Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 13 / 18 (50.000 ký tự/trang)
འོ། །སྤྱི་བོར་གཞག་པར་བྱའོ། །ས་ལ་རེག་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་རྟགས་ཀྱི་ལྕགས་ ཀྱུས་སོ། །རྩེ་མོ་སྟོད་པའི་སྐྱེ་གནས་བཀྲོལ་བ་ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ། །དེ་བཙིར་བར་བྱའོ། །མིག་བཙུམ་པར་བྱའོ། །བསྐོར་ཞིང་བཙིར་ནས་ཁྲོ་བོའི་ལྟ་བས་བལྟ་བར་བྱའོ། །ཡོངས་སུ་བསྐོར་ནས་ཁའི་མཐར་མཆེ་བ་བསྟན་པའི་ གཡས་པའི་མཛུབ་མོས་སྡིགས་མཛུབ་བོ། །མཛུབ་མོ་ལ་ལྡང་བར་བྱའོ། །མཐེ་བོང་བཙིར་བར་བྱའོ། །ཡི་གེ་མུས་ཕྱག་རྒྱ་དགྲོལ་བའོ། །དང་པོ་མཐེའུ་ཆུང་གི་རྡོ་རྗེས་བསྣུན་པར་བྱའོ། །དེ་ཉིད་རྣམ་པར་འགྱུར་བའི་གདོང་པས་སོ། །དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེན་དུ་ ཁ་བལྟ་བས་གནས་པའོ། །དེ་ཉིད་ཀྱིས་ནམ་མཁའ་ལ་རྡེག་པའོ། །གཡོ་ཞིང་བཙུམས་པའི་མིག་གིས་ཕྱག་རྒྱ་བཅིངས་པ་དགྲོལ་བའོ། །མཐེའུ་ཆུང་གི་ནོར་བུས་རེག་པར་བྱའོ། །མཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་བརྗེ་བར་བྱ་སྟེ་བཟའ་བའམ་ཡིད་ཀྱིས་གཞག་པར་བྱའོ། །མཛུབ་ མོས་སྦྱིན་སྲེག་བྱེད་པའོ། །རབ་ཏུ་དགའ་བའི་རྡོ་རྗེ་གདོང་པར་དགྲོལ་བར་བྱའོ། །སྦྱིན་སྲེག་བྱེད་པའོ། །མཐེའུ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ་དྲལ་བར་བྱའོ། །སྲིན་ལག་དང་ཐ་མ་མཉམ་པར་སྦྱར་སོར་མོ་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ། །རྡོ་རྗེ་བསྡམས་པས་ལེགས་པར་བྱེད་ པ་མཛུབ་མོ་མཐེ་བོང་མཉམ་པོར་ཕྱེ་བ་དང་བཀུག་པ་བསྐོར་ནས་དྲལ་བར་བྱའོ། །རྡོ་རྗེ་བསྡམས་པ་རབ་ཏུ་བརྐྱང་བའི་མཐིལ་ས་ལ་རེག་པར་བྱའོ། །དང་པོའི་རྡོ་རྗེ་སྤྲིན་སྐྱེད་པའོ། །མཛུབ་མོས་ཆར་བསྐྱེད་པར་བྱའོ། །མཛུབ་མོས་བཟློག་པར་བྱའོ། །རྡོ་རྗེ་བལྟ་བས་འཕྲོག་པར་བྱའོ། ། རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ། །མཛུབ་མོ་གཅིག་གི་ནོར་བུའོ། །མཐེའུ་ཆུང་རྡོ་རྗེ་སྡིགས་མཛུབ་བོ། །མཛུབ་མོས་ས་འོག་ནས་ཆུ་མིག་བཀུག་ལ་བསྟན་པའོ། །བདེ་བ་ཆེན་པོ་རྡོ་རྗེས་ལ་བཟུང་ནས་གཡོ་བར་བྱའོ། །མཛུབ་མོ་གཉིས་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ། ། རྩེ་མོ་བཞིའི་འོད་ཟེར་གྱིས་མེ་སྟག་སྟོན་པའོ། །མཛུབ་མོས་རླུང་སྐྱེད་པའོ། །རབ་ཏུ་དགའ་བའི་རྡོ་རྗེས་མཛུབ་མོའི་རྩེ་མོས་མེ་ལོང་དང་། རོལ་པ་དང་། ནམ་མཁའ་ལ་རྡོ་རྗེ་བལྟ་བ་དང་། སྟེང་དུ་བསྐོར་བར་བྱའོ། །རྡོ་རྗེའི་མདངས་ཤིང་དྲུང་ཐམས་ཅད་དང་། ནགས་དང་། སྐྱེད་མོས་ཚལ་དང་། འབྲུ་ཐམས་ཅད་ལ་གཞག་པར་བྱའོ། །མཛུབ་མོ་རྣོན་པོས་ཀློག་པར་བྱའོ། །བདག་ཉིད་ཀྱིས་ཐམས་ཅད་ལ་དྲང་པར་བྱའོ། །ཕྱི་རོལ་གྱི་དཔུང་མདུན་དུ་བསྐོར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བས་བསྐོར་བར་བྱའོ། །གློག་འགུ་བས་ནམ་མཁའ་ལ་ བསྐོར་བར་བྱའོ། །གཡས་པས་གཡོན་པ་ལ་བརྡེག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེད་པ་ལ་གཞག་པར་བྱའོ། །མཛུབ་མོ་མཉམ་པའི་དཀྱིལ་འཁོར་ནི་ནོར་བུའོ། །མཛུབ་མོའི་རྡོ་རྗེའི་གཡོན་པའི་མཐེ་བོང་གི་བུ་གར་གཡས་པའི་མཛུབ་མོ་གཞུག་པར་བྱའོ། །རབ་ཏུ་དགའ་ བའི་རྡོ་རྗེས་སྟེང་དུ་ནམ་མཁའ་ལ་དཀའ་བ་བསྐྱོད་པ་དང་། སྐྱེ་གནས་གཡོ་བ་དང་། དབུས་མའི་རྡོ་རྗེ་བསྐྱོད་ཅིར་བཙིང་བའོ། །རྡོ་རྗེ་ཡིད་ལས་བྱུང་བ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལ་དང་། །རྡོ་རྗེ་ཆུ་སྲིན་དང་། རྡོ་རྗེ་བསྙེམས་མ་ནི་བཤད་པའོ། །རྡོ་རྗེ་བསྡམས་པའི་མཛུབ་མོས་གསོལ་ བ་འདེབས་པར་བྱེད་པས་མཛུབ་མོ་གཉིས་ཀྱིས་རང་གི་མིག་བཀབ་ལ་ཡིད་ཀྱིས་ཅི་ལྟར་མངོན་པར་འདོད་པ་བསྒོམ་པར་བྱའོ། །སྦྱིན་སྲེག་བྱེད་པའོ། །མཛུབ་མོས་རང་མིག་བཙུམ་པར་བྱའོ། །སོས་གཟུང་བར་བྱའོ། །བཏུང་བར་བྱའོ། །རྩེ་མོ་བསྐྱོད་ཅིང་སྦྱིན་སྲེག་བྱའོ། མཐེ་བོའི་འོག་ཏུ་རབ་ཏུ་བརྐྱང་ལ་སྦྱིན་པར་བྱའོ། །རྡོ་རྗེ་སྐུའི་ཕྱག་རྒྱ་མཆོག་ནི་མཐེ་བོ་སེམས་དཔའི་སྐྱིལ་མོ་ཀྲུང་གི་མཛུབ་མོ་རྡོ་རྗེ་ནི་རྡོ་རྗེའི་སྐུ་མཆོག་གོ། །དབུས་མའི་མཉམ་པའི་མགོ་ལྕོགས་ཀྱིས་ངག་འབྱིན་པའོ། །སྙིང་གར་བཞག་ནས། ཨོྃ་བོ་དྷི་ཙིཏྟ་ཨུ་ཏ་པཱ་ད་ཡཱ་མི་ཞེས་བྱ་བ་བསྒོམ་ མོ། །མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་གཞུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ་བ་ལྟར་བསྐོར་བས་རྡོ་རྗེ་འཁོར་ལོའོ། །རྡོ་རྗེ་བསྙེམས་མ་རྡོ་རྗེ་དང་བཅས་པའོ། །ཡི་གེ་ཧཱུྃ་གིས་སྡིགས་མཛུབ་བོ། །རབ་ཏུ་དགའ་བའི་རྡོ་རྗེ་གར་གྱིས་སོ། །རྡོ་རྗེ་བསྙེམས་ མ་བཤད་དོ། །མཐེའུ་ཆུང་ཟུར་གྱིས་མདུད་པའི་རྩེ་མོ་མཉམ་པ་ཡོངས་སུ་བསྐོར། །འོག་ནས་བཏེག་པ་མཛུབ་མོ་མཉམ་པའི་རྩེ་མོ་དང་དབང་བསྐུར་བའི་གནས་སུ་གཞག་ན་རྡོ་རྗེ་མཛོད་སྤུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ། ། རྡོ་རྗེ་གར་གྱི་བཤད་པ་ཡིན་ནོ། །མཛུབ་མོ་ཕྱིར་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་གར་བཛྲོ་ཏ་ཧྃ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་སྙིང་གར་རྡོ་རྗེ་སྒོམ་ཞིང་མ་ཧཱ་ས་ཧ་ཧྃ་ཞེས་བྱའོ། །ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏ་ཐཱ་ག་ཏོ྅ཧྃ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་དོ། ། དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བ་ནི། མཛུབ་མོ་རྡོ་རྗེ་བསྡམས་པ་བཅིང་། མཛུབ་མོ་བཀུག་པ་གཉིས་ཀྱིས་བརྒྱན། །མཐའ་མ་གཉིས་ཀྱི་ནང་དུ་ནི། །མཐེ་བོང་གཉིས་ཀྱི་ཁ་སྦྱར་བ། །དམ་ཚིག་ཆེན་པོ་རྡོ་རྗེ་མཆོག །ཁུ་ཚུར་དངོས་གྲུབ་མཆོག་ཀུན་སྩོལ། །རྡོ་རྗེ་ཁུ་ཚུར་རབ་ཏུ་ བརྟགས།། །།དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། ཕྱག་རྒྱ་ཆེན་པོ་རྣམས་ནི་ཏ་ཐཱ་ག་ཏོ྅ཧྃ་ཞེས་བྱ་བས་བཅིང་བར་བྱའོ། །དམ་ཚིག་ཆོ་ག་མཆོག་ནི་མཐེ་བོང་མཐེའུ་ཆུང་མཉམ་པའོ། །རྡོ་རྗེ་སྣ་ཚོགས་རྡོ་རྗེའོ། །མདའ་ལ་སོགས་པ་ བཅིང་བ་ནི་དེ་བཞིན་ནོ། །ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་དོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་དུ་བཅིང་བའོ། །ལྕགས་ཀྱུ་མ་བཞིན་ནོ། །ཁུ་ཚུར་གྱི་ཁྱད་པར་རྡོ་རྗེ་བསྡམས་པའི་ཁུ་ཚུར་མཐེ་བོང་གཉིས་ལ་གནས་པ་དམ་ཚིག་གི་ཁུ་ཚུར་ཏེ། དེ་གཉིས་སུ་བྱས་པ་དེ་ བཞིན་གཤེགས་པའི་ཁུ་ཚུར་རོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་དང་། དཀྱིལ་འཁོར་ལྔས་ཕྱག་འཚལ་ཞིང་འཇུག་པར་བྱའོ། །འདི་དག་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི། རྡོ་རྗེ་སྐུ་མཆོག་གིས་སྤྱི་གཙུག་དང་མཛོད་ སྤུ་དང་སྙིང་གར་བཞག་སྟེ་བསྐོར་ཞིང་བསྐོར་བས་མཁུར་ཚོས་དང་། གཙུག་ཏོར་དུ་གཟུང་བར་བྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་བྱ་བ་དང་སྦྱིན་པའི་ཚུལ་བྱའོ། །གཡོན་པ་སྙིང་གར་བཟུང་སྟེ་གཡས་པའི་མཛུབ་མོ་གཅིག་གིས་ ས་ལ་རེག་པའོ། །གཡོན་པའི་ཁྲོ་བོའི་མཛུབ་མོ་གཡས་པའི་ཁུ་ཚུར་གྱིས་ནང་དུ་མངོན་པར་ཕྱོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་སངས་རྒྱས་ཉིད་དུ་མྱུར་དུ་ཐོབ་པའོ། །རྡོ་རྗེ་བསྡམས་པའི་འོག་ཏུ་བཅིང་བས་བརྟན་པའི་སྐྱིལ་མོ་ཀྲུང་ངོ་།། །།དེ་ནས་རྡོ་རྗེ་ རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དགུག་པའི་ཕྱག་རྒྱ་དེ་ཉིད་དོ། །ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དེ་བཞིན་ནོ། །དམ་ཚིག་ནི་འོག་ཏུ་རྡོ་རྗེ་བསྡམས་པའི་སོར་མོ་ཐམས་ཅད་འབར་བའི་ནང་དུ་མཐེ་བོང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རི་སྟེ་རྡོ་རྗེ་ འཆང་ཆེན་པོ་སྒྲུབ་པར་བྱེད་པའོ། །གཞན་དག་ཀྱང་དེ་བཞིན་ནོ། །ཆོས་ཀྱི་རྣམས་ནི་དེ་བཞིན་ཏེ། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་ནོ། །ཁུ་ཚུར་གྱི་ཁྱད་པར་རོ། །རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་སྡིགས་མཛུབ་བོ། །དམ་ཚིག་ལས་བྱུང་བ་ནི་དེ་བཞིན་ནོ། །དེ་ནས་ལས་ཀྱི་ཕྱག་ རྒྱ་རྣམས་ནི་རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བའོ། །ལག་པ་རྡོ་རྗེའི་མཐེའུ་ཆུང་གདུ་བུར་བཅིངས་པའི་སྡིགས་མཛུབ་ནི་རྡོ་རྗེ་ཧཱུྃ་མཛད་དེ་གཡོན་བརྐྱང་བས་གནས་པའོ། །གཡོན་པའི་མཛུབ་མོའི་རྡོ་རྗེ་སྡིགས་མཛུབ་བོ། །སྣའི་དབུགས་དང་ཡི་གེ་ཧཱུྃ་གིས་སོ། །ཁྲོས་པས་ཡི་གེ་ཨ་སྦྱར་ བར་བྱའོ། །ཧ་ཧར་དགོད་པས་བཞད་པར་བྱའོ། །སྙིང་གར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། །།དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་བཀུག་ལ་དེའི་སྙིང་གར་གཞག་པ་ནི་རྡོ་རྗེ་པདྨའོ། ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་ནོ། །དམ་ཚིག་གི་ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ། །ཁ་འབུས་པའི་ཐལ་མོ་ལས་མཐེ་བོ་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པའི་པདྨ་ཆེན་པོའོ། །ཐམས་ཅད་བཅིང་བ་ནི་ཅི་ལྟ་བ་བཞིན་ནོ། །ཁུ་ཚུར་གྱི་ ཁྱད་པར་ནི། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་མཉམ་པར་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་དུ་གཤིབས་པ་དང་བཅས་པ་བཞག་པ་སྟེ་དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི། པདྨ་ཆེན་པོའི་བཤད་པའོ། །དེ་ ཉིད་སྤྱི་བོ་ལའོ། །དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ། །དེ་ཉིད་སོར་མོ་ཐམས་ཅད་ཁ་ཕྱེ་བས་སོ། །དེ་ཉིད་རྡོ་རྗེ་གཉིས་གཉིས་ཀྱི་མིག་གོ། །དེ་ཉིད་ལེགས་པར་བྱེད་པའོ། །དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ། །དེ་ཉིད་གཡོན་པའི་སྐྱེ་ གནས་སུ་མཐེ་བོའི་རྟགས་བཅུག་པའོ།། །།དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པོ་ལ་མཛུབ་མོ་བཀུག་པ་བཞག་སྟེ་དཔྲལ་བའི་མཛོད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར བ་ཐམས་ཅད་གསོལ་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་བཞིན་ནོ། །དམ་ཚིག་གི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཕྱིར་བཀུག་པའི་སོར་མོ་མཉམ་པོར་ནོར་བུ་མཐེ་བོ་རྡོ་རྗེས་བཀག་པ་རྡོ་རྗེ་ནོར་བུའོ། །གཞན་རྣམས་ནི་དེ་ལས་བྱུང་ བའི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ། །དེ་གཉིས་སུ་བྱས་ནས་རིན་པོ་ཆེའི་ཁུ་ཚུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྒྲེང་བ་བསྒྲུབ་པར་བྱ་བའི་མྱུ་གུའོ། །ཁ་སྦྱར་ནས་སྲིན་ལག་དང་མཐེའུ་ཆུང་མཉམ་པོ་ཁ་ཕྱེ་བས་མཆོག་གི་དར་དཔྱངས་འཛིན་པའོ། །དབུས་ མའི་ནོར་བུའོ། །མཐེའུ་ཆུང་གི་རྩེ་མོའོ། །འོག་ཏུ་གཏོར་བའོ། །རྡོ་རྗེ་བསྡམས་པ་ལས་ནི་མཛུབ་མོའི་ནོར་བུ་བརྐྱང་བའི་ཕྲེང་བའོ། །རྡོ་རྗེ་རིན་པོ་ཆེ་གསུམ་མདུན་དང་ལོགས་གཉིས་སུ་བཅིང་བར་བྱའོ། །རྡོ་རྗེ་རིན་པོ་ཆེའི་མཛོད་སྤུའི་ཕྱོགས་སུ་བཞག་སྟེ། མཛུབ་ མོའི་རྩེ་མོས་སྟེང་དུ་མདུད་པ་དར་དཔྱངས་ཀྱི་ཚུལ་དུ་བྱའོ། །མཐེ་བོ་གཉིས་བརྟན་པའི་སྐྱིལ་མོ་ཀྲུང་བྱས་ལ་མཛུབ་མོ་གཉིས་བཀུག་ནས་མཉམ་པའི་ཁ་འབུས་པའི་མཆོག་གི་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གོ། །དེས་སྤྱི་བོ་ནས་བརྩམས་ཏེ་མདུན་དང་ གཡས་དང་གཡོན་དང་རྒྱབ་ཏུ་བྱ་བ་བྱས་ནས་དེ་བཞིན་དུ་མདུན་དང་རྒྱབ་དང་ལོགས་གཉིས་སུ་སྒེག་པ་དང་བཅས་པས་ཐ་མ་ལ་སོགས་པ་བཀྲོལ་བར་བྱས་ནས། ཕྲེང་བ་བཅིང་བའི་མདུད་པ་བྱ་ཞིང་དར་དཔྱངས་ཀྱི་ཚུལ་དུ་བྱ་སྟེ། རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་སྲིད་པ་གསུམ་ གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ། །རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་གོང་དུ་ཅི་ལྟ་བ་བཞིན་ནོ། །དེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་སུ་མདའ་གཏོང་བའི་ཕྱག་རྒྱའོ། ། དམ་ཚིག་གི་འཇུག་པ་ནི་མཛུབ་མོ་དང་གུང་མོ་དང་སྲིན་ལག་མཉམ་པོར་ལེགས་པར་སྦྱར་ལ་རྩེ་གསུམ་པར་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ནི་མགོན་པོ་རྣམས་ཀྱིའོ། །ཅི་ནས་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །དམ་ཚིག་ནི་གུང་མོ་དང་ སྲིན་ལག་རྡོ་རྗེ་བསྡམས་པས་མཛུབ་མོ་དང་གུང་མོ་དང་མཐེའུ་ཆུང་དང་སྲིན་ལག་མཐེ་བོའི་སོར་མོའི་རྩ་བར་བསྡུས་པ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །གལ་ཏེ་དཀྱིལ་འཁོར་བརྟག་པར་མི་ནུས་ན་དེའི་ཚེ་འདི་བཅིངས་པས་དཀྱིལ་འཁོར་ཤིན་ཏུ་བརྟག་པར་འགྱུར་ཏེ། དངོས་གྲུབ་ཀྱང་ཤིན་ཏུ་གསོལ་བ་ཡིན་ནོ། །ལྷ་མོ་རྣམས་འདི་ཉིད་ཀྱིས་སྤྱན་དྲང་བ་དང་འཇུག་པར་བྱའོ།། །།དེ་ནས་སྒྱུ་མའི་འཁོར་ལོ་ནི་གཡོན་པའི་སྟེང་དུ་སོར་མོ་ཐམས་ཅད་ཤིན་ཏུ་བརྐྱང་། དམ་ཚིག་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ཐམས་ ཅད་དོན་ཡོད་པར་བསྒྲུབ་པའོ། །གདེངས་ཀ་ཅན་གྱི་དབང་པོའི་མཐེ་བོ་གཉིས་པས་རྩེ་མོ་ཕྱི་རོལ་དུ་ཕྱོགས་པའི་སོར་མོ་བརྒྱད་ཀྱིས་གདེངས་ཀའི་ཚོགས་ཀྱིས་ཀླུ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་དམ་ཚིག་སྟེ་ལྟོ་འཕྱེ་ཆེན་པོའི་ལག་པའོ། །གལ་ཏེ་ འདའ་བར་བྱེད་ན་འཆི་བར་འགྱུར་རོ། །གུང་མོ་དང་སྲིན་ལག་བཞི་པོས་མདུད་པ་བྱས་ལ་མགུ་བའི་ཚུལ་གྱིས་སྟེང་དུ་སྒྲེང་སྟེ་བསྡུས་ནས་མཐེའུ་ཆུང་གཉིས་ཀྱིས་རྩེ་མོས་བརྡེག་པར་བྱས་ན་དུག་ཐམས་ཅད་འབར་བ་དང་། དུག་ཐམས་ཅད་བཅིང་བ་དང་ཀུན་ལས་བསྡུས་ཏེ་བརྡེག་ པས་དུག་ཐམས་ཅད་འཇིག་པའོ། །འདི་ཉིད་ཀྱི་དུག་ཐམས་ཅད་ཟ་བ་དང་འཕོ་བ་དུག་མེད་པར་བྱའོ། །ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་བདེ་བ་ ཆེན་པོའི་རྡོ་རྗེ་གསང་བ་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི། ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ། །དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པའི་རིགས་ལའོ། །རྡོ་རྗེ་ཧཱུྃ་མཛད་ནི་རྡོ་རྗེའི་རིགས་ལའོ། །པདྨ་ཆེན་པོ་ནི་པདྨའི་རིགས་ལའོ། །རྡོ་རྗེ་ནོར་བུ་ཆེན་པོ་ ནི་ནོར་བུའི་རིགས་ལའོ། །དེ་ནས་གསུང་གི་ཕྱག་རྒྱ་ལྔ་ནི། སྙན་པའི་གླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་ནུས་པ་ཅི་ལྟ་བུའི་གླུའི་རྒྱུན་ཐམས་ཅད་ཀྱིས་གླུ་བླངས་ཏེ་བཟླས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ལ་རབ་ཏུ་དགའ་བའི་རྡོ་རྗེའི་ངག་གོ། །ལྕེ་དང་མཆུ་ གཉིས་ཤིན་ཏུ་གཡོ་བ་མེད་ཅིང་ངོས་ཤིན་ཏུ་མ་འབྱར་བ་དབྱངས་དང་བྲལ་བའི་རྡོ་རྗེའི་ངག་དེ་ནི་དེ་བཞིན་གཤེགས་པའི་རིགས་ལ་སྟེ། རིགས་ཐམས་ཅད་དགོས་པའོ། །སྤྲིན་གྱི་འབྲུག་སྒྲ་ཡི་གེ་ཧཱུྃ་གི་སྒྲ་ཕྲ་མོ་དང་ལྡན་པ་ནི་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ངག་རྡོ་རྗེའི་རིགས་སོ། །ཏིང་ངེ་ འཛིན་གྱི་ངག་པདྨའི་རིགས་ལ་སྟེ་ཐམས་ཅད་དག་པའི་པདྨ་ཞེས་བྱ་བའོ། །ཆོས་ཀྱི་ངག་ནོར་བུའི་རིགས་ལ་སྟེ་མཆོད་པའི་ནོར་བུའོ། །དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔ་སྟེ། ཐམས་ཅད་བསྒྲུབ་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དངོས་པོས་སོ། །སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་ གཤེགས་པའི་རིགས་ལའོ། །བདག་གམ་བདག་གི་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལའོ། །སྦྱང་བར་བྱའོ་ཞེས་བྱ་བ་ནི་པདྨའི་རིགས་ལའོ། །ནམ་མཁའ་ཐམས་ཅད་བསྒོམས་པས་ནོར་བུའི་རིགས་ལའོ།། །།དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་ནི། རྡོ་རྗེ་རྩེ་མོ་ལྔ་ འོད་ཟེར་གྱི་ཕྲེང་བས་རྩེ་མོ་ཡོངས་སུ་ཁྱབ་པ་དང་བདེ་བ་ཆེན་པོའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་དཔའི་རིགས་ལའོ། །རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རིགས་ལའོ། །འབར་བའི་རང་བཞིན་རྡོ་རྗེ་རྩེ་བཞི་པ་རྡོ་རྗེ་ཁྲོ་བོའི་ ཁུ་ཚུར་གྱིས་རྡོ་རྗེའི་རིགས་ལའོ། །པདྨའི་སྟེང་གི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་ཁུ་ཚུར་གྱིས་པདྨའི་རིགས་ལའོ། །རྡོ་རྗེ་ཕྱེད་པ་རྡོ་རྗེ་རིན་པོ་ཆེ་ནོར་བུའི་ཁུ་ཚུར་གྱིས་ནོར་བུའི་རིགས་ལའོ།། །།དེ་ནས་རིགས་ཐམས་ཅད་རྟོགས་པའི་གསང་བ་ཐོགས་པ་མེད་ཅིང་གདོན་ མི་ཟ་བའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མྱུར་དུ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པ་མྱུར་བའི་མཆོག་གི་དངོས་གྲུབ་ཅན་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གོ། །གསུང་གི་ཕྱག་རྒྱ་ནི་སྙིང་པོའོ། །ཐུགས་ཀྱི་ཕྱག་རྒྱ་ནི་ཉེ་བའི་སྙིང་པོའོ། །རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་མའིའོ།། །།དེ་ནས་ཕྲ་མོའི་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་ཡིན་ཏེ། མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་ནས་རྡོ་རྗེའི་ལྟ་བས་བལྟ་ཞིང་ཐམས་ཅད་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ་སྐད་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ། །རྡོ་རྗེ་ཕྲ་མོས་བྱིན་ གྱིས་བརླབས་ཏེ། དམ་ཚིག་ཙམ་དུ་ལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ངོ་། །ཁྲོ་གཉེར་དང་ བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བ་བྱས་ནས་ཤིན་ཏུ་མ་འགལ་བསྡམས་ནས་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། ཉལ་དུ་བཅུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་རྨུགས་པ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བའི་ དངོས་གྲུབ་སྐད་ཅིག་མས་འབྱུང་བར་འགྱུར་བ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རིགས་ལའོ། །བཙུམས་པ་མེད་པས་བརྟན་པའི་རྡོ་རྗེའི་ལྟ་བས་མཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་དང་བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་འབྱུང་བ་ནི་པདྨའི་རིགས་ལའོ། ། འབར་བའི་ལྟ་བས་ཞལ་རྣམ་པར་བཞད་པས་དབང་བསྐུར་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། །།དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ནི། ཉིན་རེ་མངོན་དུ་ལན་ཅིག་ཏུ། །སྙིང་ པོ་རང་ཉིད་བསྒྲུབ་པ་སྟེ། །རང་གིས་བཅིངས་ནས་མདོར་བསྡུས་པས། །ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྒྲུབ་པ་ནི། སྙིང་པོའི་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་འདི་ནི་རྨད་དུ་བྱུང་། །ཅི་ནུས་ཅི་འདོད་བཟླས་པ་ཡིས། ། ཉེ་བའི་སྙིང་པོ་གསང་བའོ། །དོན་ཡོད་ཐོགས་མེད་གསང་བ་དང་། །རང་བཞིན་གྲུབ་པ་དེ་བཞིན་དུ། །བསོད་ནམས་མེད་པ་རྣམས་ལ་ཡང་། །དངོས་གྲུབ་ཀུན་ལ་གྲུབ་པར་འགྱུར། །དཀྱིལ་འཁོར་མ་ཞུགས་པ་རྣམས་ལ། །སྙིང་པོ་མཆོག་ འདི་སྦྱིན་མི་བྱ། །གསང་བའམ་གསང་རྒྱུད་དམ་པ་ནི། །གལ་ཏེ་དངོས་གྲུབ་ཡིད་འོང་འདོད། །གང་གི་ཁྱིམ་དུ་གནས་གྱུར་པའི། །ཕྱག་རྒྱ་སྔགས་འདི་དགེ་བ་སྟེ། །གཞན་གྱིས་མི་ཐུབ་མི་སོད་ཅིང་། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དུམ་བུ་གཉིས་པ་ སྔགས་དུམ་གྱི་རྩ་རྒྱུད་རྫོགས་སོ།། །།སེམས་ཅན་ཐམས་ཅད་བདེ་དོན་དང་། །བསྒྲུབ་པ་ཐམས་ཅད་སྒྲུབ་པའི་ཕྱིར། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་མཆོག་འཛིན་དེ་ལ་ཞུས། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་ རྣམ་དགེ་ཕྱིར། །རྟོགས་པ་ཐམས་ཅད་བསྡུས་པའི་རྒྱུད། །སེམས་དཔའ་ཆེན་པོ་བཤད་དུ་གསོལ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །འདིར་ནི་རྟོག་པར་གང་ཞིག་བརྗོད། །སྙིང་བོ་ཞེས་ནི་གང་བཤད་པའི། །ཡེ་ཤེས་རྒྱུད་ནི་ཇི་ལྟར་ཡིན། །དཀྱིལ་འཁོར་ ཞེས་ནི་བརྗོད་པ་ཅི། །དེར་འཇུག་ཡོན་ཏན་ཅི་དང་ལྡན། །རིགས་ཀྱི་འཁོར་ལོའི་ཁྱད་པར་དང་། །གཞན་ཡང་སྒྲུབ་པ་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད། །འདི་ཡང་ཅི་ལྟར་དེ་ཉིད་གང་། །ཐོག་མ་ཐ་མ་མེད་ཉིད་དང་། །རབ་ཏུ་དགའ་བ་ཇི་ལྟར་ འགྱུར། །དང་པོའི་སྙིང་པོ་འདི་ཡི་ཡིན། །དེ་བཞིན་ཉིད་ནི་གང་ཞིག་ཡིན། ཧཱུྃ་གི་གླུ་ནི་གང་གིས་གསུངས། །འདི་ཡི་དོན་ནི་ཇི་ལྟར་བརྗོད། །སེམས་ནི་རྡོ་རྗེ་ཉིད་དང་ནི། །དེ་བཞིན་ཕྱག་རྒྱ་རྡོ་རྗེ་ཉིད། །སངས་རྒྱས་རྣམས་ནི་འབྱུང་བ་དང་། །རིགས་རྣམས་ཀྱང་ནི་ དེ་བཞིན་དུ། །སངས་རྒྱས་བྱང་ཆུབ་བསྒྲུབ་པ་དང་། །སངས་རྒྱས་བདུད་དུ་ཇི་ལྟར་འགྱུར། །རྟོག་པ་རྣམས་ཀྱང་བསྒྲུབ་པ་དང་། །དང་པོའི་སྙིང་པོའི་དེ་ཉིད་དང་། །སྙིང་པོ་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་དེ་བཞིན་དངོས་གྲུབ་རྣམས། །བསོད་ནམས་མེད་པས་ ཅི་ལྟར་འགྲུབ། །སློབ་དཔོན་ཉིད་དུ་ཇི་ལྟར་འགྱུར། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་རྣམས་ཅི་ཡིན་ཇི་ལྟར་འགྱུར། །མཆོད་པ་ཡང་ནི་ཇི་ལྟར་བྱ། །གསང་བའི་མཆོད་པ་ཇི་ལྟར་ཡིན། །ཀུན་བྱེད་ཀུན་ཟ་སྡིག་པ་ཅན། །ཤིན་ཏུ་སྡིག་ཅན་ཇི་ ལྟར་གྲུབ། །དོན་ཡོད་ཐོག་མེད་དངོས་གྲུབ་ཀྱིས། །དེ་རྣམས་ཇི་ལྟར་གྲུབ་པར་འགྱུར། །གསང་བ་དེ་ཡང་གང་ཞིག་ཡིན། །འདི་ཉིད་དུ་ནི་གང་གིས་འགྲུབ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །གསང་བའི་དེ་ཉིད་གསང་བ་ནི། ། བདག་ཅག་རྣམས་ལ་ཀུན་བཤད་གསོལ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། ཞལ་རབ་ཏུ་བཞད་དེ་བཞད་པ་ཆེན་པོས་དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་ བྱ་བའི་རྣམ་པར་གནོན་པ་མཛད་ནས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་འདི་གསུངས་སོ། །དེ་ལ་རྣམ་པར་མི་རྟོག་པ་ཁྱབ་པའི་རྒྱུད་ནི། རྣམ་རྟོག་མེད་པའི་ཏིང་འཛིན་ལས། །སེམས་ཅན་དོན་ནི་ཡོངས་སུ་བརྟག །དེས་ན་བརྟག་པར་བཤད་པ་སྟེ། །རྟོག་པ་ཡོངས་སུ་དག་ཕྱིར་ རོ། །དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་རྒྱུད་ནི་འདི་ཡིན་ཏེ། ས་ལ་ཡི་གེའི་གནས་བྲིས་ནས། །བདེ་བ་ཆེན་པོ་ཞེས་བརྗོད་པ། །དེ་ཡི་དམ་ཚིག་རྡོ་རྗེ་སྟེ། །སྙིང་པོ་ཐམས་ཅད་སྒྲུབ་བྱེད་པའོ། །དེ་ལ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་ནི། ཅི་ལྟར་གནས་དང་ ཅི་ལྟར་དུས། །ཅི་ལྟར་འཇིག་རྟེན་ཅི་ལྟ་བུ། །འཁོར་ནི་དགོད་པར་བྱ་བ་སྟེ། །དེ་ལྟ་བུ་ཡི་དཀྱིལ་འཁོར་འདྲི། །དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ནི། རྡོ་རྗེ་སེམས་སོགས་སེམས་དཔའ་ཡི། །འཁོར་བཅས་དེ་ཚེ་དཀྱིལ་འཁོར་དུ། །ཞུགས་ པའི་བསོད་ནམས་ཅི་འདྲ་བ། །དེ་ལྟར་བྲིས་པའང་དེ་དང་འདྲ། དེ་ནས་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་གྱི་རྒྱུད་ནི། རྡོ་རྗེ་འཁོར་ལོ་བསྟན་པ་བཞིན། །ལྕགས་ཀྱི་འཁོར་ལོ་དམ་པ་སྟེ། །འབར་བའི་འཁོར་ལོ་དེ་བཞིན་དུ། །པདྨ་འདབ་བརྒྱད་ནོར་བུ་ཆེ། །དེ་ནས་དཀྱིལ་འཁོར་ ཐམས་ཅད་སྒྲུབ་པའི་རྒྱུད་ནི། དཀྱིལ་འཁོར་བརྟག་པ་བྱས་ནས་ནི། །ནང་གི་རིམ་པར་ཞུགས་བྱ་སྟེ། །དཀྱིལ་འཁོར་དག་ལ་ཛཿཧཱུྃ་བཾ། །ཧོཿཔྲ་སིད་དྷྱ་མྃ་བརྗོད་བྱ། །དེ་ནས་རྡོ་རྗེ་སེམས་དཔའ་ཉིད་རྒྱུད་ནི། །སངས་རྒྱས་ལ་སོགས་འགྲོ་ཀུན་གྱི། །ཐམས་ ཅད་བདག་ཉིད་བཅོམ་ལྡན་མཆོག །སེམས་ཅན་འབྱུང་ཕྱིར་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་ བདག་ཉིད། །འཁོར་བ་མྱ་ངན་འདས་དེ་བཞིན། །དེ་ནས་ཐོག་མ་དང་ཐ་མ་མེད་པའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པ་ཐམས་ཅད་ནི། །ནམ་མཁའ་འབྱུང་བ་ཆེན་པོའི་གནས། །ནམ་མཁའ་སྐྱེ་བ་སྐྱེ་མེད་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་ནོ། །དེ་ནས་ བཅོམ་ལྡན་འདས་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི། རབ་ཏུ་དགའ་ཕྱིར་ཉོན་མོངས་ཏེ། །འགྲོ་བ་ཐམས་ཅད་བདེ་འདོད་པ། །དེ་ལ་བདེ་བ་རྣམ་དག་ཕྱིར། །སྲིད་གསུམ་སྔ་རོལ་བཅོམ་ལྡན་བྱུང་། །དེ་ནས་དང་པོའི་སྙིང་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཆགས་པ་ཀུན་ ལ་ཆགས་པ་ཆེ། །འདོད་ལྡན་ཐམས་ཅད་སད་པར་བྱེད། །ཆགས་པ་འབར་བ་དྲི་ཟ་ཡི། །སྙིང་པོ་ཕྱག་ན་རྡོ་རྗེའོ། །དེ་ནས་ཡི་གེ་ཧཱུྃ་གི་གླུ་བླང་བའི་རྒྱུད་ནི། གླུ་ལས་ཆགས་པ་དགའ་ལས་འདོད། །རབ་ཏུ་དགའ་ལས་ཐམས་ཅད་འབྱུང་། །ཐམས་ཅད་འབྱུང་བར་གྲུབ་པའི་ཕྱིར། ། བསྐལ་པ་དང་པོར་བཅོམ་ལྡན་གསུངས། །དེ་ནས་ཡི་གེ་ཧཱུྃ་གེ་བཟླས་པའི་དོན་གྱི་བཤད་པའི་རྒྱུད་ནི། །མྱུར་དུ་ཐམས་ཅད་རྗེས་ཆགས་པས། །དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས། །རྗེས་སུ་ཆགས་པར་བྱེད་མཆོག་ནི། །སྙིང་པོའི་བཟླས་པའི་དོན་ཡིན་ནོ། །དེ་ནས་རྡོ་རྗེ་ སེམས་རྒྱུད་ནི། །གླུ་རྣམས་ཅི་ལྟར་ཁྲོ་བོ་ནི། །བསྡུས་ནས་ཀུན་དུ་འཇུག་པ་ན། །རྡོ་རྗེ་ཐོག་ནི་བརྟན་གྱུར་པ། །དེ་བཞིན་རྡོ་རྗེ་བསྡུས་པའོ། །དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད་ནི། ཐམས་ཅད་བདག་ཉིད་སེམས་དཔའ་ནི། །བདག་གི་བདག་ཉིད་ལ་ཡང་ གནས། །རྡོ་རྗེ་སེམས་དཔའ་དངོས་སུ་ནི། །མྱུར་དུ་ཐམས་ཅད་ལ་ཡང་ཞུགས། །དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་རྒྱུད་ནི། འདོད་ལས་ཆགས་པ་དགའ་ལས་བདེ། །བདེ་ལས་སྡིག་པ་སྡིག་ལས་སྡུག །སྡུག་ལས་ཏིང་འཛིན་ཤིན་ཏུ་བརྟན། ། རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་། །དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་འབྱུང་བ་ཤེས་པའི་རྒྱུད་ནི། དེ་བཞིན་གཤེགས་པའི་རིགས་དེ་ཉིད། །དེ་ཉིད་རྡོ་རྗེ་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་མཆོག་བཤད། །དེ་ནས་ མངོན་པར་བྱང་ཆུབ་པ་ཤེས་པའི་རྒྱུད་ནི། རང་སེམས་སོ་སོར་རྟོགས་པ་ནི། །བྱང་ཆུབ་སེམས་ནི་ཡང་དག་འབྱུང་། །རྡོ་རྗེ་ཉིད་ཕྱིར་སངས་རྒྱས་ཉིད། །བདག་ཉིད་སངས་རྒྱས་རབ་ཏུ་བསྒོམ། །དེ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ནི། །རང་སེམས་ཉིད་ནི་བདུད་ ཉིད་དེ། །སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །རང་གི་སེམས་ནི་འདུལ་བའི་ཕྱིར། །སངས་རྒྱས་བདུད་ཉིད་དུ་ནི་འབྱུང་། །དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པ་ཤེས་པའི་རྒྱུད་ནི། །རྟོག་པ་ཀུན་ལ་གྲུབ་བྱ་གང་། །རྒྱུ་བ་དང་ནི་མི་རྒྱུ་ཡིན། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། ། དེ་དག་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་དང་པོའི་སྙིང་པོ་སྒྲུབ་པ་ཤེས་པའི་རྒྱུད་ནི། བཟླས་པའི་དོན་ཤེས་ནུས་པ་ཡིས། །རྡོ་རྗེ་སེམས་དཔའ་རབ་བསྒྲུབ་སྟེ། །ཅི་སྲིད་འདོད་པའི་བཟླས་པ་མཆོག །དངོས་གྲུབ་ཆེན་པོའི་བདེ་བ་སྟེར། དེ་ནས་སྙིང་པོ་དང་། ཕྱག་རྒྱ་དང་ སྔགས་དང་། རིག་པ་ཤེས་པ་སྒྲུབ་པའི་རྒྱུད་ནི། སེམས་དཔའ་གང་གི་སྙིང་པོ་དང་། །ཕྱག་རྒྱ་སྔགས་དང་རིག་པ་དང་། །བཟླས་པའི་དོན་དུ་སེམས་དཔའ་ཆེ། །བདག་ཉིད་དམ་ནི་བསྒྲུབ་བྱ་བ། །དེ་ནས་དངོས་གྲུབ་ཤེས་པའི་རྒྱུད་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་ ཆེ། །དེ་བཞིན་དེ་བཞིན་གཤེགས་ཀུན་གྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད། །ལས་ཀུན་མཆོག་གི་དངོས་གྲུབ་ཕྱིར། །དེ་ནས་བསོད་ནམས་མེད་པ་རྣམས་ཀྱི་དངོས་གྲུབ་གྲུབ་པ་ཤེས་པའི་རྒྱུད་ནི། ཅི་འདོད་འཁོར་ལོ་བྲིས་ནས་ནི། །ཅི་ཡང་རུང་བའང་ཐལ་ བས་ཀྱང་། །སེམས་དཔའ་ཆེན་པོ་བཞག་ནས་ནི། །ཉིན་ཞག་བཞིར་ནི་བསྒྲུབ་པར་བྱ། །དེ་ནས་སློབ་དཔོན་ཉིད་ཀྱི་གྲུབ་པ་ཤེས་པའི་རྒྱུད་ནི། །བདེ་བ་ཆེན་པོ་རྡོ་རྗེ་ཡི། །གསང་མཆོག་དམ་ཚིག་གྲོང་ཁྱེར་དུ། །ཅི་བཞིན་རང་ཉིད་རབ་ཞུགས་ ཏེ། །བདུད་རྩིའི་ཆུ་ཡིས་དབང་བསྐུར་བྱ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་འབུལ་བའི་ཤེས་པའི་རྒྱུད་ནི། རྡོ་རྗེ་ཅན་ལ་མཆོད་པ་ཀུན། །དེ་བཞིན་གཤེགས་པའི་རིགས་ལ་དཀར། །རྡོ་རྗེ་བདག་ཉིད་ནག་པོ་སྟེ། །དམར་པོ་པདྨ་ནོར་བུ་སེར། །དེ་ནས་ དབུལ་བ་ཤེས་པའི་རྒྱུད་ནི། །རྫོགས་པ་འམ་ནི་མ་ཚང་བ། །ཡང་ན་ཇི་ལྟར་རྙེད་པ་ནི། །རྡོ་རྗེ་གར་སོགས་མཆོད་པ་ཡིས། །རྟག་ཏུ་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་དུས་ཀྱི་མཆོད་པ་ཤེས་པའི་རྒྱུད་ནི། །དྲུག་ལྡན་ལ་སོགས་སྙན་པའི་གླུ། །གླུ་ནི་ཐམས་ཅད་ ཅི་འདོད་པས། །རྡོ་རྗེ་འབྱེད་མ་ལ་སོགས་འགྲོལ། །མཆོད་པ་དག་ནི་རབ་ཏུ་བྱ། །དེ་ནས་གསང་བའི་མཆོད་པ་ཤེས་པའི་རྒྱུད་ནི། རྡོ་རྗེ་གར་བཅས་མཆོད་པ་ནི། །གོ་རིམས་ཇི་ལྟ་བ་བཞིན་དུ། །བཟླས་པའི་དོན་གྱིས་མ་བརྗོད་ཀྱང་། །མཆོག་གི་གྲུབ་པ་འགྲུབ་པར་ འགྱུར། །དེ་ནས་སྡིག་པ་ཆེན་པོ་བྱེད་པའང་གྲུབ་པ་ཤེས་པའི་རྒྱུད་ནི། །དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་། །ཚུལ་ཁྲིམས་འཆལ་པ་ལ་སོགས་ཀྱི། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ནས་དངོས་གྲུབ་མི་ཐོབ་པའི་རྒྱུ་ཤེས་ པའི་རྒྱུད་ནི། ཆགས་པ་སྨད་པར་མི་བྱ་སྟེ། །རྣམ་དག་དེ་བཞིན་བདེ་བ་སྟེ། །བཅོམ་ལྡན་འདས་ཀྱང་ཆགས་པ་ཆེ། །འདི་མ་དག་པས་འགྲུབ་མི་འགྱུར། །དེ་ནས་མཆོག་གི་དངོས་གྲུབ་སྒྲུབ་པ་ཤེས་པའི་རྒྱུད་ནི། ཇི་བཞིན་ཡུལ་དང་ལྡན་གྱུར་ནས། །མཆོག་གི་དངོས་ གྲུབ་བསྒྲུབ་པར་བྱ། །རྟོག་པ་ཀུན་ལ་རྣལ་འབྱོར་འདི། །ཚེ་འདི་ཉིད་ལ་སྒྲུབ་པར་བྱེད། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་རིན་པོ་ཆེ་ལས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྟོག་པ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེའི་པདྨ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་མཛད་པས་ ཕྲིན་ལས་དམ་པའི་ཆོ་ག་རྒྱས་པའི་རྡོ་རྗེས་ཐམས་ཅད་ལ་ཁྱབ་པ་མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེའི་ཁམས་བརྟན་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཆོས་ཀྱི་དབྱིངས་སྤྲོ་བ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ ལོ་མངོན་པར་མཁྱེན་པར་མཛད་ནས་དང་པོའི་སྙིང་པོའི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་སྒྲུབ་པའི་རྒྱུད་འདི་གསུངས་སོ། །ཅི་སྲིད་འཁོར་བའི་གནས་ལ་ཞུགས། །དེ་སྲིད་སེམས་ཅན་གདོན་པར་མཛད། །མྱ་ངན་འདས་བཞུགས་གཟི་བརྗིད་ཅན། །སེམས་ཅན་དོན་ནི་ནུས་ པ་མིན། །དེ་ཕྱིར་སེམས་དཔའ་དམ་པ་རྣམས། །འཁོར་བ་སྲིད་དུ་འཁོར་བར་ཞུགས། །སེམས་ཅན་དོན་ནི་མངོན་པར་བཞེད། །ཐམས་ཅད་དག་པའི་མཆོག་ཆོས་ཅན། །དེ་བཞིན་གཤེགས་པས་མི་འདུལ་བས། །སེམས་ཅན་དོན་མི་མཛད་པ་སྟེ། །འདིར་ནི་རབ་ གྲུབ་དངོས་གྲུབ་མཆོག །དུས་ཀུན་དུ་ནི་ཐམས་ཅད་དུ། །རྡོ་རྗེ་འཆང་ཆེན་ལ་སོགས་པ། །འདི་ལྟར་བསོད་ནམས་རྣམ་སྨིན་གྱིས། །ཀུན་ལ་མཐོང་བ་ལ་སོགས་ཀྱིས། །རང་གི་ལས་ཀྱིས་མཛད་མི་སྤྱོད། །དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་། །སྲིད་པ་འདི་ལ་མྱུར་ འགྲུབ་འགྱུར། །ཤིན་ཏུ་མཐོང་བ་ལ་སོགས་ཀྱིས། །སེམས་ཅན་ཐམས་ཅད་རབ་སྩོལ་མཛད། །ཀུན་ནས་དུས་ཀུན་ཐམས་ཅད་ལ། །དངོས་གྲུབ་ཐམས་ཅད་རབ་སྩོལ་འགྱུར། །རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ། །སྲིད་པའི་དབང་ཕྱུག་ཀུན་གྱི་གཙོ། །དེ་ཕྱིར་བསྒྲུབ་བྱ་ འདི་བཤད་བྱ། །དངོས་གྲུབ་ཤིན་ཏུ་རྟག་པའོ། །གང་གིས་སྲིད་པ་འདི་ཉིད་དུ། །ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ། །ལུགས་མ་འམ་ནི་བརྡུངས་པའམ། །རི་མོར་བྲིས་པའམ་འདུས་བྱས་པའི། །ཕྱག་ན་རྡོ་རྗེའི་སྐུ་གཟུགས་ནི། །ཅི་བཞིན་བཤད་པར་རབ་གཞུག་ བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྒྲུབ་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱའི་ཡེ་ཤེས་ཀྱི་སླར་ཡང་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་འདི་ གསུངས་སོ། །ཉིན་རེ་སྔ་རོལ་དུས་ཅི་བཞིན། །དང་པོའི་རྡོ་རྗེ་བདེ་བ་ཆེ། །འདིས་ནི་རྟག་པ་ཐམས་ཅད་ལ། །ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས། །དམ་ཚིག་ཡང་དག་བཅིངས་ནས་གྲུབ། །ཕྱི་ནས་མ་བསྒྲུབས་གྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བའི་སྔགས་སྒྲུབ་པ་འདི་གསུངས་སོ། །ལངས་པའམ་ནི་འདུག་པའམ། །གང་དང་དེར་ནི་གནས་པའམ། །ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུངས་སོ། །གསང་བའི་གར་མཆོག་མཆོད་པའམ། །ཡང་ན་མཆོད་པ་ཅི་བདེ་བར། །བྱས་ཏེ་མགོན་པོ་བསྒྲུབ་བྱས་ན། །མཆོག་གི་དངོས་གྲུབ་མྱུར་དུ་འཐོབ། །དེ་ནས་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པའི་རྒྱུད་ནི། ཕྱག་རྒྱ་ ཆེན་པོ་མཉམ་གཞག་སྟེ། །རང་གི་སྙིང་པོས་ལན་ཅིག་བསྒྲུབ། །བརྟན་ཞིང་ཤིན་ཏུ་དགྱེས་ཀུན་ཆགས། །ཤིན་ཏུ་དགྱེས་གྱུར་བདག་པོ་གྲུབ། །དེ་ནས་ཡི་གེ་ཧཱུྃ་གི་གླུ་བླང་བའི་གྲུབ་པའི་རྒྱུད་ནི། རི་བྷི་ད་སོགས་རྒྱན་དང་ལྡན། །ཅི་ནུས་པ་དག་ཅི་འདོད་པ། །དྲི་ཟ་དང་ པོ་བླངས་ནས་ནི། །ཡི་གེ་ཧཱུྃ་གིས་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་པོའི་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ་བསྒྲུབ་པའི་རྒྱུད་དོ།། །།དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་ རྒྱ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་ཕྲིན་ལས་ཅན་རྡོ་རྗེ་སེམས་དཔས་གསུངས་སོ། །ཤིན་ཏུ་རིང་བའི་ཚེ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་སོ། །ཤིན་ཏུ་གཞོན་པའི་ན་ཚོད་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ། །གཟུགས་ ཆེན་པོ་དང་གཟི་བརྗིད་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་ཀྱིས་སོ། །འདུ་བྱེད་ཆེན་པོ་ཐམས་ཅད་འཕེལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་འདུ་བྱེད་ཆེན་པོས་སོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྲུང་ བས་སོ། །ཕྱོགས་ཐམས་ཅད་དང་མཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བས་ཏེ། ཐམས་ཅད་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེས་ཀྱང་འཇུག་པར་མི་ནུས་ཤིང་མི་ཕྱེད་པར་འགྱུར་རོ། །སྡིག་པ་ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོའི་ རྡོ་རྗེ་བྱིན་གྱིས་བརླབས་པས་སོ། །བདག་ཉིད་ཀྱི་དངོས་གྲུབ་ཐམས་ཅད་དམ་གཞན་དག་རྡོ་རྗེར་བྱེད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གོ་ཆས་སོ། །འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ། །འཐབ་མོ་སྲུང་བ་ནི་ བདེ་བ་ཆེན་པོའི་གཞན་གྱིས་མི་ཐུབ་པས་སོ། །གཞན་གྱི་དཔུང་ཐམས་ཅད་གཞིག་པ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པར་བྱེད་པས་སོ། །གཞན་གྱི་དཔུང་ཉམས་པ་དང་ལྡང་བ་དང་ལྟུང་བ་དང་གསོད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གློག་བསྐོར་བས་སོ། །རིམས་ཐམས་ཅད་ལ་ སོགས་པའི་ནད་ཐམས་ཅད་དང་ནད་ཆེན་པོ་ཞི་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཕྲོག་པས་སོ། །དུག་ཐམས་ཅད་གཞིག་པ་དང་། དུག་མེད་པར་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལས་ཀྱིས་སོ། །གདོན་ཐམས་ཅད་ལས་དགྲོལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེའི་འབྱུང་པོ་བསྐྲད་པས་སོ། ། མ་མོ་དང་མཁའ་འགྲོ་མ་དང་གདོན་ཐམས་ཅད་དགྲོལ་བ་ཆེན་པོ་དང་གཞོམ་པ་དང་སྙིང་གཞན་དབྱུང་བ་དང་ཤི་བ་གསོ་བ་དང་། ཚེ་འཕེལ་བ་དེ་ཤིན་ཏུ་སྲུང་བ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལན་གྱིས་སོ། །ཐམས་ཅད་དབབ་པ་དང་གཡོ་བ་དང་འཆིང་བ་དང་གར་བྱེད་དུ་གཞུག་ པ་དང་གླུ་ལེན་དུ་གཞུག་པ་དང་སྔ་མ་འབྱུང་བ་སོ་སོར་བརྟན་པ་དང་རྨད་དུ་བྱུང་བ་དང་ཆོ་འཕྲུལ་བསྟན་པ་དང་། བདེན་པ་ཐམས་ཅད་པ་ཐམས་ཅད་སྨྲར་གཞུག་པ་དང་དགྲོལ་བ་དང་། བསྲུང་བ་དང་། སོས་སུ་བཅུག་པ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབབ་པས་སོ། །རྒྱུ་བ་དང་མི་ རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་པྲ་དབབ་པ་ཐམས་ཅད་གྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་བྲ་དབབ་པས་སོ། །རང་གི་ལུས་དང་ངག་དང་ཡིད་རྡོ་རྗེས་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་སྟོན་པའི་ཤེས་པ་གྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་ བསྒོམས་པས་སོ། །ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་བཀའ་མཐོང་བའི་ཡི་གེ་སྣ་ཚོགས་པའམ། དངོས་པོ་སྣ་ཚོགས་པ་ཐམས་ཅད་ཀྱིས་རྣ་བའི་ཤེས་པ་རབ་ཏུ་འཇུག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པས་སོ། ། གློག་དང་ཆར་པ་དང་ཐོག་དབབ་པ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ། །སའི་འོག་ཐམས་ཅད་ལས་སྔར་མ་བྱུང་བའི་འབྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་དང་། ཉེ་བར་ལེན་པ་དང་། ཆུ་མེད་པའི་གནས་ལས་ཆུའི་དངོས་པོ་ འབྱུང་བ་དང་ཉེ་བར་ལེན་པ་དང་། མུན་པ་ཆེན་པོར་སྣང་བ་ཆེན་པོ་བསྐྱེད་པ་དང་ཉེ་བར་ལེན་པ་དང་རླུང་ཐམས་ཅད་ལ་བཀའ་བསྒོ་བ་དང་ཉེ་བར་ལེན་པ་དང་ནམ་མཁའ་ཐམས་ཅད་ལས་ཡིད་ཀྱིས་འདོད་པའི་དངོས་པོ་ཐམས་ཅད་མཐོང་བ་དང་ཉེ་བར་ལེན་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མས་སོ། །ཐམས་ཅད་གཞོམ་པ་དང་རེངས་པ་དང་དྲལ་བ་དང་རྨུགས་པ་དང་གཉིད་ལོག་པར་བྱ་བ་དང་རྒྱས་གདབ་པ་དང་ལྟུང་བ་དང་རྨོངས་པ་དང་གསད་པ་དང་ཕྱིར་ལྡོག་པ་ནི་བདེ་བ་ཆེན་པོའི་གདུག་པའི་རྡོ་རྗེའི་ཕྱག་རྒྱས་སོ། །ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་ པ་དང་གཞུག་པ་དང་དབབ་པ་དང་བཅིང་བ་དང་བཀྲོལ་བ་དང་དྲལ་བ་དང་ལྟུང་བ་དང་ལྟུང་བ་བསླང་བ་དང་འདྲེན་པ་དང་བྲན་དུ་བྱེད་པ་དང་མངག་གཞུག་བཀའ་བསྒོ་བ་བྱེད་པ་དང་ཐམས་ཅད་ཚུར་དྲང་བ་དང་ཕར་བཏང་བ་དང་གསད་པ་དང་སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་དབང་དུ་ བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་སྒྲུབ་པས་སོ། །རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་། མཆོག་གི་དབང་བསྐུར་བ་ལ་སོགས་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐམས་ཅད་ རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རབ་ཏུ་གཞུག་པ་དང་། མཆོད་པ་ཆེན་པོ་ཐམས་ཅད་ལ་སོགས་པའི་ལས་ཐམས་ཅད་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་མཆོག་གི་དངོས་གྲུབ་ཀྱིས་སོ། །དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་ གསང་བའི་དམ་ཚིག་གི་དང་པོའི་མཆོག་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ་བདེ་བ་ཆེན་པོའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེར་བའོ། །འདིའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བའོ། །དབུས་མའི་རྡོ་རྗེ་བཏུང་བར་བྱ། རྩེ་མོའི་འོད་ཟེར་བྱས་པས་གདོང་པ་ཡོངས་སུ་ སྦྱངས་ཏེ་གདོང་པར་དགྲོལ་བར་བྱའོ། །བདག་ཉིད་ལ་ཀུན་དུ་བསྐོར་ནས་སྙིང་གར་དགྲོལ་བར་བྱའོ། །གཙུག་ཏོར་དང་ཕྱོགས་ཐམས་ཅད་དང་དཀྱིལ་འཁོར་བསྐོར་བའོ། །སྙིང་ག་དང་ཡིད་ཀྱིས་རྒྱབ་དང་ཕྲག་པ་དང་། སྤྱི་བོ་དང་དཔྲལ་བར་བཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་ བཅིངས་ལ་གོ་ཆ་བྱ་སྟེ། མདུད་པ་བྱས་ནས་རྡོ་རྗེའི་གནས་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱས་ཏེ་དར་དཔྱངས་བྱའོ། །སྙིང་ག་དང་དཔྲལ་བ་དང་མགྲིན་པ་དང་སྤྱི་བོར་གཞག་པར་བྱའོ། །དབུས་མའི་དར་མཆོག་གོ། །བྱ་བ་པའི་གྱེན་དུ་ཁ་བལྟས་པའི་དབུག་པ་དང་ འཇིག་པའི་གདོང་གིས་ལྟ་བའོ། །འབར་བ་བཞིའི་ཚུལ་གྱིས་འདོར་ཞིང་ཁྲོས་པའི་རང་གི་སྙིང་གར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ། །ལྟ་བས་འཕྲོག་པར་བྱའོ། །ལྟ་བས་འཕྲོག་པར་བྱའོ། །དབབ་པས་མྱུར་དུ་དགྲོལ་བར་བྱའོ། །ཡོངས་སུ་བསྐོར་ནས་དཔྲལ་བར་བཞག་སྟེ། དབུས་མའི་ རྡོ་རྗེ་སོར་མོའི་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཅི་ལྟ་བ་བཞིན་དུ་ལས་བྱེད་པའི་སྙིང་གར་བཞག་སྟེ་དབུས་མ་རྡོ་རྗེའི་ལས་ནི་འདི་ལྟ་སྟེ། སྙིང་གར་སྟོད་པ་དང་སྐྱེད་པ་དང་འཆིང་བ་དང་གར་བྱེད་དུ་བཅུག་པ་དང་མགྲིན་པ་གསལ་བ་དང་རྡོ་རྗེ་རྩེ་མོ་བཙིར་བ་དང་ཁ་དབུབ་པ་དང་མགྲིན་པ་གསལ་ བ་དང་བཅིངས་པ་མྱུར་དུ་དགྲོལ་བ་དང་བསྲུང་བ་དང་བྱ་བ་པའི་ལས་སོ། །སྙིང་ག་ཁ་སྦྱོར་བསྐྱེད་པའོ། །ཉིན་རེ་ཞིང་སྔ་རོལ་དུ་ལན་ཅིག་ལུས་ཡོངས་སུ་སྦྱང་བ་དང་། མགྲིན་པ་གསལ་བའི་ངག་དང་སྙིང་གར་གཞག་པ་དང་ཕྱག་རྒྱ་ལ་ལྟ་བ་སྟེ། ཉིན་རེ་སྔ་རོལ་དུ་ལན་ཅིག་དབང་པོ་ ཐམས་ཅད་ལ་ཀུན་དུ་བསྐོར་བར་བྱའོ། །དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་བོའི་རྡོ་རྗེའི་ལྟ་བས་སོ། །དབུས་མའི་རྡོ་རྗེའི་ལས་ནི་འོག་ནས་འབྱུང་སྟེ་ཉེ་བར་ལོངས་སྤྱོད་པ་དང་། ཐམས་ཅད་ལ་དགུག་པར་བྱེད་པ་དང་དབབ་པ་སྦྱིན་པ་དང་འབར་བའི་མེ་སྟག་བྱེད་པ་དང་ཉེ་བར་ལེན་ པ་དང་རླུང་གི་ཚུལ་དང་ནམ་མཁར་སྒོམ་པ་ལས་དུ་མའོ། །དབུས་མའི་རྡོ་རྗེའི་ལུས་ནི་ཕྱག་རྒྱས་གཞོམ་པ་དང་རྩེ་མོ་གཉིས་སྙིང་གར་བཙིར་བ་དང་སེན་མོ་བྲུད་པ་དང་མིག་འདེགས་པ་དང་བཙུམ་པ་དང་། སོར་མོ་མཉམ་པོས་སྙིང་གར་བཏེག་པ་དང་ལྟུང་བ་དང་སློང་བར་བྱེད་པ་དང་། ཕན་ ཚུན་རྡེག་པ་དང་རང་གི་སྙིང་གར་རང་བཞིན་དུ་གཞག་པའི་ལས་སོ། །དབུས་མའི་རྡོ་རྗེ་ལས་ནི་མདའ་སྟོད་པ་དང་ལྕགས་སྒྲོག་གཉིས་ཀྱིས་དགུག་པ་དང་གཡོན་པ་ལ་གཡས་པ་བཅུག་པ་དང་རྩེ་མོ་བསྐྱོད་པ་དང་གདུ་བུར་བཅིང་བ་དང་མྱུར་དུ་དགྲོལ་བ་དང་སོར་མོ་མཉམ་པོར་མྱུར་དུ་དྲལ་ བ་དང་ལྟུང་བར་བྱེད་པ་དང་འོག་ནས་བཏེག་པ་དང་གཡོན་པ་གཡས་པས་དྲང་བ་དང་། ལས་ཐམས་ཅད་ལ་སྦྱར་བར་བྱེད་པ་དང་འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་ཚུར་འདྲེན་པ་དང་ཕར་གཏང་བ་དང་གཡོན་དང་གཡས་ཀྱིས་དྲག་པོར་འདེགས་པ་དང་རང་གི་སྙིང་གར་རྩེ་མོ་འདྲེན་པ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་བྱེད་པའི་ལས་དང་སྙིང་གར་འཁོར་ལོ་གཞུག་པ་དང་དབང་བསྐུར་བའི་ཕྲེང་བ་དང་དར་དཔྱངས་འཆིང་བར་བྱེད་པ་དང་སྙིང་གར་ལས་དྲངས་ཏེ་བདེ་བ་ཚུར་འདྲེན་པ་ཐམས་ཅད་ཡོངས་སུ་སྦྱང་བ་དང་གར་གྱིས་བླངས་ཏེ་སྤྱི་བོར་དགྲོལ་བའི་ལས་སོ། །བདེ་བ་ ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །དོན་ཡོད་ཐོགས་མེད་སྣ་ཚོགས་པའི། །ཕྱག་རྒྱའི་རྒྱུད་ནི་རབ་ཏུ་བཤད། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །སངས་རྒྱས་སྲས་བཅས་བདག་ཉིད་ཀུན། །སེམས་ཅན་ཐམས་ཅད་མྱུར་འགྲུབ་ཕྱིར། །དོན་ཡོད་དངོས་ གྲུབ་ཀུན་སྩོལ་བའོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པ། །སྡིག་པའི་ལས་ནི་ཀུན་དང་ལྡན། །དེ་དག་ཀྱང་ནི་གྲུབ་འགྱུར་ཏེ། །བཅིངས་པ་ཙམ་གྱིས་སྡིག་བྱང་ཕྱིར། །གང་ཞིག་ལེ་ལོ་ཉིད་ཀྱིས་སམ། །བརྩོན་འགྲུས་ལྡན་ཡང་མ་ཚང་བ། །དཀྱིལ་འཁོར་མེད་པའི་སེམས་ ཅན་གང་། །སློབ་དཔོན་ཉིད་བྱིན་མ་བརླབས་དང་། །དེ་དག་གྲུབ་མཆོག་རྡོ་རྗེ་ཆེ། །རྡོ་རྗེ་སློབ་དཔོན་ཉིད་དུ་འགྱུར། །དོན་ཡོད་མཆོག་དང་སྣ་ཚོགས་པའི། །བཅིངས་པ་ཙམ་གྱིས་མྱུར་གྲུབ་བྱེད། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །མཆོག་གི་དངོས་གྲུབ་ཀུན་ལ་ འཇུག །དང་པོ་འབྱུང་བའི་རྡོ་རྗེ་མཆོག །བདེ་བ་ཆེ་ལས་ཡང་དག་འབྱུང་། །དག་ཅིང་ཤིན་ཏུ་གྲུབ་པ་དང་། །འགྲོ་བ་ཐམས་ཅད་ལ་ཡང་ངོ་། །དེ་ནས་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་གསང་བའི་རྒྱུད་ནི། ལས་འདོད་ཐོག་མར་ཕྱག་རྒྱ་ནི། །སྐལ་བ་ཅི་བཞིན་སྙིང་ པོས་གྲུབ། །རང་གི་བདག་ཉིད་ངེས་སྦྱར་བྱ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བརྒྱུད་ཕྱི་མའི་ཆོ་ག་རྒྱས་པ་ཡོངས་སུ་རྫོགས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སུ་མཐར་ཐུག་པ་མེད་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ་ནི། རྡོ་རྗེ་འཆང་བ་དང་བཅས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་འདིས་ སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་དུ་ཁྱབ་ཅིང་སྤྲོ་བ་དང་དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ། སྲིད་པ་ཐམས་ཅད་ཀྱི་རྩེ་མོའི་ཡོངས་སུ་མཐར་ཐུག་པའི་གསུང་རབ་ཡོངས་སུ་མཐར་ཐུག་པའི་དོན་དུ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ། ། རྡོ་རྗེའི་ནམ་མཁའ་ཆེན་པོ་ཡིས། །ཆོས་ཀྱི་དབྱིངས་ནི་སྤྲོ་བ་མཆོག །རྡོ་རྗེའི་ནམ་མཁའ་ཆེན་པོ་ཡི། །ཆོས་དབྱིངས་སྤྲོ་བའི་དངོས་གྲུབ་སྟེར། །རྟག་ཏུ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་འཆང་ཆེན་བཅས་པ་དང་། །རྡོ་རྗེ་འཆང་གི་ཐེག་པ་ནི། །ཡོངས་སུ་མཐར་ཐུག་ ནུས་པ་མིན། །ཨེ་མའོ་མངོན་ཞེན་སེམས་ཅན་དང་། །ལེ་ལོ་ཅན་དང་ལས་ཀུན་ལྡན། །ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད། །བྱང་ཆུབ་སེམས་ནི་བླ་ན་མེད། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །རྟོག་པ་འདི་ནི་མཐར་ཐུག་པ། །རབ་ཏུ་སྒྲུབ་ ཕྱིར་མཐར་ཐུག་བརྗོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ཐམས་ཅད་དགོངས་གྲུབ་དོན་དུ་ནི། །ཡོངས་སུ་མཐར་ཐུག་བྱིན་བརླབས་པའོ། །གང་གིས་ཚུལ་མཆོག་འདི་ནི་ཉན་འགྱུར་དང་། །གང་གིས་ཁྱིམ་ན་གསང་བ་ ཐམས་ཅད་གནས། །བདེ་ཆེན་མཆོག་གི་རྡོ་རྗེ་མཆོག་གསང་བའི། །དངོས་གྲུབ་ཚེ་འདིར་དེ་དག་རྣམས་ལ་བསྟན། །བརྟན་པ་ཉིད་ཕྱིར་འདུལ་བ་རང་མི་བྱེད། །སེམས་ཅན་དོན་དུ་རྒྱལ་བ་ལས་དག་ཕྱིར། །རྣམ་པར་སྦྱང་བར་མཛད་པ་འདི་ཡིན་ཏེ། །རྟོག་པ་འདི་ནི་བགེགས་མེད་ བདུད་རྣམས་མེད། །དངོས་གྲུབ་འཕེལ་མེད་མིན་པ་བྱིན་གྱིས་བརླབས། །བདུད་དང་བརྟན་མེད་ཉིད་ནི་བདག་མི་བྱེད། །བརྟན་པ་ཉིད་ཕྱིར་འདུལ་བ་རང་མི་བྱེད། །རྟོག་པ་ཆེན་པོའི་མཆོག་འདི་གང་བསྒྲུབ་པ། །མྱུར་དུ་དངོས་གྲུབ་མཆོག་ཕྱིན་བདག་བརྟན་འགྱུར། །བརྟན་ཞིང་རབ་བགྱིས་ བརྟན་པས་རྗེས་སུ་ཆགས། །བདེ་བ་ཆེན་པོ་ཀུན་བྱེད་ཤིན་ཏུ་རྒྱས། །ང་ཡི་དང་པོའི་སྙིང་པོ་གང་སྒྲུབ་པ། །དེ་ལ་ང་ནི་རྟག་ཏུ་དངོས་གྲུབ་སྟེར། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་མཆོག་ཏུ་གྲུབ་པའི་རྒྱུད་ཕྱི་མ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདི་ཉིད་སླར་ཡང་སྟོན་པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང་། མཆོག་དང་པོའི་རྡོ་རྗེ་བདེ་ བ་ཆེན་པོ་རྡོ་རྗེ་བསྙེམས་པས་གསོར་ནས་རང་གི་ཐུགས་ཀར་བསྟོད་པའི་ཚུལ་དུ་འཛིན་ཅིང་མཆོག་ཏུ་གསང་ཞིང་མཆོག་ཏུ་གྲུབ་པ་དོན་ཡོད་ཅིང་ཐོགས་པ་མེད་པ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་འདི་རྟོག་པ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་བདུད་ཐམས་ཅད་འདུལ་བར་བྱིན་གྱིས་བརླབ་པའི་ དབང་གིས་མ་གྲུབ་པ་རྣམས་ཀྱང་མཆོག་དམ་པ་གྲུབ་པར་བྱེད་པ་དང་མཆོག་ཏུ་གསང་བ་དང་ཐོག་མ་དང་ཐ་མ་མེད་པའི་མཚོན་ཆ་མཆོག་དང་པོ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་ཆེན་པོ་རྒྱུད་ཕྱི་མ་གསུངས་པ། དེ་ནས་ཐོག་མའི་གནས་ཉམས་དགའ། །ནམ་མཁའ་ཀུན་ལ་རབ་ ཏུ་གནས། །རིན་ཆེན་འོད་མཛེས་རབ་ཏུ་གསལ། །དྲི་མ་མེད་པའི་མདངས་ཀྱིས་བརྒྱན། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་རྣམས་ཀྱིས་རབ་ཏུ་བརྒྱན། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ ཁྱུད་ཀྱི་ནི་མཚམས་རྣམས་སུ། །ཟླ་བ་ཕྱེད་ནི་རབ་ཏུ་གནས། །རྡོ་རྗེ་རིན་ཆེན་འབར་བྱེད་པ། །རླུང་གིས་བསྐྱོད་པའི་རྩེ་མོ་མཆོག །དར་འཕན་དྲིལ་བུ་སྒྲ་སྒྲོགས་པ། །དྲ་བ་མེ་ལོང་ཏོག་མེ་ཏོག །མེ་ཏོག་ཆུན་པོའི་རྒྱན་གྱིས་བསྐོར། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཀུན་གྱིས་ ལེགས་སྦྱར་བ། །རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ། །སངས་རྒྱས་ཀུན་གྱིས་རྗེས་བསྟེན་པ། །བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག །རྡོ་རྗེ་འཛིན་པ་ཀུན་གྱི་གནས། །བདེ་བ་ཆེན་པོའི་རྡོ་རྗེ་ཆེ། །རྡོ་རྗེ་རིན་ཆེན་མཆོག་བྱ་བའི། །རྡོ་རྗེ་འཆང་ཆེན་བཞུགས་ནས་ནི། །བདེ་བ་ ཆེན་པོ་རྣམ་པར་བཞུགས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་ཅན་ཀུན་གྱི་སེམས་གང་ནི། །བརྟན་པའི་ཕྱིར་ནི་དཔའ་ཞེས་བྱ། །བརྟན་པར་ བཞག་པས་ཏིང་འཛིན་ཏེ། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔར་བྱིན་བརླབས་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་དེ་ཉིད་དོ། ། རྡོ་རྗེ་དྲག་པོ་མཐར་བྱེད་ཉིད། །ཕྱག་ན་རྡོ་རྗེ་ཉིད་ཀྱང་སྟེ། །དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེའི་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་བཟང་བཤད། །དེ་ཉིད་འདོད་ཆགས་བྲལ་བ་ཉིད། །འདོད་དང་གྲོལ་བ་དེ་ཉིད་དེ། ། དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་གཡོ་ཐམས་ཅད་མཆོག་དེ་ཉིད། །བསྟན་པ་སྲ་བ་ནོར་ཆེན་པོ། །རྒྱུ་བ་སེམས་ཀྱིས་འདུས་བྱས་པ། །ཐམས་ཅད་བྱེད་པ་ཐམས་ཅད་ཉིད། །དང་པོའི་སེམས་དཔའ་ སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་བདེ་རབ་སྩོལ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །པདྨའི་སྟེང་དུ་བཞུགས་པ་ནི། །བཙུན་མོའི་ཚོགས་བཅས་སྣ་ཚོགས་པ། །རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར། །བདེ་བ་ཆེན་པོ་གྲུབ་དོན་དུ། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། ། མ་ལུས་འདུལ་བྱའི་དོན་དུ་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །དམ་ཚིག་མཆོག་ནི་མ་ལུས་པ། །རྒྱལ་བས་ཀྱང་ནི་བསྲུང་བར་བྱ། །བསྙེམས་བཅས་རྡོ་རྗེ་གསོར་བ་དང་། །རྡོ་རྗེ་བསྙེམས་པའི་ཚུལ་འཆང་ཞིང་། །ཕྱག་རྒྱ་ཀུན་མྱུར་གྲུབ་མངོན་དུ། །རྡོ་རྗེ་སེམས་དཔའ་ མཆོག་གྲུབ་ཕྱིར། །དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ། །བསོད་ནམས་ཀུན་གྱིས་ཆེར་མཐོང་བ། །ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན། །སྙིང་པོ་ཆེན་པོ་དམ་ཡིན་ཏེ། །གང་གིས་བསོད་ནམས་མི་ལྡན་པའམ། །དེ་བཞིན་དཀྱིལ་འཁོར་མ་ཞུགས་པའང་། །དོན་ཡོད་ཐོགས་པ་མེད་མཆོག་ འགྱུར། །དངོས་གྲུབ་ཐམས་ཅད་རྙེད་དཀའ་ཡིན། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བ་མཆོག་གི་དམ་ཚིག་བརྟན། །དངོས་པོ་ཐམས་ཅད་སྒྲུབ་པ་སྟེར། །རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད། །ཐོག་མཐའ་མེད་ཕྱིར་དང་པོར་འབྱུང་། །མཆོག་དང་དང་པོ་ཞེས་བྱར་བཤད། །ཚིག་ཀུན་ གྱིས་ནི་ཅི་འདོད་དང་། །ཆགས་པ་ཀུན་གྱིས་ཅི་དགའ་བར། །རྗེས་སུ་ཆགས་པར་བགྱིའོ་ཞེས། །ཅི་བཞིན་འབབ་པའི་ཡེ་ཤེས་འཇུག །ཉེ་བའི་སྙིང་པོ་བཅས་སྙིང་པོ། །བསྐལ་པ་དང་པོར་བཅོམ་ལྡན་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་སྲས་ བཅས་པ། །རྡོ་རྗེ་འཛིན་བཅས་སྣ་ཚོགས་པ། །སྐད་ཅིག་གིས་ནི་འདུས་པར་འགྱུར། །རྡོ་རྗེ་འཛིན་ཆེན་གྱིས་ཐོག་མར། །ཡུད་ཀྱི་འཇིག་རྟེན་གསུམ་པོ་འབྱུང་། །ཅི་ལྟར་འགྲོ་བ་རབ་གྲུབ་ཅེས། །བདེ་གཤེགས་རྣམས་ཀྱིས་དངོས་གྲུབ་དྲིས། །དེ་རྣམས་ཀྱི་ནི་བཀའ་གསན་ནས། །རྡོ་རྗེ་ འཛིན་རང་གྲོལ་བ་ནི། །འབྱིན་དང་སྩོལ་དང་སྟོན་པ་པོ། །བྱེད་པས་ཚིག་ནི་འདི་སྐད་གསོལ། །ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས། །ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདི་ནི་ཇི་ལྟར་གྲུབ་པར་འགྱུར། །དེ་ཡི་ཚིག་དེ་གསན་ནས་ ནི། །རྒྱལ་བ་རང་ཉིད་ཀྱིས་གསུངས་པ། །བྱང་ཆུབ་སེམས་དེ་ཐོག་མའི་ལྷ། །ཁྱོད་ནི་ཐབས་ཆེན་ཉིད་ཡིན་ནོ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཅི་སྲིད་སེམས་ ཅན་རྣམ་རྟོག་པ། །དེ་སྲིད་བྱང་ཆུབ་སྲིད་པ་ཆེ། །བྱང་ཆུབ་སེམས་ཅན་ལ་ཕན་ཕྱིར། །རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས། །དེ་ནས་ཐོག་མ་དང་དཀྱིལ་འཁོར། །དང་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ཅི་བཞིན་ཆོ་གས་བསྒྲུབས་པ་ཉིད། །དེ་ནས་བཅོམ་ ལྡན་འདས་དེ་ནི། །བདེ་བ་ཆེན་པོ་གྲུབ་ཕྱིར་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །གཙོ་བོས་མགོན་ལ་གསོལ་བ་བཏབ། །བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ནི་རྟོག་པ་མཆོག །བདེ་ཆེན་མྱུར་དུ་གྲུབ་བྱེད་པའོ། །དེ་རྣམས་ཀྱི་ནི་ བཀའ་གསན་ནས། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །དཀྱིལ་འཁོར་ཆེན་པོ་བཀའ་སྩལ་ཏོ། །དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །བདེ་བ་ཆེན་པོ་རྡོ་རྗེ་མཆོག །གསང་བ་དམ་པ་ཞེས་བཤད་པའོ། །ཐོག་མར་དམ་ཚིག་གསུམ་ཐོབ་ པའི། །རྡོ་རྗེ་སློབ་དཔོན་རང་ཕྱག་རྒྱས། །འཁོར་ལོ་ཀུན་གྱི་ཆོ་ག་ལ། །རྟག་ཏུ་རྡོ་རྗེ་དྲིལ་འཆང་བྱ། །རྟོག་པ་ཐམས་ཅད་ཡང་དག་འབེབས། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །དམ་ཚིག་ཆེ་གསུམ་ཞེས་བྱ་བའི། །རྒྱ་འདི་ཐམས་ཅད་སྒྲུབ་བྱེད་ཡིན། །དངོས་གྲུབ་ཆོ་ག་ ཐམས་ཅད་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །མཆོག་གི་དང་པོ་མཐའ་ཡས་མཆོག །བླ་ན་མེད་ཅིང་མཉམ་མེད་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། ། མཆོག་སྟེ་ཡི་གེ་དམ་པ་ཡིན། །དཀྱིལ་འཁོར་གནས་ནི་སྦྱང་བྱས་ལ། །དེ་ཡི་དབུས་སུ་ཆོ་ག་བཞིན། །དངོས་གྲུབ་བྱིན་རླབས་ཆོ་ག་ཡིས། །དཀྱིལ་འཁོར་དེ་ནི་གྲུབ་པར་བྱ། །གླུ་དང་རོལ་མོའི་ཆོ་ག་དང་། །མེ་ཏོག་སྤོས་སོགས་མཆོད་པ་ཡིས། །ཇི་སྙེད་པ་དང་ཅི་འདོད་པར། ། མཆོག་དང་པོར་ནི་རྟག་པར་བྱའོ། །མཆོག་གི་དང་པོར་མཐའ་ཡས་མཆོག །བླ་ན་མེད་ཅིང་དཔེ་མེད་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །གྲོང་ཁྱེར་དག་ནི་མི་འགྱུར་མཆོག །ཐོག་མ་མེད་མཆོག་རྟག་པ་སྟེ། །སངས་རྒྱས་འབྱུང་བའང་རབ་ཏུ་བཞུགས། །ཀུན་མཆོག་མཉམ་པ་ཉིད་ རྟེན་པས། །ལྷག་དང་མ་ཚང་མེད་ཀུན་གང་། །མཐའ་དང་དབུས་མེད་ནམ་མཁའ་ནི། །འདི་ནི་དབུ་མར་རྣམ་བརྟགས་པས། །ཕྱག་རྒྱའི་སྦྱོར་བའི་ཏིང་འཛིན་གྱིས། །དེ་ཡིས་དབུས་མར་རྣམ་བརྟག་ཉིད། །དེ་ཡི་དབུས་སུ་པདྨའི་གཟུགས། །ཡུ་བར་བཅས་པ་རབ་ཏུ་གཞག །སྣ་ཚོགས་ པདྨས་ཡང་དག་ཁེབས། །ཐམས་ཅད་དག་པའི་གདན་དེ་ཡིན། །དེ་ནས་སྲད་བུ་གཉིས་འགྱུར་དུ། །བྱས་པའི་ཐིག་ནི་གདབ་བྱ་སྟེ། །ནམ་མཁའ་ཀུན་གྱི་ཚད་ཡིན་ཕྱིར། །གདུལ་བྱའི་བློ་ནི་མཐའ་ཡས་པས། །ཚད་ནི་ཚད་མེད་པ་ཉིད་ཡིན། །མི་མཉམ་མེད་པས་ཟུར་བཞི་པ། ། དྲན་དང་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་བཤད་པ་ཡིན། །ཁྱམས་ལ་བརྟེན་པའི་རྡོ་རྗེའི་བདག །གཟུགས་རྣམས་ལྷ་མོས་མཆོད་པའོ། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བས་ བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་མཆོག་སྟེ་ཀུན་དུ་འགྲོ། །རླུང་གིས་བསྐྱོད་པ་སྣ་ཚོགས་པའི། །བ་དན་རྩེར་བཏགས་དྲིལ་སྒྲ་སྒྲོགས། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་མེ་ལོང་མེ་ཏོག་ཆེ། །མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར། །ཀུན་གྲུབ་ མི་འགྱུར་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་བ་ཆེན་པོའི་གཞལ་ཡས་ཁང་། །དང་པོའི་གནས་སུ་བྲི་བར་བྱ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཀུན་མཆོག་དེ་ནི་ལེགས་བྲིས་ནས། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བསམ། །དེ་ ནི་ཕྱི་ཡི་དཀྱིལ་འཁོར་རོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །འདི་ནི་རྣམ་ཐར་བརྒྱད་པོ་སྟེ། །དངོས་གྲུབ་ཀུན་གྱི་བདེ་བ་སྟེར། །བྱང་སེམས་ཐེག་པ་ཆེན་པོ་ཡི། །མདོ་སྡེའི་འཁོར་ལོ་རབ་བསྐོར་བས། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །དེར་ནི་ སྣ་ཚོགས་པདྨ་ཆེར། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །ལུགས་མའམ་ཡང་ན་བརྐོས་པའམ། །བྱས་པའམ་ཡང་ན་བྲིས་པ་སྟེ། །འཛུམ་བཅས་ཟླ་བའི་མདོག་ཅན་ལ། །དམར་ཞིང་སྣ་ཚོགས་འོད་འབར་བ། །སངས་རྒྱས་ཀུན་གྱི་དབང་ལ་སོགས། །རྒྱན་དང་ན་བཟའ་སྣ་ཚོགས་པ། ། སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག །སུ་ར་ཏ་སྟྭྃ་ཞེས་བརྗོད་ཅིང་། །རང་སྙིང་པོས་ཀྱང་གཞག་པར་བྱ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཚོན་ནམ་དེ་བཞིན་ཕྱེ་མ་ཡིས། །གོ་རིམས་དག་ནི་ཅི་བཞིན་དུ། །རྡོ་རྗེ་ལྷ་མོ་ཡང་དག་བྲི། ། རྡོ་རྗེ་མཆོད་བསྟོད་ལ་བརྩོན་བྱ། །རྡོ་རྗེ་ཆགས་མ་མདུན་དུ་བྲི། །ལྷ་མོ་རྡོ་རྗེ་རོལ་པ་ནི། །རྡོ་རྗེ་ཅན་ལ་རབ་འཁྱུད་པ། །རྒྱབ་ཏུ་རྡོ་རྗེ་དྲན་མ་ནི། །ཆུ་སྲིན་རྒྱལ་མཚན་འཛིན་པའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མ། །རྡོ་རྗེ་ཁུ་ཚུར་གཉིས་བསྙེམས་བྲི། །དེ་ནས་འདི་རྣམས་དགོད་པའི་ཕྱག་རྒྱ་ ནི། ཛཿབཛྲ་དྲིཥྚི་སམ་ཀེ་མ་ཊ་ཧཱུྃ། ཨོྃ་བཛྲ་ཀི་ལི་ཀི་ལི་ཧཱུྃ། བྃ་བཛྲི་ཎི་སྨ་ར་ར་ཊ། ཧོ་བཛྲ་ཀཱ་མེ་ཤྭ་རི་སྟྭྃ། མཚམས་སུ་རྡོ་རྗེ་སེམས་མ་སོགས། །དུས་ཀྱི་མཆོད་པ་ཡང་དག་བྲི། །རྡོ་རྗེ་སྦྲང་རྩི་མ་དང་སྤྲིན། །སྟོན་དང་དགུན་ནི་རྡོ་རྗེ་མ། །མེ་ཏོག་བདུག་པ་མར་མེ་ཆེ། །དྲི་སྟེ་སྤྱི་བོར་ ཐལ་སྦྱར་བ། །རྡོ་རྗེ་རྒྱལ་པོའི་ལྷ་མོ་སྟེ། །དེ་ནས་ཕྱག་རྒྱ་རབ་བཤད་བྱ། །ཨོྃ་མ་དྷུ་བཛྲི་གྷུྃ་གྷུྃ། ཨོྃ་བཛྲ་མེ་གྷེ་གུ་ལུ་གུ་ལུ། ཨོྃ་ཨོྃ་ཤ་ར་ད་བཛྲི། ཨོྃ་ཨོྃ། ཨོྃ་བཛྲ་ཤི་ཤི་རི་ཧཱུྃ་ཧཱུྃ། །སྒེག་མོ་བཞད་མ་གླུ་ཆེན་མ། །གར་མཛད་མ་ཡི་ལྷ་མོའི་ཚོགས། །རྡོ་རྗེ་རོལ་མོ་འདི་དག་ནི། །ཕྱི་ རོལ་གྱི་ནི་མཚམས་སུ་བྱ། །ཧེ་ར་ཏི་བཛྲ་མ་གྷ་བི་ལ་སི་ནི་ཏྲ་ཧ། ཧེ་ར་ཏི་བཛྲ་ནྲྀ་ཏྱཻ། བེ་བ་བེ་བ། སྒོ་ཡི་གནས་ནི་ཐམས་ཅད་དུ། །གསོལ་ཀ་བ་ནི་བཞི་པོ་སྟེ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དེ་བཞིན་དྲིལ་མ་ཡི། བཛྲ་ཨྃ་གུ་ཤ་ཛཿ། བཛྲ་པཱ་ཤེ་ཧཱུྃ། བཛྲ་ཤྲིཾ་ཁ་ལེ་བྃ། བཛྲ་གྷཎྜེ་ཧོཿ། དམ་ཚིག་འདི་ནི་ཐམས་ཅད་ཀྱིས། །དགོངས་ཤིང་བརྟག་པ་ཉིད་དུ་འགྱུར། །རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །དངོས་གྲུབ་ཀུན་ལ་འབྱུང་བར་འགྱུར། །གསོལ་ཀ་བ་དང་གཡོག་མོ་ཡི། །གཙོ་མོ་ཕོ་ཉ་བྲན་མོའོ ། །དེ་ནས་ཀུན་ མཆོག་ལ་སོགས་པ། །མངོན་བྲིས་ཡང་དག་བསྒྲུབ་པར་བྱ། །དམ་ཚིག་མཆོག་ནི་བཅིངས་ནས་སུ། །ཛཿཧཱུྃ་བཾཧོཿཞེས་བརྗོད་བྱ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །རྡོ་རྗེ་ཅན་གྱི་སྤྱན་སྔར་འདུག །བདེ་བ་ཆེན་པོའི་རྡོ་རྗེ་མཆོག །བདག་པོ་ལན་ཅིག་ཡང་དག་དགུག ། ཧཱུྃ་མ་ཧཱ་སུ་ཁ་བཛྲ་ས་ཏྭ། ཡ་ཧི་ཤཱི་གྷྲཾ། མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷཱ་ཡ། ཨ་ནུ་པཱ་ལ་ཡ། པྲ་བུད་དྷ་སུ་ར་ཏ་སྟྭཾ་ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། བྷ་ག་བཱ་ན་ནཱ་དི་ནས་ཏྭ། སརྦ་སིད་དྷི་མྨེ་པྲ་ཡ་ཙྪ། ཨ་ཤེ་ཏ་མ་ཏྲི་ཥ་ཨཱ་བེ་ཤ་ཡ་སམ་ཡེར་བད་དྷ། བཤཱི་ཀ་ རོ་མེ། ཨི་མེར་མུ་དྲཱ་པ་ངཻཿཛཿཧཱུྃ་བཾ་ཧོཿ། འདི་ཡིས་བཅོམ་ལྡན་འདས་རྟག་པར། །དཀྱིལ་འཁོར་དུ་ནི་རང་ཉིད་གཤེགས། །བཀུག་ཅིང་བཅུག་ལ་ཤིན་ཏུ་བརྟན། །དབང་དུ་གྱུར་ནས་རབ་ཏུ་ཐུབ། །ཅེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོས་གསུངས་སོ། །རྡོ་རྗེ་སློབ་ དཔོན་རང་ལྷ་ནི། །འོད་ཟེར་ཀུན་དུ་སྟོན་ལ་སོགས། །མཚན་མ་རྣམ་པ་མང་པོ་ནི། །ངོ་མཚར་གྱུར་པ་མཐོང་བར་འགྱུར། །དེ་ནས་རྡོ་རྗེ་མཆོད་ཡོན་ནི། །རྡོ་རྗེ་ཐལ་མོ་ཁ་དབྱེས་དབུལ། །བུམ་པ་གང་དག་ཅི་སྙེད་པའི། །མེ་ཏོག་ལ་སོགས་ཀྱིས་ཀྱང་མཆོད། །བ་དན་ རྩེ་མོར་དྲིལ་བཏགས་པ། །མཚམས་ཀྱི་ཆར་ནི་གཞག་པར་བྱ། །བུམ་པ་སྤོས་ཆུས་གང་བ་ལ། །རྡོ་རྗེར་བཅས་པས་བྱིན་བརླབས་པ། །ལྕུག་མ་ལ་ནི་ཡོངས་སུ་བཟླས། །དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུར་བསྒྲུབ་པ་ནི་འདི་ཡིན་ཏེ། །ཧཱུྃ་མ་ཧཱ་སུ་ཁ་བཛྲ་ ཨ་མོ་གྷ་ས་མ་ཡོ་ད་ཀ་སད་དྷ་ཨ་བྷི་ཥིཉྩ། སརྦ་སུ་ཁ་སཽ་མ་ན་སྱཱ་ནྱཱ་ད་ད་ཀུ་རུ་ཀུ་རུ། ཛཿཧཱུྃ་བཾ་ཧོཿ། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ། བདག་ཉིད་ལ་རྡོ་རྗེས་དབང་བསྐུར་བར་བྱའོ། །བསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་བསལ་བ་ དང་བདེ་བ་ཆེན་པོ་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང་། །རང་ཉིད་ཐོག་མར་བྱུང་ཞུགས་ཤིང་། །རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེ། །རྡོ་རྗེ་ཅན་གྱིས་རང་བྱིན་རློབ། །དེ་ནས་རྡོ་རྗེ་འཛིན་སློབ་དཔོན། ། རང་ཉིད་ཁྲུས་བྱས་དྲིས་ལེགས་བྱུགས། །ཅི་སྙེད་པ་ཡི་རྒྱན་གྱིས་བརྒྱན། །ཤིན་ཏུ་དམར་བའི་གོས་བགོ་ཞིང་། །མེ་ཏོག་ཕྲེང་བཏགས་ཁ་དྲིས་བསྒོ། །རྣམ་སྒེག་དགའ་བའི་རྡོ་རྗེ་དང་། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །སྤྱི་བོར་མེ་ཏོག་ཐལ་སྦྱར་ནས། །གནས་དེ་མགོན་ལ་ཕྱག་བྱའོ། ། ཞུགས་ནས་དཀྱིལ་འཁོར་དེ་ལ་ནི། །བསྐོར་བ་དག་ནི་ལན་གསུམ་བྱ། །དེ་ནས་མདུན་དུ་འདུག་ནས་ནི། །དེ་ཁོ་ན་ཉིད་ལན་ཅིག་བརྗོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེན་པོ། །དེ་དག་རྡོ་རྗེ་སེམས་གྲུབ་བརྗོད། །དེ་ནས་མེ་ ཏོག་སིལ་མ་ནི། །མགོན་ལ་གཏོར་ཏེ་ཆོ་ག་བཞིན། །དང་པོ་ཤ་ར་ལ་སོགས་པ། །བསྟོད་པ་གླུ་རུ་ལན་ཅིག་བླང་། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱད་པ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི་ཡིན་ཏེ། དཔལ་མཆོག་དང་པོ་སེམས་དཔའ་ཆེ། །དགའ་བ་ ཆེན་པོའི་དགའ་ཆེན་པོ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་དང་སེམས་དཔའི་ཏིང་འཛིན་མཆོག །རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ། །ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག །བདུད་དང་བདུད་ནི་རབ་འཇོམས་པ། །ཐམས་ཅད་ཐམས་ ཅད་བྱང་ཆུབ་ཆེ། །སངས་རྒྱས་སངས་རྒྱས་སྐྱེས་མཆོག་སྐྱེས། །རྡོ་རྗེ་ཧཱུྃ་མཛད་ཡི་གེ་ཧཱུྃ། །འཇིག་རྟེན་དབང་ཕྱུག་ནོར་རབ་གསལ། །འདོད་ཆགས་ཆེན་པོ་བདེ་ཆེན་ཉིད། །འདོད་དང་ཐར་པ་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །འཇིག་རྟེན་ གསུམ་མཆོག་ཁམས་གསུམ་པ། །བརྟན་པར་རང་བྱུང་གསལ་བ་སྟེ། །རབ་ཕྲ་སྦོམ་དང་ལེགས་བསགས་པ། །རྒྱུ་བ་རབ་མཆོག་ཐོབ་མཛད་པ། །སྲིད་པ་འཁོར་བ་སྦྱོང་མཛད་པ། །ཐོག་མཐའ་མེད་ཅིང་ཐོག་མཐའ་ཅན། །མདངས་ལྡན་དང་པོར་ཐམས་ཅད་གནས། ། སྙིང་པོ་ཕྱག་རྒྱ་སྦྱོར་དམ་ཚིག །དེ་ཉིད་བདེན་པ་མཆོག་པ་སྟེ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །ཆོས་དང་ལས་ནི་ཁམས་ཆེན་པོ། །དམ་པའི་ཆོས་ཏེ་ལས་མཆོག་བདག །བྱང་ཆུབ་སེམས་ནི་རབ་སྦྱོང་མཛད། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །དུས་མཐའ་ ལྟར་འབར་འདུལ་བ་པོ། །འདུལ་མཛད་ཆེན་པོ་གདུག་པའི་མཆོག །དྲག་པོ་དྲག་ཉིད་ཟད་མཛད་པ། །ཐམས་ཅད་དག་པ་པདྨ་ཆེ། །ཤེས་རབ་ཐབས་ཏེ་ཚུལ་ཆེན་པོ། །འདོད་ཆགས་དག་པའི་ཏིང་འཛིན་མཆོག །སྣ་ཚོགས་ཆགས་པ་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་ རྟག་པའི་དོན། །འབྱུང་པོ་ཐམས་ཅད་གནས་ཆེན་པོ། །འབྱོར་བ་ཐམས་ཅད་གནས་འབྱོར་བ། །དཔལ་དང་གཙོ་བོ་རྒྱལ་པོ་སྟེ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །དད་པས་ཁྱེད་ལ་བདག་ བརྟེན་བགྱིད། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །གང་ཞིག་བསྟོད་པའི་རྒྱལ་པོ་འདི། །ཉིན་རེ་ནང་པར་རྗོད་བྱེད་དམ། །ཆོས་ཀྱི་ཚིག་གིས་ལན་ཅིག་བརྗོད། །དངོས་གྲུབ་ཤིན་ཏུ་མྱུར་བར་འགྱུར། །གལ་ཏེ་འདིར་གྲུབ་མི་འདོད་ན། །དང་པོར་ཉིན་རེ་དུས་གསུམ་དུ། །བསྟོད་ ན་སྡིག་པ་ལས་ངེས་གྲོལ། །ཞིང་དག་པ་ནི་གྲུབ་པར་བྱེད། །རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ། །ལན་ཅིག་རབ་ཏུ་བརྗོད་པ་ཡིས། །དངོས་གྲུབ་ཐམས་ཅད་སྐལ་བཟང་བྱེད། །ཕུན་སུམ་ཚོགས་དཔལ་འཕེལ་བར་བྱེད། །དངོས་གྲུབ་དོན་ཡོད་ཡོན་ཏན་ཅན། །མཚན་བརྒྱ་རྩ་བརྒྱད་ དམ་པའོ། །དེ་ནས་གསང་བའི་མཆོད་པས་ནི། །རབ་ཏུ་དགའ་བས་མགོན་ལ་མཆོད། །རང་གིས་ཕྱག་རྒྱས་ལན་ཅིག་ནི། །རང་གི་ཕྱག་རྒྱས་བཅིངས་ཏེ་གྲུབ། །དེ་ནས་ལྷ་ཡི་ཆུ་དང་ནི། །དེ་བཞིན་སྐུ་མཆོག་གིས་དབང་བསྐུར། །རང་ཉིད་རྡོ་རྗེ་ཕྱག་རྒྱ་ལ། །སྙིང་པོ་འདི་ནི་བླང་བར་བྱ། །དེ་ལ་ རྡོ་རྗེ་སེམས་དཔར་དབང་བསྐུར་བའི་སྙིང་པོ་ནི་འདི་ཡིན་ཏེ། ཧཱུྃ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥྚེ་ཀེ་ན་ཧྲཱིཿཨ་བྷི་ཥིཉྩཱ་མི། སརྦ་བཛྲ་ཨ་དྷི་པ་ཇི་སྟྭི་དྲྀ་ཌྷོ་མེ་བྷ་བ་མི་དྷ་ནཱ་མ་མ་སྟེ་བྷ་ག་བཱ་ན། མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭྃ། མ་ཧཱ་བཛྲ་སཏྭ། ཨོྃ་བྷུར་བྷུ་བ་སྭ། དེ་ནས་རྡོ་རྗེ་དབང་བསྐུར་བ། །ཕྱག་ན་རྡོ་རྗེ་མིག་འཛིན་པ། །རྡོ་ རྗེ་འཛིན་ཆེན་སློབ་དཔོན་དུ། །འདི་ཉིད་དུ་ནི་རབ་འགྲུབ་འགྱུར། །དེ་ནས་ཀྱང་ནི་ཅི་འདོད་པར། །ཆོ་གའི་དམ་པ་བསྒྲུབས་ནས་ནི། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ལེགས་པར་མཆོད་ལ་ཕྱིར་བྱུང་བྱ། །དེ་ནས་བརྩམས་ཏེ་རྡོ་རྗེའི་བདག །རྡོ་རྗེ་ཀུན་གྱི་གསུང་རབ་འཛིན། །རྡོ་རྗེ་ཐམས་ཅད་ འཛིན་སློབ་དཔོན། །དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའ་དངོས་གྲུབ་ཆེ། །ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཆེ། །དྷཱིཿ། ཐམས་ཅད་མཁྱེན་པའི་རྡོ་རྗེ་ཆེ། །ལས་རྣམས་ཐམས་ཅད་དབུས་ལ་བརྟག །མི་ཚུགས་པ་དང་མི་སོད་པ། །ཀུན་བྱེད་དངོས་གྲུབ་ཐམས་ ཅད་སྟེར། །སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ། །ཚར་གཅོད་པ་དང་ཕན་འདོགས་ནུས། །ཐམས་ཅད་རྗེས་ཆགས་བྱེད་ཀུན་མཆོག །ཀུན་རིག་པ་དང་ཀུན་གྱི་གནས། །འདོད་པ་ཐམས་ཅད་ལ་རབ་སྦྱོར། །ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ། །ལྷ་ལ་སོགས་པའི་སེམས་ཅན་ཀུན། །བསྒོ་བ་ཐམས་ ཅད་རྟག་ཏུ་བྱེད། །སེམས་དཔའ་ཀུན་ནི་རྟག་ཏུ་མཐོང་། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ཉིད་ཀྱིས་ནི་འདོད་པར་ལྡན། །དགའ་ཞིང་རང་ཉིད་དེ་བདག་པོར། །རྡོ་རྗེ་སློབ་དཔོན་འགྱུར་བ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །བདེ་བ་ཆེན་པོ་རྡོ་རྗེ་སློབ་དཔོན་ བྱིན་གྱིས་བརླབ་ཅིང་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་རྗེས་སུ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་མཆོད་ཡོན་སྙིང་གར་བསྐོར། །བཅིངས་ནས་བསམ་གཡོས་བཞིན་གྱིས་ནི། །མགོ་ བོས་ཡང་དག་ཕྱག་བྱ་བ། །དངོས་གྲུབ་ཐམས་ཅད་གྲུབ་བྱེད་ཡིན། །དཀྱིལ་འཁོར་དུ་ནི་རབ་ཞུགས་ལ། །བསྐོར་བ་ལན་གསུམ་བྱས་ནས་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ལའང་གྲུབ་མཛད་བརྗོད། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་བ་ཆེན་པོ་ཡང་དག་མཆོད། ། དེ་བཞིན་དུ་ནི་དབང་བསྐུར་བར། །རྡོ་རྗེ་གསང་བའི་སློབ་མ་གཞུག །དེ་ནས་ཅི་བཞིན་བརྒྱན་ནས་ནི། །རྡོ་རྗེ་སློབ་དཔོན་གྱིས་རབ་གཞུག །སློབ་མའི་ཚོགས་རྣམས་བཅུག་ནས་ནི། །ཅི་འདོད་པ་ཡི་དངོས་གྲུབ་འཐོབ། །དེ་ནས་སློབ་མ་བཅུག་ནས་ནི། །དགའ་བ་ཆེན་པོ་འདི་བརྗོད་བྱ། །རབ་དགྱེས་ རབ་བདེ་བསྟན་པ་ཡི། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །དེ་ནས་མེ་ཏོག་ཕྲེང་བ་ནི། །སྤྱི་བོ་ནས་ནི་མྱུར་དུ་འདོར། །གང་དུ་མེ་ཏོག་བབས་གྱུར་ཏེ། །ལྷག་པའི་ལྷར་ནི་རབ་འགྲུབ་འགྱུར། །དེ་ནས་ལྷ་ཡི་ཆུ་ཡིས་ནི། །རྡོ་རྗེ་འཛིན་དང་རང་དབང་བསྐུར། ། རྡོ་རྗེ་ཆེན་པོ་རྡོ་རྗེ་ལྔ། །བྱིན་ལ་རྡོ་རྗེ་བོ་དྷི་བརྗོད། ཨོྃ་མ་ཧཱ་སུ་ཁ་བཛྲ། བཛྲ་ཨ་བྷི་ཥེ་ཀེ་ན་སྟྃ། ཨ་བྷི་ཤིཉྩཱ་མི། མ་ཧཱ་བཛྲ་དྷཱ་ར། ཧེ་བཛྲ་ནཱ་མ་སིད་དྷ་ནཱ་མཿ། གང་ལ་རྡོ་རྗེ་མིང་གང་ཞིག་ཡིན་པ་དེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ། །དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་ བསླབས་ནས། ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཆོ་ག་འམ། །གང་འདོད་རང་གྲུབ་པ་དེ་ལ། །དེ་ཉིད་ཀྱིས་ནི་དམ་ཚིག་ཉིད། །འཇུག་ལ་སོགས་པའི་ཆོ་ག་བཤད། །འཇིག་རྟེན་པ་ནི་སྣ་ཚོགས་དང་། །དེ་བཞིན་འཇིག་རྟེན་འདས་པ་རྣམས། ། ཐམས་ཅད་རང་གི་གོ་རིམས་ནི། །རྒྱས་པར་བསྒྲུབས་ན་རབ་ཏུ་འགྲུབ། །འདི་ལ་རབ་ཏུ་འཇུག་ཙམ་གྱིས། །མི་ཚུགས་པ་དང་མི་ལྡོག་པ། །ཉིད་དུ་རྒྱལ་བའི་སྲས་འགྱུར་ཞིང་། །བདེ་བ་ཆེན་པོ་རབ་གྲུབ་སྟེར། །དེ་ནས་རྡོ་རྗེ་འཛིན་སློབ་དཔོན། །མནའ་ནི་དམ་དུ་བསྒགས་ནས་ཀྱང་། །དེ་ ཉིད་ཆོས་དང་དམ་ཚིག་ནི། །རང་ཉིད་དང་ནི་གཞན་གྱིས་བསླབ། །དེ་ལ་འདི་ནི་མནའ་གྲུབ་པའི་རྡོ་རྗེ་ཆུས་དབང་བསྐུར་ནས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར། །དངོས་གྲུབ་རྡོ་རྗེ་བདུད་རྩི་ཆུ། ། དེ་ཉིད་ཆོས་དང་དམ་ཚིག་ནི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུ་གནང་གནས་པ་འགའ། །དད་པ་མེད་པས་བགད་པར་འགྱུར། །དེ་ལ་འདི་ནི་དེ་ཁོ་ན་ཉིད་དང་དམ་ཚིག་གི་གསང་བའི་ཆོ་ག་རབ་ཏུ་སྦྱིན་པ་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །དེ་ཁོ་ན་ཉིད་མཆོག་གི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་བཤད་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་མཆོག་བཀའ་སྩལ་པར་མཛད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་ བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པ་ཡིན། །དེ་ལ་སྲིད་པ་རྣམ་པར་དག་པའི་ཐབས་རྟོག་པ་ཐམས་ཅད་ཀྱི་གསང་བའི་མཆོག་དམ་ཚིག་ཆེན་པོ་བསྟེན་པར་བྱ་བ་ནི་འདི་ཡིན་ཏེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་ པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྟེན་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་ལ་རྟོག་པ་ཐམས་ཅད་ཀྱི་གསང་བའི་མཆོག་གི་དམ་ ཚིག་ཆེན་པོ་འདི་བརྗོད