཆོག །མགོན་ པོ་ཡིས་ནི་གསོལ་བཏབ་པ། །སེམས་ཅན་ཀུན་ལ་རྗེས་སྟོན་པས། །རྟོག་པ་འདི་ནི་བཤད་དུ་གསོལ། །རྡོ་རྗེ་འཛིན་པས་གསུངས་པ་ཡི། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ། །འབར་བའི་འཁོར་ལོ་ཡང་དག་བྲི། །དེ་ཡི་དབུས་སུ་གཞག་བྱ་བ། །སྔོན་པོ་འབར་བའི་ གཟུགས་བཟང་བ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཞལ་ནི་ཁྲོ་དང་བཅས་པས་བཞད། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །བསྙེམས་བཅས་ཤས་ཆེར་འབར་བ་ལ། །འོད་ཟེར་འབར་བའི་འོད་འཁྲུགས་པའི། །རྡོ་རྗེ་གསོལ་བར་མཛད་ལ་ བརྩོན། །དེ་ཡི་དངོས་ནི་ཐམས་ཅད་དུ། །རྡོ་རྗེ་རྣལ་འབྱོར་མ་ཡི་གཟུགས། །རྡོ་རྗེ་མཚོན་ཆ་མདུང་ཆེན་དང་། །རལ་གྲི་ཞགས་པ་མཚོན་འཛིན་པ། །མཚམས་སུ་མདའ་དང་ཁ་ཊྭཱྃ་བ། །འཁོར་ལོ་བ་དན་སྣ་ཚོགས་འཛིན། །རྡོ་རྗེའི་རིགས་ནི་སྣ་ཚོགས་པ། །འབར་ བའི་འཁོར་ལོས་ཡོངས་སུ་བསྐོར། །དཀྱིལ་འཁོར་དགོད་པར་བྱ་བ་ནི། །ཐིག་བདུན་གྱིས་ནི་ཡང་དག་ཏུ། །དང་པོ་རྡོ་རྗེ་ཕྱག་རྒྱ་བདག །གཉིས་པ་སྔགས་ཀྱི་ལྷ་མོ་སྟེ། །གསུམ་པར་རྡོ་རྗེ་རྒྱལ་པོ་ནི། །རྡོ་རྗེ་ལྷ་མོས་ཡང་དག་བསྐོར། །རྡོ་རྗེ་ཆེན་མོ་སྒེག་མོ་ཆེ། །བཞི་པར་ཀླུ་ མཁན་མ་ལ་སོགས། །རྒྱལ་རིགས་གསོལ་ཀ་བྲན་རྣམས་ཀྱི། །ཁྲོ་བོ་རྣམས་ནི་ལྔ་པ་ལ། །དྲུག་པར་རྡོ་རྗེ་ཕོ་ཉ་མཆོག །གནོད་སྦྱིན་སྲིན་པོ་ཀིང་ཀ་ར། །དབང་ཕྱུག་དམ་པ་དྲག་པོ་སོགས། །གཏུམ་པོ་ཆེན་པོ་འདུལ་བར་མཛད། །ཕྱི་ཡི་དཀྱིལ་འཁོར་དབྱིབས་རྣམས་སུ། །མདོར་ ན་མིང་པོ་གསུམ་ལ་སོགས། །ལྷ་ལ་སོགས་པའི་ཚོགས་ཐམས་ཅད། །ལེགས་པར་བྲི་བའམ་གཞག་པར་བྱ། །མཚམས་སུ་ལྷ་མོར་རབ་བཤད་པ། །དེ་རྣམས་ཀྱི་ནི་སྒོ་དབུས་སུའམ། །རྡོ་རྗེ་ལྕགས་ཀྱུ་སོགས་ཁྲོ་བཅས། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །གོ་རིམས་དག་ནི་ཇི་ བཞིན་དང་། །ཆོ་ག་རྒྱས་པ་ཇི་བཞིན་བྱ། །ཁྲོས་པས་རྡོ་རྗེ་གསོར་བ་དང་། །ཁྲོ་གཉེར་འཛུམ་དང་བཅས་པས་འདུད། །དེ་ནས་ཁྲོ་ཞིང་སློབ་དཔོན་ཆེ། །རྡོ་རྗེ་ཅན་མཆོག་རབ་ཞུ་གསལ། །རྡོ་རྗེ་ཧཱུྃ་མཛད་ཀྱིས་སྡིགས་མཛུབ། །ཧཱུྃ་མདད་རབ་ཏུ་སྦྱར་བར་བྱ། །བསྙེམས་དང་བཅས་པས་རྒྱས་གདབ་ ཉིད། །དེ་བཞིན་ཁྲོ་བས་འདུལ་བ་ལ། །རྡོ་རྗེ་འཆང་ཆེན་དགྱེས་པ་ཡིས། །གདུག་པ་ཉིད་ལ་རབ་ཏུ་དགྱེས། །དེ་ནས་མེ་ཏོག་བླངས་ནས་ནི། །ཁྲོས་པས་བདག་པོ་ཆེ་ལ་གཏོར། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས། །ཡང་དག་པར་ནི་དགུག་པར་བྱ། །ཨོྃ་མ་ཧཱ་བཛྲ་ཛྭཱ་ལ་ཡཱ་ན་ལཱ་རྐ་ཡ་ཧི་ ཛཿ། སརྦ་བཛྲ་ཀུ་ལ་པྲ་བེ་ཤ་ཡ་ཧཱུྃ། སརྦ་མུ་དྲཱྃ་ག་ནཱ་བན་དྷ་ན་ཏྲཱ་ཊ། སརྦ་ས་མ་ཡཾ་སཱ་དྷ་ཡ་ཕཊ། སརྦ་དུ་ཥྚ་ན་ད་ཧ་པ་ཙ་བྷ་སྨྭིཾ་ཀུ་རུ་མ་ཧཱ་ཀྲོ་དྷ་ཨ་ཀ་ནི་བཛྲེ་ཎ་ཧཱུྃ་ཕཊ། ཨ་ཨ་ཨ་ཨ། དེ་ནས་བཅོམ་ལྡན་འདས་ཁྲོ་བོའི། །རྒྱལ་པོ་བརྟན་པ་ཆེ་བྱོན་འགྱུར། །རྡོ་རྗེ་རིགས་ལ་སོགས་པ་ཀུན། །དངོས་གྲུབ་ ཐམས་ཅད་གསོལ་བར་མཛད། །དེ་ནས་ཧཱུྃ་ལ་སོགས་པའི་སྒྲའི། །མཚན་མ་རྣམས་ཀྱང་འབྱུང་བར་འགྱུར། །གལ་ཏེ་སློབ་མ་ལ་སོགས་ལ། །སྙིང་གར་དབབ་པ་ཕྲ་བ་སྐྱེ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི། །ཕྱག་རྒྱས་སློབ་མ་གཞུག་པར་བྱ། །བཅུག་ནས་དང་པོའི་སེམས་དཔའ་ཡི། །རང་གི་ སྙིང་པོ་བརྗོད་པར་བྱ། ཧཱུྃ་ཧཱུྃ་བཛྲ་པྲ་ཧ་ར་ཎི་ཕཊ། ཧཱུྃ་བཛྲ་ཤཱུ་ལ་ཡཱ་གྲི་ཎི་ཏྲི་ཏི། མ་ཏ་ས་ཧཱུྃ་བཛྲ་ཀོ་ཥེ་ཙྪི་ནྡྡ་ཧྃ། །ཨོྃ་བཛྲ་ཨ་མ་ལ་པཱ་ཤེ་མ་ཊ། རྡོ་རྗེ་འགུགས་པ་དང་རྡོ་རྗེ་མདུང་དང་རྡོ་རྗེ་རལ་གྲི་དང་རྡོ་རྗེ་ཞགས་པ་སྟེ། རྡོ་རྗེ་ཁྲོ་བོའི་སྲུང་བའོ། །དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་དོན་ཡོད་པའི་ཐོགས་པ་ མེད་པ། ཤིན་ཏུ་གྲུབ་པ་སྟོབས་དང་ཕ་རོལ་གནོན་པ་རྣམས་སེམས་ཅན་མངོན་པར་རྒྱས་གདབ་པར་ནུས་པ་རྣམས་བསྐུལ་བར་བྱའོ། །ཨོྃ་བཛྲ་གུ་ཧྱ་སིད་དྷ་པ་ར་མ་ཡོ་གཱི་ཤྭ་རི་ཧི། ཧཱུྃ་བཛྲ་ཙཎྜ་ཧོ་ཁ་ཊྭཱྃ་ག་མ་ཧཱ་བཛྲ་ཀ་པཱ་ལ་ཡམ་ཀུ་ཏེ་རུ་ལུ་རུ་ལུ་ཎྚི་ཧཱུྃ་བཛྲ་ནཱ་རཱ་ཡ་ཎི་ཛི། ཧཱུྃ་བཛྲ་བ་ཊ་ཀེ་ཛི། རྡོ་རྗེ་ཁྲོ་བོའི་མཁའ་ འགྲོ་མ་ལན་ཅིག་བཟླས་ཏེ་དགོད་པའམ་བྲི་བར་བྱའོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བཞུགས་སུ་གསོལ་ན། །དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ། སེམས་ཅན་མང་ལ་བདེ་ཕྱིར་དང་། །བསྟན་པ་ཐམས་ ཅད་འགྲུབ་པའི་ཕྱིར། །གདུག་པ་འདུལ་ལས་བསོད་ནམས་ནི། །འགྱུར་ཞེས་རྡོ་རྗེ་འཛིན་གྱིས་གསུངས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད་ཐམས་ཅད་དང་། འཇིག་རྟེན་ གསུམ་པོ་ཐམས་ཅད་ཡང་དག་པར་འདུལ་བ་ཉིད་དུ་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་དབང་བསྐུར་བ་རྒྱས་པ་ལ་སོགས་པ་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཁྲོ་བོའི་ལས་བཞི་པ་ལ་བསླབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱིས་སེམས་ཅན་རྣམས་རྒྱས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་གསད་པ་དང་སླར་ འཚོ་བར་བྱའོ། །གང་ལ་ཕྱག་རྒྱ་སྦྱར་བ་ནི་འཆི་བར་འགྱུར་ན་དེ་ནི་གདུག་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་འཚོ་བར་བྱེད་པའི་ཕྱག་རྒྱས་འཚོ་བར་བྱས་ལ། ཤིན་ཏུ་བསྲུང་བ་རབ་ཏུ་སྦྱར་བ་བྱས་ན་ཤིན་ཏུ་བསྲུང་བ་ཡིན་པའི་ཕྱིར། །གདུག་པ་རྣམས་སླར་ཡང་གནོད་པར་མི་ བྱེད་དོ། །དེ་ནས་བརྩམས་ཏེ་སློབ་མ་བཟང་། །རྡོ་རྗེ་ཚོགས་ནི་ཀུན་གྱིས་ཀྱང་། །མི་ཚུགས་པ་དང་མི་སོད་པར། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ནས་འདིར་སྒྲུབ་བཤད་བྱ་སྟེ། །ཅི་བཞིན་སྐུ་ནི་དགེ་འདུན་དུ། །རྡོ་རྗེ་གསོར་ཞིང་དང་པོར་ནི། །བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །འབུམ་ ཚང་ནས་ནི་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་དང་མཉམ་མཆོག །རྡོ་རྗེ་ཁྲོ་བོ་རྒྱལ་པོ་མཆོག །རྒས་དང་འཆི་བ་མེད་པར་འགྱུར། །གདུག་པ་རྣམས་ནི་རྗེས་འདུལ་ཞིང་། །སངས་རྒྱས་ཀུན་ལ་རབ་མཆོད་པར། །འཇིག་རྟེན་གསུམ་ན་ལེགས་སྣང་ཞིང་། །ཅིས་ཀྱང་འཇིགས་པ་མེད་པར་ འགྱུར། །དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ནི། འགྲེང་ངམ་ཡང་ན་འདུག་པའམ། །འགྲོ་འམ་ཉལ་བར་བྱེད་པ་ན། །ཅི་ལྟ་དེ་ལྟར་འབུམ་བཟླས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །འདི་ཡིས་འདོད་པའི་དབང་ཕྱུག་ཀུན། །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །དངོས་གྲུབ་ཀུན་ གྱི་དབང་ཕྱུག་གྲུབ། །རྒ་དང་འཆི་བ་མེད་པར་འགྱུར། །འགྲོ་བ་རྣམས་ཀྱིས་མཆོད་པ་དང་། །རང་གི་ཉེ་དུ་རྣམས་ཀྱིས་བསྟེན། །གདུག་པ་ཐམས་ཅད་རྗེས་འདུལ་ཞིང་། །གང་ལ་འཇིགས་པ་མེད་པར་རྒྱུ། །ཞེས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་སོ། །དེ་ནས་ཕྱག་རྒྱའི་ དམ་པ་སྒྲུབ་པ་ནི། ཅི་བཞིན་དུས་སུ་ཕྱག་རྒྱ་བཅིང་། །བདག་ཉིད་ངེས་པར་བསྲེགས་ནས་ནི། །ཅི་སྲིད་ཉིད་དུ་ཁྲོ་ཆེན་པོའི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་དམ་ཚིག་སྒྲུབ་པ་ནི། །བདག་ནི་ཐམས་ཅད་གསད་བྱ་ཞེས། །བརྗོད་ཅིང་ཕྱག་ན་རྡོ་རྗེ་ཡིས། །དམ་ཚིག་ཕྱག་རྒྱ་ བཅིངས་ནས་ནི། །བཟླས་ན་རྡོ་རྗེ་འཛིན་འགྲུབ་འགྱུར། །དེ་ནས་ལས་རྣམས་སྒྲུབ་པ་ནི། །ལས་རྣམས་དམ་པ་སྒྲུབ་པ་ནི། །རྣམ་པ་བཞིར་ནི་རབ་བྱེད་ཅིང་། །ཐམས་ཅད་བདེ་བའི་ཕྱིར་ཟོས་ན། །རྡོ་རྗེ་ལས་ཉིད་ཐོབ་པར་འགྱུར། །སྒྲུབ་པ་ཆེན་པོ་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་དངོས་ གྲུབ་སྒྲུབ་པ་ནི། །རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ཡི། །ལས་ཀྱི་རྒྱུད་ནི་དམ་པ་རྣམས། །གོ་རིམས་བཞིན་དུ་བཤད་པར་བྱ། །འདི་ལྟ་སྟེ། ཐམས་ཅད་བསྲེག་པ་དང་། བསྐྲད་པ་དང་། གཞིག་པ་དང་། རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། རྨོངས་པ་དང་། གཞིག་པ་དང་། བཅིང་བ་དང་། གཟིར་བ་དང་། དྲལ་བ་དང་། བརྡེག་པ་དང་། འབར་བ་དང་། བསྒྱེལ་བ་དང་། བཙོ་བ་དང་། གཅད་པ་དང་། དབུག་པ་དང་། ཕྱེ་མར་བྱ་བ་དང་། གཏོར་བ་དང་། རྣམ་པར་གཞོམ་པ་དང་། རིམས་དང་། དུག་དང་། གདོན་གྱིས་ཟིན་དུ་གཞུག་ པ་དང་། སྨྱོ་བར་བྱ་བ་དང་། གསད་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱིས་སོ། །ཐམས་ཅད་དགུག་པར་བྱ་བ་དང་། ངེས་པར་བཀོད་པ་དང་། །བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། གླུ་ལེན་དུ་གཞུག་པ་དང་། བརྒྱལ་དུ་གཞུག་པ་དང་། རྩེར་གཞུག་པ་དང་། ཧ་ཧ་ཞེས་དགོད་དུ་གཞུག་པ་ དང་། འཁོར་བ་དང་། དྲང་བ་དང་། འོད་དུ་གཞུག་པ་དང་། བསྒོམ་པ་དང་། ནུབ་པར་བྱ་བ་དང་། དབྱུང་བ་དང་། འཕང་བ་དང་། ཉེ་བར་འདེགས་པར་བྱ་བ་དང་། བསྐུར་བ་དང་། ང་རོ་འདོན་པར་བྱ་བ་དང་། ངུར་གཞུག་པ་དང་། རང་ཉིད་བརྡེག་པར་བྱ་བ་དང་། འཆིང་བར་བྱ་བ་དང་། སྐྲ་ འབལ་བར་བྱ་བ་དང་། ཞེ་འགྲས་པར་བྱ་བ་དང་། གོས་བཤུ་བ་དང་། ཁྲོ་བ་འབར་བར་བྱ་བ་ལ་ནི་ཁྲོ་བོའི་གདན་གྱི་ཕྱག་རྒྱས་སོ། །ཐམས་ཅད་དགུག་པ་དང་། གཞུག་པ་དང་། དབབ་པ་དང་། པྲ་སེན་བསྒྲུབ་པ་དང་། བདེན་པར་སྨྲ་བར་བྱ་བ་དང་། སྒྱུ་མ་སྟོན་པ་དང་། ལན་སྟོན་པ་དང་། དུས་ ཚིགས་ཀྱི་འཁོར་ལོ་ཡོངས་སུ་བཟློག་པ་དང་། དུས་མ་ཡིན་པར་ཤིང་ལས་མེ་ཏོག་དང་འབྲས་བུ་སྨིན་པར་བྱེད་པར་སྟོན་པ་དང་། འབྲུ་ཐམས་ཅད་ཡང་དག་པར་སྟོན་པར་བྱ་བ་དང་། རིམས་དང་། སྦྱར་དུག་དང་། གདོན་དང་། དུག་དང་། མཁའ་འགྲོ་མ་ལས་ཐར་བར་བྱ་བ་དང་། གཡུལ་འགྱེད་པ་ ཐམས་ཅད་ལས་ཐར་བར་བྱ་བ་དང་། གཞན་གྱི་དཔུང་གཞོམ་པ་དང་། ཕྱོགས་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་དང་། ཤིན་ཏུ་བསྲུང་བ་དང་། ཡོངས་སུ་སྐྱོབ་པར་བྱ་བ་དང་། ཐར་བར་བྱ་བ་དང་། བསླང་བ་དང་། དབང་དུ་བྱ་བ་ལ་ནི་ཁྲོ་བོ་ཆེན་པོ་སྣ་ཚོགས་གྲུབ་པས་སོ། །ལྷ་ལ་སོགས་ པ་ཐམས་ཅད་ལྟུང་བར་བྱ་བ་དང་། ཀླུ་གདོན་པར་བྱ་བ་དང་། གནོད་སྦྱིན་རྗེས་སུ་འབྲང་བར་བྱ་བ་དང་། སྲིན་པོ་སྐྲག་པ་དང་། མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་བཏུལ་བ་དང་། བདུད་ཀྱི་དཔུང་ཐམས་ཅད་གཞོམ་པ་དང་། མ་མོ་རྣམས་འདུལ་བ་དང་། གདུག་ པའི་ཚོགས་རྣམ་པར་གཏོར་བ་དང་། གདུག་པ་རྣམས་ཚར་གཅད་པ་དང་། འདུམ་པ་དང་། འཇིགས་པ་མེད་པ་ཡང་དག་པར་བསྐྱེད་པ་དང་། ནོར་བུ་བཟང་པོ་དབང་དུ་བྱ་བ་དང་། ནོར་སྦྱིན་ལས་ནོར་ཐམས་ཅད་དབྲོག་པ་དང་། རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་གཞོན་ནུ་མ་ ཐམས་ཅད་དང་རྩེ་འཇོ་བྱ་བ་དང་། བརྒྱ་བྱིན་མནན་ནས་བདེ་སོགས་མ་དབྲོག་པ་དང་། སྐེམ་བྱེད་ཚར་གཅད་པ་དང་། ཚངས་པ་ལྟུང་བར་བྱ་བ་དང་། ཁྱབ་འཇུག་གདུལ་བ་དང་། དབང་ཕྱུག་ཆེན་པོ་ལས་རྣམ་པར་རྒྱལ་བ་དང་། འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མོ་དབྲོག་པ་དང་། རྡོ་རྗེ་བསྒྲུབ་པ་ དང་། བྱང་ཆུབ་ཆེན་པོ་བསྒྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ་བྱ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྒྱལ་པོ་དམ་པའི་དངོས་གྲུབ་ཀྱིས་སོ་ཞེས་ཀྱང་གསུངས་སོ། །ལན་ཅིག་ བཟླས་པས་མཆོག་གྲུབ་པ། །ཐོག་མའི་རྩ་སྙིང་བཟང་ལན་ཅིག །དེ་ཡི་འོག་དུ་ཁྲོ་གཉེར་གྱིས། །བསྒྲུབ་བྱ་ཐམས་ཅད་དགུག་པ་ཡིན། །དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པའི་ཆོ་ག་རྒྱས་པའོ།། །།དེ་ནས་ཏིང་འཛིན་ ཐམས་ཅད་ནི། །རྣམ་དག་མཆོག་གི་ཆོས་ཉིད་ལས། །སྤྱན་རས་གཟིགས་དབང་ཆེན་པོ་ནི། །རྡོ་རྗེ་སེམས་དཔའི་གཙོ་ཆེན་ཡིན། །གདུག་པ་ཐམས་ཅད་འདུལ་དོན་དུ། །རང་རིག་རིན་པོ་ཆེ་བསྐྱེད་ན། །སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཐབས་མེད་པས་ནི་ཐབས་ཡིན་ནོ། །འདོད་ཆགས་ ལ་སོགས་ཀུན་བསགས་པས། །མ་དག་སེམས་ཅན་ཁམས་རྣམས་ནི། །དེ་རྣམས་ལ་ནི་རབ་སྤྱོད་པར། །སྐྱེས་བུ་མཆོག་ནི་རྣམ་པར་མཁྱེན། །མཆོག་ཏུ་མི་འདུལ་བ་ཉིད་ཀྱིས། །སངས་རྒྱས་ཀྱང་ནི་མངའ་མི་མཛད། །འཇིག་རྟེན་ཀུན་ན་འཇིག་རྟེན་མཆོག །རང་ཉིད་བཟང་པོ་ལ་སྙོམས་ ཞུགས ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་གང་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ ཕྱུག་ཐམས་ཅད་ཉིད་ཐུགས་སུ་ཆུད་པར་གྱུར་པའོ། །བསྙེམས་པས་པདྨ་གཡོན་པ་ནི། །བཟུང་སྟེ་འདབ་མ་འབྱེད་མཛད་པས། །ཅི་ནུས་པ་ཡི་ཏིང་འཛིན་གྱིས། །རང་བཞིན་གྱིས་ནི་གཟིགས་པར་མཛད། །ཅི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །གནས་ཀྱི་ཉེས་པ་སྣ་ཚོགས་ པའི། །ཁམས་གསུམ་པ་ནི་དེ་བཞིན་དག །འདི་ལ་གཟིགས་པ་ལ་སོགས་པས། །རྒྱལ་བ་རྣམས་ནི་དབང་པོར་གྱུར། །དེ་ཡིས་རྡོ་རྗེ་སེམས་དཔའ་ནི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྱུར། །དེ་ནས་སྒོམ་པའི་སྙིང་པོ་འདི། །དག་པར་བསྒོམས་པས་སྒོམ་པ་ན། །རྡོ་རྗེ་འཆང་བ་ཆེན་ པོ་ནི། །པདྨ་ཆེན་པོ་འཆང་བར་འགྱུར། །གསེར་སྦྱངས་རི་ཡི་དབང་པོ་ནི། །རྒྱལ་པོ་ཆེ་དང་མདངས་མཉམ་པ། །བསྙེམས་པ་གཡོན་པའི་པད་མཆོག་གི། །གཡས་པ་མཆོག་ལ་རྣམ་པར་གཟིགས། །དེ་ནས་པདྨའི་འདབ་མ་ལ། །པདྨ་ཆེན་པོ་མཆོག་འཛིན་པ། །སངས་རྒྱས་ལ་ སོགས་འབྱུང་བ་ཡི། །འཁོར་ལོ་རྣམས་ནི་འདུལ་བའི་མཆོག །འགྲོ་བ་སྣ་ཚོགས་འདུལ་མཛད་པ། །བཞུགས་པ་རབ་ཏུ་བྲི་བར་བྱ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དེ་ལ་པདྨ་དགེ་བ་དེར། །འགྲོ་བ་ཐམས་ཅད་རྣམ་སྦྱོང་བའི། །ཚུལ་གྱིས་འདུལ་བར་མཛད་པ་ན། །པདྨའི་ རིགས་མཆོག་སྟོན་པའི་ཕྱིར། །རྒྱལ་རྣམས་ཀྱིས་གསོལ་བ་བཏབ། །དེ་ནས་ཐམས་ཅད་འདུལ་མཛད་ཅིང་། །ཤིན་ཏུ་དཀར་བའི་ཆོས་འཛིན་པ། །རྡོ་རྗེ་ཆོས་ཏེ་རང་རྒྱལ་པོ། །འཇིག་རྟེན་དབང་པོས་བཀའ་སྩལ་པ། །ཕྱི་ནི་དཀྱིལ་འཁོར་ཆེན་པོ་ལ། །པདྨ་འདབ་མ་བརྒྱད་ པ་བྲི། །དེ་ཡི་དབུས་སུ་སྤྱན་འཛུམ་པ། །འཇིག་རྟེན་དབང་ཕྱུག་དགོད་པར་བྱ། །གསེར་སྦྱངས་ལྟ་བུའི་པདྨ་ནི། །གཡོན་བསྙེམས་ཚུལ་གྱིས་གཟིགས་མཛད་པ། །རྒྱལ་མཚན་ཀུན་གྱིས་རྣམ་པར་སྤྲས། །སངས་རྒྱས་སྐུ་མཆོག་སྤྱི་བོར་བཞུགས། །དེ་ཡི་ངོས་ནི་ཐམས་ཅད་དུ། ། སངས་རྒྱས་སྐྲ་ནི་བརྒྱད་པོ་བྲི། །རང་གི་ཏིང་འཛིན་པདྨ་ཆེའི། །ཏིང་ངེ་འཛིན་ལ་རྣམ་པར་གཟིགས། །འཇིག་རྟེན་དབང་པོའི་གཟུགས་ལོགས་སུ། །སངས་རྒྱས་ལ་སོགས་རིགས་ཀྱི་ལྷ། །ཞི་བ་སྲེད་མེད་བུ་ཚངས་པ། །འདོད་པའི་གཟུགས་ནི་པདྨ་ཅན། །སྤྱི་བོར་འཚེར་ ཞིང་མགྲིན་འདེགས་པ། །རྟ་མགྲིན་ལྕགས་ཀྱུ་བཅིངས་ནས་ནི། །ཆོས་ཀྱི་ཚིག་གིས་སྤྱན་དྲང་བྱ། །དེ་ནས་པདྨའི་སྙིང་པོ་ནི། །སརྦ་ཏ་ཐཱ་ག་ཏ་པདྨ་ཛཿཧཱུྃ་བཛྲ་པདྨ། ཧེ་པདྨ། པདྨ་བྃ། ཧོ་པདྨ་ནི་རཱ་ཛ། དེ་ནས་མཚམས་རྣམས་སུ་ནི། ཧཱུྃ་པདྨེ་ཙ་ཎྜེ་ཤྭ་ར་ཧཱུྃ། ཧེ་མ་ཧཱ་བི་ཤཱ་པདྨ་ཙཱུ་རྞེ་སིདྡྷ་ཧཱུྃ། མ་ཊ་ཧྲཱིཿཔདྨ་པདྨོ་ཧཱུྃ་ཨ་ཧོ་པདྨ་ཨ་ཤྭ། ཀྲ་མ་ཀྲ་མ་ཧཱུྃ་ཛཿ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཆོ་ག་རྒྱས་པ་བྱས་ནས་ནི། །པདྨ་ཆེན་པོ་མེ་ཏོག་བཅས། །མ་ཡེངས་ཡིད་ཀྱིས་ཕྱག་བྱའོ། །དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན། །ལས་བྱུང་གཟུངས་འདི་བརྗོད་པར་བྱ། །ཨོྃ་བི་ཤོདྷ་ ཡ། མ་ནུ་ས་ནི་ཤུདྡྷ་མ་ཧཱ་ས་ཏྭ། དྷཱ་ཏུ་ས་མ་ཡ་ས་ཏྭ། དཱ་གདཱི་པཉྩ་ཡི། ཙིཏྟ་མེ་སརྦ་དྷ་མེ་ཥྚྱེ་བཛྲི་ཎི་ཙིཏྟ་མེ་སརྦ་དྷ་མེ་ཤྱ་ཛི་ནི། གཟུངས་ཀྱི་ཕྱག་རྒྱ་གསན་ནས་ནི། །དགྱེས་པས་པདྨ་འཛིན་པ་འགྲུབ། །དེ་ནས་མཛུབ་མོ་ལྕགས་ཀྱུར་བཅིང་། །ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲང་། །ཨོྃ་ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཤྭ་ར་པདྨ་ཧ་སྟ། ཡ་ཧི་ཤཱི་གྷྲྃ་མ་མེ་བཛྲ་མུ་དྲཱ་ཨ་གྲི་ཤྱ་ས་བེ་ས་མ་ཡེར་བ་དྷ་བི་ཤི་ཀོ་མི། ཛཿཧཱུྃ་བཾ་ཧོཿ ཤོ་དྷ་ཡ་སརྦ་སཱ་དྷ་ཡ་བ་མ་མེ། མ་ཧཱ་བཛྲ་དྟར་སྟཱྃ། དེ་ནས་འཇིག་རྟེན་མགོན་པོ་མཆོག །འཇིག་རྟེན་འཛིན་པ་རང་ཉིད་བྱོན། །འཇིག་རྟེན་ཀུན་མཆོག་འགྲུབ་འགྱུར་བའི། ། ཏིང་འཛིན་ཆོ་ག་ངེས་པར་མཛད། །དེ་ནས་དེ་བཞིན་སློབ་མ་རྣམས། །གཞུག་པའི་ཆོ་ག་རྒྱས་པ་ནི། །དངོས་གྲུབ་ཐམས་ཅད་སྦྱིན་པ་ཡི། །ཡེ་ཤེས་དག་ནི་བསླབ་པར་བྱ། །ཏིང་འཛིན་སྙིང་པོ་འདི་ཡི་ནི། །སྒྲུབ་པ་ཆེན་པོ་གདོད་ནས་བྱུང་། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད། །གོ་རིམས་ བཞིན་དུ་བཤད་པར་བྱ། །བུད་མེད་རྣམས་ཀྱི་ནང་ཞུགས་པའམ། །གདུག་པ་རྣམས་ཀྱི་ནང་ཆུད་པའམ། །གང་ཡང་རུང་བར་འདུག་ནས་ནི། །པདྨ་ཆེན་པོ་ཡོངས་སུ་བཟུང་། །དུས་དང་སྟོབས་ནི་ཇི་བཞིན་དུ། །ཉིན་རེ་ཅི་ནུས་བསྒྲུབ་པར་བྱ། །ཆོ་ག་འདི་ཡིས་ཚེ་འདི་ལ། ། མྱུར་དུ་མཆོག་ནི་འགྲུབ་པར་འགྱུར། །འདོད་ཆགས་ཀུན་གྱི་བདེ་མྱུར་བར། །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །འཇིག་རྟེན་ཀུན་གྱི་དབང་ཕྱུག་རྒྱལ། །རྒ་དང་འཆི་བ་མེད་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཕྱག་ན་རྡོ་རྗེ་ཉིད་དང་ནི། །དངོས་གྲུབ་ ཀུན་གྱི་མཐའ་ཡས་མཆོག །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ནི། །ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས། །དངོས་གྲུབ་ཆེན་པོ་ཉིད་ཐོབ་བོ། །དམ་ཚིག་དམ་ཚིག་མཆོག་གིས་ཏེ། །ལས་ནི་ལས་མཆོག་ཕྱག་རྒྱས་སོ། །སྒྲུབ་པ་ཆེན་པོ་ཆོ་གའི་རྒྱུད་དོ།། །། དེ་ནས་དངོས་གྲུབ་མ་གྲུབ་པའི། །ཏིང་འཛིན་ལས་ནི་འདྲེན་མ་དག །དང་པོར་ཏིང་འཛིན་གྲུབ་པ་ནི། །གོ་རིམས་བཞིན་དུ་རབ་བཤད་བྱ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་དང་སྡིག་པ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་དང་ཡམས་དང་འཚེ་བ་དང་ནད་འགོ་བ་དང་ཉོན་མོངས་པ་དང་དུས་མ་ཡིན་པར་འཆི་བ་དང་ འཇིགས་པ་དང་སྐྲག་པ་དང་རྩོད་པ་དང་འཐབ་པ་དང་བྱིས་པའི་གདོན་དང་དམུ་རྒོད་དང་ཉོན་མོངས་པ་དང་ངལ་བ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་དབུལ་བ་དང་རྒྱགས་པ་དང་རེག་ན་མི་བདེ་བ་དང་སྐལ་བ་ངན་པ་དང་ནད་མེད་པ་མ་ཡིན་པ་དང་ནོར་བརླག་པ་རྣམས་ལ་ནི་པདྨ་ཆེན་པོ་ཞི་བས་སོ། །རླུང་དང་མཁྲིས་པ་ དང་ཁྲག་དང་བད་ཀན་དང་འདུས་པ་དང་མ་ཞུ་བ་དང་རིམས་དང་སྦྱར་བའི་དུག་དང་དུག་དང་མཛེ་དང་འབྲུམ་བུ་ཕྲ་མོ་དང་གཡན་པ་དང་རྐང་ཤུ་དང་། སྐྲན་དང་ཆུའི་དམུ་རྫིང་དང་མཚན་བར་རྡོལ་བ་དང་ཤ་བཀྲ་དང་ཟད་བྱེད་དང་ཁྲག་ཟད་པ་དང་ཁུ་བཟད་པ་དང་། ནད་ཐམས་ཅད་དང་གནོད་པ་དང་གནོད་བྱེད་དང་གདོན་དང་ཕྲ་ མེན་རྣམས་གསོ་བ་ལ་ནི། པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པས་སོ། །ཐམས་ཅད་རྡོ་རྗེར་བྱས་པ་དང་ཆོས་དང་གོ་ཆ་དང་། གཙུག་ཏོར་དང་གཙུག་ཕུད་དང་མཚམས་དང་ཕྱོགས་དང་དཀྱིལ་འཁོར་དང་ས་དང་ནམ་མཁའ་དང་རྡོ་རྗེའི་གདན་དང་ཁང་པ་ཆེན་པོ་དང་རྡོ་རྗེར་བ་དང་མེ་འབར་བ་དང་ཐལ་བའི་ར་བ་ དང་རྡོ་རྗེ་དང་རི་བོ་དོན་ཡོད་པ་ལ་སོགས་པ་དང་སྲད་བུས་ཡོངས་སུ་བསྐོར་བ་དང་ཕུར་བུས་གདབ་པ་དང་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་ཕྱག་རྒྱ་དང་བསྲུང་བ་ལ་ནི་པདྨ་ཆེན་པོ་ཐམས་ཅད་སྲུང་བས་སོ། །ཚེ་ཐམས་ཅད་དང་སྟོབས་དང་ཁ་དོག་དང་གཟི་བརྗིད་དང་མདངས་དང་ལང་ཚོ་དང་བརྩོན་འགྲུས་ དང་སྤྲོ་བ་དང་ནད་མེད་པ་དང་དཔལ་དང་སྐལ་བ་བཟང་པོ་དང་ནོར་དང་འབྲུ་དང་དབང་ཕྱུག་དང་འབྱོར་པ་དང་དངོས་གྲུབ་དང་བློ་དང་རྙེད་པ་དང་བཀྲ་ཤིས་པ་དང་མིང་དང་གྲགས་པ་དང་སྙན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དམ་པ་འགྲུབ་པ་ལ་ནི་པདྨ་ཆེན་པོ་མཆོག་གྲུབ་པས་སོ། །དཔལ་ མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ཆོ་ག་རྒྱས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་མི་འགྱུར་ནམ་མཁའ་ཆེ། །ཐམས་ཅད་དབང་བསྐུར་ཀུན་གྱི་དོན། །ཀུན་དབང་རིན་ཆེན་ཐམས་ཅད་འཛིན། །ཏིང་ ངེ་འཛིན་གྱིས་བྱིན་གྱིས་བརླབས། །དྲག་པོ་ཆེན་པོ་རབ་སད་མཛད། །ཆོས་རྣམས་ལ་ནི་རྣམ་གཟིགས་པས། །ཀུན་དོན་དབང་ཕྱུག་གདོད་ནས་བྱུང་། །ཉི་ཟླ་དང་ནི་གཟའ་སྐར་ཅན། །ནམ་མཁའ་ཉིད་དུ་གྱུར་པ་ཡིན། །དེ་ནས་རིན་ཆེན་ཏིང་འཛིན་ནི། །ངེས་པར་རྡོ་རྗེ་ཅན་དུ་བརྗོད། །དེ་ ནས་ནམ་མཁའ་རྡོ་རྗེ་ཉིད། །ལྗང་སྔོན་བཻ་ཌཱུརྱ་མཉམ་མདངས། །རྡོ་རྗེ་རིན་ཆེན་བསྣམས་དགེ་བ། །ནམ་མཁའི་སྙིང་པོར་ཡང་དག་གྱུར། །དེ་ནས་བཅོམ་ལྡན་ཐོག་མ་འདི། །མཛོད་སྤུ་ཀུན་གྱི་གནས་ན་བཞུགས། །ཏིང་འཛིན་ལ་ནི་རྣམ་གཟིགས་པས། །འཇིག་རྟེན་དབང་ཕྱུག་བདག་ པོ་ཉིད། །སངས་རྒྱས་ཐམས་ཅད་སྲས་བཅས་དང་། །དེ་བཞིན་རྡོ་རྗེ་འཛིན་པ་མཆོག །རྡོ་རྗེ་རིན་ཆེན་དེ་ཡིས་ནི། །ཀུན་རིག་ཀུན་གྱིས་དབང་བསྐུར་དང་། །བསམ་པ་ཐམས་ཅད་རྫོགས་བྱའི་ཕྱིར། །ཀུན་མཆོག་ཀུན་ལ་དབང་བསྐུར་ནས། །ཤིས་པ་བརྗོད་པ་འདི་གསུངས་སོ། ། ཨོྃ་སརྦ་བཛྲ་ས་ཏྭ་ཨ་ཏི་པ་ཏི་སྟྭྃ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿ། དེ་ནས་བཟང་པོས་འདི་གསུངས་ཤིང་། །ལེགས་པར་ཤིས་བརྗོད་དབང་བསྐུར་བས། །རྡོ་རྗེ་རིན་ཆེན་ཆེ་དེ་ལས། །ཆོས་ཀྱི་གཙོ་བོར་བྱུང་བར་གྱུར། །བྱུང་ནས་འགྲོ་བ་ཐམས་ཅད་ནི། །ཅི་རིགས་པར་ནི་ཀུན་དབང་བསྐུར། ། རྡོ་རྗེ་ཀུན་གྱིས་དབང་བསྐུར་ནས། །སླར་ཡང་དཀྱིལ་འཁོར་ཚུལ་གྱིས་བཞུགས། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་པས། །རྡོ་རྗེ་རིན་ཆེན་བླ་ན་མེད། །ཤིན་ཏུ་དབང་ཕྱུག་ཆེན་པོའི་མཆོག །དངོས་གྲུབ་གསོལ་བའི་རྟོག་པ་གསུངས། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ནི། ། ནམ་མཁའི་འཁོར་ལོ་ནམ་མཁའི་མདོག །ཉི་མ་ཟླ་བ་སྐར་མ་དང་། །གཟའ་རྣམས་ཀྱིས་ནི་བརྒྱན་པ་བྲི། །དེ་དབུས་ནམ་མཁའི་སྙིང་པོ་ནི། །བདག་ཉིད་ཐམས་ཅད་དགྱེས་པ་གཞག །དག་པའི་བཻ་ཌཱུརྱ་མདོག་འདྲ། །འོད་ཟེར་འབར་བ་སྣ་ཚོགས་འཁྲུག །གཡོན་པ་ རིན་ཆེན་ཐུགས་ཀར་སྟོད། །གཡས་པས་ནོར་ཆེན་རབ་སྩོལ་བ། །དེ་ཡི་ངོས་སུ་སེམས་དཔའ་མཆོག །བཞི་པོ་གཟུངས་བཅས་དམ་པ་ཡིན། །དབང་བསྐུར་བ་དང་གཏེར་ཉིད་དང་། །ནོར་བུ་ཆེན་པོ་བླ་མེད་དང་། །འབྱོར་པ་དཔལ་ནི་ཕུན་སུམ་ཚོགས། །རང་གི་མཚན་མས་ མཆོད་པས་ནི། །དེ་ལ་དེ་དག་གི་སྙིང་པོ་འདི་ཡིན་ཏེ། བཛྲ་ས་ཏྭ་ཛཿ། བཛྲ་རཏྣ་ཧཱུྃ། བཛྲ་དྷ་རྨ་བྃ། བཛྲ་ཀ་རྨ་ཧོཿ། དེ་ནས་གཟུངས་རྣམས་ཀྱི་སྙིང་པོ་བཤད་དོ། ཨོྃ་པྲ་ཏི་བཛྲི་ཎི་ཕཊ། ཨོྃ་བཛྲ་བྲཱི་ཏི་ཧི་ཧི། ཨོྃ་ཙིནྟཱ་མ་ཎི་ཧོཿ། ཨོྃ་བཛྲ་མ་ཧཱ་མ་ཧེ་ཧྃ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ ནི། །ཆོ་ག་རྒྱས་པ་ཅི་བཞིན་བྱ། །ནོར་བུའི་ཁུ་ཚུར་གྱིས་བཞུ་གསལ། །མཁའ་སྐྱེས་ལ་ནི་མགོས་ཕྱག་བྱ། །བཞུགས་ནས་ནམ་མཁའ་མཁས་པ་ཡི། །དམ་ཚིག་དམ་པ་བརྗོད་པར་བྱ། །ཁྱེད་ནི་ནམ་མཁའ་ལས་བྱུང་བའི། །ཐམས་ཅད་ཀྱི་ནི་ལྔ་པ་ཡིན། ཨོྃ་ཨི་སིད་དྷ་བྷུར་བྷུ་ག་ སིད་དྷ་སིད་དྷ་སྭཿ། སིད་དྷ་མ་ཧཱ་བཛྲ་རཏྣ། བ་བ་ཏྲ་ཊྭཱ་ཏྲཱྃ། འདི་ནི་བཟླས་པ་ཙམ་གྱིས་ནི། །མཁའ་སྙིང་དངོས་གྲུབ་ཐམས་ཅད་དང་། །ཕུན་ཚོགས་ཀུན་ལ་ཤིན་ཏུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་བླ་ན་མེད་པས་གསུངས་སོ། །དེ་ ནས་ནོར་བུ་ཁུ་ཚུར་ཅན་གྱི་ལྕགས་ཀྱུས་དགུག་པར་བྱའོ། ཨོྃ་བྷཱུ་རཱ་ཡ་ཧཱི་ཛཱ། བྷུ་བ་བྲ་བི་ཤ་ཧཱུྃ་སྭ། གྲྀ་ཧྞ་བྃ་བ་པ་ཊ་ཊ་སིད་དྷ་ཧོ་ཏྲཱྃ། དེ་ནས་བཅོམ་ལྡན་མྱུར་དུ་ནི། །བྱོན་ནས་དངོས་གྲུབ་ཐམས་ཅད་ནི། །འབྱོར་བ་ཤིན་ཏུ་གཡོ་བ་ལ། །དོན་ནི་རབ་ཏུ་འགྲུབ་པར་འགྱུར། །དེ་ནས་སློབ་མས་ཕྱག་ རྒྱ་ནི། །མེ་ཏོག་བཅས་པ་མཆོག་གིས་གཞུག །བཅུག་ནས་དེ་ཉིད་མཆོག་སྙིང་པོ། །བདེན་པ་ལན་ཅིག་བརྗོད་དུ་གཞུག །དེ་ནས་འབྱོར་པའི་མཆོག་བརྟག་པ། །དཔལ་གྱི་ཕུན་ཚོགས་མཆོད་པ་ཆེ། །འཇིག་རྟེན་མཆོག་གི་དངོས་གྲུབ་རྣམས། །བདེ་བར་གཤེགས་པ་དེ་བཞིན་ ཐོབ། །དེ་ནས་དེ་ཕྱིར་སྒྲུབ་པ་བཤད། །རྡོ་རྗེ་རིན་ཆེན་རྒྱལ་མཆོག་གིས། །དཔག་མེད་ཟློས་པས་བསྒྲུབ་བྱ་ཞིང་། །འདི་ཡིས་སྐྱེས་མཆོག་འདི་ཉིད་ལ། །འདོད་ཆགས་འགྲོ་དང་འོང་བར་འགྱུར། །རིན་ཆེན་ཀུན་གྱི་དབང་ཕྱུག་རྒྱལ། །རྒ་དང་འཆི་བ་མེད་པར་འགྱུར། ། དངོས་གྲུབ་ཀྱི་དམ་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་བསྒྲུབ་པ་ནི་དགའ་བ་ཉིད་ཀྱིས་སོ། །དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི་དམ་ཚིག་གི་ཁུ་ཚུར་གྱིས་སོ། །དེ་བཞིན་དུ་ལས་བསྒྲུབ་པ་ནི་དངོས་གྲུབ་བླ་ན་མེད་པ་ཡིན་ནོ་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ཉིད་དེའི་རྒྱུད་དོ།། །།དེ་ནས་དེ་ཕྱིར་ལས་རྣམས་ ཀྱི། །རབ་འབྱམ་རྒྱུ་ནི་དམ་པ་དང་། །དངོས་གྲུབ་ཆེན་པོ་ཀུན་གྲུབ་པ། །གོ་རིམས་ཅི་བཞིན་རབ་བཤད་བྱ། །འདི་ལྟ་སྟེ་འབྱོར་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་ དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་སོ། ། དཔལ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་ པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་དཔལ་གྱིས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་ པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པས་སོ། །མཆོད་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་། འདེགས་པ་དང་ འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་སྒྲུབ་པས་སོ་ཞེས་ཀྱང་གསུངས་སོ། །སེམས་ ཅན་ཐམས་ཅད་བདེ་དོན་དུ། །རྡོ་རྗེ་སེམས་དཔའ་ནོར་ཆེ་བ། །རང་གི་རྒྱལ་མཆོག་ལན་ཅིག་བསྒྲུབ། །ཡི་གེ་ཏྲྃ་ནི་སྦྱར་བར་བྱ། །དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེ་རིན་ཆེན་གྱི་རྟོག་པའི་ཆོ་ག་རྒྱས་པའོ།། །། དེ་ནས་རྒྱལ་བ་རྡོ་རྗེ་འཛིན། །འཇིག་རྟེན་གསུམ་པོ་ཁམས་གསུམ་པ། །འཇིག་རྟེན་གསུམ་བདག་ཐམས་ཅད་ལ། །འཇིག་རྟེན་གསུམ་མཆོག་འདུལ་མཛད་པ། །ཆོ་ག་བཞིན་དུ་བསྒོམས་གྱུར་ཞིང་། །སེམས་ཅན་དོན་ཕྱིར་ཆོ་གས་བཞུགས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། ། རྟག་ཏུ་རྣམ་པར་གནས་པ་ཡིན། །མི་མཉམ་པ་ཡིས་བསྟེན་གྱུར་ན། །དུག་ཉིད་དུ་ནི་ཉེ་བར་འགྲོ། །བདུད་རྩི་ཉིད་ཀྱིས་བསྟེན་གྱུར་ན། །བདུད་རྩི་ཉིད་དུའང་འགྱུར་བ་ཡིན། །འདོད་ཆགས་ཚངས་པ་མཆོག་འབྱིན་པ། །ཞེ་སྡང་དྲག་པོའི་ཏིང་འཛིན་གྱིས། །གཏི་མུག་ཁྱབ་ འཇུག་བརྟན་མཛད་ནས། །འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྟག་ཏུ་གནས་པས་སྲིད་གསུམ་གནས། །ཆོས་ཀྱིས་བསྟེན་ནས་གསུམ་མཆོག་སྟེ། །ཆོས་མིན་བསྟེན་པས་ངན་སོང་གསུམ། །འདོད་ཆགས་སྦྲང་ རྩིར་བྱེད་པར་བཤད། །ཞེ་སྡང་རྒྱལ་བར་བྱེད་པར་བཤད། །གཏི་མུག་དོན་ནི་སྒྲུབ་བྱེད་ཅེས། །ཀུན་ཏུ་གསང་བའི་མིང་ཡིན་ནོ། །ང་ནི་འཇིག་རྟེན་གཅིག་པུ་ཉིད། །འཇིག་རྟེན་གསུམ་དུ་རབ་ཏུ་བཤད། །ང་ནི་འདོད་པ་གཅིག་པུ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་ཡིན ། ། དེ་ནས་གསུམ་པོ་འདི་ཡི་མཆོག །སྦྱང་ཕྱིར་རྡོ་རྗེ་སྦྱང་འཛིན་པ། །གཟུགས་ནི་གསུམ་པོ་འདི་དག་ཉིད། །བདག་ཉིད་ཁོ་ན་བྱུང་བ་ཡིན། །གང་ཕྱིར་འཇིག་རྟེན་འདི་དག་ནི། །རྟག་ཏུ་ཡང་ནི་འདི་སྐད་སྨྲ། །ཚངས་སོགས་ཀྱིས་འདུལ་ཡང་དག་པའི། །སངས་ རྒྱས་བྱང་ཆུབ་སྣོད་མ་ཡིན། །དེ་རྣམས་སྦྱང་ཕྱིར་བཅོམ་ལྡན་འདས། །རྡོ་རྗེ་འཆང་ཆེན་རང་ཉིད་ནི། །གཟུགས་ནི་གསུམ་པོ་འདི་མཛད་ནས། །ཕྱིས་ནི་སངས་རྒྱས་ཉིད་མི་འགྱུར། །དེ་ནས་ཚངས་པ་ལྷ་སོགས་ལྷ། །འཇིག་རྟེན་གསུམ་མཆོག་དབང་ཕྱུག་ཆེ། །དཀྱིལ་ འཁོར་དེ་ནི་གསང་སྙིང་པོ། །རང་གི་རང་གྲུབ་ཕྱིར་རབ་ཕུལ། །ཨོྃ་བྷཱུར་བྷུ་བ་སྭཿ། ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་སྲུངས་བཞིས་ནི་རབ་བསྲུངས་པ། །ཁ་ཁྱེར་གྱིས་ནི་ལེགས་བསྐོར་བ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་མ་ཉིད་དང་ནི། །དཀྱིལ་འཁོར་གཞུ་ ཡི་དབྱིབས་ཅན་ལ། །སྦྲང་རྩིར་བྱེད་དང་རྒྱལ་བྱེད་ཉིད། །བསྒྲུབ་པ་ཐམས་ཅད་སྒྲུབ་པ་ནི། །གོ་རིམས་དག་ནི་ཇི་བཞིན་དུ། །ལེགས་པར་བྲིའམ་གཞག་པར་བྱ། །པུས་མོ་གཉིས་ཀྱིས་བཞུ་གསལ་དེར། །རྩེ་གསུམ་དམ་ཚིག་གིས་མཚན་པས། །ཞུགས་ཏེ་ དམ་ཚིག་བཅིངས་ནས་ནི། །ཡང་དག་པར་ནི་དགུག་པར་བྱ། །ཨོྃ་བྷཱུར་བྷུ་བ་སྭཿ། སྭ་སྟི་ནཱ་མ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ། །ཐམས་ཅད་གྲུབ་ཕྱིར་འོངས་པ་ལ། །དེ་སྙེད་པ་ཡི་གཏོར་མ་སྦྱིན། །སློབ་དཔོན་རབ་ ཏུ་ཞུགས་པ་ཡིས། །སློབ་མ་ཐམས་ཅད་གཞུག་པར་བྱ། །དེ་ཉིད་གསང་བ་བརྗོད་ནས་ནི། །དམ་ཚིག་མཆོག་ནི་སྦྱིན་པར་བྱ། །གལ་ཏེ་ཁྱོད་ཀྱིས་རྩེ་གསུམ་བཅག །སྙིང་པོ་སྣོད་མིན་ལ་སྨྲས་སམ། །ཇི་སྐད་སྨྲས་པའི་ཆོས་རྣམས་ནི། །གལ་ཏེ་འདིར་ནི་མ་ སྤྱད་དམ། །སྙིང་སྟོབས་རྡུལ་དང་མུན་པ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་སྟེ། །མིང་པོ་གསུམ་པོ་འདི་ཉིད་ནི། །ནམ་ཡང་བརྙས་པར་མི་བྱའོ། །གང་ཞིག་འདི་རྣམས་སྒོམ་པ་སློབ། །ཡང་དང་ཡང་དུ་ཞུགས་ནས་ནི། །དཀྱིལ་འཁོར་མཆོད་པར་བྱ་བ་དང་། ། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །རང་གི་ཕྱག་རྒྱ་བསླབས་ནས་ནི། །དེ་ལ་གར་གྱི་མཆོད་པ་དང་། །འདོད་ཡོན་དམ་པ་ལྔ་རྣམས་ཀྱིས། །རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ། །འཇིག་རྟེན་གསུམ་འབྱིན་པའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། ། སེམས་ཅན་ཀུན་རྗེ་སྟོན་མཛད་པ། །འཇིག་རྟེན་གསུམ་ཕྱུང་དོན་གྲུབ་ཏུ། །སླར་ཡང་སྲིང་མོ་རྣམས་འབྱིན་མཛད། །ཀུན་ཏུ་ཆགས་དང་ཞེ་སྡང་རྨོངས། །བརྟན་པར་བྱེད་པའི་རྒྱུ་ཡིན་ནོ། །དགའ་དང་ཕྲག་དོག་བུད་མེད་ནི། །རབ་ཏུ་གྲགས་པའི་དངོས་གྲུབ་སྟེར། །གང་ཞིག་ འཇིག་རྟེན་ཀུན་ཏུ་བཤད། །ཚོགས་ཀུན་གྱིས་མཆོད་ལྷ་མོ་རྣམས། །ཞི་དང་འཇིགས་མ་དེ་བཞིན་གསེར། །གྲུབ་པ་དང་ནི་ཞི་བར་བཤད། །ཕྱི་རོལ་སེམས་ཅན་ཕན་ཕྱིར་དང་། །རྟོགས་དོན་ཁོང་དུ་ཆུད་བྱའི་ཕྱིར། །དེ་རྣམས་ཀྱི་ནི་སྙིང་པོ་དང་། །དཀྱིལ་འཁོར་དེ་བཞིན་དམ་ ཚིག་བཤད། །ཧྲཱི་ཧཱུྃ་ཤྲཱི་བྷྱོ། དཀྱིལ་འཁོར་བཟང་པོ་སྒོ་བཞི་པ། །སྲད་བུ་གསུམ་གྱིས་དཀྱིལ་འཁོར་བྱ། །མཚམས་ཀྱི་ཐིག་ནི་ཀ་བ་ཆེ། །བཞི་པོ་ངག་ནི་རིམ་པ་བཞིན། །དེ་ཡི་དབུས་སུ་དཀྱིལ་འཁོར་ནི། །བཞི་པོ་དག་ནི་དེ་བཞིན་བྱ། །རང་གི་སྙིང་པོ་བཞི་པོ་ནི། །རང་གི་སྒོར་ ནི་ཕྱོགས་པར་གཞག །སྐལ་བཟང་ལག་ན་རལ་གྲི་མཚོན། །སྲིང་མོ་ཕུབ་ཅན་ཞི་བ་མོ། །ཕག་མོ་ལག་ན་གཏེར་ཉིད་དེ། །གྲུབ་པ་མོ་ནི་བསྙེམས་དང་བཅས། །དེ་ནས་དང་པོའི་དཀྱིལ་འཁོར་དུ། །ཀུན་ནས་དེ་བཞིན་ཞུགས་ནས་ནི། །སྲིང་མོ་རྣམས་ཀྱི་རང་གི་རྒྱས། །གོ་རིམས་ དག་ནི་ཇི་བཞིན་དུ། །ཞུགས་ནས་དེ་བཞིན་ཆོ་ག་བཞིན། །སྤོས་ལ་སོགས་པས་མཆོད་པར་བྱ། །དེ་ཉིད་གསང་བ་རབ་བསྒྲུབ་པས། །ཀུན་ནས་དགུག་པ་དག་ཏུ་བྱ། །ཨོྃ་སུ་མ་བྷ་ག་ར་ཏིཥྛ་མ་ཡ་ཧི་བྷཱུར། རཀྵ་ས་མཱ་ཏིཥྵཱ་མ་ཡ་ཧི་བྷཱུར་དྷུ་བ། བརཱ་ཧཱ་ཨ་མིརྱཱ་ཏ་མ་ཡ་སྭཱ་ཧཱ། །སིད་ དྷི་ཀེ་སིད་དྷི་ས་མ་ཡ་ཧི་ཨཱི་མཱྃ་ཀེ་མུ་དྲཱ་བྷིཿ། ཧྲཱིཿཧཱུྃ་ཤྲཱི་བྷྱོ། དེ་ནས་ལུས་ནི་ཐམས་ཅད་ཀྱིས། །དེ་བཞིན་དུ་ནི་ལེགས་བཞུགས་ལ། །དེ་ནས་ཕྱག་རྒྱ་བཅིངས་བསྟན་ཏེ། །གསང་བ་མཆོག་འདི་བརྗོད་པར་བྱ། །གལ་ཏེ་གསང་ཉིད་མ་བསྲུངས་ན། །གང་ཞིག་སེམས་ཅན་དོན་ ཞུགས་དང་། །གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ། །དེ་རྣམས་ཁྱེད་ཀྱིས་བསད་པར་འགྱུར། །ཆོས་དང་ལྡན་ལ་བདུད་རྩི་ཉིད། །ཆོས་མིན་པས་ནི་དུག་པས་ལྷག །ཅི་སྙེད་པ་དང་དུས་ཅི་བཞིན། །ཡུལ་རྣམས་ཉེ་བར་བསྟེན་པ་དང་། །ཕྱག་རྒྱ་གར་གྱི་ མཆོད་པ་ཡིས། །ཅི་བདེ་བར་ནི་རྟག་ཏུ་མཆོད། སྲིང་མོ་བཞིའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །ས་ཡི་དབང་ཕྱུག་ཀུན་གྱི་མཆོག །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྒྲུབ་པ་དང་ནི་རབ་སྒྲུབ་ཉིད། །འདོད་ཆགས་སོགས་དུག་གཞིག་ཕྱིར་དང་། ། ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར། །ཞེ་སྡང་ལས་བྱུང་ཀླུ་ཡི་ནི། །དཀྱིལ་འཁོར་དམ་པ་འབྱུང་བར་འགྱུར། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། །ཕུཿ། །ཟུར་བཞི་པ་ལ་སྒོ་བཞི་པ། །སྲད་བུ་ཐམས་ཅད་ཡང་དག་བྲི། །སྒོ་ཁྱུད་ཀླུ་ཡི་གདེངས་ཀ་མཆོག །མཚམས་ཀྱི་རྩེ་མཆོག་ མཇུག་མ་མདུད། །དེ་ཡི་དབུས་སུ་ཀླུ་རྒྱལ་ནི། །མཐའ་ཡས་གདེངས་ཀ་བཅས་པ་ནི། །ཀླུ་ཡི་རིགས་ནི་བརྒྱད་པོ་དག །ཤེས་རབ་ཅན་གྱིས་ཀུན་ཏུ་བྲི། །དེ་ནས་ཁྲོས་ནས་ཞུགས་ནས་ནི། །ཀླུ་འཛིན་པ་ཡི་ཤུགས་ཀྱིས་ནི། །ཞུགས་ནས་དཀྱིལ་འཁོར་དེ་ཉིད་དུ། །སྦྲུལ་གྱི་ གདེངས་ཀས་དགུག་པར་བྱ། །ཨོྃ་ཧྲཱིཿཨ་ནཱི་ལ་ཛ་བ་བེ་ག་པྲྀ་ཐི་བྷི་ན་ད་རྀ་ཥེ་ཤཱ་ཡ་ཧི་ཕུཿ། སརྦ་ནཱ་ག་ཀུ་ལཱ་ནྱཱ་ན་ཡ་ཕུཿ། ས་མ་ཡ་པྲ་བེ་ཤ་ཡ་ཕུཿ། སརྦཱ་ན་སཱ་དྷ་ཡ་ཕུཿ། ཏ་ཏ་ས་སརྦ་ནཱ་ག་པུ་ཏྲ་ཀ་ཕུཿ། དེ་ལྟར་བྱས་ན་ལེགས་པར་བཞུགས་ཤིང་དགའ་བར་འགྱུར་རོ། །དེ་ནས་སློབ་དཔོན་ གྱིས་དུག་མེད་པར་བསམ་པར་བྱའོ། །དེ་ནས་བརྩམས་ཏེ་དུག་ཐམས་ཅད་ཟོས་ཀྱང་བདུད་རྩིར་འགྱུར་རོ། །ནོར་རྒྱས་དང་རྩེ་བར་བྱེད་དོ། །དུག་ཐམས་ཅད་སྦར་བ་དང་། །གཞིག་ནུས་པར་འགྱུར་རོ། །དེ་ནས་མནའི་སྙིང་པོ་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། ། འཇིག་རྟེན་ན་ནི་འདི་གསུམ་དུག །གལ་ཏེ་བདེན་པ་ལས་འདས་ན། །དེ་དག་གིས་ནི་རྟག་གསོད་འགྱུར། །ཁྱོད་ཀྱིས་གློག་ལ་བརྙས་མི་བྱ། །སེར་བ་བཟློག་པར་མི་བྱ་ཞིང་། །གལ་ཏེ་དངོས་གྲུབ་ལ་དགའ་ན། །ཅི་ནས་སྦྲུལ་ནི་གསད་མི་བྱ། །ཀླུའི་དཀྱིལ་འཁོར་རོ།། །།དེ་ནས་སྟོན་ པ་རྡོ་རྗེ་འཛིན། །སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག །སེམས་ཅན་ཀུན་ལ་བདེ་བའི་ཕྱིར། །གདོན་གྱི་དཀྱིལ་འཁོར་ཕྱུང་བ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཉེས་བྱས་ཀྱིས་ནི་དུག་ཉིད་འགྱུར། །གདོན་དང་རིམས་དང་སྡིག་པ་དང་། །དམྱལ་བར་ ཡང་ནི་འགྱུར་བ་ཡིན། །དེ་ནས་གདུག་པའི་སྙིང་པོ་ནི། །ཧྃ། ཟུར་བཞི་པ་ལ་སྒོ་བཞི་པ། །གདོན་གྱི་དཀྱིལ་འཁོར་ཀུན་ཏུ་བྲི། །དེ་དབུས་དང་པོར་གདོན་ལ་སོགས། །ཆོ་ག་རྒྱས་པ་གདོན་པར་བྱ། །དེ་ནས་བཤད་པ་བཞིན་ཞུགས་ནས། །དགོད་ཅིང་མྱུར་བར་དཀྱིལ་འཁོར་ དུ། །རྡོ་རྗེ་འཛིན་པ་ཞུགས་ནས་ནི། །ཁྲོས་པས་རྐང་པ་གཡོན་པས་མཉེ། །དེ་ནས་གདོན་དང་རིམས་སྡིག་པ། །དམྱལ་བ་ཐམས་ཅད་རྟག་ཏུ་ནི། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེས་རབ་ཏུ་འཇིག་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ གསུངས་སོ། །སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཀུན་མཆོག་དབང་ཕྱུག་དམ་པ་ཡིས། །སེམས་ཅན་ཀུན་དོན་རབ་བསྒྲུབ་ཕྱིར། །དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། ཨོྃ་སཱཿཧཱུྃ་ ཧྲཱིཿཏྲཱྃ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀུན་མཆོག་དབང་ཕྱུག་དམ་པ་ནི། །གཟུགས་ཀུན་གྱིས་ནི་ཀུན་མཆོག་གི། །དབང་ཕྱུག་དམ་པ་མཛད་པ་ཡིན། །གསང་བ་ཆེན་པོ་ལྔ་ཡིས་ནི། །གང་ཚེ་འདུལ་བར་མ་གྱུར་པ། །དེ་ཚེ་སྣ་ཚོགས་ཆེར་མཛད་པ། །འགྲོ་བ་ འདུལ་བའི་དམ་པ་ཡིན། །དེ་ནས་གང་ཕྱིར་དཀྱིལ་འཁོར་ཆེ། །དམ་པ་ཡང་དག་བཤད་བྱ་སྟེ། །ཀུན་མཆོག་སྣ་ཚོགས་རྣམ་པར་རྒྱལ། །ཀུན་མཆོག་དབང་ཕྱུག་དམ་པ་ཡི། །དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི། །དེ་ཡི་དབུས་སུ་ཆོ་ག་བཞིན། །རྡོ་རྗེ་སེམས་དཔའ་རབ་བཞག་ལ། །རྡོ་རྗེ་ ལྷ་མོ་ཚོགས་དཀྱིལ་འཁོར། །དེ་ཡི་ངོས་ནི་ཐམས་ཅད་དུ། །ཀུན་མཆོག་བདག་པོའི་སྐུ་རྣམས་སོ། །རྡོ་རྗེ་མཆོག་བཅས་མཚན་མ་ནི། །རང་གི་རིགས་ཀྱིས་བསྐོར་བ་གཞག །རྒྱལ་པོ་རྡོ་རྗེ་སྲེད་མེད་བུའི། །གཟུགས་འཛིན་འཁོར་ལོ་བསྣམས་པ་བྲི། །ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ། ། གཏུམ་དབང་རྡོ་རྗེ་མདུང་བསྣམས་པ། །རྡོ་རྗེ་པད་བྱུང་པདྨ་ཅན། །རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན། །ནམ་མཁའི་སྙིང་པོ་འདོད་པའི་གཟུགས། །རྡོ་རྗེ་དང་བཅས་མེ་ཏོག་མཚོན། །དཀྱིལ་འཁོར་གྱི་ནི་མཚམས་རྣམས་སུ། །རིགས་ཀྱི་ལྷ་མོ་བྲི་བར་བྱ། ། རྡོ་རྗེ་དཔལ་མོ་དཀར་མོ་དང་། །རྡོ་རྗེ་སྒྲོལ་མ་མཁའ་རྡོ་རྗེ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་འདི་རྣམས་ཀྱི་སྙིང་པོ་འདི་བཤད་པར་བྱ་སྟེ། ཨོྃ་བཛྲ་ནཱ་རཱ་ཡ་ཎ་ཙྪིནྡ་པྲ་ཏི་ཧ་ན་བཛྲ་ཙཀྲ་ཏེ་ན་ཧོ། བྷ་ག་བཱ་ན་བཛྲ་ཏ་ཐཱ་ག་ཏ། ཛཿཧཱུྃ་བྃ་ཧོཿ། བཛྲ་དྷཱ་ར