Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ

Văn bản gốc(Tây Tạng)

Trang 4 / 20 (50.000 ký tự/trang)
ུ་རིར་འདོད་མ་སྟེ། །འཇིགས་པའི་གདོང་གི་སྐྱེ་གནས་བྱུང་། །རྡོ་རྗེ་ཤཀྟི་དགེ་བ་ཐོགས། །སྒྲུབ་པོ་རྣམས་ལ་སྟོབས་སྟེར་བ། །གཟུགས་སྔོན་འཇིགས་པ་ཆེན་མོ་སྟེ། །འབྱུང་པོའི་ཤིང་ལ་བརྟེན་ཏེ་གནས། །དེར་གནས་འཇིགས་པ་ཞེས་བྱ་བའི།།
ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །པུ་ཏན་ར་ནི་ཨ་མྲ་ཀེ། །དགྲ་རྣམས་ཐམས་ཅད་འཇིགས་བྱེད་པ། །ཐང་གཤོལ་དང་ནི་ག་ཡ་ཐོགས། །སེམས་ཅན་ཐམས་ཅད་དབང་བྱེད་མ། །ད་རུའི་ཤིང་ལ་བརྟེན་ཏེ་གནས། །སེམས་ཅན་ཐམས་ཅད་འཇིགས་པར་བྱེད། །བརྟུལ་ཞུགས་ཆེན་པོ་ཞེས་
བྱ་བའི། །ཀྵེ་ཏྲ་པཱ་ལ་ཞིང་དེར་གནས། །རྒྱལ་པོའི་ཁབ་ཏུ་ཛ་ན་ས། །ཁྲག་ཆེན་གྱི་ནི་སྐྱེ་གནས་བྱུང་། །རྡོ་རྗེ་ལྕགས་ཀྱུར་ཡང་དག་ལྡན། །ཕ་རོལ་གཡུལ་ལས་རྒྱལ་བར་མཛད། །ཞིང་དེར་གནས་པའི་ལྷ་མོ་དེ། །ཛི་ལའི་སྒྲ་འབྱིན་འཇིགས་པར་བྱེད། །རྣ་ཆེན་ཞེས་
བྱའི་ཞིང་སྐྱོང་ནི། །རྟག་ཏུ་དེ་དང་ཉེ་བར་གནས། །བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །རང་བྱུང་གི་ནི་སྐྱེ་གནས་བྱུང་། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །ཞི་ཞིང་གསལ་བའི་གཟུགས་ཅན་ཏེ། །ཡུལ་དེར་གནས་པའི་ལྷ་མོ་དེ། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །

ལོངས་སྤྱོད་ཞེས་བྱའི་དཔའ་བོ་ཆེ། །ཀྵེ་ཏྲ་པཱ་ལ་ཐུབ་དཀའ་བའོ། །མཱ་ལ་བར་ནི་དབང་བསྐུར་མ། །ཐོ་བ་ཡི་ནི་ཕྱག་རྒྱ་ཐོགས། །སྒྲུབ་པ་པོ་ལ་རྟག་ཏུ་བརྩེ། །གྲགས་དང་དཔལ་དང་བཀྲ་ཤིས་སྟེར། །ཞིང་དེར་གནས་པའི་ལྷ་མོ་དེ། །མངར་བའི་ཤིང་ལ་བརྟེན་ཏེ་གནས། །
སྐྱེས་བུའི་དབང་ཕྱུག་ཞེས་བྱ་བའི། །ཞིང་སྐྱོང་སྣ་ཚོགས་དབང་ཕྱུག་ཡོད། །ཞིང་འདི་རྣམས་ཀྱི་བུ་མོ་དང་། །དཔའ་བོ་རྣམས་ནི་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོ་འཕྱན་པ་དང་། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་ལ་སྤྱོད་པ་རྙེད་དཀའ་བའི། །དངོས་གྲུབ་
ཡངས་པ་སྟེར་འགྱུར་ཏེ། །སྒྲུབ་པ་པོ་ཡི་ལས་རྣམས་ནི། །ཐམས་ཅད་འགྲུབ་འགྱུར་ཐེ་ཚོམ་མེད། །དེ་ནས་དངོས་གྲུབ་ཀུན་སྟེར་བའི། །མཆོད་པའི་ཆོ་ག་བཤད་པར་བྱ། །མེ་ཏོག་བདུག་པ་དེ་བཞིན་དུ། །མར་མེ་དྲི་ཡི་ཁྱད་པར་དང་། །གཏོར་མའི་སྣོད་ཀྱིས་ཉེ་བར་
མཆོད། །ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་ནི་ཐམས་ཅད་དང་། །དེ་བཞིན་བདུད་རྩི་ལྔ་ཡི་མཆོག །གཡོན་གྱི་ཆར་ནི་སྣོད་ཡིན་ཏེ། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་བཞི་
མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་པ་འཇིགས་བྱེད་དང་། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་
བྱད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །
འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཕྲེང་དང་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་

མོའི་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་
ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་དྷྱ་ན་བ་པ་བན་དྷ་ན་ཁ་ཁ་ཁཱ་ད་ནསརྦྦ་དུཥྚཱན་ཧ་ན་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་མུ་ཀ་སྱ་ཀཱ་ཪྻཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿསྭཱ་ཧཱ། བདུད་རྩི་ཡིས་ནི་ཁ་བཀང་སྟེ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་ཡིས་ནི། །ལས་རྣམས་
ཐམས་ཅད་སྒྲུབ་པར་བསྒོམ། །ཨོཾ་བཀྵ་བཀྵ་སརྦ་ཡོ་གེ་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ལ་སོགས་སྦྱོར་བ་ཇི་བཞིན་དུ། །གཏོར་མའི་ལས་ནི་སྦྱར་བྱ་སྟེ། །ཞི་དང་རྒྱས་དང་དབང་དང་དགུག །གསད་དང་སྡང་དང་བཅིང་བ་ལ། །སྒྲུབ་པོས་གཏོར་མའི་དེ་ཉིད་ཀྱིས། །ལས་རྣམས་
ཐམས་ཅད་བསྒྲུབ་བྱ་ཞིང་། །ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །ཞིང་དང་གནས་དང་དེ་བཞིན་གྲོང་། །གྲོང་ཁྱེར་རི་ཡི་རྩེ་མོ་རུ། །འབྱུང་པོ་ཐམས་ཅད་ཚོགས་གྱུར་པར། །འདུས་ན་སྒྲུབ་པོ་ལ་མཆོག་སྟེར། །གནས་ལ་སོགས་
པར་རྟག་གནས་ཤིང་། །སྒྲུབ་པ་པོ་ནི་གུས་ལྡན་ལ། །ལྷ་མོ་རྣམས་ཀྱིས་མཆོག་སྟེར་བར། །སྒྲུབ་པ་པོ་ལ་ཐེ་ཚོམ་མེད། །གང་གིས་སྒྲུབ་པ་པོ་འགྲུབ་པའི། །རོ་ཡི་བསྒྲུབ་པ་བཤད་པར་བྱ། །རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་བ་ལ་སོགས་སྤངས། །ཤིན་
ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། །མར་ཁུ་ཆེན་པོས་བྱུག་པ་དང་། །བདུག་པ་ཆེན་པོས་དེ་བདུག་བྱ། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །
སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་བྱ་ལ་སོགས་སྔོན་བཞིན་བརྗོད། །ཧ་ཧཱ་ཧི་ཧཱི་ཧཱུྃ་ཧཱུྃ་ཧེ་ཧེ། །ཞེས་བྱའི་དགོད་པ་རྣམ་པ་བརྒྱད། །སྒྲུབ་པ་པོ་ཡིས་ཆོག་བཞིན་བྱ། །མེ་ལ་གནས་པའི་ས་བོན་ནི། །རླུང་གི་ས་བོན་གྱིས་ཕྱེ་བ། །སྤྱི་གཙུག་ཏུ་ནི་སྦྱར་བྱས་ལ། །ས་

ཡི་སྟེང་དུ་མཆོད་པར་བྱ། །རྣལ་འབྱོར་མ་ཡི་དབུས་གནས་པར། །འབད་པ་ཡིས་ནི་མྱུར་དུ་བལྟ། །སྒྲུབ་པོས་བདག་ཉིད་བསམ་བྱ་བ། །སྐྱེ་གནས་དབུས་སུ་རིམ་བཞིན་བལྟ། །འབར་ཕྲེང་གི་ནི་རྒྱ་མཚོ་སྟེ། །ཕོ་ཉ་འོད་དང་བཅས་བལྟ་ཞེས། །མཁའ་འགྲོ་ཀུན་དང་མཉམ་
སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འདུ་བའི་གནས་ངེས་པ་དང་། སྒྲུབ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཅྭ་
བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་མོའི་དཀྱིལ་འཁོར་དགེ་བ་དང་། །ལྷ་རྣམས་ཐམས་ཅད་བསྒྲུབ་པ་དང་། །དེ་བཞིན་ཕོ་ཉའི་ཁྱད་པར་དང་། །འབྱུང་པོ་གདོན་གྱི་རིག་པ་ཆེ། །གང་གཞན་ལུས་སྲུལ་ལ་སོགས་པ། །དེ་བཞིན་སྔགས་
ཀྱི་ཕྲེང་བ་རྣམས། །ད་ནི་ཁྱོད་ལ་བཤད་ཀྱིས་ཉོན། །གྲུ་བཞི་པ་ལ་སྒོ་བཞི་བ། །སྒོ་ཁྱུད་དང་ནི་ལྡན་པ་ཡི། །དཀྱིལ་འཁོར་ཉམས་དགའ་བྲི་བར་བྱ། །དངོས་གྲུབ་ཀུན་གྱི་ཡོན་ཏན་གནས། །འདོད་ཡོན་ལྔ་ཡིས་རབ་བརྒྱན་པ། །མཆོད་པ་ལྔ་དང་ཡང་དག་ལྡན། །རོ་ལ་
གཡོགས་པའི་རས་སམ་ནི། །མཚོན་གྱིས་བརྒྱབ་པའི་རས་དག་དང་། །བུ་བཙས་པ་ཡི་རས་དང་ནི། །བ་ལང་ཀོ་བ་ལ་སོགས་ལ། །དམ་ཚིག་ཅན་གྱི་འདྲི་མཁན་གྱིས། །སྒྲུབ་པོ་མཆོག་གིས་འདྲི་རུ་གཞུག །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་
བསྒྲུབ་པར་བྱ། །དེ་ནས་འབུམ་ཕྲག་གཅིག་བཟླས་པས། །མངོན་སུམ་དུ་ནི་མདུན་གནས་འགྱུར། །ཚངས་པ་མོ་དང་ཞི་བ་མོ། །གཞོན་ནུ་མོ་དང་ཕག་མོ་དང་། །དབང་མོ་དང་ནི་ཙ་མུཎྚཱི། །ཚོགས་ཀྱི་དབང་མོ་སྲེག་བྱེད་མ། །རིམ་པ་གཉིས་པའི་འོ། །དབང་པོ་གཤིན་
རྗེ་ཆུ་ལྷ་དང་། །ལུས་ངན་དང་ནི་ཡི་དགས་གཙོ། །སྲེག་བྱེད་བདེན་བྲལ་རླུང་གི་ལྷ། །རིམ་པ་གསུམ་པའིའོ། །ཉི་མ་དང་ནི་ཟླ་བ་དང་། །མིག་དམར་དང་ནི་གཟའ་ལག་དང་། །ཕུར་བུ་དང་ནི་པ་བ་སངས། །སྤེན་པ་དང་ནི་རཱ་ཧུ་ལ། །རིམ་པ་བཞི་པའིའོ། །ཚངས་པ་

