Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
ཨོ་ཨཽ་ཨཾ་ཨཿང་ཉ་ཎ། །ན་མ་དེ་ལྟར་དགུའི་བདག་ཉིད། །བཞི་པོ་ཡོངས་སུ་གྲགས་པ་སྟེ། །ཉི་ཅན་ལྔ་རྣམས་ཀྱིས་དེ་བཞིན། །དེ་ལྟར་འཇིག་རྟེན་ཀུན་གྱི་དེ། །སྡུད་པ་དང་ནི་འབྱིན་པར་གནས། །སྒྱུ་ཆེན་བཅུ་གཉིས་དེ་རྣམས་ཀྱིས། །ས་བོན་གཟུགས་ཀྱི་
ཚོགས་དྲན་བྱ། །དེ་རྣམས་རཱ་སིར་ཡང་དག་གྲགས། །རྒྱུ་སྐར་ཀུན་དང་ཡང་དག་ལྡན། །ཟླ་བ་དང་ནི་ཉི་མའི་ཆས། །འོག་དང་སྟེང་གི་ཁ་དེ་བཞིན། །བརྟན་པ་དང་ནི་གཡོ་བ་གཉིས། །རྒྱུ་སྐར་དང་ནི་རཱ་སིར་བཤད། །སྲོག་ཟུང་ངུ་ནི་དེ་བཞིན་གྲགས། །རིང་དང་ཐུང་ངུ་རྒྱལ་དང་ཕམ། །

སྟེང་དུ་དེ་ཡི་རྒྱལ་བར་བཤད། །འོག་ཏུ་འཆི་བ་མཉམ་མི་མཉམ། །ཉི་མའི་རྒྱུ་བར་སོན་པ་ཀུན། །རྒྱུ་སྐར་རཱ་སི་གཟའ་དེ་བཞིན། །རཱ་སི་རྣམ་གསུམ་སྤྱོད་གང་ཕྱིར། །ཉི་མར་གནས་པར་འཆར་བར་འགྱུར། །སྲོག་འཆར་བ་དང་ཡང་དག་ལྡན། །རཱ་སི་ཀུན་གྱིས་
ཤེས་པར་བྱ། །ཀངྐ་ཊ་སེང་བུ་མོ་དང་། །བུམ་པ་རིགས་དྲུག་ཡང་དག་ལྡན། །འཆར་བར་འགྱུར་དང་ཤར་བ་ཡང་། །ཇི་ལྟའི་རིམ་དག་གཟའ་ཀུན་གྱིས། །བྲིཤྩི་ཀ་དང་རྟ་ཉིད་དང་། །རི་དགས་བུམ་པར་ཡང་དག་ལྡན། །ཆ་ཤས་ལྔ་ཡི་ཚད་ཀྱིས་ནི། །གཟའ་ཤར་བ་ཡིས་འཆར་
བར་འགྱུར། །རི་བོང་ལུག་དེ་བཞིན་ཉིད་དང་། །སྐན་ད་རུ་ནི་སོན་དེ་བཞིན། །ཆ་ཤས་ཀྱང་ནི་བཞི་པ་ཉིད། །འཆར་བ་འོང་བར་འཆར་བར་འགྱུར། །ཞག་གི་འཆར་བ་མ་ལུས་པའང་། །འབྲས་བུའི་མིང་དང་ཡང་དག་ལྡན། །ནག་མོ་སོགས་ནས་འཇིབ་མའི་མཐར། །ཡོངས་
སུ་རིམ་པས་ཉི་ཤུ་བཞི། །གང་དང་འདྲ་བའི་མིང་དེ་འདྲའོ། །དེ་རྣམས་འབྲས་བུར་ཤེས་པར་བྱ། །ཉིས་འགྱུར་ལོངས་སྤྱོད་བྲིས་པ་དང་། །དབང་པོ་རྣམས་ཀྱི་ཆ་དང་ལྡན། །ཐོབ་པ་ཞག་ཏུ་ཤེས་བྱ་སྟེ། །བདག་གི་རྟག་ཏུ་ཞག་ལྷ་མོ། །བདག་ཉིད་ཀྱིས་ནི་དགོས་ཀུན་དང་། །གཞན་
རྣམས་ལ་ཡང་དེ་ལྟར་སྦྱར། །དེ་ཕྱིར་ཕྱི་དང་ནང་རྣམས་སུ། །དགེ་དང་མི་དགེའི་ལས་ཤེས་བྱ། །སྡོམ་པ་འབྱུང་བའི་དུས་སུ་ནི། །རྣམ་རྟོག་མེད་པས་མཚོན་པར་བྱ། །གཟའ་གང་དེ་རྣམས་དབྱངས་ཤེས་བྱ། །དབྱངས་གང་དེ་རྣམས་རཱ་སིའོ། །དབྱངས་དང་རཱ་སི་དེ་བཞིན་
སྐར། །རང་གི་གཟུགས་རྣམས་ཀྱང་བལྟའོ། །དངོས་གྲུབ་འབྲས་བུ་སྟེར་བ་པོ། །ཡང་དག་སྦྱོར་དང་བྲལ་ན་མེད། །གཡོ་བའི་འཆར་བས་གཡོ་བའི་ལས། །ངེས་པར་བརྟན་པས་གཡོ་མེད་འགྱུར། །འདྲེན་མ་ཡིས་ནི་འདྲེན་མར་འགྱུར། །སེམས་ཅན་རྣམས་ཀྱི་བསོད་ནམས་
རྒྱུས། །ལྷ་རྣམས་གྲོལ་བའི་རྒྱུ་ཉིད་པས། །ལྷ་ཡིས་དགྲ་ནི་བསྒོམ་པར་བྱ། །སུམ་ཅུ་བདུན་བདག་ཉིད་འཁོར་ལོ། །རྣལ་འབྱོར་དངོས་གྲུབ་བྱེད་པའི་གཙོ། །ཁ་དོག་དང་ནི་མཚན་ཉིད་དབྱིབས། །ལས་རྗེས་འབྲངས་པས་བསྒོམ་པར་བྱ། །ལྷ་འམ་ལྷ་མིན་སྦྱིན་བྱེད་ཀྱི། །དགྲ་ནི་འཁོར་

ལོ་སྡོམ་པའོ། །དཔའ་བོ་ཐམས་ཅད་སྙོམས་འཇུག་པས། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ལྷ་ཡི་དགྲ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ལྷ་དགྲ་ཡི་ཆོ་ག་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།དེ་ནས་རྣལ་འབྱོར་མ་ཐམས་
ཅད། །འདུས་པར་བྱས་ནས་འདྲི་བ་ནི། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །སྡུག་བསྔལ་སྟེར་པོ་ཇི་ལྟར་ལགས། །གལ་ཏེ་ཀུན་རང་བཞིན་སྟོན་པ། །དགེ་དང་མི་དགེ་དེ་འདྲི་བ། །དེ་ནས་བཅོམ་ལྡན་ལྷ་ལ་སོགས། །སེམས་ཅན་ཀུན་སྟེར་པོ་ཅི་ལགས། །འདི་ལ་བདག་ནི་
ཐེ་ཚོམ་མཆིས། །གཙོ་བོ་གསལ་བར་མཛོད་ཅིག་ཀྱེ། །ཕག་མོ་ལ་སོགས་མང་པོ་ཡི། །ལྷ་མོ་སྒྱུ་མ་ཆེན་མོ་ཉོན། །རང་རང་ལས་ཀྱི་རྗེས་འབྲངས་པས། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །བདག་གི་རང་བཞིན་དུ་ནི་མེད། །བྱང་ཆུབ་ཆེན་པོར་ཞུ་ལས་ཡོད། །
རང་གི་རང་བཞིན་ཡོན་ཏན་ཉིད། །བདག་གི་ལས་ཀྱིས་ཡང་དག་འབྱུང་། །དེ་ཕྱིར་དགེ་དང་མི་དགེ་བལྟ། །སྣ་ཚོགས་ཀུན་རྟོག་འཐོབ་པར་བྱེད། །དེ་ཡིས་ལྷ་དང་སྦྱིན་བྱེད་རྣམས། །གཟའ་དང་རཱ་སི་རྒྱུ་སྐར་ཅན། །རང་གི་ལས་འབྲས་ལ་ཟ་བ། །སྟེར་རོ་གཞན་དུ་ཅི་ཡང་མེད། །
སྟོན་པ་ཇི་ལྟར་གྲོལ་བར་འགྱུར། །གླུ་འདི་ཡིས་ནི་དགྱེས་པར་བྱེད། །ཨ་མི་ཏཱ་བྷ་ཛ་ནི་ཏཱ་མ་ས་མཱ་དྷྱ་མཱ་ག་མཱ་ག་མཱ་དྷཱ་ཉ། མ་པཱ་ཉ་རཱི་སཱ་མཱ་ཉ་རི་ག་མཱ་སཱ་ཉ་མཱ་རཱི་གི་མ་བྷཱུ་ཡ་ཏེ། ས་རཱི་རེ་སཱ་རཱི་རེ་ས་རཱི་རཱི་སཱ་ནཱི་སཱ་ཉ་ཤྲུ་ཏ་ནི་སཱ་མཱ་ཉ་སཱ་ནཱི། ཤཱི་རཱི་བྷ་ག་མཱ་དྷཱ་མྨཱ་དྷ་མྨཱ་སཱ་ཉ་པཱ་ཡཱ་མ་པཱ་པཱ་མ་ད་མི་ཏེ།
འོད་དཔག་མེད་ཀྱི་རབ་སྦྱོར་བས། །འདི་འདྲའི་གྲོལ་བ་བསྒྲུབ་པར་བྱ། །ཨ་བ་དྷཱུ་ཏཱིའི་དབུས་སུ་ནི། །རྣམ་ཤེས་གྲོལ་བ་ལ་མཚོན་བྱ། །སྲོག་ལ་སོགས་པའི་རླུང་ཐམས་ཅད། །རྣམ་འགྱུར་བྱས་པའི་བར་ཐིམ་བྱ། །རྣམ་པར་ཤེས་པ་འདྲེས་གྱུར་པའང་། །ཁམས་ཐམས་
ཅད་ཀྱི་བཅུད་ལེན་ཏེ། །འཐུངས་པས་དངོས་གྲུབ་ཐོབ་པར་འགྱུར། །དབང་པོ་རྣམ་བགྲོད་མཚན་ཉིད་ལས། །རྐན་གྱི་ཕྱོགས་སུ་གནས་པའི་ལྕེ། །ཨ་བ་དྷཱུ་ཏཱིར་དེ་རབ་བཤད། །ཆ་ཤས་ཅན་གྱི་ཐ་མ་ཡི། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །རྩ་ཐམས་ཅད་དུ་བཀང་བ་

སྟེ། །ཡང་དག་རིག་པའི་གཟུགས་སུ་ཐིམ། །མདོར་བསྡུས་པས་ནི་ཁམས་ལྔ་སྟེ། །གཞན་གྱི་དངོས་པོ་འདིར་མ་བརྗོད། །དབང་ཆེན་ལ་ནི་མེ་ཡིས་བསྲེག །ཆུ་ཡི་དབུས་སུ་རབ་ཏུ་ཐིམ། །མྱུར་དུ་ཞུ་ནས་འགྲོ་བར་འགྱུར། །རླུང་གི་ནམ་མཁའ་ལ་གནས་སོ། །ཆུ་ཡི་ཚོགས་
ནི་བསྐམས་བྱས་པས། །དེ་ཉིད་དུ་ནི་ཐིམ་ནས་འགྲོ། །སེམས་ནི་སྟོང་ཉིད་ལ་སོན་བྱ། །སྟོང་ཉིད་ནམ་མཁའི་ཁམས་ལའོ། །ནམ་མཁའ་ཡེ་ཤེས་ལ་འཇུག་བྱ། །ཡེ་ཤེས་སྒྱུ་མའི་རང་མཚན་ཉིད། །མཁས་པས་ཡེ་ཤེས་ཤེས་བྱའི་བདག །དེ་ལྟར་འོད་དཔག་མེད་པ་བསྒོམ། །རྩིབས་
བརྒྱད་ལེགས་པར་བརྒྱན་པ་ཡི། །ཤེས་བྱའི་འཁོར་ལོ་འདི་བསྒོམ་བྱ། །བུ་མེད་བྲི་བ་མི་ཨུ་ཀུ། །དྷ་སི་མེར་རོ་མ་ག་འདྲེར། །རླུང་དུ་ཏུ་ཀ་བི་མི་ཏེ། །དབང་ལྡན་དུ་ནི་རཱ་སིའོ། །དེ་རྣམས་འཁོར་ལོ་རིམ་ཇི་བཞིན། །དེ་བཞིན་འདི་ལ་འདི་རྣམས་དགོད། །ཨ་ཨི་ཨུ་ཨེ་ཨོའི་ས་བོན། །
བཀྲ་ཤིས་ལ་སོགས་གཟའ་ལྔ་ནི། །ཤར་ལ་སོགས་པར་དགོད་པར་བྱ། །རིང་པོ་དེ་ཉིད་དུ་དགོད་བྱ། །ཨཾ་ཨཿཉི་མ་ཟླར་ཤེས་བྱ། །ཉི་མ་ཟླ་བ་འདིར་གྲོལ་བ། །ཀུ་ལི་རེ་ལ་ཉི་མ་སྟེ། །གཟའ་ལྷག་གདོང་ལྔ་པ་འདིར་གནས། །མཐར་ནི་གང་ཞིག་ལྷག་མ་ཡི། །སོ་སོའི་ཆོ་གས་ཟ་བར་འགྱུར། །
རཱ་སི་རྣམས་ཀྱིས་བརྒྱན་པ་ཡི། །འགྲོ་ཀུན་ལ་ཕན་འཁོར་ལོ་དེ། །དེ་ལྟར་དོ་ལའི་འཁོར་ལོར་འགྱུར། །རྒྱུ་སྐར་རཱ་སི་དུས་དང་ཞག །ལུག་རྣམས་རོ་ཧི་ཏི་སོགས་དང་། །ཟླ་བ་དང་ནི་ཉི་མ་རྣམས། །འཆི་བའི་མཚན་ཉིད་མཚོན་པ་ནི། །མདོར་བསྡུས་པ་ཡིས་བཤད་པར་བྱ། །རྒྱུ་སྐར་
དུས་ཚོད་ཡང་དག་ལྡན། །གཟའ་དང་ནད་ནི་དེ་བཞིན་ཏེ། །དོ་ལ་རཱ་སིའི་ཚད་ཀྱིས་ནི། །སྐྱེ་བའི་ལས་སུ་བརྗོད་པ་ཡིན། །ཀཱརྟི་ཀ་དང་བཟང་པོའི་ཚེ། །མིག་དམར་དེ་བཞིན་སྨིན་དྲུག་སྟེ། །དེ་ལ་འཆི་བར་ཤེས་པར་བྱ། །གལ་ཏེ་རྣལ་འབྱོར་པ་མེད་ནའོ། །མྲྀ་ག་ཤིཪྵ་མགོ་དང་ནི། །
གཟའ་ལྷག་ཉི་མ་ལ་སྨྱོ་བ། །མགུལ་པའི་ནད་ཀྱིས་ཉིན་བཞི་ན། །ཁྱུ་མཆོག་ལ་ནི་རྟག་ཏུ་འཆི། །རྒྱལ་དང་མྲི་གའི་རྒྱུ་སྐར་དང་། །གཟའ་ལྷག་འཁྲིག་པ་ལ་འཆིའོ། །ཀུ་ལི་ར་མཆུའི་ཚེས་བརྒྱད་ཀྱི། །ཐོ་རངས་པ་སངས་ལ་འཆིའོ། །གྲེ་དང་མཆུ་ཡི་རྒྱུ་སྐར་དང་། །ཚེས་བཅུ་སྤེན་

པ་སེང་གེ་ལ། །ནུབ་མོ་འཆི་བར་ཤེས་བྱ་སྟེ། །གལ་ཏེ་བརྒྱ་བྱིན་མཉམ་གྱུར་ཀྱང་། །བུ་མོ་ཉི་མར་གུལ་མས་འཆི། །ས་ག་དང་ནི་བཅུ་བཞི་དང་། །གཞུ་དང་ཕུར་བུའི་རེ་མོ་དང་། །གལ་ཏེ་སངས་རྒྱས་མཉམ་གྱུར་པ། །སྲང་ལ་འཆི་བར་ཤེས་པར་བྱ། །སྣྲོན་དང་བཅུ་གཅིག་ནག་
པ་དང་། །ཕུར་བུ་སྡིག་པ་ལ་འཆིའོ། །ཆུ་སྟོད་ཆུ་སྨད་ཚེས་དགུ་དང་། །གྲོ་བཞིན་གཞུ་དང་པ་སངས་འཆི། །གྲོ་བཞིན་ཚེས་བདུན་ཟླ་བ་དང་། །རྒྱལ་དང་ཆུ་སྲིན་ལག་ནོར་མེད། །ཁྲུམས་སྟོད་ཁྲུམས་སྨད་བཅུ་གསུམ་པ། །ཟླ་བ་མོན་གྲེ་བུམ་པས་འཛད། །ཐ་སྐར་བརྒྱད་པ་ནམ་གྲུ་
དང་། །སྤེན་པ་དང་ནི་ཉ་ལ་འཆི། །སེམས་ཅན་ཀུན་གྱི་སྐྱེ་བའི་རྩིས། །དུས་སྨྲ་བས་ནི་ཤེས་པར་བྱ། །ས་བོན་གཅིག་ལས་སྐྱེས་ཡོན་ཏན། །གཉིས་པ་སྐྱེ་བའི་དུས་ཀྱིས་སོ། །རིགས་གཉིས་སུ་ནི་ཤེས་བྱས་ནས། །དེའི་དུས་སྐྱེ་རྩིས་བརྩམ་པར་བྱ། །སྔོན་ལས་རྣམ་པ་སྣ་
ཚོགས་ཀྱིས། །མཁས་པས་དེའི་རིགས་སུ་སྐྱེའོ། །དེ་ཡི་འབྲས་བུ་ཤེས་བྱ་སྟེ། །མཚན་ཉིད་ཀྱིས་ནི་རྗེས་སུ་གནས། །རཱ་སི་སོགས་འཁོར་འབྲེལ་པ་དེ། །རྣམ་ཤེས་ཀུན་གྱི་མཚན་ཉིད་དོ། །འོད་དཔག་མེད་ཀྱི་རབ་སྦྱོར་བས། །དཀྱིལ་འཁོར་གསལ་བར་བསྒོམ་པར་བྱ། །
དབུས་སུ་འོད་དཔག་མེད་མགོན་པོ། །ལྷག་མར་མཁའ་འགྲོ་མ་སོགས་སོ། །དེ་ནི་རྣམ་ཤེས་སྐྱེ་གསལ་བར། །ལས་ཀྱི་འབྲས་བུ་དེ་དྲན་བྱ། །ཐམས་ཅད་བདེ་བ་ཀུན་སྦྱོར་ལས། །དེ་ཚེ་གཉིས་མེད་ལ་བརྟེན་པའི། །འོད་དཔག་མེད་ཀྱི་སྦྱོར་ལྡན་པ། །བཅོམ་ལྡན་སྟོན་པས་
འདི་གསུངས་སོ། །ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།རྡོ་རྗེ་འོད་ཀྱི་རབ་སྦྱོར་བས། །ཡེ་ཤེས་དེ་ཁོ་ཉིད་བཤད་བྱ། །ལྷ་མོས་སླར་ཡང་མཆོད་བྱས་ནས། །དེ་ཁོ་ན་ཉིད་ཡེ་ཤེས་ཞུས། །སེམས་ཅན་རྣམས་ཀྱི་རྣམ་ངེས་པས། །འཆི་བའི་
མཚན་ཉིད་གང་འདྲ་བ། །དེ་འདྲ་བདག་གིས་བཤད་བྱ་ཡིས། །རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན། །ལུས་ལ་རྩ་རྣམས་མཚན་མ་ནི། །དེ་རྣམས་ཇི་ལྟར་གསལ་བར་དབྱེ། །རྩ་ཆེན་སུམ་ཅུ་རྩ་གཉིས་ཏེ། །དེ་རྣམས་ཀྱི་ནི་གཙོ་བོ་མཆོག །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །དབྱངས་

