Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 085_རྒྱུད་འབུམ།_ཏ
Văn bản gốc(Tây Tạng)
Trang 12 / 18 (50.000 ký tự/trang)
ྱ། །ལྕུག་མ་དང་བཅས་བུམ་པ་རྣམས། །སྒོ་ཡི་ཕྱི་རོལ་དག་ཏུ་གཞག །རྡོ་རྗེ་དང་བཅས་བཞི་དང་ བཅས། །ལྕུག་མོ་ཡོངས་སུ་བཟླས་ནས་ནི། །དྲི་ཆུས་གང་བའི་བུམ་པ་སྟེ། །ཕྱག་ན་རྡོ་རྗེའི་མདུན་གཞག་བྱ། །དེ་ལ་འདི་ལྟར་བདེ་བ་ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། ཨོྃ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ། ཨ་བྷི་ཥེ་ཀ་ཛཿཧཱུྃ་བྃ་ཧོཿ། ལན་ཉི་ཤུ་རྩ་གཅིག་ བཟླས་སོ། །ཆུ་འདི་གཏོར་བའམ། འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་འབྱང་བ་དང་། བདེ་བ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ནས་རང་གི་དམ་ཚིག་རྣམས་ཀྱིས་རྡོ་རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ནས། དགུག་པ་དང་ནི་གཞུག་ པ་དང་། །བཅིངས་ནས་སྐད་ཅིག་དབང་དུ་འགྱུར། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །དེ་བཞིན་གཡས་མཛུབ་ལྕགས་ཀྱུར་བྱ། །དགུག་པ་འདི་ནི་ལན་ཅིག་གིས། །འགྲུབ་སྟེ་རབ་ཏུ་གཞུག་པར་བྱ། །ཨོྃ་མ་ཧཱ་སུ་ཁ་བཛྲ་ས་ཏྭ། ཨ་ཨ་ཧི་ཤཱི་གྷྲཾ་མ་ཧཱ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡ་མ་ནུ་སྨ་ར་ ཕྲ་བྷུ་ཏ་ས་མ་ཡ་སྟཾ་ཧྲྀ་ད་ཡཾ་སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷེ་བ། ཨ་དྷི་ཏིཥྛ་བྷ་ག་བཱ་ན་ཨ་ན་ཏི་ནཾ་ད་ན་སིད་དྷྱཾ་ཏུ་མེ་མནྟྲ་པ་དཻཿཛཿཧཱུྃ་བྃ་ཧོཿ། དེ་ནས་རྟག་ཏུ་བཅོམ་ལྡན་འདས། །དཀྱིལ་འཁོར་དུ་ནི་རང་ཉིད་བྱོན། །དགུག་ཅིང་བཅུག་ནས་བརྟན་པ་དང་། །དབང་དུ་ འགྱུར་ཞིང་འགྲུབ་པ་ཡིན། །རྨད་དུ་བྱུང་བའི་རྫུ་འཕྲུལ་དུ་མ་རྣམས་མཐོང་བའམ། ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་རང་ཉིད་རྡོ་རྗེ་འཛིན། ཀུན་གྱི་སློབ་དཔོན་ནི་ཕྱག་རྒྱ་ཐམས་ཅད་གྲུབ་པ། དམ་ཚིག་ཐམས་ཅད་ཤེས་པ། ལས་ཐམས་ཅད་ནུས་པ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ་དཔོན་རང་ཉིད་ཅི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་པ་རྒྱན་དང་བཅས་པའི་མེ་ཏོག་གི་ཕྲེང་བས་ལུས་ཤིན་ཏུ་བརྒྱན་པ། གོས་དམར་པོ་གཉིས་བགོས་པ། རང་ཉིད་ཀྱིས་བཅོམ་ལྡན་འདས་ལ་ བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ། །བསྟོད་པ་ནི་དྲུག་ལྡན་ལ་སོགས་པ་གླུ་ཡིས་བྱའོ། །འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི། །ཀུན་འདུས་བདག་ལ་བདེ་བ་སྩོལ་མཛོད་ཅིག །རྡོ་རྗེ་སེམས་དགོངས་མྱུར་དུ་བདག་སྟོན་མཛོད། །བདག་ དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད། །དེ་ནས་རབ་ཏུ་ཞུགས་ནས་དགོངས་སུ་གསོལ་བར་བྱ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ། །རྡོ་རྗེ་བསྙེམས་བདག་ཁྱབ་བདག་ཡིན། །སེམས་ཀྱི་སེམས་དཔའི་ཏིང་ངེ་འཛིན། ། དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱིས། །རྡོ་རྗེ་སློབ་དཔོན་བྱིན་བརླབ་འགྱུར། དེ་སྔར་མ་བྱུང་བའི་སོ་སོར་རང་རིག་པའི་བདེ་བ་གཉིས་ཀ་ལ་སྐྱེ་བར་འགྱུར་རོ། །ཕྲ་མོ་དབབ་པར་ཡང་ འགྱུར་རོ། །དེ་ནས་བདག་ལ་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས་ཤེས་པར་བྱའོ། །དེ་ནས་དེ་བཞིན་དུ་འདུག་ལ་ཅི་འདོད་པའི་བཟླས་བརྗོད་བྱའོ། །དེ་ནས་དེ་བཞིན་དུ་འདུག་ལ་རང་གི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་སེམས་དཔའ་ ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མཐོང་བར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དེ་ལ་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དོ། །ཕྱག་རྒྱ་ཐམས་ཅད་ཀྱང་བདག་རང་ཉིད་ཀྱིས་བཅིངས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ ཀྱང་འདི་ལ་བསྟན་པར་འགྱུར་རོ། །ཡིད་ཀྱི་འདོད་པའི་ལས་རྣམས་ཀྱང་བྱེད་པ་ཡིན་ནོ། །བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཉམས་སུ་མྱོང་ཞིང་གཞན་གྱིས་མི་ཐུབ་པ་དང་མི་སོད་པས་ལོ་གཅིག་འདས་ནས་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ ནས་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་བརྟག་པར་བྱ་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་རང་ཉིད་སྔ་མ་བཞིན་དུ་ལུས་ལ་བརྒྱན་ནས། རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་སྟེ་དེ་བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་བསྐུལ་བས་ཡང་དག་པར་བསྐུལ་ལ་དགུག་པར་བྱའོ། །འདི་ སྐད་ཅེས་བརྗོད་དོ། །སྲིད་པའི་བདེ་བ་རྣམ་དག་ཕྱིར། །སྔར་གྱི་སྲིད་པ་ལ་ཁྱོད་དགའ། །འདོད་པ་ཀུན་གྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལའང་འགྲུབ་པར་གྱིས། །དེ་ནས་མཆོད་པ་བྱས་ལ་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུག་པར་བྱ་ སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ། །ཆགས་བྲལ་འདུལ་བའི་འཇིག་རྟེན་ནི། ཆགས་བྲལ་ཉིད་ཀྱིས་འདུལ་བར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །སྡུག་བསྔལ་གཞན་ནི་རང་བཞིན་མེད། ། དེ་བས་སེམས་ཅན་ཆགས་བྲལ་ལ། །སླར་ཡང་ཡིད་ནི་མ་བྱེད་ཅིག །དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་གཞུག་གོ། །ཨོྃ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་བྲ་ཏི་གྲི་ཧྞ་ས་མ་ཡ་སྟྭཾ། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ། །དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ། །གང་ འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད་ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ནས། དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ་དེའི་རིགས་ཀྱི་མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀི་྅་ཧྃ་བཛྲ་དྷཱ་ར་ས་མཱུ་ཁེ་བྷ་ཨ་བྷི་ཥེ་ག་ཏྭཱྃ་ཨ་བྷི་ ཥིཉྩཱ་མི་གྲྀཧྞ་སིདྡྷི་བཛྲི་ཏི་ཨ་མོ་གྷ་སིདྡྷི་སྟྭཾ། དེ་ནས་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ། །དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་དང་དགོད་པ་བྱེད་དུ་བཅུག་ཅིང་རང་ ཉིད་ཀྱིས་ཀྱང་བྱའོ། །དེ་ནས་ཐམས་ཅད་བསྐྲད་ནས་འདི་སྐད་བརྗོད་པར་བྱའོ། །ཐོག་མཐར་རྒྱུ་བའི་འགྲོ་བ་འདི། །དགའ་བ་མཆོག་ལ་རག་ལུས་ཏེ། །སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར། །སླར་ཡང་གཤེགས་པར་མཛད་དུ་གསོལ། །དེ་ནས་སྙིམ་པའི་མེ་ཏོག་དོར་ནས་དབྱུང་བར་ བྱའོ། །དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱགས་ལ་རྡུལ་ཚོན་དེ་དག་གིས་རིལ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ་དེ་ཡང་བཅུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་དགོངས་པ་ཡིན་ནོ། །དེ་ཉིད་ཀྱིས་ དབང་བསྐུར་ན་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །གལ་ཏེ་དེ་ཡང་མི་ཤེས་ན་ཕྱག་མཚན་གཞག་པར་བྱའོ། ། ཕྱག་རྒྱའི་ཆོ་ག་རྒྱས་པའོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྣམ་པར་གནོན་པར་མཛད་ནས་རྡོ་རྗེ་འཆང་ཆེན་པོས་འདི་གསུངས་སོ། །བདེ་བ་ཆེན་པོ་རབ་སྒྲུབ་དང་། ། འདོད་པ་ཆེན་པོ་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་གྲུབ་པ་ནི། །རྟག་པར་མྱུར་དུ་བཤད་པར་བྱ། །ཅི་སྲིད་འཁོར་བའི་གནས་སུ་ནི། །དེ་སྲིད་སེམས་ཅན་གདོན་པར་བྱ། །མྱ་ངན་འདས་པ་བྱང་ཆུབ་སྒྲིབ། །དེ་ཉིད་ཀྱིས་ནི་དམ་ཚིག་རྣམས། །ཅི་སྲིད་སྲིད་པ་ལ་གནས་པ། །དེ་ སྲིད་སེམས་ཅན་དོན་ཉིད་བྱེད། །ཐམས་ཅད་དག་པའི་མཆོག་ཆོས་ཅན། །ཅི་ལྟར་སེམས་ཅན་ཀུན་གྱི་དོན། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པ། །དེ་ལྟར་སྦྱིན་སོགས་ཕ་རོལ་ཕྱིན། །བྱང་ཆུབ་སྤྱོད་པ་མཆོག་གིས་མིན། །དེ་བཞིན་གཤེགས་ནི་གདུལ་མིན་ལ། །སེམས་ ཅན་རྣམས་ཀྱི་དོན་མཛད་པ། །འདི་ནི་དངོས་གྲུབ་རབ་བསྒྲུབས་ན། །དུས་ཀུན་དུ་ནི་ཐམས་ཅད་མཛད། །དེས་ན་བསྒྲུབ་འདི་བཤད་བྱ་སྟེ། །དངོས་གྲུབ་ཤིན་ཏུ་རྟག་པ་ཡིན། །གང་གིས་སྲིད་པ་འདི་ཉིད་དུ། །ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ། ། དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་། །དམ་ཚིག་རྣམ་པར་སྤངས་པའམ། །བསོད་ནམས་མེད་ཀྱང་ཐམས་ཅད་དུ། །སྲིད་པ་འདི་ལ་མྱུར་དུ་འགྲུབ། །གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན། །རྟག་ཏུ་ཡུལ་དང་ལྡན་གྱུར་ན། །གསང་བའི་མཆོད་པས་མཆོད་ནས་ནི། །རང་རང་ ཕྱག་རྒྱས་འགྲུབ་པར་འགྱུར། །དྲུག་ལྡན་ལ་སོགས་སྙན་པའི་གླུ། །ཆགས་པ་ཀུན་ཀྱང་ཅི་འདོད་པར། །བཟླས་པའི་དོན་ནི་ཅི་ནུས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །འདི་ཡིས་འདོད་པའི་ཀུན་དབང་ཕྱུག །ཅི་འདོད་འགྲོ་འོང་མཁའ་ལ་རྒྱུ། །དངོས་གྲུབ་ཀུན་གྱི་ དབང་ཕྱུག་གྲུབ། །རྒ་ཤི་མེད་ཅིང་གཙོ་བོར་འགྱུར། །རྒྱལ་བ་ཀུན་གྱིས་མཆོད་བྱས་ལ། །རང་གཞན་ཀུན་གྱིས་བསྙེན་བཀུར་ཞིང་། །རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་། །དོན་ཡོད་ཀུན་མཆོག་སྤྱོད་པ་ཡིན། །བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བ། །རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་དཔའ་ཡིན་ན། གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མངོན་པར་འདོད་ན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ ཁུ་ཚུར་ཡོངས་སུ་འཛིན་པ་རས་རིས་ལ་བྲི་བར་བྱའོ། །བཞད་པ་དང་བཅས་པ་དངོས་པོ་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དེའི་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་རྡོ་རྗེའི་ཚིག་གིས་སྟོང་ཕྲག་བརྒྱ་བཟླས་པར་ བྱའོ། །འབུམ་རྫོགས་པ་ན་མཚན་ཕྱེད་ན་བདུད་ཀྱི་ཚོགས་རྣམས་འོང་བར་འགྱུར་རོ། །དེ་ནས་བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པས་བཅོམ་པར་བྱའོ། །དེ་ནས་ཐོ་རངས་ཀྱི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་རྡོ་ རྗེ་འཆང་ཆེན་པོ་ཉིད་མངོན་པར་འདོད་ན། དེས་ལུགས་མའམ། འདུས་བྱས་པའམ། བརྡུངས་པའམ། རས་རིས་ལ་སོགས་པར་ལེགས་པར་བྲིས་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་སྔར་སྒྲུབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་ཅི་ལྟར་ཐོབ་པ་ལྟར་རྡོ་རྗེ་སེམས་དཔའི་བསྒྲུབ་པ་བཤད་དོ། ། ཟླ་བ་དྲུག་གིས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཆེན་པོ་འགྲུབ་བོ། །གལ་ཏེ་རྡོ་རྗེ་འཆང་ཆེན་པོ་དགུག་ན་བདེ་བ་ཆེན་པོའི་རྡོ་རྗེ་ལྕགས་ཀྱུས་དགུག་ཅིང་ཅི་འདོད་པ་བསྒྲུབ་པར་བྱའོ། །ཟླ་བ་གཅིག་འདས་ནས་ཐམས་ཅད་གསོལ་བར་བྱའོ། །གལ་ཏེ་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་ན་རང་གི་ ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་པས་བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བསྒོམས་ལ་བསྒྲུབ་པར་བྱའོ། །དེ་ཅི་ལྟར་མངོན་པར་འདོད་པའི་བཟླས་པས་བདག་ཉིད་བསྒྲུབ་པར་བྱའོ། །ཡང་དང་ཡང་དུ་སྒོམ་ཞིང་བཟླས་པ་དེ་སྲིད་བདག་གིས་བྱའོ། །ཅི་སྲིད་རྡོ་རྗེ་འཆང་ཉིད་ཟླ་བ་ཕྱེད་ འདས་ནས་ཐོབ་པར་འགྱུར་རོ། །དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན་དེ་བཞིན་དུ་རང་ཡིད་དུ་འོང་བ་དང་བཅས་པར་རབ་ཏུ་ཞུགས་ཏེ། ཕྱག་རྒྱ་བཅིངས་ལ་དེ་སྲིད་བཟླས་པར་བྱའོ། །ཅི་སྲིད་བདག་འདོད་པ་ཀུན་གྱི་དབང་ཕྱུག་དང་། ཁམས་གསུམ་པ་མ་ལུས་པའི་ བདག་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁམས་གསུམ་པ་མ་ལུས་པའི་རྡོ་རྗེའི་རྒྱུན་གྱི་རང་བཞིན་ཐམས་ཅད་གྲུབ་པའི་ཆོས་ཉིད་ཀྱི་ཡེ་ཤེས་རྣམ་པར་རོལ་པར་མཛད་ནས་མ་བསྒྲུབས་པའི་ཕྱག་རྒྱའི་ལས་ཀྱི་རྒྱུན་རྡོ་རྗེའི་ཆོ་ག་རྒྱས་པ་འདི་གསུངས་སོ། །མ་བསྒྲུབས་པའི་ སྙིང་པོའི་ལས་རྣམས་འདི་ལྟ་སྟེ། བདག་ཉིད་བསྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེས་གསང་བའི་གཙུག་ཏོར་གྱིས་སོ། །ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་སོ། །ཕྱོགས་ཐམས་ཅད་དང་། མཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ འབར་བའི་ཕྲེང་བས་སོ། །བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་མི་བསྐྱོད་པས་སོ། །ཚེ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིས་སོ། །གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ། །གཟི་ བརྗིད་དང་ན་ཚོད་ཤིན་ཏུ་བཟང་པོ་རབ་ཏུ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིས་སོ། །སྟོབས་དང་མདོག་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིས་སོ། །དབང་བསྐུར་བ་ཐམས་ཅད་ལ་རྡོ་རྗེ་གསང་བའི་ཅོད་པན་ཅན་གྱིས་སོ། ། ནོར་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབྱིག་གིས་སོ། །རྒྱལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་པོའི་ཕྱག་རྒྱས་སོ། །ས་མ་ལུས་པ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྩལ་གྱིས་སོ། །ཐམས་ཅད་དབབ་པ་དང་གཡོ་བར་བྱ་བ་དང་གར་བྱེད་དུ་གཞུག་པ་དང་། དུས་གསུམ་ བདེན་པ་ཉིད་དུ་སྨྲར་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དོན་དུ་གཞུག་པས་སོ། །པྲ་སེན་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེན་དབབ་པས་སོ། །གདོན་ཐམས་ཅད་ལས་ཐར་བ་ལ་ནི་རྡོ་རྗེ་གསང་བའི་གདོན་ལས་ཐར་བས་སོ། །གདུག་པ་ཐམས་ཅད་གཞིག་པ་ལ་ ནི་རྡོ་རྗེ་གསང་བའི་བགེགས་འཇོམས་པས་སོ། །ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རེངས་པས་སོ། །ཐམས་ཅད་གཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མས་སོ། ། ཐམས་ཅད་དུ་གསང་བ་ལ་ནི་རྡོ་རྗེ་གསང་བའི་མཐར་བྱེད་ཀྱིས་སོ། །ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུྃ་མཛད་ཀྱིས་སོ། །ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གིས་བསླང་བས་སོ། །ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་གསང་བའི་བཅིངས་པས་སོ། །ཐམས་ཅད་ཐར་བར་བྱ་ བ་ལ་ནི་རྡོ་རྗེ་གསང་བའི་ཡི་གེ་མུས་སོ། །ཕར་མེན་མ་ཐམས་ཅད་ལས་ཐར་བར་བྱ་བ་དང་། སྔོན་གྱི་གནས་སྐབས་རྗེས་སུ་སྦྱིན་པ་ལ་ནི་གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེས་སོ། །མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དྲག་མོས་སོ། །ཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་ བཏབ་པ་ལ་ཐར་བར་བྱ་བ་དང་། སྙིང་ཟོས་པ་ལས་སྙིང་གཞན་འབྱུང་བར་འཇུག་པ་དང་། ཤི་བ་གསོ་བ་ལ་ནི་དམ་ཚིག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེ་དབང་བསྐུར་བས་སོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེས་སོ། །རིམས་ཐམས་ཅད་རབ་ཏུ་ཞིབ་ལ་ ནི་རྡོ་རྗེ་གསང་བའི་འབར་བའི་ལྟ་བས་སོ། །དུག་ཐམས་ཅད་གཞིག་པ་དང་བཟའ་བ་དང་འབབ་པ་དང་འཆི་བ་གསོ་བ་ལ་ནི་གསང་བ་ཆེན་པོ་རྡོ་རྗེ་ནོར་བུའི་ཕྱག་རྒྱས་སོ། །དུག་ཐམས་ཅད་དང་སྦྱར་བའི་དུག་ཐམས་ཅད་བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དུག་མེད་པས་སོ། །གཤེད་བྱེད་ ཐམས་ཅད་དང་བྱད་དང་རོ་ལངས་དང་བྱུར་དང་གནོད་སྦྱིན་མོ་རྣམས་ཀྱི་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་སོ། །རྩོད་པ་ཐམས་ཅད་དང་འཐབ་པ་དང་འཐབ་མོ་དང་རྩོད་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ། །ཡམས་དང་འཚེ་བ་ཐམས་ཅད་དང་སྡིག་པ་ དང་རྨི་ལམ་ངན་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞི་བས་སོ། །གཞན་གྱི་དཔུང་ཐམས་ཅད་རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་རྨོངས་པར་བྱ་བ་དང་ལྐུགས་པར་བྱ་བ་དང་། རྒྱས་གདབ་པ་དང་གསད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཤེད་བྱེད་ཀྱིས་སོ། །འཐབ་མོ་ཐམས་ ཅད་ལས་རྒྱལ་བ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱན་གྱིས་སོ། །གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པས་སོ། །བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐབས་སྦྱོར་གྱིས་སོ། །དགྲ་བོ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་ གསང་བའི་རྣམ་པར་འཐོར་བས་སོ། །བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ་བས་སོ། །སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་ཆེན་པོས་སོ། །ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་སྡིགས་མཛུབ་ཀྱིས་སོ། །ཐོག་དབབ་པ་དང་། གློག་དང་། རླུང་དང་། ཆར་ཞི་བར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་སྤྲིན་སྲུང་གིས་སོ། །སྤྲིན་དང་མུན་པ་དང་། ཁུག་རྣ་ཞི་བར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ། །ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ། །ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ ནོར་བུའི་ཕྱག་རྒྱས་སོ། །ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ། །ཀླུ་ཐམས་ཅད་འབྱིན་པ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདོན་པས་སོ། །ས་མ་ལུས་པ་གཡོ་ཞིང་འགུལ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ། །ཆུ་མེད་པར་ཆུའི་ཕུང་པོ་ཆར་ཆེར་ བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ། །མུན་པར་ཉི་མའི་སྣང་བ་ཆེན་པོ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ། །རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ། །ནམ་མཁའ་ལ་གཟུགས་ཐམས་ཅད་ ཀུན་དུ་སྟོན་པ་ལ་ནི་རྡོ་རྗེ་གསང་བའི་འཛིན་པས་སོ། །ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་འབྱུང་བས་སོ། །ནམ་མཁའ་ལ་རང་གི་བདག་ཉིད་ཀྱི་དངོས་པོ་ཀུན་དུ་བསྟན་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྫུ་འཕྲུལ་གྱིས་སོ། །ནམ་མཁའ་ལ་དེ་བཞིན་ གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་པས་སོ། །ནམ་མཁར་ཤིང་ཐམས་ཅད་ལ་ལོ་མ་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་ དུས་ཀྱི་ཕྱག་རྒྱས་སོ། །སའི་ཆ་ཐམས་ཅད་ལ་འབྲུའི་ཆ་ཐམས་ཅད་སྨིན་པར་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་གཤོལ་གྱི་ཕྱག་རྒྱས་སོ། །ཐམས་ཅད་ལས་ལྷའི་ཁ་ཟས་དང་། །བཏུང་བ་དང་། གོས་དང་། རྒྱན་དང་། གནས་སར་པ་དང་། བུ་མོ་གཞོན་ནུ་འབྱུང་བ་དང་། སྐྱེས་པ་དང་བུད་ མེད་དང་། བྲན་ཕོ་དང་། བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུ་ཡིས་སོ། །གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་བསྟན་ཅིང་གཡུལ་འགྱེད་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་པས་སོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི། རྡོ་རྗེ་བདེ་ མཆོག་གིས་སོ། །བདེ་མཆོག་གི་བྱ་བ་ཐམས་ཅད་ལ་ནི་རྡོ་རྗེ་སྒྱུ་མའི་བྱ་བས་སོ། །རྨད་དུ་འབྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྨད་དུ་འབྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་སོ། །ལན་ཐམས་ཅད་གདབ་པར་བྱ་བ་ལ་ནི་རྡོ་རྗེ་ལན་བསྟན་པས་སོ། །མེ་རེངས་པར་བྱ་བ་ ལ་ནི་རྡོ་རྗེ་ཤིན་ཏུ་གྲང་བས་སོ། །ཆུ་དབབ་པར་བྱ་བ་ལ་ནི་རྡོ་རྗེ་ཟླ་བའི་ཆུ་ཤེལ་གྱིས་སོ། །དགོན་པ་དང་། གྲོང་དང་། ནགས་དང་། ཆུ་བོ་དང་། རྫིང་བུ་དང་། སྐྱེད་མོས་ཚལ་དང་། ཟས་དང་སྐོམ་དང་། གཙུག་ལག་ཁང་བསྲུང་བ་ལ་ནི་རྡོ་རྗེ་གྲུབ་པས་སོ། །ཆུའི་སྟེང་དུ་བཞག་པ་ དང་། བདག་ཉིད་གཟུགས་མང་པོའི་དངོས་པོ་སྟོན་པ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ། །ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོ་བས་སོ། །སེམས་ཅན་ཐམས་ཅད་དབང་ དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིས་སོ། །མི་རྒྱུ་བ་ཐམས་ཅད་དྲང་བ་དང་དབབ་པ་དང་། བདེན་པར་སྨྲར་གཞུག་པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཆེན་པོའི་ཕྱག་རྒྱས་སོ། །གཟུགས་བརྙན་ཐམས་ཅད་དབབ་པ་དང་། དགུག་པ་དང་། དགོད་པར་བྱ་བ་དང་། གར་བྱེད་ དུ་གཞུག་པ་དང་། ཀུན་དུ་རོལ་པར་བྱ་བ་དང་། བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་། ལས་ཐམས་ཅད་བྱེད་དུ་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་བསྒྲུབས་པས་སོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོའི་ རྡོ་རྗེ་ཡིད་ལས་བྱུང་བས་སོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་གཞུག་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལའི་གསང་བས་སོ། །ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ། །ཐམས་ཅད་དཔའ་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས་སོ། །རྨི་ལམ་ངན་པ་བཟློག་པ་ལ་ནི་རྡོ་རྗེ་ ངག་གིས་སོ། །གཞན་དག་གིས་རང་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་མཐོང་བས་སོ། །རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྲེག་བླུགས་ཀྱིས་སོ། །རྨི་ལམ་བཟང་བ་ཐམས་ཅད་བསྒྲུབ་པ་དང་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ། ནད་དང་ གནོད་པ་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ། །རིམས་ནད་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ལེན་གྱིས་སོ། །དུས་མ་ཡིན་པར་འཆི་བ་གཞིག་པ་ལ་ནི་རྡོ་རྗེ་དཱུར་བས་སོ། །དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བས་སོ། །སྐུ་ཐམས་ ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་སྐུའི་མཆོག་གིས་སོ། །གསུང་ཐམས་ཅད་བསྒྲུབ་པ་ལ་ནི་རང་གི་ལྕེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་ཐམས་ཅད་བདེན་པར་སྟོན་པའི་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ། །ཐུགས་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཐུགས་ཐམས་ ཅད་བསྐྱེད་པས་སོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རབ་ཏུ་དག་པའི་རྡོ་རྗེས་སོ། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ། །ཕྱག་རྒྱས་ཐམས་ཅད་བཅིང་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས་སོ། །ཐམས་ ཅད་དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་སོ། །ལས་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ། །དངོས་གྲུབ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོ་གྲུབ་པས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ལ་ནི་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་ རྒྱས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །ཐམས་ཅད་ཀྱི་མཆོད་པ་བྱ་བ་ཉིད་ལ་ནི་རྡོ་རྗེ་གསང་བའི་གར་གྱིས་སོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ དམ་པ་ལ་ནི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའ་གསང་བ་མཆོག་གི་བདེ་བ་ཆེན་པོས་སོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱས་ སོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རབ་ཏུ་དགའ་བའི་རྡོ་རྗེ་གསང་བའི་མཆོད་པའི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའི་བྱིན་གྱིས་བརླབས་པ་གསང་བའི་ཆོས་ཅན་རྣམ་པར་སྣང་མཛད་ ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། ། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །དེ་བཞིན་གཤེགས་པ་མཐའ་ཡས་ཉིད། །དམ་པའི་རིགས་ནི་བསྐྱེད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བདེ་བ་ཆེན་པོ་མི་ཕྱེད་པའི་རྣམ་པར་གནོན་པ་མཛད་ནས། བཅོམ་ ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལ་རབ་ཏུ་བཞུགས་ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་གཟུངས་འདི་གསུངས་སོ། །ཨོྃ་དྷཾ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྣམ་པ་དྲུག་ཏུ་གཡོས་གྱུར་ཏེ། །སངས་རྒྱས་སྲས་དང་ བཅས་པ་ཀུན། །ཀུན་ནས་འདུས་ཤིང་བསྟན་པར་འགྱུར། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཐམས་ཅད་གྲུབ་ཕྱིར་ཀུན་ནས་བཞུགས། །བཞད་པ་ཆེན་པོའི་ཁྱད་པར་གྱིས། །རྨད་བྱུང་ཆེན་པོར་རབ་ཏུ་བཞད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་ དཔའ་དེ་བཞིན་དུ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །འདི་ལྟར་ཆོས་ཀྱིས་བྲིས་ནས་ནི། །རྒྱལ་བ་གཡོན་དུ་བསྙེམས་འཛིན་པ། །དམ་ཚིག་མཆོག་གི་མཆོག་བཀོད་ནས། །ས་མ་ཡ་ སྟྃ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་སྲས་དང་བཅས། །རྡོ་རྗེ་མཚོན་ཆ་ལ་སོགས་གཟུང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར། །དེ་ལ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་ཁྱད་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་ པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱ་དང་རྡོ་རྗེའི་གླུ་འདིས་འཇུག་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །དེ་ནས་རབ་ཏུ་བཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ། །ཨོྃ་བཛྲ་དྷཱ་ར་སུ་ར་མ་ཧཱ་སུ་ཁེ་སརྦ་ཧཱ་ར་རྨ་པ་མ་ཏ་ཡ། སརྦ་ཏ་ཐཱ་ག་ཏ་ཛཱ་ན་མཻ་མནྟྲ་པཱ་དཻཿཛཿཧཱུྃ་བྃ་ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་ རོ། །ཡིད་བདེ་བ་ལ་སོགས་པའི་མཚན་མ་འབྱུང་ངོ་། །ཆོ་འཕྲུལ་དུ་མ་དག་མཐོང་བ་ཡིན་ནོ། །དེ་ནས་ཆོ་ག་རྒྱས་པ་དང་། བསྒྲུབ་པ་དང་། ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དང་། དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་དམ་པ་གྲུབ་པ་ཡིན་ནོ་དེ་བཞིན་དུ་བྱའོ ། ། དེ་ནས་མ་བསྒྲུབས་པར་ལན་ཅིག་བཟླས་པས་ལས་རྣམས་བྱེད་པར་འགྱུར་རོ། །ཐམས་ཅད་བསྲུང་བ་ལ་ནི་རྡོ་རྗེ་གཙུག་ཏོར་གྱིས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་མཛོད་སྤུས་སོ། །ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཉིད་ཀྱིས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོས་སོ། །བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ། །བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ ཐམས་ཅད་འཇོམས་པར་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཆོ་ག་རྒྱས་པའོ། །དེ་བཞིན་གཤེགས་ པའི་དཀྱིལ་འཁོར་གསུངས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོའི་ཐབས་བདེ་བ་ཆེན་པོའི་ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །གདུག་པ་ཐམས་ཅད་གཞོམ་པའི་ཕྱིར། །རང་རིགས་སྤྲུལ་མཛོད་རྡོ་རྗེ་འཛིན། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་ཏེ། ཧཱུྃ་རཀྟ་ཛྭ་ལ་མཱ་ལཱ་པྲ་ལ་ཡ་ཨ་གྣི་པྲ་ཏི་པ་ཏ་ཏེ་ཛ་མ་ཧཱ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོཿཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་ རྗེའི་རྡོ་རྗེ་ལས་ཀུན་ནས་འོད་ཟེར་དམར་པོ་འབར་བའི་སྙིང་པོ་ཅན་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་སེར་ཞིང་སྤྱན་འབར་བ། རྡོ་རྗེ་མཆེ་བ་གཙིགས་པས་མ་མཆུའི་སྒྲོས་རྣམ་པར་གནོན་པའི་ཞལ་མངའ་བ། དབུ་སྐྲ་གྱེན་དུ་འབར་བ་དང་རྡོ་རྗེ་དང་གཞུ་ལ་སོགས་པ་ ཡོངས་སུ་འཛིན་པ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར་མཛད་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་སོ། །དཀྱིལ་འཁོར་ཆེན་པོ་ཐིག་གདབ་བྱ། །དེ་ ལ་དང་པོ་ཁྲོས་པ་གཞག །སུ་ར་ཏོད་བྷ་བ་ཧཱུྃ་ཞེས་ཟློས། །ཨུཏྤལ་སྔོན་པོའི་འོད་འབར་བ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་དང་བཅས་པས་བཞད་པའི་ཞལ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་འབར་བ་ འཁྲུགས་པའི་འོད། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཐམས་ཅད་དུ་ནི་ཁྲོ་བོ་བྲི། །རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོས་དང་པོར་སློབ་དཔོན་གྱིས་འཇུག་པར་བྱ་སྟེ། སློབ་མ་རྣམས་ཀྱང་དེ་བཞིན་ནོ། །སློབ་དཔོན་ཞུགས་ནས་ཁྲོས་པས་ལྕགས་ཀྱུ་དེ་ཉིད་ཀྱིས་ དགུག་པར་བྱའོ། །ཧཱུྃ་སུ་ར་ཏ་བཛྲ་ཀྲོཎྷ་ཨ་ཡ་ཏེ། མ་ཧཱ་སུ་ཁ་བཛྲ་སཏྭ་ཛ། སརྦ་བཛྲ་ཀུ་ལ་ནེ་ཏྲ་པྲ་བི་ཤ་ཡ་ཧཱུྃ། སརྦ་མུ་དྲཱ་ག་ཎ་བན་དྷ་ཡ་བྃ། སརྦ་མ་ཡཱ་མ་བི་ཤྭ་ཀུ་རུ་ཧོ། །སརྦ་ཀརྨ་ནེ་ཏྲ་སཏྭ་ཡ་ཨ། དེ་ནས་རྡོ་རྗེའི་རིགས་ཐམས་ཅད་བཅོམ་ལྡན་འདས་དང་བཅས་ པ་བྱོན་ཞིང་གྲུབ་པ་ཡིན་ནོ། །སློབ་དཔོན་དང་སློབ་མ་རྣམས་ལ་དགྱེས་པ་དང་། ཁྲོ་བོ་འབབ་པའི་མཚན་མ་ཡང་དག་པར་འབྱུང་བར་འགྱུར་རོ། །གཞན་ཡང་ཅུང་ཟད་འབྱུང་བ་ཡིན་ན། དེ་གྲུབ་པ་དང་། དངོས་གྲུབ་དང་། ཆོ་ག་རྒྱས་པ་ཡང་དེ་བཞིན་དུའོ། །གལ་ཏེ་ མ་གྲུབ་ན་ལན་ཅིག་བཟླའོ། །ཁམས་གསུམ་པ་མ་ལུས་པ་ལས་རྒྱལ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་སོ། །སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོའི་གསང་བས་སོ། །འཇིག་རྟེན་གསུམ་པོ་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་ ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་སོ། །ཐམས་ཅད་དགུག་པ་དང་། གཞུག་པ་དང་། དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། གཞིག་པ་དང་། རེངས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། བསྒྱེལ་བ་དང་། གསད་ པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོས་སོ། །ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོའི་ཁྲོ་བོས་སོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁྲོ་བོས་སོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་གད་རྒྱངས་ཀྱིས་སོ། །ལས་ཐམས་ཅད་ལ་ཉེ་བར་ དགོད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ། །བདེ་བ་ཆེན་པོ་རྡོ་རྗེའི་གསང་བ་ལས་རབ་ཏུ་དགའ་བ་ལས་བྱུང་བ་རྡོ་རྗེ་གསང་བ་རྣམ་པར་རྒྱལ་བའི་དམ་ཚིག་གི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ ཐོགས་པ་མེད་པ་ཐམས་ཅད་དག་པའི་ཆོས་སྒྲིབ་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །འདོད་ཆགས་ཆེན་པོ་རྣམ་ དག་ཕྱིར། །པདྨའི་རིགས་ཆེན་དག་པ་ནི། །མཆོག་ཆེན་ཁྱོད་ཀྱིས་བསྐྱེད་པར་མཛོད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ལ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་པདྨ་ཞེས་བྱ་བའི་སྔགས་འདི་ གསུངས་སོ། །ཨོྃ་ཧྲཱི་བཾ་ཧོ། འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ནས་པདྨའི་མདོག་གི་མདངས་ཅན། ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་བུ་པདྨའི་འདབ་མ་ལ་སོགས་པ་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པའི་དབང་བསྐུར་བ་དང་། རལ་བའི་ཅོད་ པན་དང་། ན་བཟའ་དམར་པོ་འཆང་བ་དང་། པདྨ་ཆེན་པོའི་སེམས་དཔའ་རྣམས་བྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ། །བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་གཡས་པས་རྡོ་རྗེ་གཡོན་པས་པདྨ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་རྡོ་རྗེ་སྐྱིལ་མོ་ ཀྲུང་གིས་བཞུགས་སོ། །དེ་ནས་དཀྱིལ་འཁོར་ནི། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ། །རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག །པདྨའི་མཚན་མའི་ཚོགས་རྣམས་བྲི། །དེ་ནས་རྡོ་རྗེ་པདྨས་ཞུགས་ལ་མཛུབ་མོའི་ལྕགས་ཀྱུ་གཉིས་ ཀྱིས་དགུག་པར་བྱའོ། །ཨོྃ་ཧྲཱི་བྃ་ཧོཿ། ཨོྃ་ཧྲཱིཿམ་ཧཱ་སུ་ཁ་བཛྲ་ཨཱ་ལོ་ཀེ་ཤྭ་རཱ་ཡ་མེ། ཨཱ་ཨཱ་ཧེ་པྲ་བེ་ཤ་དྷི་དྷི་མེ་བྷ་བ། སིད་དྷི་མ་མེ་ར་མུ་དྲཱ་པཱ་དཻཿཛཿཧཱུྃ་བྃ་ཧོཿ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །སྣང་བའི་མཚན་ མ་འབྱུང་བར་འགྱུར་རོ། །ཆོ་ག་རྒྱས་པ་ཐམས་ཅད་དང་། སྒྲུབ་པ་དང་། དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ། །མ་བསྒྲུབས་ཀྱང་ལན་ཅིག་བཟླས་པ་ལས་ཐམས་ཅད་བྱེད་དོ། །སྒྲིབ་པ་ཐམས་ཅད་སྦྱང་བ་ལ་ནི་པདྨ་ཆེན་པོས་སོ། །ཐམས་ཅད་བསྲུང་བ་ལ་ནི་པདྨའི་གཙུག་ ཏོར་གྱིས་སོ། །ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པདྨ་ལ་ལྟ་བས་སོ། །ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་པདྨ་ཁ་འབྱེད་པས་སོ། །བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་འདོད་ཆགས་ཀྱིས་སོ། །སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་དབང་ ཕྱུག་གིས་སོ། །རྨི་ལམ་གདབ་པ་ལ་ནི་པདྨ་ཆེན་པོ་དམར་པོས་སོ། །བཅོམ་ལྡན་འདས་ཀྱིས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདྨ་རྨོངས་པ་མེད་པས་སོ། །བདེ་བ་ཆེན་པོ་པདྨ་གསང་བ་ལས་བདེ་བ་ཆེན་པོ་པདྨའི་རིགས་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་ བ་ཆེན་པོ་རབ་གྲུབ་དང་། ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ནོར་བུ་ཆེན་པོའི་རིགས་མཆོག་ནི། །མགྲིན་འབྱོར་ཕྱིར་ནི་སྐྱེད་པར་མཛོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རབ་ཏུ་བཞག་པ་ཞེས་བྱ་བའི་རྣམ་པར་ གནོན་པར་མཛད་ནས་བདེ་བ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་རིག་སྔགས་འདི་གསུངས་སོ། །ཨོྃ་ལི་ཏི་དྷ་བྷཎྚ་ཊ་ཏེ་ཏྲཱཾ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་ཕྱུང་ནས་ཕྱག་གཡོན་པ་ལ་ རབ་ཏུ་གནས་སོ། །ནོར་བུ་རིན་པོ་ཆེ་དག་པ་དེ་ཡང་མ་རྒད་རྙོག་པ་མེད་པའི་མདོག་ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཅན་ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་པའི་མཚན་མ་ཡོངས་སུ་བསྣམས་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ ཞུགས་སོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བྱ། །རྡོ་རྗེ་རིན་ཆེན་བདག་པོ་བཞག །ནོར་བུའི་རིགས་ནི་ཆེན་པོ་བྲི། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཞུགས་ཏེ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །ཨོྃ་མ་ཧཱ་སུ་ཁ་བཛྲ་ བི་བྷཱུ་ཏེ་ར་ཡ་བྷ་ག་བཱ་ན་ཏྃ་ཨཱ་ཀརྵ་ཡ་གི་ར་བཾ་སརྦ་ཏ་ཐཱ་ག་ཏ་ཨ་གཾ་སཾ་ཏྲ་ས་མ་བེ་ན་ནཱ་མ་བྷེ་ར་མ་ཏྲ་བྷེ། །ཏྲྃ་པ་ཌ་ཌ་སྭཱ་ཧཱ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ནོར་བུ་ཐམས་ཅད་དང་བཅས་པ་བྱོན་པ་ཡིན་ནོ། །སྤྱི་བོ་ནས་སྤུ་ལྡང་བའི་མཚན་མ་འབྱུང་བར་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་བདག་ལ་དབང་བསྐུར་བ་ལ་ནི་ཞེས་ཤེས་པར་བྱའོ། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ། ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན་དུ་བྱའོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་ཅིག་བཟླས་པས་འགྲུབ་པར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་ རྡོ་རྗེ་རིན་པོ་ཆེའི་མྱུ་གུས་སོ། །དོན་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱས་སོ། །གཏེར་ཆེན་པོ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་ཆེན་གྱིས་འོག་གི་ཕྱག་རྒྱས་སོ། ། རྡོ་རྗེའི་དབང་བསྐུར་བའི་ཕྱག་རྒྱ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་ཆེན་ཆེན་པོའི་ས་འོག་གི་ཕྱག་རྒྱས་སོ། །རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཕྲེང་བས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཕྲེང་བས་སོ། །དེ་བཞིན་གཤེགས་ པའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དམ་པའི་ཕྲེང་བས་སོ། །རྡོ་རྗེ་འཛིན་པ་ཆེན་པོར་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་ཕྲེང་བས་སོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས་བདེ་བ་དང་ ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཡེ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་གཞུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ཏེ། ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་པ། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །བདེ་བ་ཆེན་པོའི་དོན་གྱི་ཕྱིར། །འགྲོ་རྣམས་ཅི་བདེ་གཞུག་ཏུ་གསོལ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་ལས་ རྣམ་པར་རྒྱལ་བའི་འགྲོ་བ་ཀུན་འདུལ་བ། དམ་ཚིག་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་སྩོལ་བ། རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ་སྒྲུབ་པ་པོ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པ། ཐམས་ཅད་ལ་རྗེས་སུ་སྟོན་པས་དོན་ཡོད་པར་གྲུབ་པ་དམ་ཚིག་རྡོ་རྗེ་འཛིན་པ་ཞེས་བྱ་བའི་ རྣམ་པར་གནོན་པ་མཛད་ནས་བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་དོན་ཡོད་པ་མཚུངས་པ་མེད་པ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ། །ཧོཿཨཱཿཧཱུྃ་ཧྲཱིཿཏྲཱྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་འཇིག་རྟེན་པ་ དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དཀྱིལ་འཁོར་ཆེན་པོ་དེར་ཡང་དག་པར་གནས་ཏེ། དཀྱིལ་འཁོར་གཅིག་ཉིད་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་ཐམས་ཅད་རྗེས་སུ་གཞུག་བ་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་གི་ གསང་བ་གསུངས་པ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཀུན་དུ་བྲི། །དཀྱིལ་འཁོར་ཆེན་པོ་དང་པོ་ནི། །དེ་ཡི་དབུས་སུ་བརྟག་པར་བྱ། །དེ་ཡི་ལོགས་སུ་རིགས་རྣམས་ཀྱི། །དཀྱིལ་འཁོར་བཞི་པོ་བྲི་བར་བྱ། །ཕྱི་ཡི་མཚམས་ཀྱི་ མཐའ་རུ་ནི། །ཕྱི་རོལ་དཀྱིལ་འཁོར་ཚོགས་རྣམས་བྲི། །སྒོ་རྣམས་ཀུན་ཏུ་འཇུག་པར་ནི། །རང་གི་ཕྱག་རྒྱར་རབ་ཏུ་གནས། །དཀྱིལ་འཁོར་དམ་པ་ལྔ་སྡུད་ཅིང་། །རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱ། །ཆོ་ག་རྒྱས་པ་ཐམས་ཅད་དང་། དངོས་གྲུབ་ཐམས་ཅད་དང་། ལས་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་བསྡུས་པའི་ཆོ་ག་རྒྱས་པའོ།། །།དེ་ནས་ལྷ་ལ་སོགས་པ་དམ་ཚིག་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་དོན་ཡོད་པ་བཅོམ་ ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱས་ནས། རང་རང་གི་གསང་བའི་སྙིང་པོ་འདི་རྣམས་ཕུལ་ལོ། །དེ་ནས་འཇིག་རྟེན་གསུམ་པོས་གསོལ་བ་ནི། ཨོྃ་བྷྲཱུྃ་ཏྲཱྃ། དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཟུར་བཞི་པ་ལ་སྒོ་བཞི་པ། །ཕྱི་ཡི་དཀྱིལ་འཁོར་མཆོག་ཡིན་ནོ། །དེ་ཡི་ དབུས་སུ་དངོས་གྲུབ་ཕྱིར། །གཞུ་ཡི་སེ་རལ་ཁར་ལྡན་ཞིང་། །མདའ་དང་ཙ་ཤ་ག་ཐོགས་བྲི། །སྦྲང་རྩིར་བྱེད་དང་རྒྱལ་བར་བྱེད། །བསྒྲུབ་པ་ཐམས་ཅད་སྒྲུབ་པ་པོ། །རྩེ་གསུམ་མཚན་མའི་ཕྱག་རྒྱ་ཡིས། །པུས་མོ་ལྷང་བཙུགས་བྱས་ཏེ། །ཞུགས་ནས་དམ་ཚིག་བཅིངས་ ནས་ནི། །ཡང་དག་དགུག་པ་ཉིད་དུ་བྱ། །ཨོྃ་བྷཱུར་བྷུ་བ་སྭཱ་ཧཱ། །ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །ཐམས་ཅད་ཀུན་གྱིས་ཡོངས་བསྐོར་བ། །དངོས་གྲུབ་ཀུན་དོན་འོངས་པ་ལ། །ཅི་ལྟར་རྙེད་པའི་གཏོར་མ་སྦྱིན། །སློབ་དཔོན་གྱིས་ནི་འཇུག་པ་ཡིས། །སློབ་མ་ཐམས་ ཅད་གཞུག་པར་བྱ། །དམ་ཚིག་མཆོག་གི་དེ་ཉིད་དང་། །གསང་བའི་དེ་ཉིད་བརྗོད་པར་བྱ། །གལ་ཏེ་མ་བརྟགས་ལ་སྨྲས་དང་། །འོན་ཏེ་ཅི་སྐད་བཤད་པའི་ཆོས། །འདིར་ནི་ཀུན་དུ་མ་སྤྱད་ན། །རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས། །སྙིང་སྟོབས་རྡུལ་དང་མུན་པ་དང་། ། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །མིང་པོ་གསུམ་པོ་འདི་དག་སྟེ། །ནམ་ཡང་བརྙས་པར་མི་བྱའོ། །གང་ཞིག་འདི་དག་ལ་བརྙས་པས། །ཡང་དང་ཡང་དུ་རབ་ཞུགས་ནས། །དཀྱིལ་འཁོར་མཆོད་པ་བྱེད་པ་དེ། །དངོས་གྲུབ་ཐམས་ཅད་ཐོབ་པ་ནི། །ཕྱག་རྒྱ་དག་ཀྱང་ བསྟན་བྱས་ནས། །དེ་ཡིས་གར་གྱི་མཆོད་པ་བྱ། །འདོད་པའི་ཡོན་ཏན་ལྔ་པོ་ཡིས། །རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ། །དེ་ནས་གསང་བའི་ལྷ་མོ་རྣམས་ཀྱིས་རང་གི་ཕྱག་རྒྱ་ཕུལ་ལོ། །ཧྲཱིཿཧཱུྃ་ཤྲཱི་བྷྱོ། དཀྱིལ་འཁོར་ཐམས་ཅད་བྱ་བ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ ། ། ཐིག་བཞི་པ་དང་ཡང་དག་ལྡན། །ཀ་བ་ཆེན་པོ་བཞི་དང་བཅས། །གྲུ་ཆད་བཞི་ཡིས་རྣམ་པར་མཛེས། །དེ་ཡི་དབུས་སུ་དེ་བཞིན་དུ། །དཀྱིལ་འཁོར་བཞི་པོ་བྲི་བར་བྱ། །སྒོ་རུ་མངོན་ཕྱོགས་བཞི་པོ་ནི། །སྙིང་པོ་དང་བཅས་གཞག་པར་བྱ། །དགའ་བོ་ལག་ན་མཚོན་ཆ་ཐོགས། ། དངོས་གྲུབ་བྱ་བ་བསྙེམས་དང་བཅས། །དེ་ནས་དང་པོ་དཀྱིལ་འཁོར་དུ། །དེ་བཞིན་ཀུན་ནས་འཇུག་པར་བྱ། །སྲིང་མོ་རང་གི་ཕྱག་རྒྱ་ཡིས། །གོ་རིམས་བཞིན་དུ་འཇུག་པར་བྱའོ། །ཞུགས་ནས་བདུག་པ་ལ་སོགས་ཀྱིས། །ཆོ་ག་བཞིན་དུ་མཆོད་བྱས་ནས། །གསང་བ་དེ་ཉིད་ རབ་གྲུབ་པས། །དགུག་པ་ཡང་དག་བྱ་བ་ཡིན། །ཨོྃ་ཀཱ་ལི་མ་ནི་ར་དེ་པྲོ་ཏ་ལ་མེ་བྷཱུ་རཱ་ཀཱ་སི་པ་ར་སྟཱ་མ་ཡ་ཧེ་བ་ཧོ་བ། བར་ཧེ་བི་དྱེ་ཏཱི་མ་ཡ་སྭཱ་ཧཱ། སིད་དྷི་ཀེ་སིད་དྷི་སྟཱ་མ་ཨ་ཧེ། ཕྱག་རྒྱ་འདི་རྣམས་ཀྱིས་སོ། །ཧྲཱིཿཧཱུྃ་ཤྲཱི་བྷྱོ། །དེ་ནས་ཐམས་ཅད་དབབ་པར་འགྱུར་རོ། །བབས་ ནས་གཞུག་པར་བྱའོ། །དེ་ནས་དེ་བཞིན་དུ་ཕྱག་རྒྱ་བཅིང་བ་བསླབས་ལ། མནའ་བསྒགས་ནས་གསང་བ་བརྗོད་པར་བྱའོ། །སེམས་ཅན་དོན་ལ་གང་བཞུགས་པ། །གང་དུ་དཀྱིལ་འཁོར་སྟོན་པ་རྣམས། །གལ་ཏེ་གསང་བ་མི་སྲུང་ན། །ཁྱོད་ཀྱིས་དེ་དག་གསད་པ་ཡིན། ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེ་བཞིན་ཟས་དང་སྐོམ་དང་རོ། །ཆོས་ཀྱིས་འཇིག་རྟེན་བདེ་བ་དང་། །ཆོས་མིན་པས་ནི་སྡུག་བསྔལ་སྟེར། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །ཅི་འདོད་པར་ནི་མཆོད་པར་བྱ། །ཅི་སྙེད་པ་དང་ཅི་འདོད་བཞིན། །ཡུལ་རྣམས་ ལ་ནི་བརྟེན་པར་བྱ། །དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་རང་གི་སྙིང་པོ་ཕུལ་ལོ། །ཨོྃ་སརྦ་མ་ཧཱ་ཙ་ཀྲོ་པྲ་བརྟ་ཡ་ད་ཪྴ་ཡ་བྃ་ཧཱུྃ་ཕཊ། ཟུར་བཞི་པ་ཡི་དཀྱིལ་འཁོར་ནི། །ཁྲུ་གང་ཙམ་དུ་བརྐོས་བྱས་ནས། །གྱེན་དུ་ཁ་བལྟས་སྒོ་བྲི་བྱ། །བདེ་མཆོག་ལ་སོགས་བྲི་བར་བྱ། །འཁོར་ ལོ་རབ་ཏུ་ཞུགས་བྱས་ལ། །ཡང་དག་དགུག་པས་དགུག་པར་བྱ། །མེ་ཏོག་ལ་སོགས་མཆོད་པ་དང་། །ཤ་ལ་སོགས་པས་གཏོར་མ་བྱ། །ཨོྃ་བི་ལྕུ་ཙཀྲ་ཨཱ་ན་ཡ་ཤ་མ་བར་ཙི་མ་ཙི་ཏ་ཏྲཾ་སུ་ར་ཨ་དྷི་པན་ཧེ་ཤོ་ཧྃ། སརྦ་མཱ་ཡཱ་གྷྲྀ་ཏཾ་དྷ་པ་མེ་སིད་དྷྱ་ཧཱ་ཧཱ་སྭཱ་ཧཱ། དེ་ནས་ཡིད་ ཀྱིས་འདོད་པའི་སྒྱུ་མ་ཐམས་ཅད་གྲུབ་པ་ཡིན་ནོ། །སློབ་མ་གཞུག་པ་ཡང་དེ་བཞིན་དུ་བྱའོ། །དེ་ནས་ཀླུའི་རིགས་བཞིས་སྙིང་པོ་ཕུལ་ལོ། །ཕུཿ། དེ་ནས་དེ་ཡི་དཀྱིལ་འཁོར་ནི། །ཟུར་བཞི་པ་ལ་སྒོ་བཞི་པ། །སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི། །ཀླུ་ཡི་གདེངས་ཀའི་རྩེ་ མོས་འཁྱུད། །མཚམས་ཀྱི་ཆར་ནི་མཇུག་རྩེ་མདུད། །དེ་ཡི་དབུས་སུ་ས་འཛིན་པ། །ཀླུ་ཡི་རྒྱལ་པོ་ཤེ་ཥ་བྲི། །ཤེས་རབ་ཅན་གྱི་ཀླུ་ཆེན་གྱི། །རིགས་རྣམས་ཐམས་ཅད་བྲི་བར་བྱ། །དེ་ནས་ཏིང་འཛིན་ཤུགས་ཀྱིས་ནི། །ཁྲོས་ཤིང་རྒྱུག་པས་འཇུག་པར་བྱ། །དཀྱིལ་ འཁོར་དེར་ནི་རབ་ཞུགས་ནས། །གདེངས་ཀའི་ཕྱག་རྒྱས་དགུག་པར་བྱ། །ཨོྃ་ཧྲཱིཿཨ་ནཱི་ལ་ཛ་བ་བེ་ག་པྲྀ་ཐྭཱི་བྷིནད་དྷར་ཤེ་ཥ་ཎ། ཨཱ་ཡ་ཧྲཱིཿནུ་ཡ་ནཱ་ག་ཀུ་ལ་ཨ་ན་ཡ་ཧཱུྃ་ཕུཿ། ས་མ་ཡ་པྲ་བེ་ཤ་ཡ་ཕུཿ། སརྦཾ་སཱ་དྷ་ཡ་ཕུཿཕུཿཕུཿཕུཿ། དེ་ནས་ཀླུ་ཐམས་ཅད་ཕུཿཞེས་བྱ་བ་ཟློས་ ཤིང་དཀྱིལ་འཁོར་དུ་ཞུགས་ནས་འབབས་པར་འགྱུར་ཞིང་འཐོབ་བོ། །དེ་ནས་སློབ་དཔོན་གྱིས་རི་མོའི་ཕྱག་རྒྱས་དུག་མེད་པར་བྱའོ། །དེ་ནས་བརྩམས་ཏེ་ཐམས་ཅད་ཟོས་ན་ཡང་བདུད་རྩི་བཞིན་དུ་འཇུ་བར་བྱེད་དོ། །འདི་རྣམས་དང་ལྷན་ཅིག་ཏུ་གར་བྱེད་པ་དང་། །དུག་ཐམས་ ཅད་སྲེག་པ་དང་འཇིག་པ་དང་ཟ་བ་ནུས་པར་འགྱུར་རོ། །དེ་ནས་ཅི་འདོད་པའི་དམ་ཚིག་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་དུག་གསུམ་མོ། །གལ་ཏེ་བདེན་ལས་འདས་གྱུར་ན། །འཚོ་བའི་འཇིག་རྟེན་འདི་རྟག་གནས། །གལ་ཏེ་ དངོས་གྲུབ་ཐོབ་འདོད་ན། །གློག་ལ་བརྙས་པར་མི་བྱའོ། །སེར་བ་བཟློག་པར་མི་བྱའོ། །སྦྲུལ་ནི་གང་ཡང་གསད་མི་བྱ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་བདེ་བ་ཆེན་པོའི་དམ་ཚིག་ཆེན་པོའི་རྡོ་རྗེ་གསང་བ་ལ་སོགས་པའི་ཆོ་ག་རྒྱས་པའོ། ། དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་དཀྱིལ་འཁོར་བཅུའི་རྟོག་པའོ།། །།དེ་ནས་རྡོ་རྗེ་ཆེན་པོ་ཡི། །རི་རབ་རི་ཡི་རྩེ་མོ་ནི། །རྡོ་རྗེ་རིན་ཆེན་འོད་གསལ་བས། །དྲི་མེད་གཟི་བརྗིད་མཛེས་པ་ལ། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་ཀྱིས་ནི་རྣམ་པར་མཛེས། ། ཁ་ཁྱེར་རྣམས་ལ་གནས་པ་ཡི། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །ཟླ་བ་ཕྱེད་ལ་གནས་པ་ཡི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས། །རླུང་གིས་བསྐྱོད་པའི་དར་དཔྱངས་ཀྱི། །བ་དན་དྲིལ་བུའི་སྒྲ་སྒྲོགས་པ། །དྲ་བ་མེ་ལོང་མེ་ཏོག་གི། །ཕྲེང་བ་ཆེན་པོ་བཏགས་པས་བརྒྱན། ། བདེ་བ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཀུན་གྱིས་མངོན་འདུས་བྱས། །རྡོ་རྗེ་སེམས་དཔའ་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་ངེས་བསྟན་པ། །བྱང་ཆུབ་སེམས་དཔའི་གནས་པ་མཆོག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ནོར་བུ་ཆེ་མཆོག་ཅེས་བྱ་ བ། །རྡོ་རྗེ་ཆེན་པོའི་ཁང་པ་ན། །བདེ་བ་ཆེན་པོ་བཞུགས་པ་ཡིན། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་ཅན་ཀུན་གྱི་སེམས་གང་ཡིན། ། བརྟན་ཕྱིར་སེམས་དཔར་བཤད་པ་ཡིན། །མཉམ་པར་གཞག་པས་ཏིང་འཛིན་ཏེ། །ངེས་པའི་ཕྱིར་ནི་རྡོ་རྗེར་འགྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །དེ་ཉིད་རྟག་པ་བཅོམ་ལྡན་འདས། །བྱང་ཆུབ་སྤྱོད་པའི་རྗེས་ འགྲོ་ཡིན། །རང་སེམས་སོ་སོར་རྟོགས་སོགས་ན། །སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །བདུད་ནི་སངས་རྒྱས་རྡོ་རྗེ་ཆེ། །རྡོ་རྗེ་འཆང་ཆེན་དེ་ཉིད་ཡིན། །དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེ་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ ནོར་བུའི་རིགས་དམ་པ། །དེ་ཉིད་ཆགས་དང་ཆགས་བྲལ་བའི། །འདོད་དང་ཐར་པ་དེ་ཉིད་ཡིན། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །འཇིག་རྟེན་གསུམ་དང་ཁམས་གསུམ་པ། །མི་གཡོ་ཐམས་ཅད་མཆོག་དེ་ཉིད། །བརྟན་ཞིང་སྙིང་པོ་ནོར་བུ་ཆེ། ། རྒྱུ་བ་སེམས་ཀྱི་འདུ་བྱེད་ཐབས། །ཐམས་ཅད་བྱེད་པ་ཐམས་ཅད་ཉིད། །དང་པོའི་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་བདེ་རབ་སོགས། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །པདྨའི་ལྟེ་བར་ཞུགས་པ་ཡིན། །བཙུན་མོའི་ཚོགས་བཅས་ སྣ་ཚོགས་པའི། །རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར། །བདེ་བ་ཆེན་པོ་རབ་གྲུབ་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །མ་ལུས་གདུལ་བྱའི་དོན་དུ་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །བདག་ཉིད་ལ་སོགས་སེམས་དཔའ་ཆེ། །དངོས་གྲུབ་ ཐམས་ཅད་རབ་གྲུབ་ཕྱིར། །དམ་ཚིག་མཆོག་གི་དམ་ཚིག་རྣམས། །རྒྱལ་བས་ཀྱང་ནི་སྲུང་བར་མཛད། །བསྙེམས་བཅས་རྡོ་རྗེ་གསོར་བ་དང་། །རྡོ་རྗེ་བསྙེམས་པ་ཡང་དག་འཆང་། །ཕྱག་རྒྱ་ཐམས་ཅད་རྣམ་དག་དང་། །རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར། །བདེ་བ་ ཆེན་པོ་རྡོ་རྗེ་ཆེ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ། །ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན། །སྙིང་པོ་ཆེན་པོ་དམ་པ་ཡིན། །གང་གིས་བསོད་ནམས་མི་ལྡན་དང་། །དེ་བཞིན་དཀྱིལ་འཁོར་མ་ལུས་ཞུགས། །དོན་ཡོད་ཐོགས་མེད་ཉིད་མཆོག་གི། །དངོས་གྲུབ་ཐམས་ཅད་རྙེད་ མི་དཀའ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་མཆོག་སྟེ་དམ་ཚིག་བརྟན། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །རྟོག་པ་ཐམས་ཅད་མྱུར་འགྲུབ་བྱེད། །ཐོག་མཐར་མེད་ཅིང་དང་པོར་བྱུང་། །བསོད་ནམས་ཐམས་ཅད་ཆེར་མཐོ་བ། །གཟི་ཅན་རྣམས་ཀྱི་བདེ་མཆོག་ དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །རྗེས་སུ་ཆགས་པ་སྒོམ་པ་ཞེས། །ཇི་བཞིན་ཡེ་ཤེས་རབ་འཇུག་པ། །ཉེ་བའི་སྙིང་པོ་བཅས་སྙིང་པོ། །བསྐལ་པ་དང་པོར་བཅོམ་ལྡན་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་ སྲས་དང་བཅས། །ཉེ་བར་འདུས་པ་མཛད་ནས་ནི། །འགྲོ་བ་ཐམས་ཅད་སྐྱེད་པར་མཛད། །སྣ་ཚོགས་འགྲོ་བ་ཀུན་བསྐྱེད་ནས། །གཙོ་བོས་དངོས་གྲུབ་དྲིས་གྱུར་པས། །ཅི་ལྟར་སྐད་ཅིག་གིས་འདིར་གྲུབ། །སེམས་དཔའ་ཆེན་པོ་མྱུར་དུ་སྨྲོས། །དེ་ནས་དཀྱིལ་འཁོར་ དང་པོ་ནི། །ཐོག་མར་དཀྱིལ་འཁོར་བྱིན་བརླབས་ནས། །རྡོ་རྗེ་ཀུན་མཆོག་དམ་ཚིག་ནི། །ཆོ་ག་བཞིན་དུ་བསྒྲུབས་ནས་ནི། །དེ་ནས་ཕན་ཆད་སེམས་ཅན་འབྱུང་། །ཅི་བཞིན་ལས་ཀྱི་རྗེས་འགྲོ་བ། །རྟག་པར་སྡིག་པ་ཀུན་ལ་སྤྱོད། །ངན་ཞེན་དང་ནི་ལེ་ལོ་ཅན། །དེ་ནི་ སྐྱེ་བོ་གསུམ་གཟིགས་ནས། །འཇིག་རྟེན་གཙོ་བོ་རྣམས་ཀྱིས་དྲིས། །བཅོམ་ལྡན་འོ་ན་ཅི་ལྟར་ནི། །བྱིས་པ་དགེ་བ་ཀུན་དུ་སྐྱེད། །དེ་རྣམས་ཀྱི་ནི་ཚིག་གསན་ནས། །ཚིག་ནི་འདི་སྐད་གསུངས་པ་ཡིན། །རྡོ་རྗེ་འཛིན་ཀུན་བྱེད་པ་པོས། །ལས་ཀྱིས་འཆི་བ་ལྟོས་གྱུར་པ། །དེ་ཡི་ ཚིག་དེ་ཐོས་ནས་ནི། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་རྗེ་ཆེན་པོས་འདི་སྐད་གསུངས། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཤིན་ཏུ་ཆགས་པ་རྣམ་དག་ཕྱིར། །ཀུན་མཆོག་ཆོ་ག་རྒྱས་པ་ཡི། །སྙིང་པོ་དེ་ནི་བཤད་དུ་གསོལ། ། དེ་ནས་སྟོན་པ་རྡོ་རྗེ་འཛིན། །དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན། །རྟོག་པ་ཀུན་གྱི་བདེ་བ་ཆེ། །རྡོ་རྗེ་གསང་བ་དང་པོ་མཆོག །གཞན་ཡང་སྙིང་པོ་བསྟན་པ་དང་། །དཀྱིལ་འཁོར་ལ་སོགས་ཆོ་ག་ཆེ། །སྣ་ཚོགས་ཕྱི་མའི་རྒྱུད་དང་བཅས། །དངོས་གྲུབ་ཐམས་ཅད་རབ་གྲུབ་ བྱེད། །འཇིག་རྟེན་ཐམས་ཅད་ཁམས་ཆེན་པོ། །ཕྲ་རབ་རྡུལ་རྣམས་དང་མཉམ་པ། །སྙིང་པོ་ཆེན་པོ་འདི་ཉིད་ཀྱིས། །གྲུབ་པའི་བདེ་བ་དམ་པར་གྱུར། །དེ་ནས་བདེ་གཤེགས་དེ་རྣམས་ནི། །དེ་ཡི་ཚིག་མཆོག་གསན་གྱུར་ནས། །དང་པོའི་དཀྱིལ་འཁོར་གྲུབ་སྩོལ་བ། །དེ་ཚེ་ དེ་ལ་གསོལ་བ་བཏབ། །ཆགས་པ་དང་བྲལ་འདུལ་བའི་ཕྱིར། །ཆགས་བྲལ་བསྟན་པར་བྱ་བའམ། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །ཉིད་ཀྱི་ཐུགས་ཀྱི་ཆོ་ག་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་གླུ་ཆེན་པོ་གསུང་ཞིང་དཀྱིལ་འཁོར་བརྟག་པར་མཛད་དོ། ། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན། །རབ་ཏུ་དགའ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ། །བརྟན་མཐོ་དེ་རིང་བདག་ལ་མྱུར་གྲུབ་མངོན་ཕྱོགས་མཛོད། །ཅེས་བྱ་བའི་དཀྱིལ་འཁོར་གླུ་ལེན་ཅིང་བརྟག་པར་མཛད་དོ། །དཀྱིལ་ འཁོར་ཆེན་པོའི་སྦྱོར་བ་ཡིས། །དང་པོའི་དཀྱིལ་འཁོར་བརྟག་པར་བྱ། །ཕྱག་ན་རྡོ་རྗེའི་ཐམས་ཅད་དུ། །རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །ཅི་ལྟར་ཆོ་ག་བཞིན་དུ་ནི། །བརྒྱན་པར་བྱ་སྟེ་རབ་འཇུག་བྱ། །གཡོན་དུ་བུ་མོ་རྡོ་རྗེ་འཛིན། །བསྡུས་ཏེ་རྣལ་འབྱོར་བཅང་བར་བྱ། །རྡོ་རྗེ་དང་ བཅས་བསྙེམས་པ་ཡི། །ཕྱག་རྒྱ་མཆོག་གིས་རང་ཉིད་འཇུག །དཀྱིལ་འཁོར་དེ་རུ་ཞུགས་ནས་ཀྱང་། །ལན་གསུམ་དུ་ནི་བསྐོར་བར་བྱ། །རྡོ་རྗེ་སེམས་དཔའི་མདུན་འདུག་སྟེ། །དེ་ཉིད་གསང་བའང་བརྗོད་པར་བྱ། །ཧཱུྃ་ཧཱུྃ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུྃ་བྃ་ཧོཿས་ མ་ཡ་སྟྭྃ་ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། དྲི་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་དྷི་ཏིཥྚ་བྷ་ག་བཱ་བ་ན་དི་ནི་དྷེ་ན་སྭཱ་ཧཱ། མ་ཧཱ་སུ་ཁ་བཛྲ་ས་སྟྭ་ས་མ་ཡ་གུ་ཧྱ་ས་མ་ཡ། སིད་དྷི་མ་མེ་པྲ་ཡཙྪ་ཨོྃཨོྃ་ཧ་ཧ་ཧ་ཧ་ཨ། དེ་ནས་རབ་ཏུ་དགའ་བས་རྡོ་རྗེ་ལྷ་མོ་དགའ་བའི་གཏམ་བྱའོ། །ཨོྃ་བཛྲ་ དྲིཥྚི་ས་མ་ཡ་ཀེ་མ་ཊ་བཛྲ་ཀི་ལི་ཀི་ལི་ཧོ། །ཧཱུྃ་སྨ་ར་བཛྲི་ཎེ་བ་ན་དྷ་ཧཱུྃ་ཧཱུྃ་ཏུཥྚ་བཛྲ་ཎྀ་ཧཱུྃ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་བདག་ལ་གྲུབ་པར་མཛོད་ཅིག་ཅེས་བཅོམ་ལྡན་འདས་ལ་གསོལ་བ་བརྗོད་པར་བྱའོ། །མྱུར་དུ་ཐམས་ ཅད་རྗེས་ཆགས་པར། །ཀི་ལི་ཀི་ལས་ཐམས་ཅད་ནུས། །ཐམས་ཅད་རྗེས་སུ་ཆགས་དྲན་དང་། །རྟག་ཏུ་ལེགས་པར་མཉེས་གྱུར་བདག །ཨོྃ་མ་ཧཱ་སུ་ཁ་སིད་དྷི་བཛྲ་ས་ཏྭ་ཛཿཧཱུྃ་བྃ་ཧོཿསིད་དྷཾ་ས་མ་ཡ་སྟྭཾ་སིད་དྷི་ཧཱུྃ། དེ་ནས་བདེ་བ་ཆེན་པོ་རྡོ་རྗེའི་ཆུས་དབང་བསྐུར་ཞིང་འཐུངས་ ལ་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། །བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་རང་གི་མིང་བརྗོད་ལ། སྔ་མ་བཞིན་དུ་གར་གྱི་མཆོད་པས་མཆོད་པ་བྱ་སྟེ། །ཅི་ལྟར་རྙེད་པའི་ཡུལ་དང་ལྡན་པས་སློབ་མ་དང་ལྷན་ཅིག་མཆོད་པ་བྱས་ནས་འབྱུང་བར་བྱའོ། །སློབ་མ་གཞུག་པར་བྱ་ཞིང་རང་ཉིད་ཀྱང་ དེར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་ཐམས་ཅད་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ། ཐམས་ཅད་ལ་ཚར་གཅོད་པ་དང་། །ཕན་འདོགས་ནུས་པ་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ ཀྱི་ལས་བྱེད་པས་རང་ཉིད་འཇུག་པ་ཙམ་ཉིད་ཀྱིས་སློབ་དཔོན་མ་ཡིན་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པར་སྐད་ཅིག་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཉིད་ངེས་པར་རང་ཉིད་རང་གི་དམ་ཚིག་གིས་རྡོ་རྗེ་ སློབ་དཔོན་དུ་གྱུར་ནས་འཇུག་པར་མཛད་དོ། །ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡང་མཛད་པ་ཡིན་ནོ། །སྙིང་པོ་འདིའི་བྱིན་གྱི་རླབས་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་ན་ཡང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་དང་། ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །ལན་ཅིག་བཟླས་བརྗོད་ བྱས་པས་མི་སོད་པ་དང་། མི་ཚུགས་པ་དང་། ཐམས་ཅད་དུ་སྣ་ཚོགས་པའི་ཡི་གེ་རྣམས་ཀྱིས་མཐོང་བ་དང་། ཐོས་པ་དང་། རིག་པ་དང་། ཤེས་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་པར་མཛད་ནས་དངོས་གྲུབ་ཐམས་ཅད་དེ་ལ་ སྩོལ་བ་ཡིན་ནོ། །ཡོངས་སུ་སྦྱང་བ་དང་བརྟེན་པའི་དོན་དུ་མ་ཡིན་ནོ། །བགེགས་བྱེད་པ་རྣམས་ཀྱང་སྡུག་བསྔལ་སྟེར་བར་འགྱུར་བ་མ་ཡིན་ནོ། །བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཤིན་ཏུ་བརྟན་ཞིང་ཤིན་ཏུ་དགྱེས་པ་རྗེས་སུ་ཆགས་པ། ཤིན་ཏུ་རྒྱས་པ། དངོས་གྲུབ་ཐམས་ ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། ལས་ཐམས་ཅད་གདོན་མི་ཟ་བའི་གྲུབ་པས་མྱུར་དུ་སྒྲུབ་པར་མཛད་པ་ཡིན་ནོ། །འོན་ཀྱང་གང་གིས་བྲིས་སམ། འདྲིར་བཅུག་གམ། ལན་ཅིག་བརྗོད་པའམ། འཛིན་པ་དེས་མ་བསྒྲུབས་ཤིང་ དཀྱིལ་འཁོར་དུ་མ་ཞུགས་ན་ཡང་ཚེ་འདི་ཉིད་ལ་ཅི་ལྟར་མངོན་པར་འདོད་པའི་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་ཀྱང་བར་ཆད་བྱེད་པར་མི་ནུས་ཏེ་ཐམས་ཅད་རྗེས་སུ་ཆགས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་བྱུང་བ་ཡིན་ནོ། །འདོད་པ་བརྟེན་པས་རྗེས་སུ་ཆགས་པ་སྟེ། དེ་མི་འདོད་པ་ཅི་ལྟར་མཆོག་གི་བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ཐམས་ ཅད་དུ་འགྱུར་རོ་ཞེས་བྱ་བ་ཐོགས་པ་མེད་པའི་བཅོམ་ལྡན་འདས་ཆགས་པ་ཆེན་པོའི་བདེ་བ་ཆེན་པོས་གསུངས་སོ། །གྲུབ་ན་བདེ་བ་ཆེན་པོ་ནི། །རྡོ་རྗེ་ཆགས་པས་སྐད་ཅིག་སྟེར། །སྒྲུབ་པའི་དམ་ཚིག་འདི་ཡིན་ཏེ། །འདི་ནི་ཀུན་གྱིས་འདའ་བར་དཀའ། །སྡིག་པ་ཆེན་པོ་བྱེད་ པའམ། །དེ་བཞིན་དཀྱིལ་འཁོར་མ་མཐོང་བ། །ལན་ཅིག་བཟླས་པས་སྡིག་སྦྱངས་པས། །མཆོག་གྲུབ་པས་ནི་གྲུབ་པར་འགྱུར། །རྟོག་པར་གསུངས་པའམ་འདོད་པ་ཡིས། །གཟུགས་བརྙན་རྗེས་སུ་དྲན་བསྒོམས་ན། །སྙིང་པོ་ཡང་ན་གླེགས་བམ་དུ། ། ཐམས་ཅད་ཉིད་ཕྱིར་བདག་པོ་གྲུབ། །གང་ལ་གཟུགས་བརྙན་མེད་པ་དང་། །གླེགས་བམ་མེད་པར་འགྱུར་ན་ཡང་། །ཡི་གེ་ཧཱུྃ་ནི་ཐམས་ཅད་དུ། །བྲིས་ཏེ་བདག་སྒྲུབ་བསྒྲུབ་པར་བྱ། །ཞེས་བྱ་བ་དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཅན་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། ། དེ་ནས་རྟོག་པའི་རྒྱལ་པོ་འདིའི། །ལས་ཀུན་སྒྲུབ་པར་འདོད་པ་ན། །དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་ནས། །མཚན་མའི་ཕྱག་རྒྱ་བྲི་བར་བྱ། །དང་པོའི་རྡོ་རྗེས་ཞུགས་ནས་བརྗོད་པར་བྱ་སྟེ། ཆགས་པ་ཆེ་ལས་ཐོགས་པ་ཆེ། །ཐོགས་པ་ཆེ་ལས་བདེ་བ་ཆེ། །བདེ་ བ་ཆེ་ལས་རྡོ་རྗེ་བསྟན། །རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་རབ་ཏུ་སྦྱོར་བ་ཡིས། །ཕྱག་རྒྱ་ཐམས་ཅད་བཤད་པ་སྟེ། །དམ་ཚིག་འདའ་བར་དཀའ་བའོ། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་རྡོ་རྗེ་འཆང་ལ་ སོགས། །ཡང་དག་བསྡུས་པར་གྱུར་ན་ནི། །མཉམ་པའི་འཇིག་རྟེན་གྲུབ་པར་འགྱུར། །ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་ཡི། །བཀའ་ནི་འདའ་བར་དཀའ་བ་སྟེ། །དེ་བཞིན་རྒྱལ་བ་ཀུན་གྱིས་ཀྱང་། །ཕྱག་རྒྱ་འདའ་བར་ནུས་པ་མིན། །སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་། །དེ་ ལྟར་བསྐལ་བ་བྱེ་བ་ཡིས། །ཐོབ་མིན་ཅི་ལྟར་ཕྱག་རྒྱ་མཆོག །བསྡུས་པ་ཚེ་འདི་ཉིད་ལ་འཐོབ། །ཅི་ལྟར་གདུལ་བྱའི་འཇིག་རྟེན་ནི། །དེ་བཞིན་དངོས་གྲུབ་གསུངས་པ་ཡིན། །དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཐམས་ཅད་བྱེད་པ་མཆོག །དེ་བཞིན་ཆོ་ག་རྒྱས་པ་ དང་། །དངོས་གྲུབ་ཐམས་ཅད་གདོན་མི་ཟའོ། །དེ་ནས་དང་པོའི་དཀྱིལ་འཁོར་གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་འདི་ཡིན་ཏེ། སོར་མོ་ཐམས་ཅད་ཀུན་སྦྱར་ནས། །རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ། །སོར་མོ་ནང་དུ་བཅིངས་པ་ལས། །རྡོ་རྗེ་བསྡམས་པར་ཡང་དག་བཤད ། ། རྡོ་རྗེ་བསྡམས་པའི་ནང་དུ་ནི། །མཛུབ་མོ་མཐེ་བོ་ཡང་དག་སྦྱར། །གཡས་པ་ཡི་ནི་མཐེ་བོ་བཏེག །བཅུག་སྟེ་བཙིར་བའི་ལྕགས་ཀྱུ་འཛིན། །མདའ་ལྔ་བསྡུས་པ་བཅིངས་ནས་ནི། །དབུས་མའི་བཅིངས་པ་ནང་དུ་གནས། །མཐེ་བོང་བསྙམས་པའི་མཐའ་རྡོ་རྗེ། །དང་པོའི་ བདེ་བ་དམ་པ་བརྟན། །མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ། །མིག་འབྲས་ལྟར་སྦྱར་འཛིན་པའོ། །དབུས་མའི་རྡོ་རྗེ་འོག་ཏུ་ནི། །མཐེ་བོང་གིས་མནན་བཙིར་བར་བྱ། །རྡོ་རྗེ་འདྲེན་མ་དང་འདྲ་བ། །སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ། །བསྐོར་ནས་པུས་མོར་བཞག་པ་ནི། །དང་ པོའི་རྡོ་རྗེ་ལས་བྱུང་བའོ། །གྱེན་དུ་གཏོར་དང་ཐུར་དུ་བླུགས། །མཐེ་བོ་སྦྱར་ནས་བསྐོར་བ་དང་། །རབ་ཏུ་བརྐྱང་ཞིང་བྱུག་པ་དང་། །བསྐོར་ཞིང་སྤྱི་བོར་གནས་པ་དང་། །བསྐོར་ནས་སྙིང་གར་བཞག་པ་དང་། །ཡོངས་སུ་བསྐོར་ཞིང་དགོད་པའོ། །ཁ་ལས་གྱེན་དུ་འབྱུང་བ་དང་། ། དེ་བཞིན་གར་གྱིས་བསྐོར་བ་དང་། །མཛུབ་མོའི་སོར་མོ་གཉིས་ཀྱིས་དང་། །གཡོན་པའི་མཛུབ་མོའི་གཡས་ཀྱིས་བཟུང་། །མཛུབ་མོའི་མཐེ་བོ་བཅིང་བ་དང་། །མཐེ་བོ་ཐ་མའི་ནང་དུ་གཞག །ཁུ་ཚུར་གྱི་ཕྱག་རྒྱ་རྣམས་སོ། །དེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་ འདི་རྣམས་ཁོ་ནའི་ལས་ཀྱི་ཕྱག་རྒྱ་བཅིང་བ། མཆོག་ཏུ་གསང་བ། བླ་ན་མེད་ཅིང་། བླ་མའི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་བདག་གིས་ཀྱང་གནོན་པར་མི་ནུས་སོ། །དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་དབུས་མ་ལས་ རྡོ་རྗེ་སེན་མོའི་རྩེ་མོ་མཆུ་ལ་སོགས་པར་གཞག་པ་དང་། འཁོར་ལོ་རབ་ཏུ་བསྐོར་བ་དང་། རྡོ་རྗེ་ནོར་བུ་དང་ཅི་ལྟར་འདོད་པའི་དངོས་གྲུབ་ཀུན་དུ་བྱེད་པ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་རིན་པོ་ཆེ་དང་མཆོག་གི་དངོས་གྲུབ་བོ། །རྡོ་རྗེ་ འདྲེན་མས་ནི་མིག་འབྲས་ཀྱི་ལས་སོ། །གཡས་པ་དང་གཡོན་པའི་མིག་གིས་བལྟས་པས་ཐམས་ཅད་རྗེས་སུ་ཆགས་པའོ། །མིག་འབྲས་ཚུར་འདྲེན་པས་ནི་དགུག་པའོ། །གཞུག་པས་ཐམས་ཅད་གཞུག་པའོ། །བཙིར་བས་འཆིང་བའོ། །བཙུམས་པ་མེད་པས་ དབང་དུ་བྱའོ། །རྡོ་རྗེ་ཀི་ལི་ཀི་ལས་དབུས་མ་ལ་ཙུམ་པ་ན་དང་། འཁྱུད་པ་དང་། བཙིར་བ་དང་། རོལ་པ་དང་། དབུས་མ་དང་། མཐེ་བོའི་རྩེ་མོར་བདེ་བར་བརྡེག་པས་མཐོང་བ་དང་། རོལ་པ་དང་། བཙིར་བ་རྣམས་ཀྱིས་ཐམས་ཅད་ལ་རོལ་པ་སྟེ། རྒྱུ་བ་ དང་མི་རྒྱུ་བ་ཐམས་ཅད་དུ་ལྷའི་གཟུགས་ཀྱི་བུད་མེད་རྣམས་འབྱུང་བ་ཡིན་ནོ། །ཅི་སྲིད་འདི་རྣམས་དང་རོལ་ཅིང་རྡོ་རྗེ་སེམས་དཔའི་བཙུན་མོ་ལ་ཡང་རོལ་པར་བྱེད་དོ། །རྡོ་རྗེ་ཆུ་སྲིན་མས་བཙིར་བ་དང་། གྱེན་དུ་བཏེག་པ་དང་། མྱང་བ་དང་། དྲུང་དུ་འགྲོ་བ་དང་། མྱུར་དུ་ཟ་པ་རྣམས་ ཀྱིས་བརྟན་པའི་ཆགས་པས་བཅིང་བ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། ཆུའི་ནང་དུ་གནས་པ་དང་། འཆག་པ་དང་། ཐམས་ཅད་ཟ་བ་གྲུབ་པའོ། །རྡོ་རྗེ་བསྐོར་བས་གཡོ་ཞིང་གཡོ་བ་དང་། ལྷོད་པར་བྱེད་པ་དང་། བཙིར་བ་དང་། དབུས་མ་ཕན་ཚུན་ ལྷན་ཅིག་དགུག་པ་དང་། མགྱོགས་པར་དབུས་མའི་རྡོ་རྗེ་དྲལ་བ་རྣམས་ཀྱིས་ཁྲོ་བོ་ཐམས་ཅད་འབར་བ་དང་། རབ་ཏུ་ཞི་བ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། ལྟུང་བ་དང་། གསོད་པ་རྣམས་མྱུར་དུ་འགྲུབ་བོ། །མཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི་མཆོད་པ་རྣམས་ ཀྱིས་མཆོད་ན་རྡོ་རྗེ་འཆང་ཆེན་པོས་ཀྱང་མཆོད་པར་འགྱུར་རོ། །དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱི་མཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི་ལས་རྣམས་ཀྱིས་ལྷའི་བུ་མོ་ཐམས་ཅད་ཀྱང་བཀུག་ནས་རོལ་པ་ལ་སོགས་པའི་ལས་ཐམས་ཅད་ལ་ཉེ་བར་སྦྱར་བའོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ སོགས་པའི་ནང་གི་ཁུ་ཚུར་གྱི་ལས་རྣམས་ཀྱིས་ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དོ། །དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་དངོས་གྲུབ་དང་། དམ་ཚིག་དང་། ཡེ་ཤེས་དང་། ལས་ཀྱི་དངོས་གྲུབ་གྲུབ་པའོ། །དོན་ཡོད་ པས་གྲུབ་པ་མྱུར་དུ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་ཡིད་ཀྱིས་འདོད་པ་གྲུབ་པའོ། །རབ་ཏུ་དགའ་བའི་རྡོ་རྗེས་རྟགས་ཀྱི་རྩེ་མོ་གཡོ་བ་ལས་ཐམས་ཅད་དོ། །སྐྱེ་གནས་གཡོ་བས་ཀྱང་དེ་བཞིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་དབུས་མའི་ ལས་བྱེད་པས་དངོས་གྲུབ་ཐམས་ཅད་སྒེག་མོ་དགའ་བའི་རྡོ་རྗེ་མིག་མི་གཡོ་བར་བྱེད་པས་ལས་ཐམས་ཅད་བསྒྲུབ་པར་བྱས་ན་ཐོགས་པ་མེད་པའི་དངོས་གྲུབ་པར་འགྱུར་རོ། །དེ་བཞིན་དུ་རང་གི་ཕྱག་མཚན་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །དང་ པོ་ཉིན་རེ་ལན་ཅིག་དུ། །ཕྱག་རྒྱ་ཆེན་པོའི་སྙིང་པོ་བཟླ། །རྡོ་རྗེ་ཉེ་བའི་སྙིང་པོ་ཡིས། །ཕྱག་རྒྱ་ཐམས་ཅད་ངེས་སྦྱར་བྱ། །ཐམས་ཅད་དོན་ཡོད་གྲུབ་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་རྟོག་པ་མཆོག་ཕྱིར་མ། །སྒྲུབ་པའི་དོན་ཡོད་དམ་ཚིག་ནི། །སྙིང་པོས་སྐད་ ཅིག་དངོས་གྲུབ་སྟེར། །རྩ་རྒྱུད་ཕྱི་མའི་རྒྱུད་དང་བཅས། །ཕྱག་རྒྱའི་རྒྱུད་ནི་བླ་ན་མེད། །དངོས་གྲུབ་མཆོག་ནི་དེ་བཞིན་དུ། །བླ་མེད་ཡེ་ཤེས་གྲུབ་པའོ། །དེ་ནས་དང་པོའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། པང་པ་གཡོན་དུ་དགོད་བྱ་བ། །ཞབས་ཀྱི་པདྨ་ཅི་བདེར་བྲི། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས། །སྐུ་ནི་དྲང་པོར་འཛིན་པ་བདེ། །བསྙེམས་བཅས་རྡོ་རྗེ་གསོར་ནས་ནི། །རྡོ་རྗེ་བསྙེམས་པ་ཡང་དག་འཆང་། །སྐུ་གསུང་ཐུགས་ཀྱི་རྡོ་ རྗེ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །འདིས་ནི་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཉིད་དམ་སྲས་ཉིད་དང་། །དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཅི་བཞིན་ཕྱག་རྒྱའི་རྗེས་འབྲངས་ནས། ། མཚན་མའི་ཕྱག་རྒྱ་ལྡན་པ་ཡི། །སེམས་དཔའ་ཆེན་པོར་རང་ཉིད་འགྱུར། །ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་དོ། །རྡོ་རྗེ་མདའ་ལ་སོགས་པའི་བཞི་པོ་འདི་ལས་བྱུང་ངོ་། །མཛུབ་མོ་གཉིས་ཀྱི་ལྕགས་ཀྱུའི་ཕྱི་རོལ་དུ་མངོན་པར་ ཕྱོགས་པའོ། །མཐེ་བོས་འཁྱུད་པའོ། །མཐེ་བོ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་ཀྱིས་དབུས་མའི་རྩེ་མོ་འདྲེན་ཅིང་སྲིན་ལག་དང་མཐེའུ་ཆུང་མཉམ་པོར་སྦྱར་ལ་རྩེ་མོ་སོ་སོར་ཁ་ཕྱེ་བས་ཆུ་སྲིན་གྱི་རྒྱལ་མཚན་གྱི་བསྒྲེང་བའོ། །བརླ་གཉིས་ལ་བསྐོར་ཞིང་གནས་པའོ། །དེ་བཞིན་དུ་ མཚམས་རྣམས་ལ་རྡོ་རྗེ་ཐལ་མོ་བསྐོར་བས་སོ། །སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ། །བདེ་ཆེན་མཆོག་གི་ཕྱག་རྒྱ་ཆེ། །དེ་བཞིན་དངོས་གྲུབ་རབ་སྩོལ་བ། །མདའ་སོགས་དམ་ཚིག་སྣ་ཚོགས་བའི། །དངོས་གྲུབ་ཆེན་པོ་མཆོག་སྟེར་བའོ། ། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི། །ཧོ་བིད་ཧཱུྃ་དྷྲྀཀ་ཧཱུྃ། དེ་རྣམས་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་རྡོ་རྗེ་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ། །གཡོན་པའི་རྡོ་རྗེ་བསྙེམས་པས་གཡས་པའི་ཁུ་ཚུར་སྟོད་པའི་ཚུལ་གྱིས་སྙིང་གར་བཟུང་བར་བྱས་ པ་རྡོ་རྗེ་བསྙེམས་པ་སྟེ། རབ་ཏུ་དགའ་བ་བརྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྩལ་བའོ། །མདའ་གཞུ་སྟོད་པས་རྡོ་རྗེ་མཚོན་ཆ་མའོ། །འོག་ཏུ་འཁྱུད་པའོ། །རྒྱལ་མཚན་བསྒྲེང་བའོ། །བསྙེམས་པ་གཉིས་སྟོད་པའོ། །སྒེག་པ་དང་བཅས་མཐའ་མ་ལ་སོགས་པས་ བཀྲོལ་བས་གློག་འགྱུ་བའི་གར་གཡས་སུ་ཡོངས་སུ་བསྐོར་བས་མེ་ཏོག་ལ་སོགས་པའི་ཀ་པུ་ཏའི་ཐལ་མོ་སྤྱི་བོ་ནས་ཕབ། རྡོ་རྗེ་ཐལ་མོ་བཀྲོལ་བས་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ། །རྡོ་རྗེ་གར་ནི་ནང་གི་མཚམས་ལའོ། །རྫོགས་པའམ་ནི་མ་ཚང་ བ། །ཡང་ན་ཅི་ལྟར་རྙེད་པ་བཞིན། །མེ་ཏོག་མཆོད་ལ་སོགས་མ་ཡིས། །དངོས་གྲུབ་མཆོག་སྩོལ་ཐུན་མོང་ཡིན། །དམ་ཚིག་གི་ཕྱག་རྒྱའི་སྦྱོར་བའི་མཚན་མ་ཡོངས་སུ་གཟུང་བའོ། །འདི་རྣམས་ཀྱང་དོན་ཡོད་པའི་ལས་སྒྲུབ་པ་རྣམས་སོ། །རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩིའི་ཆུ་ བཟླའོ། །འཇུག་པའི་ཆོ་གའི་ཕྱག་རྒྱ་བཤད་པ་ནི། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་གསང་བའི་དམ་ཚིག་ཅེས་བྱ་བའི། འཇུག་པའི་ཕྱག་རྒྱ་གཉིས་པ་ནི། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །གཡོན་མཐེབ་མཛུབ་མོའི་སྐྱེ་གནས་སུ། ། གཡས་པའི་མཐེ་བོའི་རྟགས་བཅུག་ལ། །བཙིར་ན་བདེ་བ་སྟེར་བའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་དེས། །དཀྱིལ་འཁོར་མཆོག་ཏུ་འཇུག་པར་བྱ། །ཡང་ན་སེམས་དཔའ་གང་ལ་འཇུག །དེ་དེར་མྱུར་དུ་འགྲུབ་པར་འགྱུར། །རབ་ཏུ་དགའ་བའི་རྡོ་རྗེ་མའོ། །རང་གི་ཁུ་ ཚུར་གྱིས་རྡོ་རྗེ་རྡོ་རྗེའི་བདུད་རྩིའི་ཆུ་བླངས་ནས་ཆུའི་རྒྱུན་དེས། དབང་བསྐུར་ཏེ་འཐུང་དུ་བཅུག་ན་དབང་བསྐུར་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཀྱིས་ན་ཚོད་དར་ལ་བབ་པ་དང་། ནད་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ། །འདི་ལ་རིམས་དང་། གདོན་དང་། དུག་དང་། སྦྱར་དུག་དང་། མཁའ་འགྲོ་མ་དང་། ཕྱག་རྒྱ་ལ་སོགས་པས་གནོད་པ་བྱེད་པར་མི་ནུས་སོ། །སྐྱིལ་མོ་ཀྲུང་གིས་ནི་གར་དང་མཆོད་པ་འབུལ་བར་བྱའོ། །དེ་ནས་མཆོད་པ་ནི་རྡོ་རྗེ་གར་གྱིས་སོ། །རྡོ་རྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ་བ་ནི་འཁོར་ ལོས་སྒྱུར་བའི་གར་གྱིས་སོ། །རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ། །རྡོ་རྗེ་བསྟོད་པས་རྡོ་རྗེ་མཚོན་ཆ་ལ་སོགས་པ་བསྒྲེང་བར་བྱ་སྟེ། མཐར་སྒེག་མོ་དགའ་བའི་རྡོ་རྗེ་གསང་བའི་བཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བས་ཕྱག་འཚལ་བའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་ པས་དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་བཙིར་ལ་རང་གི་སྙིང་གར་བདེ་བ་དགྲོལ་ན་དཀྱིལ་འཁོར་དགྲོལ་བ་ལ་རྡོ་རྗེ་སེམས་དཔའི་སྒོམ་པས་རེ་ཁཱ་དང་རྡོ་རྗེ་ཡིད་ཀྱིས་གྱེན་དུ་བཏེག་ལ་རིམ་པས་ནང་གི་དཀྱིལ་ འཁོར་དུ་ཞུགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའི་སྒོམ་པས་དཀྱིལ་འཁོར་ལ་ཕྱོགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ།། །།དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་སྤྱི་བོ་དང་དཔྲལ་བ་དང་། སྙིང་གར་བཞག་པ་ཕུབ་སྟེ། ཕྱོགས་ ཐམས་ཅད་དུ་འབར་བའི་ར་བ་འབྱུང་བར་འགྱུར་ཏེ། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ། །སྙིང་གར་སྒོམ་པ་རྡོ་རྗེ་དང་བཅས་པའོ། །གྱེན་དུ་ཁ་བལྟ་བས་བཏུང་བར་བྱའོ། །རང་གི་གདོང་ཡོངས་སུ་སྦྱངས་ནས་གདོང་པར་དགྲོལ་བར་བྱའོ། །དབུས་ མའི་རྡོ་རྗེ་ལྡེག་པར་བྱའོ། །དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་གར་གཞག་པར་བྱའོ། །དར་དཔྱངས་ཀྱི་དབང་བསྐུར་བ་མཐོང་བའོ། །སྐྱེ་གནས་ལས་དང་ཚེ་འབྱིན་པ