ཁྱབ་འཇུག་དེ་བཞིན་དུ། །རུ་དྲ་སྐེམ་བྱེད་སྒོ་བཞིར་རོ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་པོ་ཆེན་པོའི་ཁམས་རྣམས་དང་། །མཁའ་འགྲོ་མ་དང་མར་མེ་མ། །འཇིབ་བྱེད་འཕྲོག་བྱེད་བཅས་པའི་གཙོ། །འབྱུང་བོ་ལས་ཀྱང་འབྱུང་བའི་གཟུགས། །སྒྲུབ་
པོས་ཆོ་ག་བཞིན་དུ་བསྒྲུབ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་ཀུན་ནས་ཟླུམ་པོར་ནི། །རི་མོ་མཛེས་པས་བསྐོར་བར་བྱ། །པད་མ་འདབ་བརྒྱད་བྲིས་ནས་ནི། །གེ་སར་གསང་བའི་སྤྱོད་ཡུལ་གྱི། །དབུས་སུ་ཁྲོ་བོ་ཆེན་
པོ་བྲི། །ཞལ་གཅིག་ཕྱག་ནི་བཞི་བ་སྟེ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ། །སྐུ་མདོག་སྔོན་པོ་དྲག་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བཀླུབས། །ཡི་དགས་ལ་ཞོན་ཉི་མར་བཞུགས། །སུམ་ཅུ་གསུམ་པ་འཇིགས་པར་
མཛད། །གར་དང་ལྡན་ཞིང་སྟག་ལྤགས་མནབས། །སྤྱན་གསུམ་ཤིན་ཏུ་གསལ་བའི་གཟུགས། །རྡོ་རྗེ་འབར་བ་བ་དན་གསུམ། །ཁྲག་གང་བ་ཡི་གཤོལ་དང་བཅས། །མདའ་དང་གཞུ་ནི་དེ་བཞིན་ཏེ། །གཡས་དང་གཡོན་གྱི་ཕྱག་གིས་འཕྱར། །ཤར་དུ་མཁའ་
འགྲོ་མ་བྲི་སྟེ། །ལྷོ་ཡི་ཕྱོགས་སུ་འཕྲོག་བྱེད་མ། །འཇིབ་བྱེད་ལྷ་མོ་ནུབ་ཏུ་བྲི། །བྱང་དུ་ལྷ་མོ་འབར་མའོ། །ལྷ་མོ་ཕག་མོ་ཞེས་བྱ་བ། །ཕྱག་བཞི་ཡི་གེ་ཧྲཱིཿལས་བྱུང་། །སྐུ་མདོག་སྔོན་མོ་དྲག་ཆེན་མོ། །ཕག་གི་གདོང་ཅན་འཇིགས་པར་བྱེད། །མདའ་དང་དེ་བཞིན་
གཞུ་དང་ནི། །རྒྱལ་མཚན་ཐོད་པ་ཐོགས་པའོ། །ཞི་བ་མོ་ནི་ཕེཾ་ལས་བྱུང་། །མདོག་དམར་གཟི་བརྗིད་ཆེན་མོ་སྟེ། །ཐོད་པ་དང་ནི་ལྕགས་ཀྱུ་དང་། །ཁ་ཊྭཱཾ་ཊམ་རུ་དེ་བཞིན་ནོ། །གཞོན་ནུ་མ་ནི་ཧྃ་ལས་བྱུང་། །ཁ་དོག་སེར་མོ་ཕྱག་བཞི་པ། །མདུང་རྩེ་གསུམ་དང་བ་དན་གསུམ། །
མདའ་དང་གཞུ་ནི་དེ་བཞིན་ནོ། །ཙ་མུཎྜི་ནི་ཧོ་ལས་བྱུང་། །མདོག་སྔོ་ལག་པ་བཞི་པ་སྟེ། །ཁ་ཊྭཱཾ་དང་ནི་ཐོད་པ་དང་། །གཤོལ་དང་དེ་བཞིན་ཌ་མ་རུ། །བྃ་ལས་བྱུང་བའི་ཚངས་པ་མོ། །མདོག་དཀར་ལག་པ་བཞི་པ་སྟེ། །པད་མ་དང་ནི་ཐོད་པ་དང་། །དེ་བཞིན་གཞན་

ན་མདའ་གཞུའོ། །ཚོགས་ཀྱི་དབང་མོ་གྃ་ལས་བྱུང་། །སྔོ་བསངས་མདོག་སྟེ་ལག་བཞི་མ། །མདུང་རྩེ་གསུམ་དང་ཐོད་པ་དང་། །བགྲང་ཕྲེང་གཡོན་གྱི་ལག་ཏུ་ཐོགས། །ཁྱབ་འཇུག་མ་ནི་བམ་ལས་བྱུང་། །མདོག་སྔོ་ལག་པ་བཞི་པ་སྟེ། །ཆང་དང་ཆུ་ཡི་ཐོད་པ་
དང་། །ཞགས་པ་ཁ་ཊྭཱི་དེ་བཞིན་གཞན། །དབང་མོ་ཨིཾ་ལས་བྱུང་བ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན། །རྡོ་རྗེ་ཤཀྟི་ཐོད་པ་དང་། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ཐམས་ཅད་གྱེན་སྐྲ་འབར་བ་དང་། །སྣ་ཚོགས་ཀྱིས་ནི་བརྒྱན་པ་སྟེ། །རོ་ཡི་སྟན་
བཞུགས་སྤྱན་གསུམ་དང་། །སྟག་གི་པགས་པས་རྐེད་དཀྲིས་པའོ། །ཤར་སྒོར་ཚངས་པ་བྲི་བྱ་སྟེ། །མདོག་དཀར་ལག་པ་བཞི་དང་ལྡན། །ཐོད་པ་དང་ནི་བགྲང་ཕྲེང་དང་། །རིལ་བ་སྤྱི་བླུགས་པདྨ་ཐོགས། །བྱང་དུ་དེ་བཞིན་ཁྱབ་འཇུག་སྟེ། །མདོག་སྔོན་ལག་པ་བཞི་
དང་ལྡན། །མདུང་དང་དེ་བཞིན་འཁོར་ལོ་དང་། །ཐོད་པ་དང་ནི་དབྱུག་པ་མཆོག །ལྷོ་རུ་རུ་དྲ་བྲི་བྱ་སྟེ། །དུ་བའི་མདོག་ཅན་ལག་པ་བཞི། །རྩེ་གསུམ་མདུང་དང་ཐོད་པ་དང་། །ཞགས་པ་དང་ནི་བགྲང་ཕྲེང་ཐོགས། །ནུབ་ཏུ་སྐེམ་བྱེད་བྲི་བྱ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན་
ཤཀྟི་དང་ནི་དབྱུག་པ་དང་། །དཔའ་བོའི་ཐོད་པ་བགྲང་ཕྲེང་ཐོགས། །དབང་ལྡན་ཁྱུ་མཆོག་སྟན་ལ་ཞོན། །ཁ་དོག་དཀར་པོ་ལག་བཞི་པ། །ཐོད་པ་དང་ནི་རྩེ་གསུམ་ཐོགས། །གཞན་གཉིས་ཐལ་མོ་སྦྱར་བའོ། །དབང་པོ་གླང་ཆེན་ཞོན་པ་སྟེ། །མདོག་སེར་ལག་པ་བཞི་དང་
ལྡན། །རྡོ་རྗེ་དང་ནི་ཐོད་པ་ཐོགས། །གཞན་གཉིས་ཐལ་མོ་སྦྱར་བའོ། །མེ་ནི་ལུག་གི་སྟན་ལ་ཞོན། །ཁ་དོག་དམར་པོ་ལག་བཞི་པ། །མེ་ཐབ་ཉིད་དང་ཐོད་པ་དང་། །གཞན་གཉིས་ཐལ་མོ་སྦྱར་བའོ། །གཤིན་རྗེ་མ་ཧེའི་སྟན་ལ་ཞོན། །ཁ་དོག་སྔོན་པོ་ལག་བཞི་པ། །དབྱུག་
པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །བདེན་བྲལ་མི་རོའི་སྟན་བཞུགས་པ། །ཁ་དོག་ལྗང་ཁུ་ལག་བཞི་པ། །ཁ་ཊྭཱཾ་ག་དང་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །ཆུ་ལྷ་ཆུ་སྲིན་སྟན་ལ་བཞུགས། །ཁ་དོག་དཀར་པོ་ལག་

བཞི་པ། །ཞགས་པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །རླུང་ནི་ཤ་བའི་སྟན་ལ་བཞུགས། །དུ་བའི་མདོག་ཅན་ལག་བཞི་པ། །བ་དན་དང་ནི་ཐོད་པ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །ལུས་ངན་གཏེར་གྱི་
སྟན་ལ་གནས། །ཁ་དོག་སེར་པོ་ལག་བཞི་བ། །རིན་ཆེན་དང་ནི་ཐོ་བ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །གཟའ་དང་སྐར་མ་ཐམས་ཅད་ཀྱང་། །རང་རང་དམ་ཚིག་ལས་བྱུང་ཞིང་། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཆེན་པོ། །རང་རང་སྟན་ལ་གནས་པར་བསམ། །
མ་མོ་རྣམས་ཀྱང་ཀུན་གྱི་མ། །འབྱུང་པོའི་རིག་པ་གཞན་དེ་བཞིན། །ལས་རྣམས་ཐམས་ཅད་སྒྲུབ་པ་ཡི། །ཕོ་ཉའི་སྒྲུབ་ཐབས་དེ་ནས་བཤད། །སོ་སོར་སྟོབས་ཀྱིས་ཚར་གཅད་པ། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །ལོངས་སྤྱོད་ལ་དགའི་སྒྲུབ་པ་པོས། །ཕོ་ཉའི་ལས་ནི་
བརྩམ་པར་བྱ། །ཟླ་བ་རྡོ་རྗེའི་ཆོ་ག་ཡིས། །རྡོ་རྗེ་སེམས་དཔའ་བསྒོམས་བྱས་ཏེ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །ཐམས་ཅད་བྲན་བཞིན་བྱེད་པར་འགྱུར། །དུར་ཁྲོད་དང་ནི་ཤིང་གཅིག་ཏུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཤར་དང་བྱང་དང་ནུབ་དང་ནི། །
དེ་བཞིན་དུ་ནི་ལྷོ་ཕྱོགས་སུ། །དྲུག་དྲུག་ཏུ་ནི་བྱས་ནས་སུ། །དེ་ནས་མཆོད་པ་བརྩམ་པར་བྱ། །གནས་ལ་སོགས་པ་ཉི་ཤུ་བཞི། །རིམ་པ་བཞིན་དུ་ཡོངས་སུ་བསྐོར། །དྲི་དང་མེ་ཏོག་དེ་བཞིན་དུ། །མར་མེ་དང་ནི་དྲི་ཡི་ཆུ། །དེ་ཡི་ཆུ་ཡིས་བཀང་བ་ཡི། །བུམ་པའི་
གོས་ཀྱིས་མཛེས་པར་བྱ། །ཉིན་མཚན་ཕྲུགས་གཅིག་གནས་གྱུར་ཅིང་། །དེ་ནས་མཚན་གཅིག་གནས་པར་བྱ། །གནས་སོགས་ཡང་དག་ཕྱག་བྱས་ནས། །དེ་ནས་བཟོད་པ་གསོལ་བར་བྱ། །དཔའ་བོ་ཡི་ནི་སྟོན་མོ་ཡིས། །དང་པོར་སློབ་དཔོན་མཉེས་པར་བྱ། །དེ་ལྟར་
བྱས་པའི་སྔགས་པ་ཡིས། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་འགྱུར་ཏེ། །བགེགས་ཀྱིས་ཉེ་བར་གཙེས་ནས་ནི། །ངེས་པར་དམྱལ་བར་ལྟུང་བར་འགྱུར། །དམ་ཚིག་ལྡན་པའི་འདྲི་མཁན་གྱིས། །འབྱུང་