རྣམས་བགྲོད་པའི་མཚན་ཉིད་དེ། །དཀར་པོ་ནག་པོའི་ཕྱོགས་ཀྱིས་ནི། །ཉི་ཤུ་རྩ་བཞི་རུ་ནི་བརྗོད། །དེར་ནི་སྙིང་པོ་དགུ་པོ་མཆོག །ལུས་ཀྱི་མཚན་མའི་མཚན་ཉིད་དོ། །གང་གིས་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལྟ་བུར་གནས་སོ། །དབུགས་
ནི་རྣམ་པར་སྤྲོས་ཙམ་གྱིས། །ལུས་ཅན་འཕོ་བ་དྲུག་གཉིས་ན། །སྔ་དྲོ་རོ་ཧི་ཏ་ཡི་ཆར། །དེ་ཡི་རྟགས་ནི་མཚོན་པར་བྱ། །སྣ་དང་མིག་གི་ཕྱོགས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩར། །ལྕེ་དང་མཆེ་བའི་མཚམས་དང་ནི། །མགྲིན་པ་རྩིབ་ལོགས་དེ་བཞིན་དུ། །སྙིང་
གི་གུར་དང་ལྟེ་བ་དང་། །བརླ་དང་བྱིན་པ་དེ་བཞིན་གཞན། །མདོམས་དང་ལིང་ག་དག་དེ་བཞིན། །མགོ་བོ་དང་ནི་སྤྱི་བོའི་ཕྱོགས། །མཚམས་ནི་དེ་རྣམས་ཐམས་ཅད་དུ། །དབུགས་ནི་འཆད་ཅིང་འཆད་པའོ། །ལུས་ཀྱི་མཚན་མ་དགུ་རྣམས་ཏེ། །འཆི་བའི་དུས་ནི་
བསྟན་པ་ཡིན། །ཉི་མའི་ཚད་ཀྱི་གྲངས་རྣམས་ནི། །འཁོར་ལོ་དུས་བདག་ཉིད་ཅན་དགའ། །གང་ཚེ་ཉི་མ་དྲུག་རྣམས་ཞོན། །གཅིག་བརྗོད་པ་ནི་བརྒྱན་པ་ཡིན། །དེར་ནི་ལོ་གསུམ་འགྱུར་ཅན་ཏེ། །སུམ་བརྒྱ་དྲུག་ཅུ་རྣམས་དེ་བཞིན། །ཆ་ཤས་དེ་ལྟར་གྱི་ནི་ཚད། །མདོར་
བསྡུས་པ་ཡིས་བཤད་པར་བྱ། །ཉི་མ་བདུན་ནི་ཡོངས་ཐོབ་ནས། །གང་ཚེ་རླུང་ནི་འབབ་པ་ན། །ལོ་གཉིས་ཡང་དག་བརྗོད་པ་དང་། །དུས་ཀྱི་གྲངས་ཅན་ཟླ་བ་དང་། །ཉི་མ་རྣམས་ནི་བཅྭ་བརྒྱད་ཀྱི། །གང་ཞིག་ཚད་དུ་ཡང་དག་བརྗོད། །ཞག་བརྒྱད་རྣམས་སུ་ཡོངས་གཏོང་
པས། །རླུང་ནི་གང་ཚེ་འབབ་པ་ན། །ལོ་གཉིས་སུ་ནི་ཡོངས་བཤད་པར། །དེ་ཡི་འཚོ་བ་ཡི་ནི་གྲངས། །ངེས་པར་དེ་ཚེ་འཆི་བ་ནི། །དེ་ཡི་ཟླ་བ་རིག་བྱེད་གྲངས། །ཉི་མ་ཉི་ཤུ་རྩ་བཞིར་བཤད། །འཚོ་བ་ཡི་ནི་དུས་གྲངས་སོ། །ལྷ་མོ་ཉི་མ་དགུར་འབབ་ན། །ལོ་གཉིས་སུ་ནི་
དེ་འཚོ་སྟེ། །ཟླ་གཉིས་ཉི་མ་ཉི་མ་ཡི། །ཚད་ནི་སྦྱོར་བའི་ལུས་ཅན་ནོ། །ལྷ་མོ་ཉི་མ་བཅུ་རྣམས་ཀྱིས། །ལོ་གཉིས་སུ་ནི་དེ་འཚོའོ། །ཉི་མ་བཅུ་གཅིག་དེ་བཞིན་དུ། །གང་ཚེ་རྩ་ནི་རབ་འཇུག་ན། །ལོ་གཅིག་གི་ནི་ལམ་བཅས་པས། །ཟླ་བ་ཡང་ནི་དགུའི་གྲངས་ཀྱིས། །ཉི་མ་བཅྭ་

བརྒྱད་རབ་ཏུ་བཤད། །ཐེ་ཚོམ་མེད་པར་བཤད་པའོ། །ཞག་ནི་བཅུ་གཉིས་རབ་འབབ་པས། །ལོ་གཅིག་ཏུ་ནི་རབ་ཏུ་གྲགས། །ཟླ་བ་ཡང་ནི་ལོའི་གྲངས་ཅན། །ཉི་མ་རྣམས་ནི་དུས་ཀྱིས་མཛེས། །བཅུ་གསུམ་དུ་ནི་གང་ཚེ་རྩ། །གཡས་སུ་བགྲོད་པ་འབབ་པ་ན། །ལོར་
ནི་ཡང་དག་བཤད་པ་སྟེ། །ཟླ་བ་ཡང་ནི་རིག་བྱེད་གྲངས། །ཉི་མ་རྣམས་ནི་དགུའི་གྲངས་ན། །འཆི་བའི་མཚན་ཉིད་བཤད་པའོ། །ལྷ་མོ་གང་ཚེ་བདུན་གཉིས་སུ། །རྟག་ཏུ་རླུང་ནི་འབབ་པ་ན། །ལོ་ནི་ཚེ་རུ་ཡང་དག་བཤད། །ཟླ་བའི་ཚེར་ནི་ཡང་དག་གྲགས། །ཉི་མ་རྣམས་ནི་
བཅུ་གཉིས་ཏེ། །དེ་ཡི་འཚོ་བའི་ཚད་ཡིན་ནོ། །གང་ཚེ་ལྔ་བཅུ་ཉི་མར་ནི། །རླུང་ནི་དེ་བཞིན་འབབ་པ་ན། །དེ་ཚེ་འཆི་བར་ཤེས་བྱ་བ། །ལོ་གཅིག་ན་ནི་ཐེ་ཚོམ་མེད། །ཉི་མ་མཆོག་ནི་ཕན་པ་ཡི། །གང་ཚེ་བརྒྱད་གཉིས་སུ་འབབ་ན། །འཚོ་བ་ཟླ་བ་བཅུ་དང་ནི། །ཉི་མ་རྣམས་ནི་མཆོག་
གྲངས་ཀྱི། །ཉི་ཤུ་རྩ་བཞིའི་ཉི་རྣམས་ཀྱི། །ཚད་དུ་བདག་གིས་བཤད་པའོ། །ཉི་མ་རྣམས་ནི་བཅུ་བདུན་དུ། །ངེས་པར་གང་ཚེ་རླུང་འབབ་ན། །དེ་ཚེ་དེ་ཡི་ཚད་ཀྱིས་ནི། །ཟླ་བ་རྣམས་ནི་དགུ་དང་ནི། །ཉི་མ་བཅྭ་བརྒྱད་ན་དེ་བཞིན། །འཆི་བའི་དུས་ལ་ཐེ་ཚོམ་མེད། །ཉི་མ་བཅྭ་
བརྒྱད་རྒྱུ་བ་ཡིས། །ཟླ་བ་ཡང་ནི་བརྒྱད་ན་ཡང་། །ཉི་མ་རྣམས་ཀྱང་ཉི་མའི་གྲངས། །དུས་ཀྱི་གྲངས་ནི་བཤད་པའོ། །གང་ཚེ་གཅིག་དམན་ཉི་ཤུར་ནི། །དྲི་ལ་ཞོན་པ་སྤྱོད་པ་ན། །ཉི་མ་ཡང་དག་བཤད་བྱ་བ། །འཚོ་བ་ཟླ་བ་བདུན་དང་ནི། །ཉི་མ་རྣམས་ནི་དུས་གྲངས་བཤད། །
དུས་འདི་རྣམས་ཀྱིས་མཆོག་གདོང་ཅན། །གང་ཚེ་ཉི་ཤུ་རུ་ནི་སྤྱོད། །ཟླ་བ་དྲུག་ན་ཚེ་དང་འབྲལ། །ཉི་མ་ཉི་ཤུ་གཅིག་རྣམས་སུ། །གང་ཚེ་ཉི་མ་རབ་འབབ་ན། །ཟླ་བ་ལྔ་རུ་ཡོངས་འཚོ་སྟེ། །ཉི་མ་རྣམས་ནི་ཉི་མའི་གྲངས། །ཉི་ཤུ་རྩ་གཉིས་གང་ཚེ་འབབ། །ཟླ་བའི་རིག་བྱེད་
ན་ཚེ་འགྲོ། །ཉི་མ་རྣམས་ནི་ཉི་ཤུ་བཞི། །ཟླ་བ་རིག་བྱེད་དུ་བཤད་དོ། །ལྷ་མོ་གང་ཚེ་ཉི་ཤུ་གསུམ། །རླུང་ནི་རྒྱུན་དུ་འབབ་པ་ནི། །དེ་ནི་ཟླ་བ་བཞིར་འཚོ་སྟེ། །ཉི་མ་དུས་རྣམས་སུ་དྲན་བྱ། །ཉི་ཤུ་རྩ་བཞིར་རབ་འབབ་པས། །ཟླ་བ་གསུམ་དུ་བཤད་པ་སྟེ། །ཉིན་བཅུ་གཅིག་

ན་དེ་བཞིན་དུ། །འཆི་བའི་དུས་སུ་རྣམ་པར་བརྗོད། །དུས་ཀྱི་གྲངས་ནི་མདོར་བསྡུས་ནས། །གོང་དུ་སྔོན་དུ་བཤད་དེའི་ཕྱིར། །བར་གྱི་ཉི་མ་མ་བཤད་གང་། །བཅུ་གཉིས་ཉིད་ཀྱི་གྲངས་ཀྱིས་ནི། །ཆ་ཡི་རིམ་པས་དེ་སྦྱངས་ནས། །བར་ནི་གསལ་བར་བྱེད་
པ་ཡིན། །བློ་དམན་རྣམས་ཀྱིས་རྟོགས་དོན་དུ། །དུས་འདི་རྣམས་ནི་རབ་ཏུ་བསྟན། །རྣལ་འབྱོར་མ་རྣམས་ཤིན་ཕྲ་མོའི། །མཐུན་མ་དུས་ནི་བདག་གིས་བཤད། །ལྷ་མོ་དེ་རྣམས་ཀྱིས་ཡིད་ཆེས། །ཁམས་ནི་མཉམ་པ་ཅན་དུ་འགྲོ། །སྣ་ཡི་ཤ་ནི་རྣམ་ཆད་ཅིང་། །སྟེང་
བལྟས་མ་ནི་དེ་བཞིན་འབབ། །དེ་ཡི་འཚོ་བར་ཤེས་བྱ་བ། །ཉི་མ་བདུན་ན་ཐེ་ཚོམ་མེད། །མིག་གིས་གོས་ནི་ཡང་དག་ཆད། །གྱེན་ཁ་བལྟས་མ་མཆོག་དེ་བཞིན། །ཆ་ཤས་དགུ་ལ་ཡང་དག་ཞོན། །ལྔས་ལྷག་པ་ན་འཆད་དེ་བཞིན། །གོ་དཱ་བ་རྱ་མཁུར་བ་ཡི། །ངོས་སུ་སྟེང་
དུ་འགྲོ་བ་མོ། །ཉི་མ་བཅུ་རུ་ཤེས་བྱ་སྟེ། །ནུབ་གཅིག་གིས་ལྷག་དེ་བཞིན་ནོ། །རྣ་བ་གཡས་ལ་ཡོངས་བརྟེན་ནས། །བཟང་མོ་སྟེང་དུ་ཡང་དག་བརྟེན། །བཅུ་གཅིག་ཆ་ཤས་ལ་ཞོན་ཏེ། །འཆད་པ་བཅྭ་བརྒྱད་ན་དེ་བཞིན། །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །ལྕེ་ལ་རི་མོ་ནག་པོ་
ཅན། །ལུས་ཅན་ཀུན་གྱི་འཆི་བ་ནི། །ནམ་ཟླའི་མཚན་མོས་ཤེས་པར་བྱ། །བཅུ་གསུམ་སོ་ཡི་བར་དུ་ནི། །གདོང་ནག་མོ་ནི་རེག་དེ་བཞིན། །ནམ་ཟླའི་གྲངས་ཀྱི་ཉི་རྣམས་ཀྱིས། །འབྱུང་པོ་རྣམས་ཀྱི་བགྲོད་པ་ཡིན། །རྒྱུན་དུ་མཆི་མ་འབབ་གང་རྩ། །སྟེང་བལྟས་མར་ནི་རབ་ཏུ་
གྲགས། །བཅུ་བཞི་པ་ཡི་དབྱངས་ལ་ཞོན། །བཅུ་ཕྱེད་ཀྱིས་ནི་ཐེ་ཚོམ་མེད། །སྙིང་གའི་གཟེབ་ནི་ཞོམ་པ་དང་། །སྟེང་དུ་ལྟ་མ་དེ་མཆོག་མ། །གསུམ་དང་ལྔ་རུ་མཛེས་ལྷ་མོ། །ཟླ་བ་ཕྱེད་དུ་ཐེ་ཚོམ་མེད། །ལྟེ་བའི་དབུས་སུ་སོན་ལྷ་མོ། །བཅུ་དྲུག་ཆ་བདག་ཅན་ཡོངས་རྫོགས། །
སེན་མོའི་ཁྲག་མེད་དེ་བཞིན་ཞག །ཉིན་རྣམས་བཅུ་རུ་ཐེ་ཚོམ་ཟ། །བཅུ་བདུན་པ་ཡི་རྩ་ཡང་ནི། །བརླ་ཡི་སྟེང་དུ་སྐམས་པ་ནི། །ཉི་ཤུ་རྩ་བཞིར་ཡང་དག་གྲགས། །ཉིན་གཞན་ཉིན་ལ་ཐེ་ཚོམ་མེད། །བྱིན་པ་ཟུང་གི་གང་ཞིག་རྩ། །སྟེང་དུ་བལྟས་མ་དེ་བཞིན་མཆོག །བཅྭ་བརྒྱད་

པ་རུ་ཤེས་བྱ་སྟེ། །ཉི་མ་རྣམས་ཀྱང་ཉི་གྲངས་ཀྱིས། །གཅིག་གིས་དམན་པའི་ཉི་ཤུ་འདོམས། །འཆི་བའོ་སྟེང་དུ་ཁ་བལྟས་མཆོག །མཉམ་པས་འཆད་པར་འགྱུར་བ་ལ། །འདི་ཡིས་འཚོ་བར་ཐེ་ཚོམ་མེད། །མཚན་མར་རོལ་ལྡན་མར་གྲགས་མ། །སྟེང་བགྲོད་མཆོག་
གི་དབང་ཕྱུག་མ། །བཅུ་གཉིས་སུ་ནི་ཡང་དག་གྲགས། །ཉིན་རྣམས་དུས་ཚོད་ཐེ་ཚོམ་ཟ། །བར་གྱི་ཉི་མ་གང་བཤད་པ། །བཅུ་གཉིས་ཉིད་ལ་ཐེ་ཚོམ་མེད། །ལོ་ཡི་རིམ་པས་དེ་སྦྱངས་ནས། །བདུན་ཅུ་རྩ་གཉིས་རིམ་པ་ཡིས། །དྲུག་དང་སུམ་ཅུ་བཅྭ་བརྒྱད་བཅུ། །འདི་
ནི་ཟླ་བས་རིམ་ཇི་ལྟར། །ཤེས་བྱ་དེ་ལྟར་ལྷ་ཆེན་མོ། །རིམ་གྱིས་རིམ་གྱིས་དབྱེ་བའོ། །ལྷག་མ་ཉིད་ནི་བསྡུས་འགྱུར་བར། །འཚོ་བ་ཡིར་ནི་ཤེས་པར་བྱ། །ཡང་དག་ཆོ་ག་འདི་རྣམས་ཀྱིས། །རྡོ་རྗེ་འོད་ནི་བསྒོམ་པར་བྱ། །རབ་ཏུ་སྦྱོར་བས་སྲོག་བཀང་པས། །སངས་རྒྱས་
ལུས་ལ་འཆི་ཅི་སྨོས། །རབ་ཏུ་སྦྱོར་བ་འདི་བརྟེན་ནས། །མདོར་བསྡུས་པ་ཡིས་འཆད་པར་འགྱུར། །རྡོ་རྗེའི་ལམ་ནས་སོན་པའི་སྲོག །སྣལ་མ་བཅུ་གཉིས་མཐའ་བར་དུའོ། །སངས་རྒྱས་རྗེས་སུ་དྲན་སྦྱོར་བས། །འདོད་པ་ལྔ་ཅན་ལ་ཟ་འགྱུར། །གསང་སྔགས་ཆེན་པོའི་འོད་
ལ་ནི། །གནས་ནས་ཀུན་དུ་བགྲོད་པར་བྱ། །སྒྱུ་མའི་བདག་ཉིད་འཆི་མེད་འགྱུར། །རྣམ་པ་དྲི་ཟའི་རིས་ཅན་ནོ། །རྩྭ་ཡིས་ཀུན་ནས་འགེངས་བཞིན་པ། །དངོས་པོ་ཀུན་ལ་གནས་པ་ཡིན། །སྐྱེ་བོ་ཀུན་གྱི་ཁམས་རྣམས་ནི། །ཡེ་ཤེས་རྣམ་པར་འཐོབ་པར་བྱེད། །ཆོས་བདག་
མེད་པ་འཛག་པར་འགྱུར། །གང་ཟག་རྣམས་ལ་དགོད་པར་འགྱུར། །གཉིས་ཀ་སྒྱུ་མ་ཆེན་མོ་སྟེ། །སྙིང་རྗེའི་དབང་གིས་བཞུགས་པ་ཡིན། །མཐར་ཐུག་པ་ཡི་སྦྱོར་བས་སེམས། །མཚམས་རྣམས་ཀུན་དུ་འཆི་བ་ཡིན། །འཆི་བ་ཆེན་པོ་སངས་རྒྱས་གཟུགས། །རྣལ་འབྱོར་
རྣམས་ལ་བདེ་སྟེར་བྱེད། །དཀྱིལ་འཁོར་ཐམས་ཅད་གཟུང་བ་ཡི། །ཐམས་ཅད་བདེ་བའི་བདག་ཉིད་འགྱུར། །འཁོར་ལོའི་རིམ་པའི་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང་། །རྡོ་རྗེ་འོད་ནི་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀྱི་གཟུགས་མཚུངས་མ། །ལྷ་ནི་མངོན་