པོའི་ཉི་མ་ལ་རྙེད་པའི། །བུ་བཙས་ལ་སོགས་རས་ལ་ནི། །ཚོན་རྩི་ཁྲག་དང་བསྲེས་ནས་སུ། །སྟེང་དུ་སྐྱེས་པའི་ནང་བཞག་ནས། །སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ། །ཡི་དགས་སེན་རྩི་མར་ཆེན་དང་། །ཤ་ཆེན་གྱིས་ནི་བདུག་པར་བྱ། །དེ་ལ་དྲི་ཡིས་བསྒོས་ནས་སུ། །
དེ་བཞིན་ཡི་དགས་མེ་ཏོག་མཆོད། །ལྷ་མོ་ཆེན་མོ་མཆོད་པ་འདིས། །མེ་འབར་མ་ནི་མཆོག་ཏུ་མཉེས། །ཤིང་གཅིག་གི་ནི་དྲུང་དུ་ནི། །ཆོ་ག་བཞིན་དུ་འབུམ་བཟླས་བྱ། །རྒྱལ་ལ་སོགས་པའི་དུས་སུ་ནི། །སློབ་དཔོན་གྱིས་ནི་འདྲི་རུ་གཞུག །སོར་ནི་བཅུ་གཉིས་ཚད་དུ་བྱ། །
གཟུགས་བཟང་བཞོན་པ་ཕུན་སུམ་ཚོགས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །གོས་ནི་སེར་པོ་བགོས་པར་བྲི། །ལག་གཉིས་གྱེན་དུ་ཐལ་མོ་སྦྱར། །མེ་འབར་བ་ནི་ཀུན་ཏུ་འོད། །སྒྲུབ་པོའི་མདུན་དུ་བཀྲམ་ནས་ནི། །འབད་དེ་ཆོ་ག་བཞིན་མཆོད་བྱ། །མེ་ཏོག་དམར་དང་
དྲི་ལ་སོགས། །ཤ་སྐམ་གྱིས་ནི་བདུག་པར་བྱ། །ཤ་དང་ཉ་ཤ་བཙོང་ལ་སོགས། །ཉེ་བར་སྤྱོད་པའི་གཏོར་མ་སྦྱིན། །རྫས་ལྔ་དག་གི་དངོས་པོ་ཡིས། །མཆོད་ནས་འབུམ་དུ་བཟླས་ན་ནི། །དང་པོ་ལ་ནི་སྒྲ་འབྱུང་སྟེ། །གཉིས་པ་ལ་ནི་ཉ་དྲི་བྲོ། །གསུམ་པར་ཤིང་ནི་གཡོ་
འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །དམ་ཚིག་ཕྱག་རྒྱ་བསྟན་ནས་ནི། །སྔགས་ནི་དེ་ལ་བརྗོད་པར་བྱ། །ལག་གཉིས་ཐལ་མོ་སྦྱར་ནས་ནི། །སྤྱི་བོར་བཞག་སྟེ་བརྗོད་བྱ་བ། །ཨོཾ་དེ་བེ་ཤྭ་རི་ཧཱུྃ། ཕུཿཕུཿཕུཿ། དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །བདུད་རྩི་ལྔ་ཡིས་བཀང་
བ་ཡི། །དམ་ཚིག་ཆུ་ནི་སྦྱིན་པར་བྱ། །འབད་དེ་དམ་ཚིག་བྱིན་ནས་ནི། །ལག་པ་གཡོན་པས་གཟུང་བར་བྱ། །རྣལ་འབྱོར་མ་དང་གཉིས་མེད་པ། །བྱིན་གྱིས་རློབས་ལ་ང་སྒྲུབས་ཤིག །དེ་ནས་ཤིན་ཏུ་མཛེས་མ་ཡིས། །བཟའ་དང་བཏུང་སོགས་སྟོན་མོ་དང་། །
གསེར་ཞོ་གཉིས་ནི་སྟེར་འགྱུར་ཏེ། །ཟད་པ་ཉིད་དུ་ལོངས་སྤྱོད་བྱ། །འདོད་ལ་དགའ་བའི་འབར་བྱེད་མ། །གལ་ཏེ་གྲུབ་པར་མ་གྱུར་ན། །དྲག་མོ་ཡི་ནི་ས་བོན་གྱིས། །གཟིར་ཏེ་འབུམ་དུ་བཟླས་པར་བྱ། །ས་བོན་གྱིས་ནི་གཟིར་ཙམ་གྱིས། །མར་མེ་མ་ཡི་སྤྱི་བོ་འགེམས། །

རྟག་ཏུ་སེམས་ཅན་དོན་བརྩོན་པས། །འབར་མ་ཆུང་མར་བསྒྲུབ་པར་བྱ། །ཉོན་ཅིག་ལྷ་མོ་ཤེས་རབ་ཆེ། །གཞན་ཡང་མཁའ་འགྲོ་སྒྲུབ་པའི་ཐབས། །ཐང་ཀ་ཁྲུ་གཉིས་བྱས་ནས་སུ། །ལྷག་པར་གནས་ཏེ་མཆོད་གཏོར་ནས། །དེ་ནས་རི་མོ་འདྲི་རུ་གཞུག །
དཀར་ཞིང་དམར་ལ་ཤིན་དུ་མཛེས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ལག་ནི་སྡིགས་མཛུབ་ལྕགས་ཀྱུ་ཐོགས། །སྐྲ་གྲོལ་བས་ནི་རྣམ་པར་མཛེས། །མེ་འབར་འོད་ཟེར་ཤིན་ཏུ་གསལ། །ཧ་ཧར་རྒོད་ཅིང་མིག་ཡོན་མ། །ས་ལ་
ཁྲག་གིས་བྱུགས་ནས་སུ། །གནས་དེར་བྲིས་སྐུ་དགྲམ་པར་བྱ། །མེ་ཏོག་དམར་པོ་ལ་སོགས་དང་། །དྲི་དང་བདུག་པའི་ཁྱད་པར་གྱིས། །ཉེ་བར་མཆོད་པའི་གཏོར་མ་དགོད། །ཤ་དང་ཉ་དང་བཙོང་ལ་སོགས། །བདུད་རྩི་ལྔ་ཡིས་དགང་བར་བྱ། །རྣལ་འབྱོར་མ་ནི་སྒོམ་ཞིང་
ཟློས། །འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །ཁར་བཅུག་ནས་ནི་བགད་པར་བྱ། །ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཕུཿཕུཿ། བསྒྲུབ་པའི་སྔགས་དང་ཕྱག་རྒྱའོ། །དང་པོ་ས་ནི་གཡོ་འགྱུར་ཏེ། །གཉིས་པ་ལ་ནི་མདུན་དུ་དགོད། །གསུམ་
པ་མདུན་དུ་སྣང་འགྱུར་ཏེ། །བཞི་པ་ལ་ནི་བཀའ་ནོད་དོ། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་འབད་དེ་བྱིན་ནས་ནི། །གཡོག་མོ་རུ་ནི་བསྒྲུབས་པ་ཡིས། །ཅི་འདོད་བཀའ་ནི་བསྒོ་བར་བྱ། །དགྲ་རྣམས་བསད་ཅིང་སྨད་པ་དང་། །ཡན་ལག་གཟིར་བ་གང་འདོད་པའི། །
ལས་ལ་སོགས་པ་ཐམས་ཅད་ནི། །གཡོག་མོའི་ལས་ཀྱིས་བསྒྲུབ་པར་འགྱུར། །གལ་ཏེ་འབུམ་གྱིས་གདོན་ཟ་ན། །རྡོ་རྗེ་མ་ཡི་ས་བོན་གྱིས། །སྔོན་དུ་བསྟན་པའི་ཆོ་ག་བཞིན། །མཁས་པས་གཟིར་བར་བྱས་ཏེ་བཟླ། །ར་དག་གི་ནི་པགས་པ་ལ། །འབད་དེ་ཐང་ཀ་བརྐྱང་
བར་བྱ། །འཇིབ་བྱེད་མ་ནི་འདྲི་རུ་གཞུག །ཁ་དོག་དམར་པོ་ཤིན་ཏུ་མཛེས། །ལུས་ལ་རྒྱན་གྱིས་བརྒྱན་པ་དང་། །མཛེས་པའི་གོས་ནི་གྱོན་པར་བྲི། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཡས་སུ་དགྲ་སྟ་དགོད་པར་བྱ། །ལམ་གྱི་བཞི་མདོ་ཡིད་འོང་བར། །མཁས་

པ་ཡིས་ནི་བསྒྲུབ་བྱ་སྟེ། །ལྕི་བ་ཡིས་ནི་བྱུགས་བྱས་ལ། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །མེ་ཏོག་བདུག་པ་མར་མེ་སོགས། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །ཁྲག་དང་ཉ་དང་ཤ་དང་བཙོང་། །བཟའ་བ་དག་ནི་སྣ་ཚོགས་དང་། །བདུད་རྩི་ལྔ་ཡིས་བཀང་ལ་སྦྱིན། །འབད་
དེ་བསམ་གཏན་གནས་པས་བཟླ། །ཨོཾ་ཨཱ་ཀརྵ་ཡ་ཕུཿཕཊ། ལག་གཉིས་མཉམ་པར་བྱས་ནས་སུ། །ཞགས་པའི་ཚུལ་གྱིས་གར་བསྐྱོད་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་པ་ཡིས་འབུམ་བཟླས་པས། །འཇིབ་བྱེད་མ་ནི་འགྲུབ་འགྱུར་ཏེ། །དང་པོ་ཁྱི་
ནི་ངུ་བའི་སྒྲ། །གཉིས་པ་ལ་ནི་གསལ་བར་དགོད། །གསུམ་པ་ལ་ནི་མཚོན་ཐོགས་ནས། །བསྡིགས་པའི་ཕྱིར་ནི་འོང་བར་བྱེད། །བཞི་པར་མདུན་དུ་གནས་ནས་ནི། །བདག་གིས་ཅི་བགྱི་བཀའ་སྩོལ་སྨྲ། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་དག་ནི་བྱིན་ནས་སུ། །
སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དབུལ་པོ་བདག་གིས་ཁྱོད་བསྒྲུབས་སོ། །དེ་ནས་ཉི་མ་རེ་རེ་ཞིང་། །གསེར་སྲང་ཕྱེད་ཕྱེད་སྟེར་བར་འགྱུར། །གལ་ཏེ་འབུམ་གྱིས་མ་གྲུབ་ན། །རོ་ལངས་སྙིང་པོས་གཟིར་ཏེ་བཟླ། །ས་བོན་འདི་ཡིས་གཟིར་ཙམ་གྱིས། །འཇིབ་
བྱེད་མ་ཡི་མགོ་འགེམས་སོ། །ཆུ་འགྲམ་གྱི་ནི་ས་ཕྱོགས་སུ། །ཀམ་པོ་ཛི་ནི་བསྒྲུབ་པར་བྱ། །བ་གླང་ལ་སོགས་ཀོ་བ་ནི། །བརྒྱང་སྟེ་འཕྲོག་བྱེད་མ་འདྲིར་གཞུག །ལུས་ནི་སྦྲུལ་གྱིས་བརྒྱན་པ་སྟེ། །ཁ་དོག་སྔོན་པོ་འབར་བའི་འོད། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །
གོས་དམར་བགོས་ཤིང་ཕྱག་གཉིས་མཛེས། །རལ་གྲི་དང་ནི་ཞགས་པ་ཐོགས། །ཧ་ཧར་དགོད་ཅིང་རྣམ་པར་གཙིགས། །ཁྲག་གིས་མཎྜལ་བྱུགས་ནས་ནི། །དྲི་དང་མེ་ཏོག་བདུག་པས་བདུག །ཤ་དང་ཉ་དང་བཙོང་ལ་སོགས། །ཉེ་བར་མཆོད་པའི་གཏོར་མ་སྦྱིན། །
བདུད་རྩི་ལྔ་དང་ལྡན་པ་ཡི། །སྔོན་བཞིན་ལྷ་ཡི་གཏོར་མ་སྦྱིན། །རྣལ་འབྱོར་པ་ནི་སྒོམ་ཞིང་ཟློས། །འབུམ་གཅིག་གིས་ནི་འགྲུབ་འགྱུར་ཏེ། །དང་པོ་ཆུ་ནི་གཡོ་བར་འགྱུར། །གཉིས་པ་ལ་ནི་ཆར་ཆེན་འབེབ། །གསུམ་པར་ཐོག་ནི་འབབ་འགྱུར་ཏེ། །བཞི་པ་ལ་ནི་མདུན་

དུ་གནས། །བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་དེ་ནས་འབད་དེ་སྦྱིན། །ཨོཾ་ཀྲིཾ་ཀྲུཾ་ཕུཾ་ཕུཿཕཊ། །ལག་གཉིས་ཁུ་ཚུར་བཅིངས་ནས་སུ། །དེ་ཡི་སྔགས་ནི་བརྗོད་པར་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །མདུན་ན་ཐལ་མོ་སྦྱར་ནས་ནི། །ཅི་ཞིག་བགྱི་
ཞེས་བརྗོད་པར་འགྱུར། །ཏི་སེའི་གངས་ཀྱི་རྩེ་རུ་ནི། །བརྩེ་ཕྱིར་ཁྱོད་ཀྱིས་ང་ཁྲིད་ལ། །སླར་ཡང་འདིར་ནི་འོང་བ་དང་། །རྒྱལ་པོའི་བུ་མོའམ་གཞན་ཡང་རུང་། །ང་འདོད་པ་ནི་ཁྲིད་དེ་ཤོག །གསེར་དང་དངུལ་དང་ཟངས་ལ་སོགས། །བཟའ་དང་བགོ་དང་བཏུང་བ་དང་། །ཇི་ལྟར་
འདོད་བཞིན་ཁྱེར་ཏེ་འོང་། །ལྷ་ཡི་བུ་མོའམ་མི་མོའང་རུང་། །ཏི་སེའི་གངས་ཀྱི་རྩེ་རུ་ནི། །ཇི་ལྟར་འདོད་བཞིན་ཁྲིད་པར་བྱེད། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །ལས་གཞན་གྱིས་ནི་བསྒྲུབ་པར་བྱ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །མཁས་པ་ཡིས་ནི་
བསྒོམས་ནས་སུ། །དེ་ནི་རྐང་པ་གཡོན་པ་ཡིས། །མནན་ཏེ་ལྔ་བརྒྱར་བཟླས་ན་ནི། །གདོན་མི་ཟ་བར་འགྲུབ་པར་འགྱུར། །གལ་ཏེ་དེས་ཀྱང་མ་གྲུབ་ན། །དཔའ་བོའི་དབུས་སུ་བཀུག་ནས་ནི། །དུམ་བུ་དུམ་བུར་གཏུབ་པར་བྱ། །ཀྲྀ་ཞེས་བྱ་དང་གསོད་པ་དང་། །ཧཱུྃ་གི་
ས་བོན་བསྒོམས་པ་ཡིས། །ཐམས་ཅད་དུ་ནི་བཟའ་བར་བསམ། །དེས་ནི་བསྒྲུབ་བྱའི་རྣལ་འབྱོར་མ། །ཐམས་ཅད་ཀྱི་ནི་དབང་ཕྱུག་མའང་། །གལ་ཏེ་མ་གྲུབ་འཆི་བར་འགྱུར། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །བ་ལ་ཏ་ཀ་ནག་པོའི་ཤིང་། །མེ་སྦར་བ་ཡི་དབུས་སུ་ནི། །
ཁྲག་དང་བཅས་པའི་ཡུངས་ཀར་ནི། །ཉི་མ་ཕྱེད་ན་ཧཱུྃ་ཞེས་པ། །བརྗོད་ཅིང་སྦྱིན་སྲེག་བྱས་ནས་ནི། །མཁའ་འགྲོ་མ་རྣམས་འཆི་འགྱུར་བས། །གདོན་མི་ཟ་བར་འགྲུབ་པར་འགྱུར། །དེ་ནས་ཤང་ཀར་སྒྲུབ་པའི་ཐབས། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །དུར་ཁྲོད་དང་ནི་ཤིང་
གཅིག་དང་། །ཆུ་འགྲམ་ལམ་གྱི་བཞི་མདོར་བསྒྲུབ། །དམ་ཚིག་ཅན་གྱི་འདྲི་མཁན་གྱིས། །ཚོན་གྱི་དཀྱིལ་འཁོར་བྲི་བར་བྱ། །སོར་ནི་བཅུ་བཞིའི་ཚད་དག་ཏུ། །དཔའ་བོ་ཡི་ནི་རས་ལ་བྲི། །གྲུ་གསུམ་དཀྱིལ་འཁོར་དགེ་བ་སྟེ། །དཀྱིལ་འཁོར་ཟླུམ་པོའི་ཚུལ་དུ་བྱ། །

སྐུ་མདོག་སྔོན་པོ་གླང་ལ་ཞོན། །ལུས་ལ་ཐལ་བའི་རྡུལ་གྱིས་བྱུགས། །ཕོ་མཚན་གྱེན་འགྲེང་ཞི་བའི་གཟུགས། །རལ་བའི་ཅོད་པན་མདུང་དང་ལྡན། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཐོབ་པའི་ཕྲེང་བས་རྣམ་པར་བཀླུབས། །ཁ་ཊྭཱཾ་ག་དང་ཐོད་པ་ཉིད། །དེ་བཞིན་གཞན་
ན་གཤོར་དང་ལྡན། །བཤང་གཅིར་ལྡན་པས་མཆོད་བྱ་སྟེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྔགས་འདི་ཡིས་ནི་བཀུག་ནས་སུ། །འབུམ་དུ་བཟླས་པས་བསྒྲུབ་པར་བྱ། །ཨོཾ་ཀ་པཱ་ལ་མཱ་ལ་ཨ་ལྃ་ཀྲྀ་ཏ་ཤིར་སེ་ཧཱུྃ་ཧཱུྃ། །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་རུ་དྲཱ་ཡ་སཱ་ཧཱ། །སྤྱན་
དྲང་བའི་སྔགས་སོ། །ཨོཾ་ཨཱཿརུ་དྲ་ཧཱུྃ་ཧཱུྃ་སྭཱ་ཧཱ། །འབུམ་དུ་བཟླས་པས་འགྲུབ་པར་འགྱུར། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་ནས་དེ་ནི་བསྲེག་པར་བྱ། །གྲུབ་ནས་བྱ་བ་ཐམས་ཅད་ནི། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །དེ་ནས་ཡང་དག་བཤད་བྱ་བ། །ནོར་ལྷ་ཡི་
ནི་སྒྲུབ་པའི་ཐབས། །རི་བོ་དང་ནི་རྒྱ་མཚོའི་འགྲམ། །འབབ་ཆུ་འདུས་པའི་མདོ་དག་ཏུ། །སྔར་བསྟན་པ་ཡི་ཆོ་ག་ཡིས། །དཀྱིལ་འཁོར་མཆོག་ནི་བསྒྲུབ་པར་བྱ། །སོར་ནི་བཅུ་གཉིས་ཚད་དག་ཏུ། །ཁྱད་པར་དུ་ནི་བསྒྲུབ་པར་བྱ། །ཁ་དོག་ནག་པོ་ཤིན་ཏུ་མཛེས། །ཞལ་
གཅིག་ཕྱག་ནི་བཞི་པ་སྟེ། །འཁོར་ལོ་དང་ནི་དབྱིག་པ་བསྣམས། །ཐོད་པ་པདྨ་དེ་བཞིན་ནོ། །རིན་ཆེན་གྱི་ནི་ཅོད་པན་དང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །བཤང་གཅི་དང་ནི་ཁུ་བ་ཁྲག །མཆོད་པ་ཉིད་དུ་སྦྱིན་བྱ་ཞིང་། །མི་ཡི་ཤ་ཡིས་བདུག་བྱས་ན། །
དངོས་གྲུབ་ཉེ་བར་བྱེད་པར་འགྱུར། །ཨོཾ་ཨཱཿབཛྲ་ནཱ་རཱ་ཡ་ཎ་ཧཱུྃ་ཧཱུྃ་ཨཱཿསྭཱ་ཧཱ། །སྤྱན་དྲང་བའི་སྔགས་སོ། །ཨོཾ་མ་མ་ཙཀྲ་སཱ་དྷ་ཡ་སརྦྦ་ཨ་སུར་ད་མན་ཧཱུྃ་ཧཱུྃ་སྭཱ་ཧཱ། སྟོང་ཕྲག་བརྒྱར་ནི་བཟླས་པ་ཡིས། །ལྷ་མ་ཡིན་ནི་ཀུན་གྱི་སྒོར། །འཇུག་པའི་ནུས་དང་ལྡན་འགྱུར་ཞིང་། །
སྒྱུ་མ་ཐམས་ཅད་སྟོན་བྱེད་དེ། །དགྲ་རྣམས་ཐམས་ཅད་འདུལ་ནུས་ཤིང་། །རྒྱལ་སྲིད་དག་ཀྱང་ཐོབ་འགྱུར། །ཆོ་གའི་རིམ་པ་འདི་ཉིད་ཀྱིས། །དེ་ནས་ཚངས་པའང་བསྒྲུབ་བྱ་སྟེ། །ཆུ་ཡི་འགྲམ་ནི་དབེན་པ་དང་། །ཁྱད་པར་པད་མོའི་ཚལ་དུ་བསྒྲུབ། །ཁ་དོག་

སེར་པོ་ཕྱག་བཞི་པ། །གདོང་བཞི་ཡིས་ནི་མཛེས་པར་བྱས། །ཞི་བ་རལ་པའི་ཅོད་པན་འཆང་། །མཆོད་ཕྱིར་ཐོགས་ཀྱིས་རྣམ་པར་བརྒྱན། །པདྨ་དང་ནི་བགྲང་ཕྲེང་དང་། །དབྱུག་པ་དང་ནི་ཐོད་པ་བསྣམས། །སྒྲུབ་པ་པོ་ཡི་གཙོ་བོ་ཡིས། །བྲིས་
སྐུ་དག་ནི་དམིགས་ནས་སུ། །ཡིད་འོང་སྣ་ཚོགས་དྲི་ཞིམ་ནི། །གུར་ཀུམ་ཙནྡན་ལ་སོགས་པ། །དྲི་ཆུས་ཡང་ཡང་བསྒོ་བྱ་ཞིང་། །རྟག་ཏུ་སྒོམ་དང་ལྡན་པ་ཡིས། །མཆོད་པའི་ཆོ་གའི་རིམ་དེ་དག །བྷ་གའི་དབུས་སུ་སྦྱིན་པར་བྱ། །ཨོཾ་བྲ་ཧྨ་ཨཱ་གཙྪ་ཧཱུྃ་ཨཱཿསྭཱ་ཧཱ། སྤྱན་དྲང་
བའི་སྔགས་སོ། །ཨོཾ་བྷུརྦྷུ་བསྟ་ཏྭ་བི་དུ་རྦྦ་རེ་ཎུ། བྷ་རྒོ་དེ་བ་ས་དྷི་མ་ཧི། དྷི་ཡོ་ཡོན་པྲ་ཙོ་ད་ཡ་ཏ །འབུམ་དུ་བཟླས་པས་འགྲུབ་འགྱུར་ཏེ། །ཞི་བ་དང་ནི་རྒྱས་པ་དང་། །དགུག་དང་དབང་དུ་བྱ་བ་དང་། །ནོར་སྐྱེད་པ་དང་མངོན་སྤྱོད་སོགས། །ལས་རྣམས་ཐམས་ཅད་ནུས་
འགྱུར་ཏེ། །བཟླས་དང་སྦྱིན་སྲེག་ཀུན་གྱིས་འགྲུབ། །ཁྱོད་ལ་ཡང་དག་བཤད་པ་ཡིན། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །བགེགས་ཀྱི་རྒྱལ་པོ་སྒྲུབ་པའི་ཐབས། །མ་མོའི་ཁྱིམ་ནི་ཉམས་དགའ་བར། །སྒོམ་པ་དགེ་བ་བྱས་ནས་ནི། །བློ་ལྡན་མཆོད་པ་སྔོན་འགྲོ་བས། །
འབད་དེ་བྲིས་སྐུ་དམིགས་པར་བྱ། །ཁ་དོག་དམར་པོ་ཆེར་འབར་བ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་དག་དང་ལྡན། །འོད་ཟེར་དམར་པོ་འབར་ཞིང་འཁྲུག །མཆེ་བ་གཙིགས་པ་འཇིགས་པར་
བྲི། །དགྲ་སྟ་དང་ནི་གཏུན་ཤིང་དང་། །མདའ་དང་གཞུ་ནི་དེ་བཞིན་ཏེ། །ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །དེ་བཞིན་རྡོ་རྗེ་རལ་གྲི་སྟེ། །གཞན་ཡང་ཤ་ཆེན་ཐོད་པ་བསྣམས། །མུ་སུན་དི་དང་བ་དན་གསུམ། །ཤཀྟི་དང་ནི་བཅུ་གཉིས་
སོ། །ཨོཾ་ཨ་མོ་ལྷ་སིདྡྷ་སརྦྦ་ཨརྠ་མེ་པྲ་སཱ་དྷ་ཡ་ཧཱུྃ་ཧཱུྃ་ཛཿཛཿསཱ་ཧཱ། །སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨཱཿག་ཧཱུྃ་སྭཱ་ཧཱ། །བཟླས་པའི་སྔགས་སོ། །སྟོང་ཕྲག་བརྒྱས་ནི་འགྲུབ་འགྱུར་ཏེ། །དེ་ནས་ལས་ནི་བརྩམ་པར་བྱ། །ལན་ཅིག་བཟླས་ནས་ཐིག་ལེ་དག །སྔགས་