རྟོགས་གཟུགས་ཅན་ཏེ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །སྲོག་ཀུན་ཡང་དག་སྦྱོར་བ་ལས། །མཆོག་ཏུ་ཟག་མེད་བཞུགས་ལྡན་པ། །དེ་བཞིན་གཤེགས་པ་དུས་འཁོར་གྲགས། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་འོད་ཀྱི་
ཆོ་ག་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་སོགས། །བྱང་སེམས་དེ་བཞིན་གཤེགས་རྣམས་ཀྱིས། །མཆོད་པ་བྱས་ཤིང་ཕྱག་བྱས་ནས། །འདི་སྐད་དུ་ནི་གསོལ་བའོ། །གཙོ་བོ་ལྷ་རྣམས་སྒྲུབ་ཐབས་དང་། །དེ་རྣམས་རང་སྔགས་བདག་ལ་
གསུངས། །གང་གིས་ཐམས་ཅད་དབང་གྱུར་པ། །གང་གིས་རབ་སྦྱོར་ཉིད་ཀྱིས་ལགས། །ལྷ་ལ་སོགས་པའི་སྒྲུབ་པའི་ཐབས། །རྡོ་རྗེ་སྐུ་ཡི་རྒྱལ་པོ་ཉོན། །གང་གིས་ཡང་དག་ཆོ་ག་ཡིས། །མྱུར་དུ་དངོས་གྲུབ་རབ་ཏུ་འཇུག །དཀྱིལ་འཁོར་བྲི་བ་བྱས་ནས་ནི། །སྐུ་
བསྒོམ་བྱ་བ་འདིར་བཤད་དེ། །དེ་ལ་མ་མོ་ལྷ་རྣམས་དང་། །ཕོ་ཉ་འབྱུང་པོ་གཟའ་དེ་བཞིན། །ལུས་སྲུལ་པོ་ནི་ཆེན་པོ་དང་། །རིག་པའི་གསང་སྔགས་འདིར་བརྗོད་བྱ། །དབུས་མ་ཡི་ནི་ནང་གནས་པ། །སྲིད་པ་དག་པས་བསྒྲུབས་པ་ཡིན། །དུས་ཐམས་ཅད་དུ་བསྐྱེད་
པ་ནི། །དཀྱིལ་འཁོར་དུ་ནི་རབ་འབབ་ཅན། །མ་མོ་དབང་ཆེན་བསྒྲུབ་བྱ་དང་། །ལྷ་ནི་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་པོ་མེ་ལ་བསྒྲུབ་བྱ་བ། །གཟའ་ནི་རླུང་གི་དཀྱིལ་འཁོར་ལ། །ལུས་སྲུལ་པོ་ནི་ནམ་མཁའ་སྟེ། །རྡོ་རྗེའི་སྐུ་ཡི་རབ་སྦྱོར་བར། །ཡེ་ཤེས་དཀྱིལ་འཁོར་ཆ་
ཡིས་ནི། །ཨ་བ་དྷཱུ་ཏཱིར་འབབ་པ་ཡིན། །དཀྱིལ་འཁོར་ལྔ་རྣམས་ཀྱི་ཐ་མ། །དེ་ཡི་དུས་སུ་ཤེས་པར་བྱ། །དེ་བལྟས་ནས་ནི་ཕྱི་རོལ་དུ། །རས་བྲིས་ལ་སོགས་དཀྱིལ་འཁོར་དགོད། །ནག་པའི་བརྒྱད་དང་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ། །འབུམ་
ཕྲག་བཟླས་པས་དེ་ནས་ནི། །སྟེར་འགྱུར་མདུན་དུ་མངོན་སུམ་དུའོ། །ཚངས་མ་ཞི་བ་མོ་དེ་བཞིན། །གཞོན་ནུ་མ་དང་ཕག་མོ་དང་། །དབང་མོ་ཉིད་དང་ཙ་མུཎྜི། །ཚོགས་ཀྱི་དབང་མོ་མེ་གདན་མོ། །གཉིས་པའི་དུམ་བུར་དབང་པོ་དང་། །གཤིན་རྗེ་ཆུ་ལྷ་ལུས་ངན་དང་། །

ཡི་དགས་དབང་དང་མི་སྟན་ཅན། །བདེན་བྲལ་དང་ནི་རླུང་དེ་བཞིན། །དུམ་བུ་གསུམ་པར་དགོད་བྱ་བ། །ཉི་མ་ཟླ་བ་མིག་དམར་དང་། །གཟའ་ལག་ཕུར་བུ་པ་སངས་དང་། །སྤེན་པ་དང་ནི་རཱ་ཧུའོ། །བཞི་པར་ཚངས་ཁྱབ་འཇུག་དེ་བཞིན། །དྲག་པོ་གཞོན་ནུ་ངེས་པར་བསྐོར། །ས་
དང་ཆུ་དང་མེ་དང་རླུང་། །འབྱུང་བ་ཆེན་པོའི་ཁམས་རྣམས་དང་། །མཁའ་འགྲོ་མར་མེ་འཇིབ་མ་དང་། །ཀམ་པོ་ཛཱི་ཁྱབ་བདག་དེ་བཞིན། །འབྱུང་པོ་འབྱུང་པོའི་གཟུགས་ཀྱིས་ནི། །རྟག་ཏུ་ཆོ་ག་བཞིན་བསྒྲུབ་བྱ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཀུན་ནས་ཕྱི་ཡི་དཀྱིལ་
འཁོར་བྲི། །རི་མོ་སུམ་སྐོར་དབུས་བྱིན་པས། །བརྟུལ་ཞུགས་ཅན་གྱིས་མཛེས་པར་བྱ། །པདྨ་འདབ་བརྒྱད་བྲི་བར་བྱ། །ལྟེ་བ་ཟབ་པའི་སྤྱོད་ཡུལ་ཅན། །དེ་ཡི་དབུས་སུ་རྡོ་རྗེའི་སྐུ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །བཞད་པའི་
ཞལ་ལ་ཁྲོ་དང་བཅས། །ཁ་དོག་སྔོན་པོ་དྲག་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཉི་མར་གར་མཛད་རོ་ལ་བཞུགས། །སུམ་ཅུ་པ་རྣམས་འཇིགས་པར་མཛད། །སྟག་གི་པགས་པའི་ན་བཟའ་འཛིན། །བཟང་པོའི་གཟུགས་ཅན་སྤྱན་གསུམ་པ། །ཐོད་པ་དང་ནི་
ཁ་ཊྭཱཾ་འཛིན། །ཅང་ཏེའུ་གྲི་གུག་གིས་ནི་བརྒྱན། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་དུ་རིམ་པ་ཇི་ལྟ་བས། །མཁའ་འགྲོ་ཀམ་པོ་ཛཱི་ཉིད་མ། །འཇིབ་མ་དང་ནི་མར་མེ་མའོ། །དེ་ལྟར་རྡོ་རྗེ་སྐུ་ཡི་དོན། །མདོར་བསྡུས་པ་ཡིས་བརྗོད་པར་བྱ། །ལྟེ་བར་རྡོ་རྗེའི་རྣམ་པར་འགྱུར། །
ཕོ་ཉ་རྐང་པ་དྲུག་བགྲོད་མའི། །སྙིང་ག་གསང་བ་མགྲིན་པ་རུ། །དེ་ཉིད་རྣམ་པར་སླར་དགོད་བྱ། །དེ་ནས་སྲོག་ནི་འཛིན་བཞིན་པས། །བསམ་གཏན་སེམས་ཏེ་གཞན་གྱིས་མིན། །ལྷ་རྫས་འོད་ཟེར་བསྐྱེད་པར་འགྱུར། །དཀྱིལ་འཁོར་པ་རྣམས་རང་ལུས་སྐྱེས། །ལས་དང་པོ་ཡི་
སྦྱོར་བ་ཡིས། །ཕྱོགས་བཅུར་རྣམ་པར་སྤྲོ་བར་འགྱུར། །ཧྲཱིཿཡིག་ལས་བྱུང་བའི་ལྷ་མོ། །ཕག་མོ་ཕྱག་ནི་བཞི་མ་སྟེ། །གཞུ་དང་མདའ་ཉིད་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །ཁ་དོག་སྔོན་མོ་དྲག་ཆེན་མོ། །ཕག་གི་གདོང་ཅན་འཇིགས་རུང་མའོ། །ཕེཾ་ཡིག་གིས་

བྲིས་ཞི་བ་མོ། །ཁ་དོག་དམར་མོ་འོད་ཆེན་མོ། །ཐོད་པ་དང་ནི་ལྕགས་ཀྱུ་ཉིད། །ཁ་ཊྭཱཾ་ཌ་མ་རུ་དེ་བཞིན། །ཧྲཱིཿཡི་ཡི་གེས་གཞོན་ནུ་མ། །ཁ་དོག་སེར་མོ་ཕྱག་བཞི་མ། །རྩེ་གསུམ་པ་དང་བ་དན་གསུམ། །གཞུ་དང་མདའ་ཉིད་དེ་བཞིན་ནོ། །ཧོཿཡི་ཡི་གེ་ས་ཙ་མུཎྜི། །
ཁ་དོག་ནག་མོ་ཕྱག་བཞི་མ། །ཁ་ཊྭཱཾ་ག་ཉིད་ཐོད་པ་དང་། །ཅང་ཏེའུ་ཆང་སྣོད་དེ་བཞིན་ནོ། །ཨོཾ་ཡིག་ལས་ནི་ཚངས་པ་མོ། །ཁ་དོག་དཀར་མོ་ཕྱག་བཞི་མ། །པདྨ་ཉིད་དང་ཐོད་པ་དང་། །གཞུ་དང་མདའ་ནི་དེ་བཞིན་མཆོག །གཾ་ཡིག་ལས་ནི་ཚོགས་དབང་མོ། །ཁ་དོག་ལྗང་གུ་
ཕྱག་བཞི་མ། །རྩེ་གསུམ་པོ་དང་ཐོད་པ་དང་། །བགྲང་ཕྲེང་དང་ནི་ལ་དུའོ། །བི་ཡིག་ལས་ནི་ཁྱབ་འཇུག་མ། །ཁ་དོག་སྔོན་མོ་ཕྱག་བཞི་མ། །འཁོར་ལོ་དང་ནི་ཐོད་པ་དང་། །ཞགས་པ་རལ་གྲི་དེ་བཞིན་མཆོག །ཨཱི་ཡིག་ལས་བྱུང་བ་དབང་མོ། །ཁ་དོག་སེར་མོ་ཕྱག་
བཞི་མ། །རྡོ་རྗེ་མདུང་ཐུང་ཐོད་པ་དང་། །སྡིགས་མཛུབ་བཅས་ཞགས་དེ་བཞིན་ནོ། །ཐམས་ཅད་འབར་བཞིན་གྱེན་བརྫེས་སྐྲ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རོ་ལ་ཞོན་མ་སྤྱན་གསུམ་མ། །རྐེད་པར་སྟག་གི་པགས་པ་དཀྲིས། །ཤར་སྒོར་ཚངས་པ་བྲི་
བྱ་བ། །ཁ་དོག་དཀར་པོ་ཕྱག་བཞི་པ། །ཐོད་པ་དང་ནི་བགྲང་ཕྲེང་དང་། །སྤྱི་བླུགས་པདྨ་དེ་བཞིན་ནོ། །བྱང་དུ་དེ་བཞིན་ཁྱབ་འཇུག་ནི། །ཁ་དོག་ནག་པོ་ཕྱག་བཞི་པ། །རལ་གྲི་དེ་བཞིན་འཁོར་ལོ་དང་། །ཐོད་པ་དབྱུག་པ་དེ་བཞིན་ནོ། །ལྷོ་རུ་དྲག་པོ་བྲི་བྱ་སྟེ། །དུ་བའི་མདོག་
ཅན་ཕྱག་བཞི་པ། །རྩེ་གསུམ་ཐོད་པ་དེ་བཞིན་དུ། །ཞགས་པ་ཕྲེང་བ་འཛིན་དེ་བཞིན། །ནུབ་ཏུ་གཞོན་ནུ་བྲི་བར་བྱ། །ཁ་དོག་སེར་པོ་ཕྱག་བཞི་པ། །དཔའ་བོ་མདུང་ཐུང་དབྱུག་པ་འཛིན། །ཐོད་པ་བགྲང་ཕྲེང་འཛིན་དེ་བཞིན། །དབང་ལྡན་ཁྱུ་མཆོག་ལ་ཞོན་པ། །ཁ་དོག་
དཀར་པོ་ཕྱག་བཞི་སྟེ། །ཐོད་པ་དང་ནི་རྩེ་གསུམ་འཛིན། །ཕྱག་གཞན་ཐལ་མོ་སྦྱར་བའོ། །དབང་པོ་གླང་པོ་ལ་ཞོན་པ། །ཁ་དོག་སེར་པོ་ཕྱག་བཞི་སྟེ། །རྡོ་རྗེ་དང་ནི་ཐོད་པ་དང་། །ཐལ་མོ་སྦྱར་བ་བྱས་པ་མཆོག །མེ་རུ་ལུག་ལ་ཞོན་པ་ནི། །ཁ་དོག་དམར་པོ་ཕྱག་བཞི་

པ། །མེ་ཡི་ཐབ་དང་ཐོད་པ་དང་། །སྐྲག་ནས་དེ་བཞིན་ལག་ཐལ་སྦྱར། །གཤིན་རྗེར་མ་ཧེ་ལ་ཞོན་པ། །ཁ་དོག་ནག་པོ་ཕྱག་བཞི་པ། །དབྱུག་པ་དེ་བཞིན་ཐོད་པ་དང་། །ཀུན་དུ་སྐྲག་ནས་ཐལ་སྦྱར་འཛིན། །བདེན་བྲལ་མི་ལ་ཞོན་པ་སྟེ། །ཁ་དོག་སྔོ་སྐྱ་ཕྱག་བཞི་པ། །རལ་
གྲི་དང་ནི་ཐོད་པ་འཛིན། །ཀུན་ནས་སྐྲག་པས་ཐལ་སྦྱར་མཆོག །ཆུ་ལྷར་ཆུ་སྲིན་ལ་ཞོན་པ། །ཁ་དོག་དཀར་པོ་ཕྱག་བཞི་སྟེ། །ཞགས་པ་དེ་བཞིན་ཐོད་པ་དང་། །ཐལ་མོ་སྦྱར་བ་དེ་བཞིན་གཞན། །རླུང་ལྷ་རི་དགས་ལ་ཞོན་པ། །དུ་བའི་མདོག་ཅན་ཕྱག་བཞི་སྟེ། །བ་དན་དང་
ནི་ཐོད་པ་དང་། །དེ་བཞིན་ཐལ་སྦྱར་འཛིན་པ་མཆོག །ལུས་ངན་དུ་ནི་གཏེར་ལ་ཞོན། །ཁ་དོག་སེར་པོ་ཕྱག་བཞི་པ། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་སྦྱར་བྱས་པའོ་དེ་བཞིན་གཞན། །ཐམས་ཅད་རྒྱུ་སྐར་དང་ནི་གཟའ། །རང་དཀྱིལ་འཁོར་ལ་གནས་པ་བསྒོམ། །རང་
གི་དམ་ཚིག་ལས་བྱུང་བ། །དེ་རྣམས་རྫུ་འཕྲུལ་ལྡན་སྟོབས་ཆེ། །མ་མོ་རྣམས་དང་ཀུན་གྱི་མ། །འབྱུང་པོ་རིག་མ་དེ་བཞིན་གཞན། །དེ་ལྟའི་ཆོ་གའི་བྱ་བ་ཡིས། །དེ་ཕྱིར་རེ་རེ་བསྒོམ་པར་བྱ། །དུར་ཁྲོད་ལ་སོགས་གནས་རྣམས་སུ། །སྣ་ཚོགས་དམ་ཚིག་ཟ་རྣམས་ཀྱིས། །
རྣལ་འབྱོར་ལོངས་སྤྱོད་རྟག་དགའ་ལ། །ཕོ་ཉའི་ལས་ནི་ཡང་དག་བརྩམ། །ཟླ་བ་རྡོ་རྗེའི་གོ་ཆ་ཡིས། །རྡོ་རྗེ་སེམས་དཔའ་འབྱུང་བཞིན་ནོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །དེ་ཐམས་ཅད་ནི་བྲན་བཞིན་བྱེད། །གནས་སོགས་ཉི་ཤུ་རྩ་བཞི་རུ། །དེ་ཕྱིར་རིམ་པས་མཆོད་
པར་བྱ། །དེ་ནས་དྲི་སོགས་དབུལ་བྱ་ཞིང་། །སྔགས་ཀྱི་བཟླས་པ་ཡང་བྱ་སྟེ། །རང་མིང་བརྗོད་པའི་གསང་སྔགས་ལ། །ཨོཾ་ཧཱུྃ་ཕཊ་སོགས་ནང་བཅུག་པའོ། །དབུས་སུ་བཅོམ་ལྡན་འདས་བརྗེས་ནས། །དེར་ནི་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་གཞན་བརྗེས་པའི་ནང་
དུ། །བཅོམ་ལྡན་གཞན་གྱི་གཟུགས་ཅན་ཏེ། །བ་དན་གསུམ་པ་འབར་བ་དང་། །རྡོ་རྗེ་ཐོད་པ་རྡུལ་ཅན་མཆོག །གཞུ་དང་མདའ་ནི་འཛིན་པ་ཉིད། །གཡས་དང་གཡོན་པའི་ཕྱག་གིས་འཕྱར། །ལྷག་མ་སྔོན་གྱི་གཟུགས་ཅན་ཏེ། །ལུས་དང་ཞལ་སོགས་སྔོན་གྱི་དོན། །