པས་བྱས་ན་སྐལ་བཟང་འགྱུར། །རྒྱལ་པོ་སྒོར་ཡང་མཆོད་འཐོབ་སྟེ། །དགྲ་རྣམས་ཐམས་ཅད་ཟད་བྱེད་འགྱུར། །བགེགས་རྣམས་མ་ལུས་བསྐྲད་པ་དང་། །འདོད་པ་ཀུན་གྱི་འབྲས་སྟེར་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཆོ་གའི་སྦྱོར་བ་དེ་ཉིད་ཀྱིས། །མ་མོ་རྣམས་ཀྱི་སྒྲུབ་
ཐབས་མཆོག །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །གཟའ་རྣམས་ཀྱང་ནི་བསྒྲུབ་པར་འདོད། །ཨོཾ་སརྦྦ་ཏི་ཐི་ནཱ་ཀྵ་ཏྲ་གྲ་ཧ་མངྒ་ལེ་བྷྱཿསྭཱ་ཧཱ། གཟའ་ཐམས་ཅད་ཀྱི་སྔགས་སོ། །ཨོཾ་ཞེས་བྱ་བ་དང་པོ་སྟེ། །སྭཱ་ཧཱའི་མཐའ་ཅན་བྱིན་བརླབ་ཅེས། །མཁའ་འགྲོ་ཀུན་དང་མཉམ་
སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འབྱུང་པོ་དང་གདོན་ཐམས་ཅད་ཀྱི་སྒྲུབ་ཐབས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་
པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་དེ་ཉིད་ཁྱད་པར་དང་། །ལུས་ཀྱི་མཚན་མ་ཇི་ལྟར་ལགས། །རྩ་རྣམས་གང་ལ་བརྟེན་གྱུར་དང་། །དེ་རྣམས་དབྱེ་བ་མི་འཚལ་ཏེ། །
བཅོམ་ལྡན་འདས་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །རྩ་ཆེན་པོ་ནི་སུམ་ཅུ་གཉིས། །དེ་དག་གཞན་ལས་ཤིན་ཏུ་གཙོ། །བཅུ་དང་གཉིས་ནི་དེ་བཞིན་དུ། །དབྱངས་རྣམས་འཕོ་བའི་
མཚན་ཉིད་དེ། །ཡར་ངོ་མར་ངོའི་བྱེ་བྲག་གིས། །ཉི་ཤུ་རྩ་བཞིར་བརྗོད་པ་ཡིན། །དུས་ནི་མྱུར་དང་རིང་བ་དག །ཡན་ལག་མཚན་མའི་མཚན་ཉིད་ནི། །གང་ཞིག་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལ་བབ་པས་གནས། །དབུགས་ནི་རྣམ་པར་རྒོད་གྱུར་ན། །
ལུས་ཅན་དྲུག་དང་གཉིས་ཀྱིས་འཆི། །སྔ་དྲོ་རོ་ཧི་ཏའི་དུས་སུ། །དེ་ཡི་མཚན་མ་མཚོན་པར་བྱ། །སྣ་དང་མིག་གི་གནས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩ། །ལྕེ་དང་སོ་ཡི་མཚམས་དང་ནི། །དེ་བཞིན་མགྲིན་པའི་ཕྱི་རོལ་དང་། །སྙིང་གའི་དྲ་བ་ལྟེ་བ་དང་། །བཟླ་

དང་བྱིན་པ་དེ་བཞིན་གཞན། །ཆུ་སོ་དང་ནི་མཚན་དག་དང་། །མགོ་དང་སྤྱི་གཙུག་གི་ནི་ཕྱོགས། །དབུགས་ནི་ཆད་ཅིང་ཆད་གྱུར་པའི། །ལུས་ཀྱི་མཚན་མ་མྱུར་བ་རུ། །འཆི་བའི་དུས་ནི་སྟོན་པར་བྱེད། །ཉི་མའི་གྲངས་ཀྱི་ཚད་ཀྱིས་ནི། །འཁོར་ལོས་དུས་
ཀྱི་བདག་ཉིད་བརྩི། །སྒོ་གཅིག་ནས་ནི་ཉིན་དྲུག་ཏུ། །གང་ཚེ་དབུགས་ནི་རྒྱུ་གྱུར་པ། །ཡོན་ཏན་གསུམ་གྱི་ལོ་དག་ནི། །ཞག་ནི་སུམ་བརྒྱ་དྲུག་ཅུ་རུ། །བགོས་པ་ཡི་ནི་ཚད་དག་ནི། །མདོར་བསྡུས་ནས་ནི་བསྟན་པར་བྱ། །ལོ་གཉིས་དང་ནི་ཟླ་བ་དག །།དུས་ཀྱི་གྲངས་སུ་
བསྟན་པ་དང་། །ཉིན་ཞག་དག་ནི་བཅྭ་བརྒྱད་དུ། །དེ་ཡི་ཚད་ནི་ཡང་དག་བརྗོད། །ཉི་མ་དག་ནི་བདུན་དང་མཐའ། །གལ་ཏེ་རླུང་ནི་རྒྱུ་གྱུར་ན། །ལོ་གཉིས་དང་ནི་དེ་བཞིན་དུ། །ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང་། །ཉི་མ་བརྒྱད་དུ་རླུང་རྒྱུ་ན། །དེ་བཞིན་ལོ་གཉིས་ཟླ་བ་ནི། །རིག་
བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་ཉི་ཤུ་རྩ་བཞི་རུ། །འཚོ་འགྱུར་དུས་ཀྱི་གྲངས་ཡིན་ནོ། །གལ་ཏེ་ཉིན་དགུ་རྒྱུ་གྱུར་ན། །ལོ་གཉིས་ཟླ་བ་བཞི་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །ལུས་ཅན་རྣམས་ཀྱི་སྦྱོར་བ་ཡིན། །གལ་ཏེ་ཉིན་བཅུར་རྒྱུ་གྱུར་ན། །ལོ་གཉིས་ལས་
ནི་མི་འཚོའོ། །གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ། །སྒོ་གཅིག་ནས་ནི་རྒྱུ་བ་དག །ལོ་གཅིག་ཟླ་བ་དགུ་དང་ནི། །ཉིན་ཞག་བཅྭ་བརྒྱད་དག་ལས་ནི། །མི་འཚོ་མཛེས་མ་ཁྱོད་ལ་བཤད། །ཉིན་ཞག་བཅུ་གཉིས་རྒྱུ་ན་ནི། །ལོ་གཅིག་དང་ནི་ཟླ་བ་ནི། །དབྱངས་ཀྱི་གྲངས་དང་
ཉིན་ཞག་ནི། །དུས་ཀྱི་གྲངས་ལས་མི་འཚོའོ། །གལ་ཏེ་ཉི་མ་བཅུ་གསུམ་དུ། །གཡས་ཀྱི་ལམ་ནས་རྒྱུ་བ་ནི། །ལོ་གཅིག་དང་ནི་ཟླ་བ་དག །རིག་བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་དགུ་ལས་མི་འཚོ་ཞེས། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །གལ་ཏེ་བདུན་ཕྲག་
གཉིས་སུ་ནི། །གཡས་ཀྱི་ལམ་ནས་རླུང་རྒྱུ་དེ། །ལོ་གཅིག་ཟླ་བ་གཉིས་དང་ནི། །ཉི་མ་བཅུ་ཡི་ཕྱེད་དག་ལས། །འཚོ་བར་མི་འགྱུར་དེ་ཡི་ནི། །ཚེ་ཚད་ངེས་པར་བསྟན་པ་ཡིན། །གང་ཞིག་ཉི་མ་ལྔ་གསུམ་དུ། །གཡས་ཀྱི་སྒོ་ནས་རླུང་རྒྱུ་ན། །ལོ་གཅིག་ན་ནི་གདོན་མི་

ཟ། །གང་ཞིག་བརྒྱ་ཕྲག་གཉིས་སུ་ནི། །གཡས་ནས་རླུང་ནི་རྒྱུ་བ་དང་། །དེ་ཡི་ཚེ་ཚད་ངེས་པ་དག །ཟླ་བ་བཅུ་དང་ཉི་མ་ནི། །ཉི་ཤུ་རྩ་བཞི་དག་ལས་ནི། །མི་འཚོ་བར་ནི་ངས་བཤད་དོ། །གལ་ཏེ་ཉིན་ཞག་བཅུ་བདུན་དུ། །གཡས་ཀྱི་ལམ་ནས་རླུང་རྒྱུ་ན། །དེ་ནས་དེ་ཡི་
ཚེ་ཚད་ནི། །ཟླ་བ་དགུ་དང་ཉིན་ཞག་ནི། །བཅྭ་བརྒྱད་དག་ལས་མི་འཚོ་བར། །གདོན་མི་ཟ་བར་བཤད་པ་ཡིན། །ཉིན་ཞག་བཅྭ་བརྒྱད་རྒྱུ་ན་ནི། །ཟླ་བ་དག་ནི་བརྒྱད་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །དེ་ཡི་དུས་ནི་བཤད་པ་ཡིན། །གལ་ཏེ་ཉིན་ཞག་བཅུ་དགུ་རུ། །
དྲི་ཡི་བཞོན་པ་རྒྱུ་བ་དག །ཇི་སྲིད་འཚོ་བ་བཤད་པར་བྱ། །ཟླ་བ་དག་ནི་བདུན་དང་ནི། །ཉིན་ཞག་དུས་ཀྱི་གྲངས་ལས་ནི། །འཚོ་བར་མི་འགྱུར་གདོན་མི་ཟ། །གལ་ཏེ་ཉིན་ཞག་ཉི་ཤུར་ནི། །རྒྱུ་བ་ཟླ་བ་དྲུག་ན་ནི། །དེ་ཡི་སྲོག་ནི་འགྲོ་བར་འགྱུར། །གལ་ཏེ་ཉིན་ཞག་ཉི་ཤུ་
གཅིག །ཉི་མའི་ལམ་ནས་རླུང་རྒྱུ་བ། །ཟླ་བ་ལྔ་དང་ཉི་མ་ནི། །ཉི་མའི་གྲངས་ལས་མི་འཚོའོ། །ཉིན་ཞག་ཉི་ཤུ་གཉིས་རྒྱུ་ན། །ཟླ་བ་རིག་བྱེད་གྲངས་དང་ནི། །ཉིན་ཞག་ཉི་ཤུ་རྩ་བཞི་ལས། །མི་འཚོ་བར་ནི་ཡང་དག་བརྗོད། །གལ་ཏེ་ཉིན་ཞག་ཉི་ཤུ་གསུམ། །སྒོ་གཅིག་
ནས་ནི་རླུང་རྒྱུ་ན། །ཟླ་བ་བཞི་དང་ཉི་མ་ནི། །དུས་ཀྱི་གྲངས་ལས་མི་འཚོ་བརྗོད། །ཉི་ཤུ་རྩ་བཞིར་རྒྱུ་བ་དང་། །ཟླ་བ་གསུམ་དང་ཉི་མ་ནི། །བཅུ་གཅིག་དག་ལས་མི་འཚོའོ། །ཉིན་ཞག་ཉི་ཤུ་ལྔ་རྒྱུ་ན། །ཟླ་བ་གསུམ་ལས་མི་འཚོའོ། །དེ་ལས་གོང་མ་སྔར་བསྟན་པའི། །
གྲངས་ལས་མདོར་བསྡུས་ཤེས་པར་བྱ། །བཅུ་དང་གཉིས་ཀྱི་རྩིས་ལས་ནི། །བར་བར་གྱི་ནི་བསྟན་པ་ཡིན། །ཆ་དང་ཆ་ཡིས་རིམ་བཞིན་དུ། །བར་བར་ཉི་མ་གསལ་བར་བྱས། །བློ་དམན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །དུས་དེ་དག་ནི་བཤད་པ་ཡིན། །རྣལ་འབྱོར་
པ་རྣམས་ལ་ནི་དུས། །ཤིན་ཏུ་ཕྲ་བ་ངས་བཤད་པ། །ཁམས་རྣམས་སྙོམས་པའི་ལུས་ལས་ནི། །དེ་དག་བལྟ་ཞིང་ཡིད་ཆེས་བྱ། །སྒོ་ནི་སྟེང་དུ་ལྟས་འབབ་པ། །སྣ་ཡི་བར་ཤ་ཆད་གྱུར་ན། །ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད། །ཆ་ཤས་དགུ་ནི་ཡང་དག་གནས། །

དེ་བཞིན་སྒོ་ནི་སྟེང་བལྟས་ལས། །མིག་གི་ཆུ་ནི་ཆད་གྱུར། །ཉི་མ་ལྔ་ན་འཆི་བར་འགྱུར། །ཆ་ཤས་བཅུ་ནི་ཤེས་བྱ་བ། །སྟེང་དུ་ལྟས་ཏེ་འགྲོ་བ་ལས། །རྣ་བ་གཡོན་དང་འགྲམ་པ་ཡི། །ངོས་ཀྱི་མཚན་མ་དག་ལས་ནི། །ཉིན་ཞག་གཅིག་ལས་མི་
འཚོའོ། །ཆ་ཤས་བཅུ་གཅིག་གནས་པ་ཡི། །གསལ་བར་སྟེང་དུ་འགྲོ་བ་ལས། །རྣ་བ་གཡས་པར་བརྟེན་པ་ཡིས། །ཉིན་ཞག་བཅྭ་བརྒྱད་དག་ན་འཆད། །ཆ་ཤས་བཅུ་གཉིས་དེ་བཞིན་གནས། །ལྕེ་ཡི་སྐུད་པ་ནག་མཐོང་ན། །ལུས་ཅན་དུས་ཀྱི་ཉིན་ཞག་འཆི། །ཆ་
ཤས་བཅུ་གསུམ་བརྟེན་པ་ཡི། །དེ་བཞིན་སྟེང་དུ་འབར་བ་ཡི། །སྟེང་འོག་སོ་ནི་འཐམས་གྱུར་ན། །འབྱུང་བདག་ནི་མ་ལུས་འདྲེན། །སྲོག་ནི་དུས་གྲངས་ཉི་མས་འགྲོ། །དབྱངས་ཡིག་བཅུ་བཞི་བརྟེན་པ་ནི། །མགྲིན་པའི་བློ་ན་གནས་པའི་རྩ། །སྟེང་དུ་བལྟས་པ་ཞེས་
གྲགས་ཀྱིས། །ཉིན་ཞག་ལྔ་ལས་མི་འཚོའོ། །ཆ་ཤས་བཅོ་ལྔ་གནས་པ་ཡི། །སྟེང་དུ་བལྟས་པའི་མཆོག་དེ་ལ། །བྲང་གི་དྲ་བ་ཞོམ་གྱུར་ན། །ཟླ་ཕྱེད་ན་ནི་གདོན་མི་ཟ། །ཆ་ཤས་བཅུ་དྲུག་རྫོགས་པའི་བདག །ལྟེ་བའི་དབུས་གྱུར་སྟེང་བལྟས་པ། །སེན་མོའི་ཁྲག་
ནི་མེད་གྱུར་ན། །ཉིན་ཞག་བཅུ་ན་ཡང་དག་ཉལ། །སླར་ཡང་ཆ་ཤས་བཅུ་བདུན་ནི། །གནས་པའི་བརླ་ཡི་མཚན་མ་ལས། །ཉིན་ཞག་ཉི་ཤུ་རྩ་བཞི་ན། །འཆི་འགྱུར་འདིར་ནི་གདོན་མི་ཟ། །ཆ་ཤས་བཅྭ་བརྒྱད་གནས་པ་ཡི། །བྱིན་པ་ལ་ནི་གནས་པའི་རྩ། །དེ་བཞིན་
སྟེང་དུ་བལྟས་པ་ཡིས། །ཉིན་ཞག་ཉི་མའི་གྲངས་ཀྱིས་འཆི། །བཅུ་དགུ་ཡི་ནི་ཆ་ཤས་གནས། །ཆུ་སོ་དེ་བཞིན་སྟེང་བལྟས་པས། །དེ་དང་མཉམ་པའི་ཉིན་ཞག་གིས། །འཆི་འགྱུར་འདིར་ནི་ཐེ་ཚོམ་མེད། །ཆ་ཤས་ཉི་ཤུ་གནས་པ་ཡི། །ཕོ་མཚན་ལ་ནི་གནས་པའི་རྩ། །
སྟེང་དུ་བལྟས་པའི་མཆོག་དབང་ཕྱུག །མཚན་མས་ཉིན་ཞག་དུས་ཀྱི་ནི། །གྲངས་ཀྱིས་འཆི་འགྱུར་ཐེ་ཚོམ་མེད། །རེའུ་མིག་བཅུ་གཉིས་རྩིས་པ་ལ། །བར་བར་ཉི་མ་བསྟན་པ་དག །ལོ་ཡི་རིམ་གྱིས་དེ་སྦྱངས་ཏེ། །བདུན་ཅུ་རྩ་གཉིས་རིམ་པ་དང་། །སུམ་ཅུ་རྩ་དྲུག་

བཅྭ་བརྒྱད་ཀྱིས། །ཟླ་བ་ལ་སོགས་གོ་རིམས་བཞིན། །རིམ་གྱིས་རིམ་གྱིས་དབྲི་བར་བྱ། །ལྷག་མར་གང་ཞིག་གྱུར་པ་ནི། །བསྡུས་ཏེ་འཚོ་བའི་དུས་སུ་ནི། །ལྷ་མོ་ཆེན་མོ་ཤེས་བྱ་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་
སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྩ་དང་མཉམ་པར་སྦྱོར་བའི་དབུགས་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་བའོ།། །།སྒོ་དགུ་པོ་ཡི་མཚན་ཉིད་དང་། །རྩ་
ནི་གང་བར་གནས་པ་ཡི། །ཡོན་ཏན་སྐྱོན་སོགས་ཇི་ལྟར་བལྟ། །དེ་རྣམས་བྱེ་བྲག་མི་འཚལ་ཏེ། །ཡེ་ཤེས་དབང་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ། །གོང་དུ་འཕོ་བའི་སྦྱོར་མཚན་ཉིད། །བཤད་ཀྱིས་ལྷ་མོ་མཉན་པར་གྱིས། །སྔོན་དུ་བདག་ཉིད་སྦྱང་
བྱས་ལ། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཟུགས་མེད་གནས་པ་མདོག་སྔོ་བའི། །པད་ཆེན་ཟླ་བ་ལྟ་བུ་འཛག །སླར་ཡང་གཟུགས་སུ་གནས་པ་སྟེ། །རྣམ་པ་ཀུན་གྱིས་བརྒྱན་པའོ། །ཆ་ཤས་བཞི་དང་ཡང་དག་ལྡན། །ཁ་ནི་ཐུར་དུ་བལྟས་ཏེ་འཕྱང་། །གོ་འཕང་
གནས་པའི་གནས་ནས་ནི། །ཀུན་ད་ཟླ་འདྲ་རྟག་ཏུ་དག །རྣམ་ཤེས་ཡེ་ཤེས་བདུད་རྩི་ནི། །ལྷ་མོ་ཆེན་མོ་འབབ་པའི་མཆོག །རྟེན་དུ་གྱུར་བའི་པདྨ་གང་། །ཟླ་བའི་འོད་ཀྱིས་རྣམ་པར་བརྒྱན། །དེ་ནི་ཆ་དང་ཆ་ཡི་གཟུགས། །གོང་བུ་གནས་བ་ཞེས་བྱར་བརྗོད། །དེ་ནས་
གཞན་ཡང་བཤད་བྱ་བ། །གནས་ཀྱི་མཐའ་ནི་དག་པར་བྱ། །དག་ནས་སྲིད་པ་འཕོ་བྱ་ཡི། །གཞན་དུ་ན་ནི་དོན་མེད་འགྱུར། །དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་སྦུ་གུ་དག་པར་འགྱུར། །འཐོར་བས་
སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །རྣམ་ཤེས་དབྲོག་པའི་ཆོ་ག་དང་། །གཞན་དུ་འགྲོ་བའང་བཤད་པར་བྱ། །དེ་ནས་ཕྱི་རོལ་སྦྱོར་བ་ནི། །མཁས་པ་ཡིས་ནི་སྦྱང་བར་བྱ། །གནས་གཉིས་དག་ནི་བསམས་ནས་སུ། །རླུང་གི་དཀྱིལ་འཁོར་བསྒོམ་

པར་བྱ། །རླུང་གི་དབུས་སུ་མེ་ཡིས་ནི། །ཡང་དང་ཡང་དུ་དབྱེ་བར་བྱ།།ཨཱ་ལི་ཀཱ་ལིར་ལྡན་པ་ཡི། །ས་བོན་དེར་ནི་སྦྱར་བར་བྱ། །རྣལ་འབྱོར་བ་ཡིས་ཁྱད་པར་དུ། །འབྱུང་དང་འཇུག་པས་བཟླས་པར་བྱ། །འབྱུང་བ་ཡེ་ཤེས་ས་བོན་གྱིས། །བསྣུན་དང་ལྡན་
པར་བསམ་པར་བྱ། །འཇུག་པ་སྙིང་གི་རྣམ་ཤེས་ལ། །མེ་ཏོག་ལྟ་བུར་བསྣུན་པར་བྱ། །རྣལ་འབྱོར་པས་ནི་འབྱུང་བཟླས་ཏེ། །བདག་ཉིད་ལས་ནི་ཕྱི་རོལ་བྱ། །འཇུག་པ་འབྱུང་བར་མཚོན་བྱ་སྟེ། །དེ་ཁོ་ན་ཉིད་མཉམ་པར་བསྒོམ། །མཉམ་བཞག་དངོས་པོ་བསྒོམས་
ན་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཕྱི་རོལ་ལུས་ལ་ནི། །སྒྲུབ་པ་པོ་ཡིས་རྣམ་པར་སྤྲུལ། །ཉི་མའི་ལམ་ནས་ངང་ཕྱུང་སྟེ། །ལྷ་མོ་ཆ་ཤས་ལྡན་པར་བྱ། །བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི། །རླུང་དང་མེ་ཡིས་འབར་བ་དག །དེ་ཡི་རྣམ་ཤེས་
བཟུང་ནས་ནི། །ལུས་ཀྱི་དཀྱིལ་འཁོར་དུ་ནི་འཇུག །བསྒྲུབ་བྱའི་རྣམ་ཤེས་བསྡུས་ནས་སུ། །འོག་གི་འཁོར་ལོ་སྦྱར་བར་བྱ། །ཇི་སྲིད་ཟད་པར་བྱས་བར་དུ། །དེ་སྲིད་ལྐུགས་ཏེ་གནས་པར་འགྱུར། །འཆི་བའི་དུས་ལ་བབ་གྱུར་ན། །འཆི་བའི་མཚན་མ་སྟོན་པ་
དང་། །རིམས་ལ་སོགས་པས་མ་ཕོག་པར། །གོང་དུ་འཕོ་བ་མཆོག་ཡིན་ནོ། །དེ་ནས་གཞན་ལུས་ལ་འཇུག་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །རྣལ་འབྱོར་བ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་
བྱ།།ཁྱོད་ཀྱི་གནས་སུ་སྦྱར་ནས་ནི། །རང་གི་ལུས་ནི་ཡོངས་བཏང་སྟེ། །རིམ་གྱིས་སྦྱོར་བས་ཕྱེ་ནས་སུ། །ཆོ་ག་འདི་ལྟར་བྱས་པ་ཡིས། །སྔགས་པ་གཞན་གྱི་ལུས་ལ་འཇུག །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །རང་གི་ལུས་ལ་སྦྱར་བར་འདོད། །འགྲོ་དང་
འོང་བའི་བྱེ་བྲག་གིས། །མཉམ་པར་བཞག་སྟེ་གང་བྱེད་པ། །དཔའ་བོའི་དབང་ཕྱུག་ཐམས་ཅད་དང་། །མཁའ་འགྲོ་མ་དང་སྦྱོར་བས་མཆོད། །གང་གི་རིང་ནས་ཐོས་གྱུར་བ། །དེ་ནི་ཡང་དག་བཤད་ཀྱིས་ཉོན། །དེ་བཞིན་མཁས་པས་གཞན་སེམས་ཀྱི། །བསམ་པ་