ངེས་པར་དབུས་མའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཐམས་ཅད་ལུས་ཀྱི་རང་བཞིན་ཅན། །གཟུགས་ཐམས་ཅད་ཀྱི་ནང་བཞུགས་པ། །བཅོམ་ལྡན་གཟུགས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་
ནི་རྡོ་རྗེ་སྐུའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།དེ་ནས་འདིར་ནི་བདེ་རྒྱལ་པོ། །རྣལ་འབྱོར་མ་ཡིས་སད་མཛད་ནས། །ངག་འདི་ཡིས་ནི་འདྲི་བར་མཛད། །བློ་གྲོས་ཆེན་པོ་དུས་ཅི་ལགས། །ཀྱེ་རྣལ་འབྱོར་མ་རྣམས་ཁྱེད་ཉིད་དུས། །མྱུ་གུ་ཅན་གྱིས་སྐྱེས་
པའོ། །སྣ་ཚོགས་ས་བོན་སེམས་ཆེན་པོ། །མྱུ་གུ་ཅན་གྱི་སྦྱོར་བས་བཤད། །གཟའ་དང་རྒྱུ་སྐར་ཚེས་གྲངས་ནི། །སེམས་ཀྱི་དུས་སུ་མངོན་པར་བརྗོད། །གཟུགས་མེད་གྲངས་ནི་དེ་ཡི་དུས། །རྣལ་འབྱོར་རྣམས་ཀྱི་བདེ་བའི་རྒྱུ། །འཇིག་རྟེན་གྱི་ནི་དུས་ཙམ་དུ། །ཐུབ་པ་སྐྱེས་མཆོག་
རྣམས་ཀྱིས་གསུངས། །དེ་ཚེ་མྱུ་གུ་ཅན་བསྒོམ་པ། །ས་བོན་ས་བོན་གྱི་མཚན་ཉིད། །མྱུ་གུ་སེམས་ཀྱི་གཟུགས་ཅན་ཏེ། །སེམས་ལས་བྱུང་བ་མྱུ་གུ་ཅན། །རྒྱུ་སྐར་རཱ་སི་གཟའ་སོགས་པས། །གང་ཞིག་ཏུ་ནི་མྱུ་གུ་སྐྱེས། །དེ་ཡིས་མྱུ་གུ་ཅན་ངེས་བྱ། །རང་བཞིན་རང་བཞིན་དུ་སྦྱང་
བྱ། །དགེ་བའམ་ནི་མི་དགེ་ཀུན། །ཚེས་གྲངས་རྒྱུ་སྐར་གཟའ་འཆར་བ། །དེ་རྣམས་ཐམས་ཅད་དུས་རྣམས་སུ། །ཐམས་ཅད་བདེ་བདག་ཉིད་སྐྱེས་སྒོམ། །རོ་ཀྲྀ་མ་ནི་རྙེད་བྱེད་པའོ། །མ་བྷ་མ་ནད་འཇོམས་པས་སྤོང་། །ཀུ་སྭ་ཨཱ་དུས་བྱེད་གཟུགས་སུ་སྟེ། །ཚེས་གྲངས་དེ་ནི་
ཡོངས་སུ་སྤང་། །མོ་བུ་མོ་བཟང་དང་བཀྲ་ཤིས་སོ། །ར་བུ་ཨཱ་འཇོམས་པར་བྱེད་པའོ། །བྷུ་བུ་བྷ་དུས་ཀྱི་གཟུགས་ཀྱིས་སོ། །བྷ་པཱུ་གུ་རྙེད་པ་བྱེད་པའོ། །མི་གུ་དྷ་ནོར་ལ་སོགས་པར་འཛད། །ཏྲ་གུ་ཨ་དུས་ཀྱི་གཟུགས་ཅན་ནོ། །བྲྀ་ཤུ་པཱུ་དགེ་བ་རྣམས་བྱེད་དོ། །བྷི་ཤུ་པཱུ་ནད་དང་
འཇོམས་པ་ཡིན། །བྷུ་བྷ་ཤུ་གཤིན་རྗེའི་མཆེ་ཅན་ནོ། །ཀཱུ་མ་ཀྲི་གྲགས་དང་བསོད་ནམས་འཐོབ། །བྱཱ་མ་ཨཱ་གདུང་བ་བྱེད་པའོ། །པཱུ་ར་མ་འཆི་བའི་དུས་ཅན་ནོ། །མེའི་གདན་ཅན་དུ་མི་ཀི་ར། །སླར་ཡང་གཤིན་རྗེར་རཎྜ་སྤང་། །སྲིན་པོར་བཅུ་ལྔ་པ་ཉིད་དང་། །ཁྱུ་མཆོག་ཆུ་

ལྷར་སྤང་བར་བྱ། །སེམས་གཡེངས་རབ་ཏུ་འཇོམས་ཉིད་དུ། །གཏེར་དུ་རྨི་ལམ་ཅན་དེ་བཞིན། །བཟང་པོ་མིག་གསུམ་པ་ཉིད་དུ། །འབྱུང་པོའི་ཉི་མ་ཤར་དེ་བཞིན། །ཟླ་བ་དང་ནི་ཉི་སོགས་ཚེས། །དེ་རྣམས་རེས་མོ་རབ་བཤད་བྱ། །བཟང་པོ་ཡུགས་ས་མོ་དེ་བཞིན། །
སེམས་གཡེངས་འབྱུང་པོའི་ཉི་མར་གནས། །སྐྱེ་བོ་ཀུན་གྱི་ཉི་མ་ཡི། །ཆ་ཡི་རྒྱུ་བར་ཤེས་པར་བྱ། །ཁྱུ་མཆོག་མི་ཀི་ར་ཉིད་དང་། །རྨི་ལམ་བཅྭ་ལྔ་པ་དེ་བཞིན། །ཟླ་བའི་རྒྱུ་བར་ཡང་དག་གྲགས། །རིམ་པ་འདི་རྣམས་རྣམ་པར་བརྗོད། །ཉི་ལ་མེ་རུ་ཡང་དག་གནས། །སྟོང་ལ་
རླུང་གི་གནས་སུའོ། །དེ་ལྟར་དེ་དབུས་གནས་པ་ནི། །ཕྱོགས་སུ་གདུང་བྱེད་ཡང་དག་གནས། །ཟླ་བ་ཉི་ལས་བྱུང་རི་མོ། །མཉམ་པར་ལྟ་བས་མཉམ་པར་འགྲོ། །ཞི་དང་སྡིག་པ་བལྟས་པ་ཡིས། །ཤེས་རབ་ཅན་གྱིས་དེས་དེ་སྤངས། །མཆེ་བ་དང་ཕྲད་མ་བལྟས་པས། །
བདེན་པར་འཆི་བར་བྱེད་པ་ཡིན། །དུས་སྨྲ་བ་ནི་མདོར་བསྡུས་པ། །རཱ་ཧུའི་རྒྱུ་བར་གྲགས་པ་ཡིན། །དཀར་དང་ཅིག་ཤོས་ཆོ་ག་ཡིས། །བློ་གྲོས་མཐར་ཐུག་པས་ཤེས་འགྱུར། །རྒྱུ་སྐར་སོགས་དང་མི་མཐུན་པར། །རྨོངས་པ་གང་ཞིག་སྨྲ་བར་བྱེད། །སྐྱེ་བོ་རང་གིས་
བྱས་པ་ཡིས། །ལས་འདི་ཤེས་པར་མ་གྱུར་ཏོ། །ལས་དེ་ཡིས་ནི་དུས་རྣམས་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ལུས་ཀྱི་ཚོགས་པ་ཇི་སྲིད་པ། །དེ་སྲིད་དུ་ནི་དུས་རབ་འཇུག །རྣལ་འབྱོར་པ་རྣམས་ཉམས་སུ་མྱོང་། །ཡང་དག་བྱང་ཆུབ་གནས་འཐོབ་འགྱུར། །
དེ་ནི་མྱུ་གུ་ཅན་དུ་གྲགས། །ཁ་དོག་དམར་པོ་འོད་ཆེན་པོ། །མྱུ་གུ་མྱུ་གུའི་གཟུགས་ཅན་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །འབར་བའི་འཁོར་ལོའི་ནང་སོན་པ། །གཟུགས་དེ་ལྷ་རྫས་ཀྱི་ནི་གཟུགས། །ཡེ་ཤེས་མྱུ་གུ་རྣམ་བསྒོམས་པས། །ལས་རྣམས་ཐམས་
ཅད་མཐོང་མི་འགྱུར། །ཐམས་ཅད་བདག་ཉིད་སྦྱོར་ཆེན་ལས། །སྔོན་ལས་རྣམ་པར་འཇོམས་མཛད་པ། །རྒྱུ་རྣམས་སུ་ནི་རྟག་བཞུགས་པའི། །རྡོ་རྗེ་རྒྱུ་ཡིས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་མྱུ་གུ་ཅན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།དེ་ནས་

རྡོ་རྗེའི་གར་བྱས་ནས། །རྣལ་འབྱོར་མས་ནི་འདི་དྲིས་སོ། །ཇི་ལྟར་སྟོན་པ་སེམས་དཔའ་ཆེ། །ལས་དང་འབྲེལ་པས་འབྱུང་བར་འགྱུར། །སྔོན་གྱི་ལས་ནི་རྣམ་ཉམས་པས། །རྒྱུན་ཉམས་པས་ནི་འོང་མེད་པ། །འདི་ལ་བདག་ནི་ཐེ་ཚོམ་མཆིས། །སྙིང་རྗེ་མཉེས་
གཤིན་པས་བཀའ་སྩལ། །སེམས་ཅན་ཆེན་པོའི་འབྱུང་བ་ཡང་། །སྔོན་གྱི་སངས་རྒྱས་རྣམས་གསུངས་པ། །མདོར་བསྡུས་པ་ཡིས་བཤད་བྱ་ཡིས། །ཁྱོད་ནི་ཡིད་གཅིག་པ་ཡིས་ཉོན། །རྡོ་རྗེ་རལ་པ་ཅན་སྦྱོར་བས། །ལས་ཀྱི་ནང་དུ་བསྒྲུབ་པར་འགྱུར། །རེ་རེ་ཡི་ནི་སྦྱོར་བ་ཡི། །
དེ་ནི་རང་འབྱུང་དུ་གནས་སོ། །ཤིན་ཏུ་དད་པ་ལ་གནས་པས། །དབང་པོ་ཐམས་ཅད་འདུ་བར་བྱ། །དེ་ཡི་རལ་པས་རྟག་འཇིག་རྟེན། །རལ་པའི་མིང་གིས་འཆིང་བ་ཡིན། །དགའ་བ་ཀུན་ལས་ཁྱད་འབྱེད་པའོ། །རྡོ་རྗེའི་སྐུ་ཁྱོད་འཐོབ་པར་འགྱུར། །དེ་ཕྱིར་བག་ཆགས་ཐམས་ཅད་
དང་། །དགེ་བའི་ལས་ལས་ཟད་པར་འགྱུར། །སྐྱེ་བོ་ཆེན་པོ་དེ་འབྱུང་བ། །གཅིག་ཉིད་ལམ་གྱིས་འཐོབ་པར་འགྱུར། །རྟོག་པ་མེད་ལས་རྟོག་པར་འགྱུར། །རྟོག་པ་ཡིས་ནི་རྟོག་མེད་འགྱུར། །དྲིལ་བུའི་སྒྲ་ནི་ཐོབ་བྱས་ནས། །དེ་རྣམས་མཚན་ཉིད་བཤད་པར་བྱ། །རྩེ་དགུ་
རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །སྒྲ་བརྗོད་པ་ཡི་དངོས་པོ་ཡིས། །སྤྲོས་པ་མེད་ཅིང་ཡི་གེ་མེད། །རྣལ་འབྱོར་པ་ཡིས་མཁའ་འགྲོ་རྒྱ་མཚོ་དག །དེ་ཡི་སྒྲ་ལས་རྟོག་པ་ཡང་དག་བྱུང་། །དེ་ཉིད་ཀྱིས་ནི་
རྟོག་པ་མེད་པའི་བདག །གནས་རྣམས་གང་ལ་ངེས་པར་ཞུགས་པ་ཡིན། །སྔོན་བཤད་རྩེ་ཅན་དེ་རྡོ་རྗེ། །གང་དུ་ཡིད་ནི་རྣམ་འཕྲོ་བ། །ཆོས་དང་སྤྲུལ་པའི་རིས་སྐུ་ཅན། །དེ་ཉིད་དུ་ནི་གསོར་བར་བྱ། །ཕྱི་ཡི་དྲིལ་བུའི་མཚན་ཉིད་ནི། །དཔའ་བོས་གསུངས་པ་བཤད་པར་བྱ། །
རིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱ། །རེ་རེ་ཡི་ནི་ལྷའི་བདག་པོ། །ཏིང་འཛིན་དཀྱིལ་འཁོར་དུ་ཇི་ལྟར། །རྣལ་འབྱོར་རྣམས་ཀྱིས་ལྷག་མོས་པས། །དེ་བཞིན་ཐམས་ཅད་ཞལ་བྱའོ། །ལྷ་མོ་དེ་རྣམས་ཀྱི་ནི་གདན། །དྲིལ་བུ་དེ་ལ་པད་སོགས་བྱ། །ཇི་ལྟར་

དེ་རྣམས་ཀྱིས་ནི་བརྒྱན། །དེ་བཞིན་དྲིལ་བུའི་སྐ་རགས་སོ། །ལྷ་ནི་སྒོ་དང་གྲྭ་རྣམས་སུ། །ཕྱོགས་བརྒྱད་རྣམས་སུ་བྱ་བ་ཉིད། །ཇི་ལྟར་རྣལ་འབྱོར་པའི་མཚོན་བྱ། །དེ་རྣམས་ཞལ་ནས་རྩེ་མོ་འཐོན། །བུམ་པ་སོགས་དང་ཞལ་གཉིས་ལའང་། །སྟེང་དུ་རང་རིགས་མཚན་
མ་ཅན། །འདི་འདྲ་བ་ཡི་དྲིལ་བུ་ཆེ། །ཚད་ནི་གཞན་དུ་བཤད་པ་ཡིན། །དེ་ནི་ནང་གི་གཟུགས་ཅན་དག །དེ་ཕྱིར་སྒྲ་ནི་རྣམ་མཚོན་བྱ། །ཐིག་ལེའི་གཟུགས་ནི་ཁྱབ་བདག་ཆེ། །རྡོ་རྗེའང་དེ་དང་མཉམ་པར་བྱ། །དེ་ལྟར་རལ་པའི་སྦྱོར་བ་ལས། །སེམས་ཅན་ཐམས་ཅད་བསྒྲུབ་
པར་བྱ། །རལ་ཅན་དྲིལ་བུར་ཡང་དག་གྲགས། །རྡོ་རྗེ་རྡོ་རྗེར་བརྗོད་པར་འགྱུར། །རྡོ་རྗེ་རལ་ཅན་བདག་ཉིད་ཀྱིས། །དཀྱིལ་འཁོར་དུ་ཡང་བསྒོམ་པར་བྱ། །རྣལ་འབྱོར་མ་དང་མཁའ་འགྲོ་ཀུན། །དེ་ཚེ་ནང་དུ་མངོན་པར་གཞུག །ཐམས་ཅད་གཉིས་པ་ཡོངས་སྦྱོར་ལས། །
རྡོ་རྗེ་རལ་པ་ཅན་བྱུང་བ། །རྡོ་རྗེ་དྲིལ་བུར་ཡང་དག་བརྟེན། །བཅོམ་ལྡན་དཔའ་བོས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་རལ་པ་ཅན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།དེ་ནས་གཞན་གྱི་སྦྱོར་བ་ཆེ། །དཔའ་བོ་ཆེན་པོའི་རབ་སྦྱོར་བས། །བདག་གིས་མངོན་
སུམ་དུ་བཤད་ཀྱིས། །རྣལ་འབྱོར་མ་ཀུན་མཉན་པར་གྱིས། །ལུས་ཅན་ཀུན་གྱི་ལུས་གང་ལ། །གནད་ནི་སྟོང་ཕྲག་གནས་པ་སྟེ། །དེ་རྣམས་ལ་ཡིག་དགོད་པ་ནི། །ཀ་སོགས་ཧ་ཡིག་མཐར་དེ་བཞིན། །ཡོན་ཏན་ལ་སོགས་དབྱངས་རྣམས་ཡིག །ཁམས་རེ་རེ་ལ་ཡི་གེ་རྣམས། །
སླར་ཡང་ཕྱི་མོ་བཅུ་གཉིས་ཀྱིས། །མཁས་པ་རྣམས་ཀྱིས་དབྱེ་བར་བྱ། །གཏུམ་མོ་སྟོང་ཕྲག་བདག་ཉིད་ཅན། །མཚམས་ཀུན་དུ་ནི་གནས་པ་འབར། །ཁམས་ཐམས་ཅད་ཀྱི་བདེ་གནས་ལས། །དཔའ་བོའི་ལོངས་སྤྱོད་འཐོབ་པར་འགྱུར། །འོད་ཟེར་དེ་རྣམས་ཀྱིས་བཀུག་པ། །
བྱང་ཆུབ་སེམས་དཔའི་རིགས་ཆེན་པོ། །བདག་མེད་པ་ཡིས་བདག་ཏུ་གཞག །གཉིས་མེད་ཆོས་འབྱུང་ནང་དུའོ། །དེ་ལྟར་སྟོང་ཕྲག་གི་ནི་ལྕེ། །དཔའ་བོ་ཆེན་པོའི་གོ་འཕང་གནས། །སྨན་ཐམས་ཅད་དང་ཉེ་བ་ཡིན། །སྦས་པའི་བཅུད་ལེན་གསུངས་པའོ། །ཕྱི་རོལ་རྣམས་