རྗེས་སུ་ཤེས་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱི། །སྦྱོར་བའི་དམ་པ་སྐྱེ་བར་འགྱུར། །གང་གི་ལམ་ནས་བསམས་ན་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །འཁོར་ལོ་གང་ཞིག་སྔར་བསྟན་པར། །ཞུགས་ཏེ་ཉན་པ་གཉིས་སུ་ནི། །འཇིག་རྟེན་གསུམ་དང་
འདྲེས་ནས་ནི། །མེ་སྟག་བཞིན་དུ་རྣམ་པར་འཁོར། །རླུང་གིས་བསྐྱོད་པའི་མེ་ཡིས་ནི། །ཤེས་རབ་ལྡན་པས་ཞུགས་བསམས་ན། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རིང་ན་གནས་པ་ཐོས་པར་འགྱུར། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་མིག་གིས་མཐོང་འགྱུར་
བ། །ཤིན་ཏུ་རིང་ན་གནས་པ་ཡང་། །སྒྲུབ་པོས་སྐད་ཅིག་གསལ་བར་མཐོང་། །བསྟན་དང་མ་བསྟན་གང་ཅིའང་རུང་། །དེ་ཀུན་ང་ཡིས་ཡང་དག་བཤད། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དགེ་བའི་སྒོ་ནས་འགྲོ་བ་དང་། །གང་གི་ལམ་ནས་འགྲོ་བ་ཡིས། །ཐར་པའི་དངོས་
གྲུབ་རབ་སྟེར་བ། །མཆོག་དང་ཐ་མའི་བྱེ་བྲག་རྣམས། །མདོར་བསྡུས་ནས་ནི་བཤད་པར་བྱ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེ་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བར་སྟེང་གི་ནི། །མྱུར་དུ་འགྲོ་བར་བྱེད་པར་འགྱུར། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །
རྣ་བདག་ནི་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དགས་ཏེ། །དེ་བཞིན་ཆུ་ལས་དུད་འགྲོའོ། །ཆུ་མིན་གྱིས་ནི་དམྱལ་བར་ལྟུང་། །ཐར་བའི་ལམ་ལས་གཞན་དུ་འགྲོ། །སྔོན་དུ་བུམ་པ་བརྩམས་པ་
ཡིས། །སྒོ་རྣམས་ཐམས་ཅད་བཅིང་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བུ་གར་བསྒོམ་པར་བྱ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡིས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིན་སྒོ་ལ་ནི། །མེ་ཡིས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་
ནི་བུམ་པ་ཅན་དུ་བསྒོམ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །རླུང་གི་མཐའ་ནི་རྩ་བ་ཅན། །རླུང་གི་ས་བོན་རྩ་བར་ཏེ། །ཐིག་ལེ་སྒྲ་དང་ལྡན་པ་ཡི། །རྩ་བའི་ས་བོན་དྲང་བར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས། །སྒྲ་དང་སྒྲ་ཡིས་

འཕུལ་བར་བྱེད། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །རྣལ་
འབྱོར་པ་ཡིས་སྔར་བསྟན་པའི། །སྔོ་ཆེན་བདེ་བ་ཕུན་སུམ་ཚོགས། །སྒྲུབ་པོ་རྣམས་ཀྱིས་སྨིན་པ་ལ། །སྟེང་གི་རྩ་བ་བཟའ་བར་བྱ། །ཆུ་དང་སྐྱ་རེངས་ལྡན་པ་དག །གཡོན་པའི་བདུད་རྩིར་སྦྱར་བྱས་ལ། །ཟོས་ན་ཞི་དང་རྒྱས་པ་སྟེ། །དུག་དང་རིམས་ཀྱི་ཚ་བ་འཕྲོག །
ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྙིངས་དང་སྨིན་པ་འཇོམས་པར་བྱེད། །ལྷ་མོ་སླར་ཡང་བཟློག་པ་ཡིས། །ནམ་མཁའ་འགྲོ་བ་བརྗོད་པར་བྱ། །རླུང་དང་མེ་ཡི་བྱེ་བྲག་གིས། །རྐང་པའི་འཁོར་ལོ་སྦྱར་བྱས་ཏེ། །ཡིད་ཀྱིས་རབ་ཏུ་ཞིར་སྦྱར་ནས། །ནམ་མཁའ་ལ་
ནི་འགྲོ་འགྱུར་ཞིང་། །མཁའ་འགྲོ་ཀུན་གྱིས་བསྐོར་ནས་སུ། །ལྷ་ཡི་ལུས་ཀྱིས་ཀུན་ཏུ་རྩེ། །ཇི་སྲིད་ཟླ་ཉི་ཡོད་ཀྱི་བར། །དེ་སྲིད་ནམ་མཁར་གནས་པར་འགྱུར། །སླར་ཡང་ལུགས་ལས་ཟློག་པ་ཡིས། །ཁ་དོག་དཀར་པོའི་པདྨ་བསམ། །བསྒྲུབ་བྱའི་དབུས་སུ་སྦྱར་
བ་ནི། །རྟག་ཏུ་ངག་གི་དངོས་གྲུབ་བྱེད། །རང་གི་ལུས་དབུས་བསྒོམ་བྱ་བ། །རླུང་གི་དཀྱིལ་འཁོར་འཁྲུག་པ་ལྟར། །རང་གི་ཁ་ནས་བྱུང་ནས་སུ། །བསྒྲུབ་བྱའི་ཁ་རུ་ཐིམ་པར་བྱ། །ཉི་མ་བདུན་གྱིས་དངོས་གྲུབ་ཏུ། །འགྱུར་ཏེ་གཞན་དུ་ཡང་མ་ཡིན། །རླུང་གི་
ལམ་ནས་བསྒྲུབ་བྱ་ཡི། །ལུས་ལ་ཐིམ་པར་གྱུར་པ་དང་། །དེ་ཡི་སེམས་ནི་བཟུང་ནས་སུ། །བདག་ལ་གཞུག་སྟེ་མེ་ལ་ནི། །བསམས་ཏེ་རླུང་དང་མེ་སྦར་བས། །དེ་ཡི་ལུས་ནི་འཁྲུག་པར་འགྱུར། །ཚིགས་དགུ་ལས་ནི་སྟེང་གཞན་གྱིས། །མོད་ལ་འཕོ་བར་ཤེས་བྱ་
སྟེ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་འདོད་ལ་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །ཇི་ལྟར་འདམ་ལས་སྐྱེས་པ་ཡི། །པདྨ་དྲི་

མེད་ཡིད་འོང་བ། །དེ་བཞིན་ལུས་ཀྱི་འདམ་ལས་ནི། །ཡེ་ཤེས་སྐུ་ནི་འདོད་བཞིན་འགྲོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་
རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་གོང་དུ་འཕོ་བའི་བསམ་གཏན་དང་། །སེང་གེ་རྣམ་པར་རོལ་བའི་ཕྱག་རྒྱའི་སྦྱོར་བ་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །དེ་ནས་ཡང་དག་བཤད་པར་བྱ། །གཡས་
ཀྱི་ཆ་རུ་རྣལ་འབྱོར་པ། །གཡོན་དུ་རྣལ་འབྱོར་མ་ཉིད་དེ། །སོར་མོ་ཁར་ནི་འཇུག་བྱེད་པ། །མཁའ་འགྲོ་མ་ཡི་མཚན་མའོ། །གྷོ་གྷུ། ཐལ་མོ་སྤྱི་བོར་འཇོག་བྱེད་པ། །འབར་བྱེད་མ་ཡི་མཚན་མའོ། །གུ་གྷྲུ། མཐེ་བོ་འཚིར་བར་བྱེད་པ་ནི། །འཇིབ་བྱེད་མ་ཡི་མཚན་མ་འོ། །
མུ་གྷུ། ལག་པ་རྣ་བར་རྡེབས་པ་ནི། །བློ་ལྡན་འཕྲོག་བྱེད་རྟགས་ཡིན་ནོ། །ལུ་གྷུ། སྣ་རྩེར་སྐྱོར་མོ་རྡེབས་པ་ནི། །ཐུགས་བདེ་མི་བདེ་འདྲི་བ་ཡིན། །རྡྃཥྚུ། ཤ་བའི་མགོ་ལྟར་སྟོན་བྱེད་པ། །རྣལ་འབྱོར་བྱེད་པའི་མཚན་མའོ། །གན་དྷོ་དེ། གང་ཞིག་སྨིན་མའི་དབུས་
རེག་པ། །ང་ཡི་སྙིང་སྡུག་གྲོགས་པོའོ། །ཨ་ལི་ནི་ད་ཧ། སོ་ཡིས་ལྕེ་ནི་འཚིར་བྱེད་པ། །འདུས་ནང་གཏོར་མ་བཟའ་ཞེས་པའོ། །བྷ་ཀྵེ་ཡོ། ལག་པ་རྩ་ལ་འཇུ་བྱེད་པ། །ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་པའོ། །དྭི་ར་ཏི། ལག་པ་སྙིང་གར་ཉེད་བྱེད་ན། །ད་ནི་ངའི་ཡིད་འོང་བའོ། །རུ་
ཙ་པ་ཏ་བ་ཏ། སྣ་རྩེར་ཁུ་ཚུར་འཆང་བ་ནི། །མེད་དོ་ཞེས་ནི་སྟོན་པའོ། །ཤུ་ནྱ་ཏཱ། །ལག་པ་བརྐྱང་སྟེ་ལྟོར་རྡེབས་ན། །ཕུན་སུམ་ལྡན་པར་ཡོད་ཞེས་པའོ། །ཀྲི་ཀས་ཧ། ལྟེ་བ་རུ་ནི་ཉེད་བྱེད་ན། །ཁ་ཟས་ཟ་བར་འདོད་བའོ། །ཙནྜཱ་ལི་ཀ །མཛུབ་མོ་མདུན་དུ་སྟོན་བྱེད་ན། །ཞེ་
གནག་གཏུམ་ལ་དྲག་པའོ། །ནཱི་ལ་དན་ཏ་བ་ཏ། སྨིན་མ་ལ་ནི་རེག་བྱེད་ན། །འདིར་འདོད་པ་ནི་ད་ལྟ་སྟོན། །ཨ་ནྃ་ག་ཨུ་ཏ། ལྕེ་ནི་འདྲིལ་བར་བྱེད་པ་དང་། །ད་ལྟ་འཆི་ཞེས་བྱ་བའོ། །དུར་གཏི། །ཀུན་ཏུ་ལྟ་བར་བྱེད་པ་ནི། །ཚེས་གྲངས་ཤེས་པར་འདོད་པའོ། །ཏ་ར་ག་ན། ཚེས་