ཀྱི་འང་ཡི་གེའི་བདག །དེའི་མིང་ཉིད་དུ་ཤེས་པར་བྱ། །མེ་ཏོག་འབྲས་སོགས་སྡེ་ཚན་གྱི། །དང་པོའི་མིང་ནི་སྟོང་ཕྲག་ཅན། །དེ་རྣམས་ཀྱིས་ནི་བཅུད་ལེན་བསྒྲུབ། །གཞན་དུ་འབྲས་བུ་མེད་པར་འགྱུར། །ཇི་ལྟའི་རིམ་པས་རིགས་སོགས་ཀྱི། །ཀ་སོགས་ཐམས་
ཅད་སྨན་ཆེན་ཏེ། །ལས་སྨྲ་བ་ཡི་རྒྱུད་གཞན་དུ། །དེར་ནི་ངེས་པར་གསལ་རིག་བྱ། །དང་པོའི་མགོན་པོ་རྣམ་བསྒོམས་ནས། །རྟགས་རྣམས་ཐོབ་པར་བྱ་བ་ཡིན། །ཡང་ན་གྲུབ་རྣལ་འབྱོར་རྣམས་ཀྱིས། །བཅུད་ཀྱིས་ལེན་ནི་གང་མཐོང་བ། །དེས་ཀྱང་མཐོང་བ་ཙམ་གྱིས་ནི། །བླ་
མེད་དངོས་གྲུབ་འཐོབ་པར་འགྱུར། །སྡེ་ཚན་རྣམ་པས་ཡོངས་སྦྱོར་ལས། །བདུད་རྩིའི་ཚིགས་མཚམས་གཟུགས་རྣམ་པའི། །གྲུབ་པའི་སྨན་རྣམས་རང་བཞིན་ཅན། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔའ་བོ་ཆེན་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་
གཅིག་པའོ།། །།དེ་ནས་རྣལ་འབྱོར་མ་དཔའ་མོ། །འདྲེས་པས་མཆོད་པ་བྱས་ནས་ནི། །གྲོང་ཁྱེར་གསུམ་གྱི་ནང་བྱུང་བ། །སྟོན་པ་རྡོ་རྗེ་ཆེ་ཅི་ལགས། །གང་གི་གཟུགས་ཀྱིས་བྱོན་པ་ལགས། །སྤྲུལ་པ་གང་དུ་བཞུད་པ་ལགས། །ཆོས་ཉན་པ་ཡི་དུས་སུ་ཡང་། །
ཅི་ཞིག་གིས་ནི་བརྟན་པར་བྱ། །ལྷ་དང་ལྷ་མ་ཡིན་དང་མི། །ཅི་ཡི་ངག་གིས་འགྲོ་དང་འོང་། །མངོན་པར་ཚིགས་མཚམས་མཚན་ཉིད་ནི། །སྔོན་གྱི་ཇི་བཞིན་བཤད་དུ་གསོལ། །མངོན་པར་ཚིགས་མཚམས་མཚན་ཉིད་ནི། །ཇི་ལྟའི་རིམ་པས་བཤད་ཀྱིས་ཉོན། །ཤིན་ཏུ་ཟབ་མོའི་
དོན་ཆེན་པོ། །སངས་རྒྱས་འཇིག་རྟེན་གྱིས་མ་ཤེས། །སེམས་ཅན་རྣམས་ཀྱི་རང་སྣང་ཅན། །བདག་གིས་ངེས་པར་མདོར་བསྡུས་པས། །རྡོ་རྗེ་སེམས་འོད་གཞན་ཉིད་དུ། །ཁམས་དང་མཚན་མར་གནས་མིན་ཅན། །ལུས་དང་ངག་སེམས་དག་པ་ཡི། །གྲོང་ཁྱེར་གསུམ་
རྣམས་སུ་བྱུང་བའོ། །སྔོན་གྱི་དངོས་པོར་ཁྱེར་ནས་འོང་། །ངེས་པར་ལས་ཆུང་བར་འགྲོའོ། །ཡང་ན་དུས་རྣམས་ཐམས་ཅད་དུ། །ཇི་ལྟར་མེ་ལོང་ལ་བཞིན་མཐོང་། །སྔོན་དུ་ཉན་པ་ཐོབ་བྱས་ནས། །སེམས་ཀྱང་དེ་ཡི་གནས་ལའོ། །རྡོ་རྗེ་ལ་སོགས་ཏིང་འཛིན་གྱིས། །ལྷ་

ལ་སོགས་པ་དེ་རྣམས་རྨོངས། །དེ་ཡིས་རྡོ་རྗེ་ཧཱུྃ་མཛད་ཀྱི། །རབ་ཏུ་སྦྱོར་བས་རྟག་ཏུ་སྤྲུལ། །རྡོ་རྗེའི་རྩེ་མོར་འཇིག་རྟེན་སྤྲུལ། །འོད་ཟེར་ལྕགས་ཀྱུ་སྤྲོ་བ་སྟེ། །ཧཱུྃ་གི་ཡི་གེའི་སྒྲ་ཡིས་ནི། །སྟོན་པས་འཁོར་ལོ་ཅན་མཆོག་བྱས། །ཆོས་འབྱུང་ཁང་པ་བརྩེགས་པ་རུ། །ཉི་ཤུའི་
ལྷན་ཅིག་སྐྱེས་གདན་དུ། །ངག་གི་སྤྱོད་པས་མཉན་པར་བྱེད། །དེར་སོང་ནས་ནི་དེ་ལ་ཐིམ། །དེ་ལྟར་རྣལ་འབྱོར་དབང་པོ་ཡི། །སློབ་དཔོན་ཁྱབ་བདག་ཆེས་ཤེས་བྱ། །རྡོ་རྗེ་ལ་སོགས་དེའི་མིང་ཉིད། །དེ་ཡི་མཚན་ཉིད་བཤད་པར་བྱ། །སེམས་ཅན་ཀུན་ལ་ཕན་བདག་ཉིད། །མི་
འཇིགས་པ་ནི་སྟེར་ཉིད་དང་། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྦྱོར་བ་བཟོ་དང་སྒྱུ་རྩལ་སོགས། །མཐུན་པའི་ངག་དང་ཐམས་ཅད་ལ། །བུ་གཅིག་པ་ལྟར་མཐུན་པ་དང་། །གཏོང་བ་སོགས་ལ་རྟག་ཏུ་དགའ། །བསམ་གཏན་ཏིང་འཛིན་དེ་མཆོག་གཞོལ། །ཇི་ལྟར་སྨྲས་
པ་དེ་བཞིན་བྱེད། །འཚེ་བ་མེད་ཅིང་བདེན་པའི་ངག །སེམས་ཅན་ཀུན་ལ་ཐུགས་བརྩེ་དང་། །ལམ་དུ་འཛུད་པ་དེ་མཐར་ཕྱིན། །ཀུན་མཁྱེན་ཡོན་ཏན་དང་མཉམ་དང་། །བསྟན་བཅོས་ཀུན་གྱི་ཕ་རོལ་སོན། །མགོན་མེད་རྣམས་ཀྱི་ཕ་དང་མ། །ཕྱག་རྒྱ་བརྡ་ནི་བྱེད་པ་པོ། །དེ་སོགས་
ཡོན་ཏན་རྣམས་ཀྱིས་གང་། །སྐྱེ་བ་འདི་ལ་དེ་བཞིན་གཤེགས། །རྣལ་འབྱོར་མ་འཁོར་ལོ་དབུས་སུ། །རྡོ་རྗེ་ཧཱུྃ་མཛད་བསྒོམ་པ་ཡིན། །དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་སྟེ། །བདེ་བའི་རྒྱལ་པོ་རྣལ་འབྱོར་མ། །སྒྲ་རྣམས་སུ་ནི་སྒྲའི་ཡེ་ཤེས། །རྡོ་རྗེ་ཧཱུྃ་མཛད་ཅན་ཁྱབ་བདག །
འཕོས་པའི་ལྷག་མ་འགྱུར་ཡེ་ཤེས། །དང་པོའི་མགོན་པོའི་རྒྱུ་ཡིན་ནོ། །སེམས་ཀྱི་ཉམས་སུ་མྱོང་བ་ནི། །དེ་ཕྱིར་ཕྲ་མོའི་རང་བཞིན་ཅན། །སྤར་ཤའི་ཁམས་སུ་ཡང་དག་གྲགས། །དེ་ཉིད་ཀྱིས་ནི་ཁྱེར་ནས་འོངས། །མཁའ་འགྲོ་རྒྱ་མཚོར་རྟག་ངེས་པར། །ས་གསུམ་དེ་ཡི་རང་
བཞིན་བྱས། །དེ་ལྟར་སྦྱོར་བ་མཆོག་གཙོ་བོ། །ཤིང་སྲིན་གཞན་ནི་སོག་མ་བཞིན། །འདི་ཡི་བགྲོད་པ་མ་ཤེས་པས། །བྱིས་པ་མི་ཤེས་པ་ཡིས་བཅིངས། །མཐའ་ཡི་བདེ་བ་གསུང་བ་པོ། །བསྟན་བྱ་སྟོན་པ་རྡོ་རྗེ་འཆང་། །ལྷན་ཅིག་སྐྱེས་གཟུགས་སྟོན་པ་པ་པོ། །བཅོམ་ལྡན་

ཡེ་ཤེས་ཀྱིས་འདི་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།དེ་ནས་གང་གིས་སྒྲུབ་པ་པོ། །འགྲུབ་པའི་བསམ་མེད་སྦྱོར་བཤད་བྱ། །དེ་ནི་ཤིན་བཟང་རབ་སྦྱོར་བས། །སྤྱོད་དང་བརྟུལ་ཞུགས་བཤད་པར་བྱ། །
ལྷུན་གྱིས་གྲུབ་འགྱུར་དེའི་སྤྱོད་པ། །དངོས་གྲུབ་འདོད་རྣམས་ཀྱིས་ཤེས་བྱ། །ཕྱི་རོལ་གཉིས་མེད་སྦྱོར་བདག་ཉིད། །སྤྱོད་པ་དེ་ནི་རབ་ཏུ་བསྔགས། །ཀུན་གྱི་བདག་ཉིད་ཡིད་བཟང་ལ། །དབང་པོའི་གྲོང་ཁྱེར་ཡང་དག་བརྟེན། །གྲོང་དེ་རྣམས་སུ་སྤྱོད་པ་དང་། །ཡིད་ཀྱིས་བརྟུལ་ཞུགས་
བསྟན་པར་བྱ། །སྲིང་དང་ཞི་བའི་གཟུགས་རྣམས་ཀྱིས། །གང་དེར་བདག་ཉིད་ཀྱིས་འགྲོ་བྱ། །བདག་ཉིད་གཟུགས་ཀྱི་རང་བཞིན་ཅན། །ཡང་དག་མེ་ལོང་ལ་མཐོང་འགྱུར། །ཞུ་བའི་སེམས་ལ་བརྟེན་བྱས་ནས། །ལུས་ནི་ལུས་ལ་ཐིམ་པར་གྱིས། །སྡོམ་པར་བདག་ཉིད་ཀྱིས་
བསྡམས་ནས། །ཕྱག་རྒྱ་ཆེན་པོར་ཡང་དག་གྲགས། །ཕྱག་རྒྱ་ལྔ་སོགས་ལུས་ལ་གནས། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །བདུད་རྩི་ལྔ་ལ་སོགས་པ་ཟ། །ལྷན་ཅིག་རྣལ་འབྱོར་མ་རོལ་ལྡན། །ཆགས་པའི་སེམས་ཀྱིས་བསྒོམ་པ་སྟེ། །མི་འདོད་ཀྱང་ནི་དེ་ཕྱིར་འགྲོ། །གཟུང་དང་
འཛིན་པའི་དངོས་པོ་ཡིས། །ཡིད་འདི་ལ་ནི་གོས་པ་མེད། །འཇིགས་མེད་རྣམ་པའི་སེམས་ཀྱིས་ནི། །མཚན་མོ་དུར་ཁྲོད་སོགས་པར་འགྲོ། །ས་བཞི་གང་དུ་སྤྱོད་པ་ན། །རྣམ་ཤེས་བརྒྱད་དུ་ཤེས་པར་བྱ། །ལྔ་ལྡན་སྤྱོད་དང་བརྟུལ་ཞུགས་ནི། །བདེ་བ་ཅན་དུ་དེ་རྩེན་ཏོ། །
དང་པོའི་སྦྱོར་བར་ཡོངས་བརྟེན་ནས། །ཕྱི་ནས་ཡིད་ཀྱིས་རབ་ཏུ་བཤད། །སྲོག་ཐམས་ཅད་ནི་མཉམ་སྦྱོར་བས། །དབང་པོའི་གྲོང་ཁྱེར་བདེ་བ་ཡི། །ཡེ་ཤེས་སྦྱོང་བའི་བརྟུལ་ཞུགས་འཛིན། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ཤིན་ཏུ་བཟང་པོའི་
ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།དེ་ནས་སྐྱེ་བོའི་རིགས་ཀྱི་ནི། །ཁྱད་པར་བཤད་ཀྱིས་མཉན་པར་གྱིས། །རྡོ་རྗེ་བཟང་པོའི་རབ་སྦྱོར་བས། །དེ་རིགས་འདིར་ནི་ཉམས་པར་འགྱུར། །དེ་ལ་དང་པོར་ལྔ་དང་བདུན། །བརྒྱད་དང་བཅུ་གསུམ་བཅྭ་ལྔ་

དང་། །བཅུ་བདུན་དང་ནི་ཉི་ཤུ་གཉིས། །ཉི་ཤུ་རྩ་བདུན་དེ་བཞིན་མཆོག །ཐ་སྐར་ལ་སོགས་ཤེས་བྱ་སྟེ། །ལྷ་རྣམས་ཚོགས་སུ་དྲན་པར་བྱ། །བཞི་པ་དང་ནི་ཤར་བ་གསུམ། །གཉིས་པ་དང་ནི་དྲུག་དེ་བཞིན། །བྱང་ཕྱོགས་པ་རྣམས་དེ་བཞིན་གསུམ། །མི་ཡི་ཚོགས་
སུ་དྲན་པར་བྱ། །གསུམ་པ་དང་ནི་བཅུ་ཉིད་དང་། །དགུ་པ་དང་ནི་ཉི་ཤུ་གསུམ། །བཅུ་བཞི་པ་དང་བཅུ་དྲུག་པ། །བཅྭ་བརྒྱད་པ་དང་བཅུ་དགུ་པ། །ཉི་ཤུ་རྩ་བཞི་དེ་གྲགས་པ། །སྲིན་པོའི་རིགས་སུ་དྲན་པར་བྱ། །རའི་རིགས་གསུམ་པ་དང་བརྒྱད་པ། །ཀླུ་ནི་བཞི་དང་ལྔ་པའོ། །
དྲུག་པ་ཉི་ཤུ་རྩ་དགུ་པ། །ཁྱི་ཡི་དངོས་པོར་བཤད་པའོ། །བཅུ་དང་བཅུ་གཅིག་བྱི་བ་སྟེ། །བྱི་ལ་དེ་བཞིན་དགུ་པའོ། །བཅུ་བཞི་པ་དང་བཅུ་དྲུག་པ། །རྟག་ཏུ་དེ་ལྟར་བརྗོད་པའོ། །བཅུ་གཉིས་པ་དང་ཉི་ཤུ་ལྔ། །ཁྱུ་མཆོག་གི་ནི་རིགས་འཐོབ་བོ། །ཐོག་མ་ཐ་མ་བོང་བུ་ཡིན། །
རིགས་སུ་དེ་རྣམས་རབ་ཏུ་གྲགས། །བཅུ་གསུམ་པ་དང་བཅྭ་ལྔ་པ། །དེ་ནི་མ་ཧེར་མངོན་པར་བརྗོད། །ཐོག་མ་དང་ནི་ཉི་ཤུ་དྲུག །རྟ་ཡི་རིགས་སུ་རབ་ཏུ་བརྗོད། །ཉི་ཤུ་པ་དང་ཉི་ཤུ་གཉིས། །སྤྲེའུ་ཞེས་བྱ་བར་བརྗོད་པའོ། །གཉིས་པ་དང་ནི་མཐའ་དེ་བཞིན། །གླང་པོ་ཡི་ནི་
རིགས་སུ་འགྲོ། །ཉི་ཤུ་གསུམ་དང་ཉི་ཤུ་བཞི། །མི་སྟེ་སྟོབས་ནི་ཆེ་བ་ཡིན། །ཉི་ཤུ་གཅིག་པ་སྲེ་མོ་སྟེ། །མདོར་བསྡུས་པ་ཡིས་རབ་ཏུ་བཤད། །སྟོབས་དང་བདག་བྱེད་པའི་རྒྱུ་སྐར། །བཤད་ཀྱིས་ད་ལྟར་མཉན་པར་གྱིས། །མི་རྣམས་སྲོག་ནི་རྒྱུ་སྐར་ཏེ། །གཞན་དུ་རབ་ཏུ་འཐོབ་
པ་མིན། །སྐར་མར་དུས་ཀྱི་རྩ་སོན་པར། །འཛིན་པ་པོ་ནི་ངེས་པར་འཆི། །ལུག་དང་སྲང་དང་ཀརྐ་ཊ། །ཆུ་སྲིན་མཐོན་པོ་ལ་དྲན་བྱ། །ཀཱི་ཊ་བུམ་སེང་ཁྱུ་མཆོག་ནི། །བརྟན་པའི་བྱ་བར་རབ་ཏུ་བསྟན། །ཉ་དང་འཁྲིག་པ་དེ་བཞིན་འདིར། །གཞུ་དང་བུ་མོ་འདྲེན་མ་ལའོ། །བླ་མ་ཉི་
མ་སའི་སྐྱེས་བུ། །ངན་སྤོང་རཱ་ཧུ་ཟླ་བུད་མེད། །གཟའ་ལྷག་བཀྲ་ཤིས་མ་ནིང་སྟེ། །མཁའ་དཀྱིལ་འཁོར་ལ་གཟའ་གང་ཡིན། །དེ་ལྟར་རིགས་རྣམས་སོ་གཞན་དུ། །བྱང་ཆུབ་སྲས་པོ་མི་འགྱུར་རོ། །རྡོ་རྗེ་བཟང་པོར་དེ་བཤད་དེ། །རབ་སྦྱོར་རྣམ་པའི་སེམས་ཀྱིས་ནི། །གཡོན་

པའི་རྩ་རུ་སོན་པའི་སེམས། །དབུ་མའི་ཐ་མའི་སྦྱོར་བར་ལྡན། །བྱང་ཆུབ་ས་བོན་རྣམས་འབབ་ལ། །བྱང་ཆུབ་སེམས་རྣམས་ཀྱི་རིགས་སོ། །སྙིང་རྗེར་སོན་པའི་ཡིད་ཀྱིས་ནི། །ལས་ཀྱི་ཉི་མ་འཛག་པ་ཡིན། །ཡང་དག་རབ་སྟེར་རྟག་ཏུ་ལྡན། །རིགས་མེད་
རིགས་ཅན་ཀྱང་མེད་དོ། །སྲིད་པར་རྩེད་མོ་ཙམ་དུ་ནི། །བསམ་གཏན་རྣམ་པའི་ལུས་སོན་པ། །མེ་ལོང་གི་ནི་ཡུལ་ལ་གཟུགས། །གང་འདྲ་མཐོང་སྟེ་དེ་མེད་དོ། །དེ་འདྲར་བྱང་ཆུབ་སེམས་དཔའ་རྣམས། །བསམ་གཏན་སྦྱོར་བའི་གཟུགས་ཅན་ནོ། །དེ་ཡི་ནང་དུ་ཞུ་བའི་
སེམས། །དེ་དང་མཉམ་པ་གཞན་ཡོད་མིན། །ངེས་པར་དཀྱིལ་འཁོར་རྣམས་དབུས་སུ། །རྡོ་རྗེ་བཟང་པོ་བསྒོམ་པར་བྱ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །གསང་སྔགས་མཆོད་པ་སྔོན་གྱི་ཅན། །དུས་དང་དུས་མིན་ཆའི་བདག་ཉིད། །དངོས་མེད་མ་ཡིན་བྱེད་པོར་བཞུགས། །
བྱང་ཆུབ་གཟུགས་ཀྱི་བདག་ཉིད་ཆེ། །བཅོམ་ལྡན་སེམས་དཔས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་བཟང་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།དེ་ནས་གསང་བའི་སྦྱོར་གང་གིས། །བདེ་ཀུན་བདག་ཉིད་དུ་སྐྱེ་བཤད། །དོན་དམ་པ་ཡི་སྦྱོར་བ་ཡིས། །དེ་
བཞིན་ཉིད་དུ་རབ་འཇུག་བྱ། །འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱིས། །སྔགས་ཀྱི་ཕྲེང་བར་རང་ཉིད་བྱོན། །བཞི་བཅུ་རྩ་བརྒྱད་པ་ཉིད་ནི། །ས་རྣམས་ལ་ནི་རབ་ཏུ་བཤད། །འཁོར་ལོ་དྲུག་དབྱིབས་རི་མོ་ནི། །ས་ཡི་དབུས་སུ་བྱ་བ་ཡིན། །ཐམས་ཅད་དུ་ནི་གསང་སྔགས་ཚིག །བཞི་
བཅུ་རྩ་བརྒྱད་བྲི་བར་བྱ། །དེ་རྣམས་སྔགས་ཀྱི་གཟུགས་རྣམས་ནི། །སྲོག་ནི་ཡི་གེའི་རྣམ་པ་ཅན། །ཡི་གེའི་ཆ་རྣམས་བཟང་པོ་ནི། །སྤངས་ནས་དབུས་མར་གནས་པ་ཡིན། །སྟོང་པར་ངེས་པར་ཐིམ་བྱས་ནས། །འོག་དང་སྟེང་དུ་བལྟ་བར་བྱ། །རྐང་པའི་མཐའ་ནས་མགོ་བོ་རུ། །
རྣལ་འབྱོར་དབང་ཕྱུག་དེ་སྲིད་བྱེད། །ཁམས་ཀུན་རབ་ཏུ་ཞུགས་པ་ལ། །སེམས་ཀྱི་སྤྱོད་པ་ཅན་ཅི་སྨོས། །དེ་ལྟར་གསང་བ་གྱེན་གནོན་པ། །དཔའ་བོ་ཆེན་པོའི་དོན་ཅན་ནོ། །དབུས་མར་རབ་ཏུ་ཞུགས་པ་ཡི། །བསྣུན་དང་བསྒྲུབ་པ་ལ་སོགས་སྤངས། །འཐོར་རླུང་འཛིན་བཞིན་

པ་ཡིས་ནི། །ཉི་མ་དང་པོ་ཟད་མེད་ཅན། །རྡོ་རྗེའི་ལམ་ནི་ལངས་པའི་སེམས། །གང་ཕྱིར་བརྒྱུད་པའི་རིམ་པས་སོ། །དེ་ལྟར་སྒྱུ་མའི་བཟླས་པ་འདིར། །རྩ་བའི་སྔགས་སོགས་རེའུ་མིག་ཅན། །དཔའ་བོ་ཀུན་གྱི་རེའུ་མིག་རྣམས། །སྔགས་ཀྱི་འཁོར་ལོར་དགོད་པར་བྱ། །
ཏིང་འཛིན་མགོན་པོའི་དཔའ་བོ་རྣམས། །བཅུ་གཉིས་རྣམས་ཀྱིའང་འཁོར་ལོར་སོན། །གང་ཞིག་གང་གི་མིང་སྔོན་གྱིས། །དེ་དང་དེ་ཡི་གནས་སུ་བྲི། །གཞན་གྱི་སྔགས་ཀུན་འདི་རྣམས་ལ། །དཀྱིལ་འཁོར་འདིར་ནི་འབྱུང་བར་འགྱུར། །སྐུ་ལ་སོགས་པའི་བཟླས་
ཀུན་དང་། །དེ་བཞིན་ངག་སོགས་བཟླས་པ་ཅན། །སེམས་སོགས་བཟླས་པ་ཐམས་ཅད་དང་། །དེ་བཞིན་ཡེ་ཤེས་སོགས་བཟླས་ཅན། །སྔགས་ཀྱི་རྒྱལ་པོས་བསྐུལ་པ་ཡིས། །དེ་ནས་དཔའ་བོ་འབྱུང་བར་འགྱུར། །འཇིགས་བྱེད་ཆེན་པོ་དབུས་རྣམས་སུ། །མེ་
ཡི་གཟུགས་ཅན་བསྒོམ་པར་བྱ། །ཤེས་རབ་རིགས་ཀྱི་ནུས་པ་ཡིས། །འབྱུང་པོའི་ཚོགས་དེ་ཀུན་སྤྱོད་བྱ། །ཞི་བ་དང་ནི་རྒྱས་དང་དབང་། །དྲག་པོ་རེངས་པར་བྱེད་ཡི་གེ། །ལས་དང་རྗེས་མཐུན་གཟུགས་བསྒོམས་ཏེ། །འབར་བའི་རྣམ་པ་སོགས་དགོད་བྱ། །འཆི་
བ་སླུ་ཞིང་དེ་ཉིད་ཀྱིས། །རྣལ་འབྱོར་དང་ནི་ལྡན་པར་འགྲོ། །ནཱ་ད་ནཱ་དར་འཛོམ་བྱ་ཞིང་། །ཐིག་ལེ་ཐིག་ལེར་ཐིམ་པར་བྱ། །དེ་ལྟར་ཆོ་གའི་བྱ་བ་ཡིས། །གསང་སྔགས་བཟླས་ནས་ཕུར་བུ་གདབ། །འདི་རྣམས་སྔགས་ཀྱི་གཙོ་བོ་ཡིས། །རྐང་པ་བཞི་བཅུ་རྩ་བརྒྱད་དེ།
ཨོཾ་ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་མཐའ། །ཇི་ལྟའི་རིམ་པས་འདི་ཀུན་ལའོ། །ན་མཿཤྲཱི་བཛྲ་ཌཱ་ཀ་མ་ཧཱ་བཱི་ར་བཱི་རཱི་ཤྭ་རཱ་ཡ། ཏྲི་བྷུ་ཝ་ཎ་ཀམྤ་ཀམྤཱ་བ་ཎཱ་ཡ། དཾཥྚྲོཏྐ་ཊ་བྷཱི་ཥ་ཎ་བྷེ་རེ་བཱ་ཡ། ཤ་ཏ་ས་ཧ་སྲ་ནེ་ཏྲཱ་ཡ། བི་ངྱུ་ཏ་ཛི་ཧྭཱ་ཡ། ཀཾ་ཀཱ་ལ་མཱ་ལཱ་བྷ་ར་ཎོ་གྲཱ་ཡ། ཀོ་ཊི་ལ་ཀྵ་བཱུ་ཛཱ་ཡ། ཛྭཱ་ལཱ་བ་
ལཱི་ཌྷ་ལག་ནཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལཱ་ཡ། ཀལྤཱཾ་ཏ་ངྷཱུ་མྲཱུ་གྲ་པུཥཱ་ཡ། བི་ཀ་ཊ་མུ་ཁ་ཧཱ་ཧཱ་ར་བཱ་ཡ། མཱ་ཏྲྀ་ག་ཎ་པ་རི་པཱུ་རི་ཏ་མན་ཏྲཱ་ཡ། ས་ཧ་ཛ་སུན་དྷ་རི་བལླ་བྷ་ཀ་རཱ་ཡ། ཧཱུྃ་ཧཱུྃ་ཀཱ་རོ་ཙྪ་ར་ཎ་མུ་ཁཱ་ཡ། མ་ཧཱ་ཤྨ་ཤཱ་ན་པྲི་ཡཱ་ཡ། སརྦ་བྷཱུ་ཏ་སཾ་ཏྲཱ་ས་ན་ཀ་རཱ་ཡ། མ་ཧཱ་ཀལྤཱན་

ཏཱ་གྣི་ཏེ་ཛཱ་ཡ། ཛ་ཊཱ་ཀ་ལཱ་པ་མུ་ཀུ་ཊཱ་ཡ། ཁ་ཊྭཱཾ་ག་ཀ་པཱ་ལ་ཤཱུ་ལ་བྷིན་ན་དྷཱ་རི་ཎེ། མ་ཧཱ་ས་མུ་དྲ་མེ་ཁ་ལཱ་ཡ། བྱཱ་གྷྲ་ཙ་རྨཱཾ་བྷ་ར་དྷཱ་རི་ཎེ། བེ་ཏཱ་ལ་སཾ་གྷ་མ་རྡྷ་ཎ་ཀ་རཱ་ཡ། མ་ཧཱ་བིགྷྣ་ནི་བཱ་རི་ཎེ། ཤ་ཏྲུ་ནི་སུཾ་བྷ་ན་ཀ་རཱ་ཡ། ཏྲི་སཱ་ཧཱ་སྲ་མ་ཧཱ་ས་ཧ་སྲེ་ཀ་རོ་མཱ་བ་ལཱནྟ་བརྟི་ཎེ། ཤ་ཏ་ས་ཧ་སྲ་མུ་
ཁཱ་ཡ། ཛྙཱ་ན་སཱ་ག་ར་པྲ་བྷཱ་ཡ། མ་ཧཱ་པི་ཤི་ཏ་རུ་དྷི་ར་བ་སཱ་ཧཱ་རི་ཎེ། སརྦ་མཱ་ར་བ་ལ་དྷྭཾ་སི་ནེ། ཤྲིཥྚི་སཾ་ཧཱ་ར་ཀཱ་ར་ཀཱ་ཡ། སརྦ་ནཱ་གཱ་ནཱཾ་ཥོ་ཥ་ན་སྟཾ་བྷ་ན་བི་དྷྲཱ་བ་ཎཱ་ཡ། ཨན་ཏྲ་མཱ་ལཱ་དྷཱ་རི་ནེ། སུ་མེ་རུ་ཀཾ་པི་ཏ་ནཱ་དཱ་ཡ། ཀྲོ་དྷ་བི་གྷྲ་ཧ་དྷཱ་ར་ཎཱ་ཡ། མ་ཧཱ་ཀཱ་ཤ་ཏི་ལ་ཀཱ་ཏྨ་ནེ། བུད་དྷ་ཀོ་ཊི་ས་ཧ་སྲ་ཀྵ་
ཎཱ་ནི་ཥྦཱ་ད་ནཱ་ཡ། ཛྙཱ་ནཱ་མྲྀ་ཏ་བཪྵ་པ་ཎཱ་ཡ། སརྦ་ཀརྨ་པྲ་བརྟྟ་ནཱ་ཡ་ནེ། བཾ་ད་ན་ཀ་རཱ་ཡ། སརྦ་བི་ཀལྤ་བྷཾ་ཛ་ཎ་ཀ་རཱ་ཡ། མུཾ་ཌཱ་བ་ལི་ལགྣ་ཤ་རཱི་རཱ་ཡ། པ་ར་ཀྲྀ་ཏ་ཡཾ་ཏྲ་མཾ་ཏྲ་ནཱ་ཤ་ནཱ་ཡ། མ་ཧཱ་རཀྵཱ་ཀ་རཱ་ཡ། དུཥྚཱ་ནཱཾ་བི་དཱ་ལ་ནེ། དྷརྨོ་དྷ་ཡ་ཀ་རཱ་ཡ། ཀྲོ་དྷ་སྥཱ་ར་སྥཱ་ར་ཎཱ་ཡ། ཨིཾ་དྲ་ཛཱ་ལ་སརྦ་
སཏྭཱཏྨ་ནེ། གྲསྟ་བཱ་ད་པྲ་བཱ་ད་མ་ཧཱ་མ་ཏེ། །དེ་ལྟར་ལ་སོགས་གསང་སྔགས་གང་། །རབ་ཏུ་མང་བ་རྒྱ་ཆེའོ། །སྣ་ཚོགས་རྣམ་པ་དུ་མའི་མིང་། །སེམས་ཅན་མིང་གིས་ཤེས་པར་བྱ། །སྔགས་རྣམས་ཐམས་ཅད་མཉམ་སྦྱོར་བས། །ཁམས་གསུམ་རྣམས་སུ་ཡོངས་
བཞུགས་པའི། །དེ་བཞིན་གཤེགས་པ་ཀུན་གྱི་གཙོ། །བཅོམ་ལྡན་སྔགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་འཇིགས་བྱེད་ཆེན་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅྭ་ལྔ་པའོ།། །།དེ་ནས་མིག་ལ་སོགས་དབང་པོ། །ཀུན་གྱི་མངོན་ཤེས་ཆོ་ག་བཤད། །
མིག་མི་བཟང་གི་རབ་སྦྱོར་བས། །རྡོ་རྗེ་གསུམ་ནི་རབ་བསྒྲུབ་བྱ། །གང་དུ་བྱང་ཆུབ་སེམས་གནས་པས། །དེར་ནི་མིག་གིས་ངེས་པར་བལྟ། །རྣལ་འབྱོར་རྣམས་ཀྱི་ཟག་མེད་མཆོག །སེམས་ནི་མིག་ཏུ་ཤེས་པར་བྱ། །རྩ་རྣམས་ཀྱི་ནི་རབ་སྦྱོར་བས། །སོ་སོར་རླུང་
ནི་དབབ་པར་བྱ། །གང་ཉིད་དུ་ནི་སྐྱེས་དུས་སུ། །དེ་ཡི་དུས་སུ་ཐིམ་ནས་འགྲོ། །དེ་ནི་མངོན་ཤེས་མིག་རྣམས་ཀྱི། །སེམས་འདི་ཡིས་ནི་འགྲོ་བར་འགྱུར། །སྐྱེ་འགྲོའི་ནང་དུ་སོན་པའི་གཟུགས། །ཡིད་ཀྱིས་སྒྲ་ནི་ཉན་པར་འགྱུར། །འགྲོ་དང་འོང་བའི་ཆོ་ག་ནི། །

ལྷ་རྫས་དྲི་རུ་རྗེས་མཚོན་བྱ། །ལྷ་རྫས་རོ་ཡི་རབ་སྦྱོར་བས། །ལྕེ་ནི་དགའ་བ་དང་བཅས་ཀྱིས། །ལྕེ་ཡི་མངོན་ཤེས་ལ་བརྟེན་ནས། །དབུ་མའི་ཕོ་ཉ་སྐྱེས་པ་ཡིན། །ལུས་ཀྱི་རེག་པའི་རྣམ་པ་ཡིས། །མཆོག་ཏུ་ཟག་མེད་དེ་བསྒྲུབ་བྱ། །སྔོན་གྱི་བག་ཆགས་དྲན་པ་ལ། །དེ་ཉིད་རྣལ་འབྱོར་
ལྡན་པར་འགྲོ། །ཉིན་ཞག་མཚན་མོ་མཉམ་བྱས་ནས། །ཆུ་ཚོད་དྲུག་ཅུ་ཉིད་དང་ནི། །ཆུའི་སྲང་དྲུག་ཅུ་ཐམ་པ་དང་། །གྷ་ཊི་ཀར་ཡང་སྦྱར་བར་བྱ། །རྒྱར་ནི་སོར་མོ་བཅུ་གཉིས་ལ། །དཔང་ས་སུ་སོར་བརྒྱད་ཉིད་ཡིན་ཏེ། །གུཉྫ་དྲུག་ཅུའི་ཚད་ལ་ནི། །སོར་བཅུ་གཉིས་པའི་ཐུར་མའོ། །སྐད་ཅིག་ཐང་
ཅིག་ཡུད་ཙམ་དང་། །ཀཱཥྚི་མིག་བཙུམས་ཕྱེ་བ་དང་། །སེ་གོལ་གཏོགས་པར་ཤེས་བྱ་སྟེ། །དབུགས་རྒྱུའི་མངོན་པར་ཤེས་པས་སོ། །ཕ་རོལ་ཕྱིན་དྲུག་ཚུལ་དག་གིས། །ཆོས་ཀྱི་དབྱིངས་ནི་མཚོན་པར་བྱ། །དུས་དང་དུས་མིན་སེལ་བ་པོ། །མིག་མི་བཟང་བ་བསྒོམ་པར་བྱ། །མཚོན་
བྱ་མཚན་ཉིད་རྣལ་འབྱོར་མའི། །དཀྱིལ་འཁོར་ནང་དུ་བྱས་པ་ཉིད། །སེམས་འདི་སྣ་ཚོགས་གཟུགས་ཅན་ཏེ། །སྲོག་ཆགས་རྣམས་ཀྱིས་གར་བགྲོད་པ། །བདག་མེད་རང་བཞིན་འཐོབ་པར་འགྱུར། །མདུད་པ་རྣམས་ཀྱི་ཕྲད་པས་གནས། །གཟུགས་
སུ་བྱེད་འགྱུར་དེའི་དངོས་པོ། །མཆོག་གི་དང་པོ་བྲལ་མཐའ་ཅན། །ཆོས་ཀྱི་འབྱུང་གནས་གང་གནས་པ། །རྡོ་རྗེ་མཁའ་འགྲོར་དེ་ཤེས་བྱ། །ཐུར་སེལ་ལམ་ལ་རྟག་བརྟེན་ནས། །སླར་ཡང་རེ་རེའི་ནང་དུ་སྟེ། །སྲོག་ལ་སོགས་པའི་རླུང་ལྔ་ཡིས། །མིག་ནི་ལྔ་
རུ་ཤེས་པར་བྱ། །འཛག་པ་མེད་པའི་ས་བོན་འཛག །ཡེ་ཤེས་མཁའ་འགྲོ་མའི་སྦྱོར་ལྡན། །ས་བོན་ལྔ་རྣམས་ཐིག་ལེ་ཡི། །མངོན་ཤེས་བྱེད་པོ་སོགས་ལྔ་པ། །དེ་ལྟའི་རྣལ་འབྱོར་མཆོག་ཡོངས་རྫོགས། །རྣལ་འབྱོར་ཀུན་གྱིའང་མཆོག་ཡིན་ནོ། །དངོས་
པོའི་ཡེ་ཤེས་ཅན་མ་ལུས། །རིང་དུ་ཡོངས་སུ་སྤངས་པ་ཡིན། །ཐམས་ཅད་ལུས་སུ་མཉམ་སྦྱོར་ལས། །ལྷན་ཅིག་སྐྱེས་པའི་སྤྱན་འཇུག་པ། །དངོས་ཀུན་དངོས་པོ་མེད་མཛད་པ། །བཅོམ་ལྡན་མིག་གིས་འདི་གསུངས་སོ། །ཞེས་བྱ་བ་ནི་མིག་མི་བཟང་

གི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།དེ་ནས་ལྷ་མོས་ཕྱག་བྱས་ནས། །དེ་བཞིན་མཆོད་པ་ཆེན་པོ་བྱས། །སྟོབས་པོ་ཆེ་ཡི་སྦྱིན་སྲེག་ནི། །བདག་པོ་ཆེན་པོས་བསྟན་དུ་གསོལ། །མཁས་པས་རྒྱུན་དུ་ནང་བདག་གི། །
སྦྱིན་སྲེག་བཤད་ཀྱིས་མཉན་པར་གྱིས། །སྟོབས་པོ་ཆེ་ཡི་རབ་སྦྱོར་བས། །ཁམས་རྣམས་ཀུན་གྱིས་དགང་བླུགས་ཏེ། །བདེ་བ་ཐབ་ཏུ་ཡང་དག་འཐོབ། །ཉི་ཟླ་དགང་གཟར་བླུགས་གཟར་རོ། །སློབ་དཔོན་གཉིས་མེད་དེ་དེ་ལ། །ཡང་དག་རིགས་པའི་
གཟུགས་སུ་བསྲེག །སྣ་ཚོགས་མཁའ་འགྲོ་རྣམས་འདི་མེ། །གསང་སྔགས་རང་བཞིན་མཚན་ཉིད་དོ། །ཡམ་ཤིང་རྩ་རུ་ཡང་དག་གྲགས། །གང་ཕྱིར་སཱ་ལི་ལས་སྐྱེས་འབྲས། །ཚིལ་ནི་རྟག་ཏུ་ཞོ་ཟན་ཡིན། །འདི་རུ་མར་ནི་བྱང་ཆུབ་སེམས། །ཁྲག་ནི་སྦྲང་
རྩིར་ཤེས་པར་བྱ། །སྲོག་སོགས་རླུང་རྣམས་དཱུར་བའོ། །གཅིན་དང་བཤང་བ་དག་དེ་ལྟར། །ཙནྡན་དང་ནི་གླ་རྩིའོ། །མེ་ཏོག་རྟག་ཏུ་ཁྲག་ཏུ་གྲགས། །མཆིལ་མ་ལུད་པ་འབྲས་ཐུག་ཡིན། །བུད་ཤིང་སོ་སེན་རུས་པའོ། །མདོར་བསྡུས་པ་ཡིས་པགས་པ་གོས། །
མེ་ཡི་ཐབ་ཀྱི་དབུས་སུ་ནི། །སྐྲ་དང་བ་སྤུ་ལྷ་རུ་འགྱུར། །སྣ་ཚོགས་ཕྲ་མོའི་ཁམས་གཞན་ནི། །སྣ་ཚོགས་འབྲུ་སྟེ་དེ་ལ་བསྲེག །རིམ་གྱིས་མཁའ་འགྲོ་རྫོགས་སོན་པ། །གང་བའི་སྲེག་བླུགས་སུ་ཤེས་བྱ། །དབང་པོ་ཐམས་ཅད་གར་བྱེད་དེ། །དེ་ཡི་བག་ཆགས་
གླུ་ལེན་ནོ། །སྣ་ཚོགས་སྒྲ་ཆེན་པོས་རོལ་མོ། །སྙིང་རྗེ་སོགས་པས་སྟོན་མོ་ཡིན། །སྲོག་རྣམས་ཀུན་གྱི་བདག་པོ་ཡི། །སྟོབས་པོ་ཆེ་ནི་བསྒོམ་པར་བྱ། །ལས་ཐམས་ཅད་པས་སྦྱིན་སྲེག་ནི། །དེས་མཉེས་པ་ཡི་དངོས་གྲུབ་འགྱུར། །འཇིག་རྟེན་མཆོག་གི་
ཁམས་ཀུན་དུ། །ཡིད་ནི་དེ་རུ་ཡང་དག་རོལ། །གང་ཚེའི་དུས་སུ་བདེ་གྱུར་པ། །དེ་ཚེའི་དུས་སུ་རབ་ཏུ་གནས། །སྦྱིན་སྲེག་རང་བདག་ཉིད་མཐོང་བས། །སྨོད་དང་རྗེས་འཛིན་བྱེད་པ་ཡིན། །འཇིག་རྟེན་འཇིག་རྟེན་འདས་ཡེ་ཤེས། །དེ་རྣམས་དབུས་མར་འཐོབ་པར་

བྱ། །མཚམས་རྣམས་ཀུན་དུ་ཁོང་ཁྲོ་བ། །སེམས་ཆེན་པོ་ནི་གསོད་པར་འགྱུར། །རྟོག་པས་སྤྲུལ་པའི་སངས་རྒྱས་ནི། །དེ་ལས་བྱུང་བ་བཟའ་བར་བྱ། །མཚོན་བྱ་མཚོན་བྱེད་རབ་བཅོམ་པས། །གཉིས་དག་ཤེས་པར་འོས་པ་ཡིན། །སྒྱུ་མའི་བདག་ཉིད་མཚན་
ཉིད་ནི། །དེ་ལ་ཐིམ་པར་བྱེད་པར་འགྱུར། །ཁམས་ཀུན་ཡང་དག་སྦྱོར་བ་ལས། །ཡེ་ཤེས་གཉིས་བྱར་མེད་མཚན་ཉིད། །མེ་ཡི་གཟུགས་སུ་རྟག་བཞུགས་པའི། །བཅོམ་ལྡན་ཐབ་ཁུང་གིས་འདི་གསུངས། །ཞེས་བྱ་བ་ནི་སྟོབས་པོ་ཆེའི་ཆོ་ག་སྟེ་རབ་ཏུ་
བྱེད་པ་བཅུ་བདུན་པའོ།། །།དེ་ནས་རྡོ་རྗེ་པད་འདུ་བ། །ཇི་བཞིན་བཤད་ཀྱིས་མཉན་པར་གྱིས། །རིན་ཆེན་རྡོ་རྗེའི་རབ་སྦྱོར་བས། །ཨ་བ་དྷཱུ་ཏཱི་ཅན་དངོས་གྲུབ། །རྣལ་འབྱོར་མ་ནི་ཡང་དག་རོལ། །དོན་དམ་པ་ཡི་ཉམས་ལ་གནས། །དེ་
ཡི་སྦྱོར་བས་གྲོལ་བར་ནི། །གཉིས་མེད་རྒྱུ་རྣམས་ཀྱིས་འགྱུར་རོ། །ལུས་ཀྱི་ཉམས་སུ་མྱོང་བཞིན་པ། །བྱིས་པ་རྣམས་ཀྱི་བྱང་ཆུབ་འོད། །ཧ་ཡིག་དྲུག་པ་དང་ལྡན་པའི། །ས་བོན་རྡོ་རྗེའི་ནོར་བུར་དགོད། །ཨ་བ་དྷཱུ་ཏཱིའི་རྩར་འབབ་སྟེ། །སྟེང་དུ་ཁ་བལྟས་
དཔྲལ་བར་སོན། །སྲུང་བའི་དུས་སུ་བློ་ལྡན་གྱིས། །རང་གི་ལག་པས་རྡོ་རྗེ་གཟུང་། །བྱང་ཆུབ་སེམས་ལ་རྩེན་བྱེད་ལ། །རྒས་དང་འཆི་བ་རིང་བ་ཡིན། །སྲིད་པའི་སྐྱོན་ལས་འགོམས་པ་ཡིས། །སྲིད་གསུམ་དེ་ཡི་རང་བཞིན་འགྱུར། །ལས་ཀྱི་ཕྱག་རྒྱའི་
རབ་སྦྱོར་བས། །ཉི་མ་རེ་རེ་བསྒྲུབ་པར་བྱ། །དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་ལྟུང་བར་བྱ། །འདོད་ཆགས་ཆེན་པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །རྣལ་འབྱོར་རྒྱུད་ཀྱི་རྒྱུའི་དོན་དུ། །བསྟན་བྱ་སྟོན་པ་པོར་འགྱུར་རོ། །
རྣལ་འབྱོར་མ་ཡི་རྒྱུད་ཀྱི་ནི། །སེམས་ཅན་དོན་ནི་ངེས་པར་བྱས། །སྐུ་བཞི་པོ་ཡི་རྣལ་འབྱོར་གྱིས། །བདེན་མིན་བདག་གིས་བཤད་མི་བྱ། །རིན་ཆེན་རྡོ་རྗེའི་རང་བཞིན་ཅན། །སྦྱོར་སྐྱེས་ཡེ་ཤེས་གྱེན་དུ་བགྲོད། །ཕོ་ཉ་རྣམས་ཀྱི་གཙོ་ཉིད་བྱ། །འདོད་ཆགས་

མེ་ཡིས་དགྱེས་པར་བྱ། །བྱང་ཆུབ་སེམས་ནི་རྟག་གཟུང་བ། །ལྕེ་ཡིས་བྱ་ཡི་ལག་པས་མིན། །ལྷན་སྐྱེས་འཕོས་པའི་མཚན་ཉིད་ནི། །མཁའ་ལྡིང་ཕྱག་རྒྱ་ཉིད་ཀྱིས་གཟུང་། །ཕྱག་རྒྱའི་ཁ་ཉིད་དུ་སྦྱིན་ཏེ། །དེ་ནས་བཏུང་བར་བྱ་བ་ཡིན། །སྟོབས་ཐམས་
ཅད་ཀྱི་བཟའ་བར་བྱ། །སཱ་ལི་སྐྱེས་སོགས་འབད་པས་སོ། །སྦྱིན་སྲེག་ཀུན་ཀྱང་དེ་ཉིད་ཀྱིས། །དབང་ལ་སོགས་པ་གང་གང་བྱེད། །དེ་དེའི་ཐོད་པར་བྱ་བ་སྟེ། །དེ་ནས་ས་བོན་གདབ་པར་བྱ། །དེ་རྣམས་རྫས་ཀྱིས་སྤང་བ་དང་། །གཏོར་མ་དང་ནི་བསྲུང་བར་བྱ། །
དེ་ཡིས་བཅིངས་པ་ཙམ་གྱིས་ནི། །དེ་དང་འདྲ་བའི་གཟུངས་འཇུག་འགྱུར། །རིལ་བུ་འམ་ནི་སྐུད་པ་ནི། །དཔའ་བོ་རང་ཉིད་ཀྱིས་གསུངས་པའོ། །བྷ་གའི་དབུས་རྣམས་སུ་བསྒོམ་པ། །རིན་ཆེན་རྡོ་རྗེ་ཅན་དེ་སྨན། །དཀྱིལ་འཁོར་ཁམས་རྣམས་ཀུན་གྱི་སྟེ། །སྤངས་པ་རབ་ཏུ་
བསྟན་པ་ཡིན། །གང་དང་གང་གི་ལས་ཀྱི་ནི། །དེ་དང་དེའི་མིང་ཅན་སྔགས་སོ། །ས་བོན་ཀུན་གྱི་ཡོངས་སྦྱོར་ལས། །དེ་ནི་རྟག་ཏུ་སྨན་རྣམས་ཏེ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ནི། །རྟག་ཏུ་འཆིང་བས་འདི་གསུངས་སོ། །ཞེས་བྱ་བ་ནི་རིན་ཆེན་རྡོ་རྗེའི་ཆོ་ག་སྟེ་རབ་ཏུ་བྱེད་པ་
བཅྭ་བརྒྱད་པའོ།། །།དེ་ནས་འཁོར་བའི་མཐར་གནས་པའི། །མཁའ་འགྲོའི་མཚན་ཉིད་བཤད་པར་བྱ། །རྟ་མགྲིན་གྱི་ནི་རབ་སྦྱོར་བས། །ཕོ་ཉའི་མཚན་ཉིད་བསྒྲུབ་པར་བྱ། །ཧ་ཡིག་སྐྱེ་གནས་དབུས་སུ་སྟེ། །ཡ་ཡིག་མགོ་བོར་གནས་པའོ། །བྷྱི་ཡིག་དབུས་མའི་
པདྨར་ཏེ། །བ་ཡི་ཡི་གེ་སྙིང་ག་རུ། །རྣལ་འབྱོར་ཆེ་ལ་འཛིན་བཞིན་པ། །དབྱངས་ཅན་མ་དང་འདྲ་བར་བྱེད། །རྨོངས་པ་ཉིད་ནི་ཐམས་ཅད་འཕྲོག །གང་ཕྱིར་གཞུང་ནི་རྗེས་འཇུག་འགྱུར། །མགྲིན་པར་རྟག་ཏུ་ཚིགས་བཅད་ནི། །མགྲིན་པར་དག་ཏུ་གནས་པ་ཉིད། །འཚོ་བ་རྟ་
ཡི་དབྱིབས་འདིར་ནི། །གནས་པ་རྣལ་འབྱོར་ལྷག་མ་ཡིན། །དེ་ཡི་སྦྱོར་བས་འགྲོ་འགྱུར་བ། །སྔོན་དུ་ཉི་མའི་གདན་དུའོ། །ཉི་དེ་རྡོ་རྗེ་སེམས་དཔའ་སྟེ། །ཁམས་གསུམ་པོར་ནི་བསྐོར་བར་འགྱུར། །ནམ་མཁར་ཉི་མས་མཛེས་བྱས་ནས། །བྱང་ཆུབ་ཡིད་ཀྱིས་འགྲོ་བར་

འགྱུར། །ཕྱོགས་ཀྱི་འཁོར་ལོ་མ་ལུས་རྟོགས། །རྣལ་འབྱོར་མ་ཡི་ཆུ་སྐྱེས་མཆོག །སེམས་ཅན་ཀུན་གྱི་རྨོངས་ཉིད་དང་། །ལམ་མཐོང་བ་ནི་ཐམས་ཅད་ལ། །དེ་ཉིད་ཉི་མ་རྟག་སྣང་བར། །མཚན་མོ་མུན་པ་དྲག་པོ་འཕྲོག །རྣལ་འབྱོར་མ་འཁོར་དབུས་སོན་
པར། །རྟ་ཡི་མགོན་པོ་བསྒོམས་པ་ཡིན། །གང་གི་སངས་རྒྱས་སུ་འགྲོ་བ། །སྒྲུབ་ཐབས་ཡན་ལག་འཆར་བར་འགྱུར། །བགེགས་རྣམས་རྣམ་པར་ཉམས་འགྱུར་ཏེ། །སྤྲིན་ལ་སོགས་པ་ཉམས་པར་འགྱུར། །ཀུན་གྱི་སྡིག་པའང་འཕྲོག་པར་བྱེད། །རང་གི་
དགའ་བ་ཤར་མཚན་ཉིད། །མཆོད་སྦྱིན་དུས་ཀྱིས་འཇིག་རྟེན་དུ། །ཐམས་ཅད་སྐད་ཅིག་ལ་སྒྲུབ་འགྱུར། །ཁམས་བདུན་རྣམ་པར་བཟུང་བ་ཡིས། །དེ་ཚེས་འོག་དངོས་གྲུབ་འགྱུར། །བདག་མེད་འདི་རྣམས་དེ་ལྷ་མོ། །ཡན་ལག་གཅིག་གི་རོལ་པར་བྱེད། །
སྔགས་ཀྱི་བཟླས་པ་མི་བྱ་སྟེ། །སྦྱིན་སྲེག་ཨཱ་ག་སོགས་དེ་བཞིན། །ཇི་ལྟར་བདེ་བས་རྟོགས་བྱ་སྟེ། །རྡོ་རྗེ་འཛིན་པ་ཉིད་འཐོབ་འགྱུར། །འདོད་ཆགས་ཀྱིས་ནི་འདོད་ཆགས་སྒོ། །མེ་ཡིས་ཚིག་ལ་གདུང་བར་བྱ། །དེ་བཞིན་འདོད་ཆགས་ཀྱིས་འདོད་ཆགས། །བསྟེན་
པར་གྱུར་པས་མི་འཆིང་ངོ་། །དེ་ཉིད་ཐབས་སོ་ཡིད་ཀྱི་ལས། །དགེ་བའི་མཚན་ཉིད་ཅན་བྱའོ། །ནང་དུ་བྱེད་པ་མ་ཡིན་ཏེ། །གུས་པ་ཡིད་ཀྱིས་དབུ་མར་གནས། །ཕྱི་རོལ་ཡེ་ཤེས་ཅན་རྣམས་ཀྱིས་ཡེ་ཤེས། །དེ་ཉིད་སངས་རྒྱས་རྡོ་རྗེ་འཆང་བ་སོགས། །སེམས་
ཅན་འཇིག་རྟེན་སོགས་འབྱུང་བ། །དེ་རྣམས་སྤངས་པས་སངས་རྒྱས་མེད། །མུ་སྟེགས་ཅན་དང་སངས་རྒྱས་པར། །ཀུན་དུ་དབྱེ་བ་ཡོད་མ་ཡིན། །ལུང་ཐམས་ཅད་ནི་འགལ་བ་སྟེ། །ཚད་མ་པ་རྣམས་ཐོ་ཆོ་ཅན། །ཐམས་ཅད་ཚིག་ནི་རྣམ་ཤེས་པས། །ཡེ་ཤེས་
ཅན་རྣམས་དེའི་ཕྱིར་ཤེས། །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་ལས། །ནམ་མཁའ་རྣམས་སུ་བཞུགས་པ་ཡིན། །བཅོམ་ལྡན་འཇིག་རྟེན་འཇིག་རྟེན་པར། །རྟག་ཏུ་བཞུགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་རྟ་མགྲིན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་དགུ་

པའོ།། །།དེ་ནས་རབ་ཏུ་འཇོམས་ཡོན་ཏན། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །ནམ་མཁའི་སྙིང་པོའི་སྦྱོར་བ་ཡིས། །རྡོ་རྗེ་རླུང་གི་མཚན་ཉིད་དེ། །འཆགས་པ་དང་ནི་འཇིག་རྣམས་སུ། །གང་ཞིག་སྟོང་པ་དེ་སྲོག་ཆགས། །
ཁམས་རྣམས་དེ་འདྲར་ཤེས་བྱ་སྟེ། །དུལ་བའི་སྦྱོར་བར་ཡང་དག་གནས། །ཟླ་བའི་གཟུགས་སུ་ཡོངས་གྲགས་པའི། །རང་གི་རང་བཞིན་ལས་སྐྱེས་འཛག །རྣལ་འབྱོར་ལྷག་མའི་ཡེ་ཤེས་ཀྱང་། །དེ་ནི་རབ་འཇོམས་ལ་བརྗོད་དོ། །དུས་
ཐམས་ཅད་དུ་གཡོ་བ་མེད། །གཡོ་བའམ་འདིར་ནི་མི་མཐོང་ངོ་། །དེ་ནི་ཐམས་ཅད་བདག་ཉིད་རླུང་། །བསམ་པ་ཐམས་ཅད་རབ་འཇུག་པའོ། །དོ་ལཱ་ཧཱ་ར་སོགས་སྦྱར་བས། །རྣལ་འབྱོར་རྣམས་ཀྱི་ཐར་སྟེར་པོ། །སྒྲ་དང་ཐིག་ལེར་དེ་ཤེས་བྱ། །འོད་
གསལ་བ་དང་སྣང་བ་གསུམ། །དེ་ཕྱིར་ནམ་མཁའི་སྙིང་པོ་ཡང་། །མཁའ་འགྲོའི་སྦྱོར་རྣམས་ཀྱིས་ཤེས་བྱ། །ནང་གི་དབུ་མའི་སྦྱོར་བ་ཡིས། །སྲོག་དེའང་རབ་ཏུ་བསྔགས་པ་ཡིན། །དེ་ཡང་ཀུན་གཞི་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །
ཆོས་ཀྱི་སྐུ་ལ་སོགས་པའང་དེ། །དམྱལ་སོགས་འགྲོ་བ་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །གནས་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཟླ་བའི་ལམ་དུ་གང་ཚེ་མཁའ། །རྣལ་འབྱོར་རྣམས་ཀྱི་ལྷག་མེད་འཕོ། །དེའི་དུས་རྣམ་པར་
གཞག་མེད་འགྱུར། །རྣལ་འབྱོར་བྱིས་པས་བགྲོད་བྱ་མིན། །ནམ་མཁའི་ཁམས་རྣམས་ཐམས་ཅད་ཀྱི། །དེ་ཡི་སྙིང་པོར་རབ་ཏུ་བསྟན། །དེ་དག་ཤེས་རབ་ཐབས་གཉིས་སོ། །གནས་སྐབས་ཀྱང་ནི་གཉིས་ཉིད་དོ། །སྲིད་པ་རྣམ་པར་འཕྲོ་བ་ཉིད། །
དབང་པོའི་དབུས་སུ་སྦྱར་བར་བྱ། །སངས་རྒྱས་འཇིག་རྟེན་མཐའ་ཡས་རྣམས། །ས་ཡི་ནང་དུ་རྩེན་པར་འགྱུར། །དེ་ལྟར་རྣམ་བཅས་དེ་ཉིད་དང་། །རྣམ་པ་མེད་པའི་གོ་འཕང་བཞུགས། །སེམས་དང་རྣམ་པར་ཤེས་པའི་རྒྱུན། །གཉིས་པོ་ཉིད་ནི་

གཉིས་མེད་འགྱུར། །དབུ་མར་ལྟ་རྣམས་ཀྱིས་འགྲུབ་སྟེ། །ཡེ་ཤེས་དེར་འདི་རྫོགས་པའོ། །གལ་ཏེ་སངས་རྒྱས་རྗེས་ཆགས་ཡོད། །ཆོས་དགེ་འདུན་ལ་དེ་བཞིན་མཆོག །གལ་ཏེ་མུ་སྟེགས་མཁས་པ་ཡི། །ཚུལ་ཆེན་ཆོས་དེ་འདོད་
པ་དང་། །གལ་ཏེ་ཤེས་རབ་ཐབས་རྣལ་འབྱོར། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །གལ་ཏེ་ཐམས་ཅད་མི་རྟག་བདག །ཚུལ་འདི་བསྒོམ་པར་བྱ་བ་ཡིན། །འདིར་མང་སྨྲས་པས་ཅི་བྱ་སྟེ། །ཆོས་དབྱིངས་གལ་ཏེ་འདོད་ཀྱང་ངོ་། །
ནམ་མཁའི་སྙིང་པོའི་གཟུགས་ཅན་གྱི། །སངས་རྒྱས་སྤྲུལ་པ་བསྒོམ་པར་བྱ། །ཤན་པ་སྨྱིག་མ་མཁན་ལ་སོགས། །གསོད་པའི་དོན་ལ་ཡོངས་གནས་པ། །དེ་ཀུན་དེའི་གནས་ཉམས་དགའ་བར། །ལམ་རྗེས་སྐྱོབ་རྣམས་ཀྱི་གྲོལ་འཐོབ། །
ངེས་པར་དཀྱིལ་འཁོར་དབུས་རྣམས་སུ། །གཟུགས་སུ་སྡོམ་པ་བསྒོམ་པར་བྱ། །འཇིག་རྟེན་འདི་དང་ཕ་རོལ་དུ། །རྨོངས་པའི་བདག་ཉིད་དངོས་གྲུབ་འཐོབ། །རྣམ་ཤེས་ཀུན་གྱི་སྦྱོར་བདག་ཉིད། །སྟོང་ཉིད་སྙིང་པོ་གཅིག་པུ་པ། །བཅོམ་ལྡན་
རབ་འཇོམས་རྣམ་པ་ཡི། །རྣལ་འབྱོར་ལ་བཞུགས་པས་འདི་གསུངས། །ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།དེ་ནས་ལྷ་མོས་མཆོད་བྱས་ཏེ། །ཕྱག་བྱས་ནས་ནི་འདི་གསོལ་ཏོ། །རང་གིས་རིག་པའི་
མཚན་ཉིད་ནི། །བཅོམ་ལྡན་རྡོ་རྗེས་གསུང་བར་མཛོད། །རང་རིག་ཡེ་ཤེས་ལས་བྱུང་བ། །ཇི་ལྟའི་རིགས་པས་བཤད་པར་བྱ། །དཔལ་ཧེ་རུ་ཀའི་རབ་སྦྱོར་བས། །རྣལ་འབྱོར་ཟླ་བའི་བགྲོད་པ་དང་། །དཀར་པོའི་ཚེས་གཅིག་ལ་སོགས་ནས། །
ཡེ་ཤེས་རྒྱ་མཚོ་འཕེལ་བར་འགྱུར། །ཐོག་མར་ཡེ་ཤེས་སྐྱེ་བར་འགྱུར། །གཉིས་པར་ནམ་མཁར་འགྲོ་བའི་གཟུགས། །གསུམ་པར་མདའ་ཡི་དབྱིབས་དང་འདྲ། །བཞི་པར་འབེན་གྱི་གཟུགས་ཅན་ནོ། །ལྔ་པར་རྩེ་མོ་ལྔའི་བདག་ཉིད། །དྲུག་པར་

ཁམས་དྲུག་འབྱུང་བ་ཡིན། །བདུན་པར་རྒྱ་མཚོ་ཡི་ནི་གཟུགས། །བརྒྱད་པར་པདྨར་བརྗོད་པ་ཡིན། །དགུ་པ་རུ་ནི་བཅུད་ལེན་ཏེ། །བཅུ་པར་ལྷན་སྐྱེས་གཟུགས་ཀྱིས་སོ། །བཅུ་གཅིག་པ་ལ་ཞི་བའི་གཟུགས། །བཅུ་གཉིས་པ་ལ་འཁོར་ལོའི་གཟུགས། །
བཅུ་གསུམ་པ་ལ་ཉི་མ་སྟེ། །བཅུ་བཞིར་ཟླ་བ་དེ་བཞིན་ནོ། །བཅྭ་ལྔ་པ་ཉིད་རཱ་ཧུ་སྟེ། །ཐིག་ལེ་ཞེས་བྱས་བཅུ་དྲུག་པའོ། །རྣམ་པ་བཅུ་དྲུག་མཚན་ཉིད་ནི། །རང་གིས་རིག་པར་ཤེས་པར་བྱ། །དཔལ་ཧེ་རུ་ཀའི་སྦྱོར་བ་ཡིས། །འཁོར་ལོ་བཞི་རྣམས་སུ་བསྒྲུབ་བྱ། །རྒས་པ་མེད་
ཅིང་འཆི་བ་མེད། །ནད་དང་མཛེ་སོགས་སྤངས་པ་ཡིན། །ལྟེ་བར་ཤྲཱི་ཡི་ཡི་གེར་གྱུར། །ཧེ་ཡིག་སྙིང་གར་དགོད་པར་བྱ། །རུ་ཡིག་མགྲིན་པའི་འཁོར་ལོར་ཏེ། །ཐོད་པར་ཀ་ཡི་ཡི་གེའོ། །ཐིག་ལེ་བཞི་ཡི་རབ་སྦྱོར་བས། །རང་གིས་རིག་པར་འགྲུབ་པར་འགྱུར། །
དེ་ཉིད་རྣམ་པ་བཅུ་དྲུག་ནི། །རྣལ་འབྱོར་རྣམས་ཀྱི་མཆོག་ཟག་མེད། །གནས་དང་གནས་སུ་འཕོ་བ་ཉིད། །དབུ་མའི་ནང་དུ་རབ་ཏུ་གཞུག །འཁོར་ལོ་བཞི་ཡི་འདབ་སོན་ནས། །རང་གིས་རིག་པ་མཐའ་ཡས་མཆོག །རིགས་དེ་རྣལ་འབྱོར་མ་རྣམས་ཀྱི། །བྱུང་བར་རྣམ་པར་
ཤེས་པར་བྱ། །སེམས་ཅན་པོ་ནི་སད་བཞིན་པས། །དོན་ཡོད་མཐོང་བ་ཐོབ་པར་འགྱུར། །རྟག་ཏུ་རྨི་ལམ་དུ་འགྱུར་ཏེ། །དུས་ཐམས་ཅད་དུ་ངེས་པར་གནས། །ལོངས་སྤྱོད་སྤྲུལ་པའི་མཚན་ཉིད་དུ། །གཉིད་ལོག་པ་ཡིས་དེ་ཚེ་མཐོང་། །བཞི་པ་རབ་མང་བདག་མེད་དེ། །དེ་
ཕྱིར་དེ་རྣམས་མཐའི་ལོངས་སྤྱོད། །དེ་ལྟར་འཁོར་ལོ་བཞིར་གནས་ནས། །ངེས་པར་ལམ་དུ་འགྲོ་བར་འགྱུར། །ཤེས་རབ་དེ་ཉིད་རྟོགས་བྱས་ནས། །ཉི་མས་ཐབས་ཀྱི་དེ་ཉིད་ཅན། །རྡུལ་གྱི་སྦྱོར་བ་འབྱུང་བ་སྟེ། །ནག་པོའི་ཕྱོགས་སུ་གང་འདིར་ཡང་། །བཅུ་དྲུག་རྣམས་
ཀྱི་ཆ་རྣམས་ཀྱི། །ཉི་མ་ཉིད་ནི་བར་དུའོ། །སྟོང་ཉིད་སྙིང་རྗེའི་སྦྱོར་བ་ལས། །རྡོ་རྗེ་འབར་བ་འབར་ཞིང་འབར། །དཀྱིལ་འཁོར་འཁོར་ལོའི་དབུས་རྣམས་སུ། །དཔལ་ཧེ་རུ་ཀ་བསམ་པར་བྱ། །མཚན་ཉིད་ཐམས་ཅད་ཡང་དག་ལྡན། །རྡོ་རྗེའི་དགའ་བར་འགྲོ་

བར་འགྱུར། །གནས་སྐབས་ཐམས་ཅད་ཡང་དག་སྦྱོར། །གཙོ་བོ་རང་རིག་བདག་ཉིད་ཅན། །བཅོམ་ལྡན་འདས་པའི་བཞི་པའི་མཐར། །རྟག་ཏུ་བཞུགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའོ།། །།དེ་
ནས་ལུས་སོགས་ལྷ་རྣམས་ཀྱི། །སྟོན་མོ་མངོན་པར་བཤད་པར་བྱ། །པདྨ་གར་དབང་ཕྱུག་ཉིད་ཀྱི། །རབ་ཏུ་སྦྱོར་བའི་དེ་བྱུང་ངོ་། །རྩ་ནི་པདྨར་ཡང་དག་གྲགས། །སྲོག་གི་རླུང་གིས་གར་བྱེད་དོ། །བྱང་ཆུབ་སེམས་ཀྱིས་དབང་ཕྱུག་སྟེ། །དེ་རྣམས་ཀྱི་ནི་ནང་དུ་བཞུགས། །རང་
གིས་རིག་པ་བཟའ་བར་བྱ། །སྙིང་རྗེའི་ཁ་ཡིས་བཏུང་བར་བྱ། །གཉིས་མེད་རྣལ་འབྱོར་མ་དང་རོལ། །སྒྱུ་མའི་རྗེས་སུ་འགྲོ་རྣམས་འགྲུབ། །ཐམས་ཅད་དེ་ཡི་རང་བཞིན་དུ། །བཟའ་བ་བཟའ་བ་མེད་པར་བྱ། །པདྨ་གར་དབང་བསྒོམ་པར་བྱ། །ཇི་ལྟའི་རིམ་པས་མཚོན་པར་བྱ། །པ་ཡིག་
གཞན་གྱི་གྲོང་དུ་འགྲོ། །བརྟན་པ་ཐམས་ཅད་ཏྨ་ཡི་ཡིག །ན་ཡིག་གཡོ་བའི་རྣལ་འབྱོར་ཏེ། །རྟེ་ཡིག་བདེ་བའི་ལྷ་ཅན་ཡིན། །ཤྭ་ཡིག་ཏ་ལ་སོགས་པའི་སྟོབས། །ར་ཡིག་དགའ་རོལ་རྒྱུ་ཅན་ཡིན། །སྲིད་དང་མྱ་ངན་འདས་ཀུན་ལ། །དེ་ཡི་རབ་ཏུ་སྦྱོར་བར་བྱ། །མཚམས་ཀྱི་སྐད་ནི་འདི་
རྣམས་ཀུན། །བདེ་མཆོག་ཕྱི་མར་ཤེས་པར་བྱ། །བགྲོད་པ་འདི་རྣམས་ལ་བརྟེན་ནས། །པདྨ་གར་གྱི་དབང་ཕྱུག་རང་། །ཧེ་རུ་ཀ་དང་བདེ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་སོགས་གཙོ་བོ། །པདྨ་གར་དབང་ཕྱུག་དེ་ཡང་། །སྦྱོར་བ་ཀུན་ལ་ཤེས་པར་བྱ། །པདྨ་ཡེ་ཤེས་ཡང་དག་གྲགས། །
གར་གྱི་དབང་ཕྱུག་རྣམ་ཤེས་ཅན། །གཉིས་པོ་གཉིས་མེད་ཡང་དག་བྱུང་། །ལྷ་ཀུན་འདིར་ནི་བྱུང་བ་ཡིན། །ཤེས་པོ་ཐམས་ཅད་དེ་ལ་གནས། །ཁམས་གསུམ་དུ་ནི་གར་དབང་ཕྱུག །གར་བྱེད་པ་ཡི་སྐུ་ཆེན་ལ། །དེ་ནས་རྟགས་ནི་མཚོན་པར་བྱ། །ནམ་མཁར་ཞེན་པའི་སྦྱོར་བ་ཡིས། །
མཆོག་ཏུ་རྨད་དུ་བྱུང་བར་འགྲོ། །རྣལ་འབྱོར་མའི་འཁོར་ལོ་དབུས་སུ། །ལྷན་སྐྱེས་གཟུགས་ཀྱིས་རོལ་པར་གྱིས། །འདི་ཡིས་རྟག་ཏུ་དབང་གི་ལས། །དེ་རྣམས་ཀྱིས་ནི་དགའ་བ་བྱེད། །གང་དག་གང་གི་ལས་རྣམས་ལ། །དེ་དང་དེ་ཡིར་བསྒོམ་པར་བྱ། །སྒྲུབ་པོ་རྣམས་

ཀྱི་བྱང་ཆུབ་རྩར། །སངས་རྒྱས་ཐམས་ཅད་དབང་དུ་འོང་། །དེ་ནས་བདུད་ནི་བཅོམ་བྱས་ནས། །གར་བྱེད་བཞིན་པས་པདྨ་འཛིན། །སྡིག་པ་ཐམས་ཅད་རབ་འཇོམས་ཤིང་། །ཆེ་སོན་པ་རྣམས་གནས་པར་བྱེད། །འདོད་པ་ཐམས་ཅད་འགྲུབ་འགྱུར་ཞིང་། །རྣལ་འབྱོར་
རྣམས་ཀྱི་སྲིད་ལ་སྦྱོང་། །རང་གི་སེམས་ཀྱིས་དངོས་གྲུབ་འཐོབ། །རྣམ་རྟོག་ཉིད་དུ་མི་བྱའོ། །གཞན་དུ་སྲིད་པའི་སྦྱོར་བདག་ཉིད། །སེམས་ཐམས་ཅད་ནི་རབ་འཇུག་པ། །འཁྲུལ་ཞིང་ཆུད་ཟོས་མུ་སྟེགས་རྣམས། །བསྟན་པ་རྣམས་ལ་རབ་འཇུག་བྱ། །བག་ཆགས་ངན་པ་ཡོངས་སྤངས་
ནས། །ཕྱི་ནས་རང་བཞིན་བསྟན་པར་བྱ། །བཟའ་བ་ཐམས་ཅད་མཉམ་སྦྱོར་ལས། །བཟའ་བ་མེད་པར་རྟག་ཏུ་གནས། །བཅོམ་ལྡན་པདྨ་གར་མཛད་པའི། །དེ་བཞིན་གཤེགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་པདྨ་གར་དབང་གི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པ