གཅིག་ནས་ནི་བརྩམས་ནས་སུ། །མཐེ་བོས་རི་མོ་བྲི་བར་བྱ། ཉི་ཚོད་ཡི་གེ་ལ་སོགས་པ། །སྔར་བསྟན་བཞིན་དུ་མདུན་དུ་རེག །གི་རི། སྟེང་དུ་ལྟ་བར་བྱེད་པ་ནི། །ཉིན་ཕྱེད་དགའ་བས་རོལ་པའོ། །ས་མ་ཚ་ཡ། འཛུམ་དང་བཅས་པར་ལྟ་བྱེད་ཅིང་། །ལག་པས་
ལག་པ་བཟུང་ནས་སུ། །རྒྱ་མཚོ་ལྟ་བུར་སྟོན་བྱེད་པ། །ནོར་ཟས་བྱིན་ཞེས་བྱ་བའོ། །ཛིར་ན་པ་ཏ། །ལག་གཉིས་ཁུ་ཚུར་འཆང་བྱེད་ན། །ད་ལྟར་འགྲོགས་ལ་འདོང་ཞེས་པའོ། །ས་ལ་བ་ཏ། །མཐེ་བོང་ཡིས་ནི་སྲིན་ལག་ལ། །རེག་པ་འཆི་བར་མི་འགྱུར་བའོ། །སོ་མ། མཐེ་བོང་
ཁྲོ་བོ་བཟའ་ལ་སོགས། །སཱུརྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྣལ་འབྱོར་པ་དང་རྣལ་
འབྱོར་མ་རྣམས་ཀྱི་དག་གི་ཕྱག་རྒྱའི་བརྡ་ཡིས་རོལ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ལྷ་མོས་སླར་ཡང་གར་མཛད་དེ། །གླུ་འདི་ཡིས་ནི་མཉེས་པར་བྱས། །ཨེ་བྃ་སི་ཏ་ཨ་རུ་ནི་ན་བྷ། ཛ་ནི་ཏེ་མ་དྷྱ་མ་ག་མ་ཨཱ་ག་མ་དྷ་མ་པཱ་སི་ནི་
སཱ་སཱ་སཱ། །ནི་ག་མ་སཱ་སཱ་སཱ། །རི་ག་མོ་བྷུ་པ་ཏི། ས་རི་རི་ས་རི་རཱི་སཱ་སཱ་སཱ། །མ་དྷྱ་མ། ཨ་དྷ་མ་སཱ་སཱ་སཱ། ཤྲུ་ཏ་ནི་ས་སཱ་སཱ་སཱ། ས་ནི་ས་རི་ཏགྷ་མ་གྷ་མ། ཨ་དྷ་མ་དྷ་མ་སཱ་སཱ་སཱ། བ་བ་མ་ཡ་བ་བ་དྷ་ན་མོ་ཞེས་བྱའོ། །ཤར་དུ་མེའོ། །གཤིན་རྗེར་ནི་བྲེའོ། །ནུབ་ཏུ་ནི་
མིའོ། །བྱང་དུ་ནི་ཀུའོ། །མེ་མཚམས་སུ་ནི་དྷ་སིའོ། །བདེན་བྲལ་དུ་ནི་མ་ཀའོ། །རླུང་མཚམས་སུ་ནི་ཏུ་ཀུའོ། །དབང་ལྡན་དུ་ནི་བི་མོའོ། །ཨ་ནི་སྒུར་པོའོ། །ཨི་ནི་ཟླ་བ་ལ་སྐྱེས་པའོ། །ཨུ་ནི་ལྷའི་བླ་མའི་འོ། །ཨེ་ནི་པ་བ་སངས་ཀྱིའོ། །ཨོ་ནི་ཉི་མའི་བུའི་འོ། །
ཨྃ་ནི་གཟའི་བདག་པོ་རི་བོང་ཅན་ནོ། །ཨ་ནི་ཉི་མའོ། །གཟའ་རྣམས་ཀྱི་ནི་ཆོ་ག་ལས། །ཟླ་བ་ཉི་མའི་བརྗོད་པར་བྱ། །ཟླ་བ་ཀ་རྐ་ཊ་ལ་དབང་། །ཉི་མ་གདོང་ལྔ་པ་ལ་སྟེ། །གཟའ་རྣམས་ལྷག་མ་ཇི་སྙེད་པ། །རཱ་སི་གཉིས་གཉིས་ལ་ནི་སྤྱོད། །སྒང་གཤོང་འཁོར་ལོ་ཁྱོད་

ཀྱིས་བཤད། །སྐར་མ་དུས་དང་ཉི་མ་ཡི། །བྱེ་བྲག་དག་ནི་མི་འཚལ་ཏེ། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཀའ་སྩལ་པ། ལུག་དང་རོ་ཧི་ཏ་སོགས་པ། །གང་གི་འཆི་བ་བཤད་ཀྱིས་ཉོན། །མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཟླ་བ་དང་ནི་ཚེས་གྲངས་དང་། །
སྐར་མ་ཡི་ནི་དུས་དང་ལྡན། །གདོན་དང་ནད་ནི་དེ་བཞིན་ཏེ། །སྒང་གཤོང་རཱ་སི་ཚད་མ་ནི། །གང་ཞིག་ལས་ནི་སྐྱེས་པའི་བརྗོད། །བྷ་དྲ་ཡི་ནི་ཉི་མ་ལ། །དགུན་ཟླ་ར་བའི་ཟླ་བ་ཡི། །གཟའ་ནི་མིག་དམར་དག་དང་ནི། །རྒྱུ་སྐར་སྨིན་དྲུག་ལྡན་གྱུར་པ། །དེ་ནི་དེ་ཡི་འཆི་
དུས་ཡིན། །སུས་ཀྱང་བསྐྱབ་པར་མི་ནུས་སོ། །ཁྱུ་མཆོག་གི་ནི་ཉི་མ་ལ། །ལུས་ཀྱི་མཚན་མ་ལ་སོགས་དང་། །སྨྱོ་ཞིང་འགུལ་བའི་ནད་ཀྱིས་ནི། །འཆི་བར་འགྱུར་བ་བཤད་པར་བྱ། །དེ་བཞིན་དགུན་ཟླ་འབྲིང་པོ་ཡི། །གཟའ་ལག་དང་ནི་སྣར་མར་ལྡན། །ཉི་མ་བཞི་པ་
དེ་ལ་ནི། །དགོངས་མོ་འཆི་འགྱུར་ཐེ་ཚོམ་མེད། །དགུན་ཟླ་ཐ་ཆུངས་ལྷ་མོ་ཆེ། །སྐར་མ་མགོ་དང་ལྡན་པ་དང་། །གཟའ་ནི་གཟའ་ལག་བཅས་པ་ལ། །འཁྲིག་པའི་མི་ནི་གང་ཡིན་པ། །ཉི་མ་དྲུག་ལ་འཆི་བར་འགྱུར། །དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ། །སྐར་མ་མགོ་
དང་ལྡན་པ་དང་། །གཟའ་ནི་པ་བ་སངས་འཛོམ་ཞིང་། །ཉི་མ་སྔ་དྲོའི་དུས་ལ་ནི། །ཀརྐ་ཊ་ནི་འཆི་བར་འགྱུར། །དཔྱིད་ཟླ་འབྲིང་པོའི་གཉིས་ལྔ་ལ། །སྐར་མ་མཆུ་དང་ལྡན་པ་དང་། །གཟའ་ནི་སྤེན་པར་ལྡན་པ་ལ། །སེང་གེའི་མི་ནི་འཆི་བར་འགྱུར། །དཔྱིད་ཟླ་ཐ་ཆུངས་
བཅུ་གཉིས་ལ། །སྐར་མ་ནག་པར་ལྡན་པ་དང་། །གཟའ་ནི་ཉི་མ་དག་ལ་ནི། །སྐྲན་དང་གཟེར་བའི་ནད་ཀྱིས་ནི། །བུ་མོའི་མི་ནི་འཆི་བར་འགྱུར། །དབྱར་ཟླ་ར་བའི་བཅུ་བཞི་ལ། །སྐར་མ་ལྷ་མཚམས་ལྡན་པ་དང་། །གཟའ་ནི་མིག་དམར་དག་ལ་ནི། །སྲང་གི་མི་ནི་འཆི་
བར་འགྱུར། །དབྱར་ཟླ་འབྲིང་པོའི་བཅུ་གཅིག་ལ། །ནག་པ་དང་ནི་མིག་དམར་ལ། །སྡིག་པའི་མི་ནི་འཆི་བར་འགྱུར། །དབྱར་ཟླ་ཐ་ཆུངས་ཚེས་དགུ་ལ། །སྐར་མ་གྲོ་ཞུན་ལྡན་པ་དང་། །གཞུ་ཡི་མི་ནི་འཆི་བར་འགྱུར། །དེ་དག་ངེས་པར་ལྡན་གྱུར་ན། །འཆི་འགྱུར་

བདེན་པར་ང་ཡིས་བཤད། །སྟོན་ཟླ་ར་བའི་བདུན་པ་ལ། །སྐར་མ་རྒྱལ་དང་ལྡན་པ་དང་། །གཟའ་ནི་ཟླ་བར་བཅས་པ་ལ། །ཆུ་སྲིན་མི་ནི་འཆི་བར་འགྱུར། །སྟོན་ཟླ་འབྲིང་པོའི་བཅུ་གསུམ་ལ། །སྐར་མ་ཐ་སྐར་ལྡན་པ་དང་། །གཟའ་ནི་ཟླ་བར་བཅས་པ་
ལ། །བུམ་པའི་མི་ནི་ཟད་པར་འགྲོ། །སྟོན་ཟླ་ཐ་ཆུངས་སྒྱུ་མ་ཆེ། །ཉི་མ་དག་ནི་བརྒྱད་པ་ལ། །སྐར་མ་ནམ་གྲུར་ལྡན་པ་དང་། །གཟའ་ནི་སྤེན་པར་བཅས་པ་ལ། །ཉ་ཡི་མི་ནི་འཆི་བར་འགྱུར། །སྔོན་དུ་སྐྱེ་དུས་ཤེས་བྱ་སྟེ། །ཕྱི་ནས་དུས་ནི་བརྩི་བར་བྱ། །གཞན་དུ་
དུས་ནི་སྨྲ་བ་དག །ཐམས་ཅད་དོན་མེད་ཉིད་དུ་འགྱུར། །སྐྱེ་དུས་ཤིན་ཏུ་མཉམ་བཞག་སྟེ། །ཞི་དང་དྲག་པོ་དཔྱད་པར་བྱ། །ཚེ་དང་འཆི་དུས་ལ་སོགས་པ། །དེ་ནས་དེ་ལྟར་ལུང་བསྟན་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་
མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་གཟའ་དང་ཉི་མའི་ངེས་པར་འཆི་བ་ཚར་གཅད་པའི་དབང་དུ་བྱས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།
ལྟས་ཀྱི་མཚན་ཉིད་དགེ་བ་ནི། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །ཨཱ་ལི་ཀཱ་ལི་མཉམ་བྱས་ལ། །སྡེ་ཚན་དུ་ནི་བསྡེབ་པར་བྱ། །དབྱངས་དང་གསལ་བྱེད་དང་པོ་སོགས། །བལྟས་ཏེ་མིང་ནི་གཟུང་བར་བྱ། །ཆ་ཤས་ལྡན་ལ་སྙིང་སྟོབས་ཅན། །དེ་ཡི་རིགས་ནི་ཤེས་པར་
བྱ། །མཐའ་ཡས་ལ་སོགས་ཀླུ་རྣམས་དང་། །ཉི་མ་ལ་སོགས་དེ་བཞིན་གཟའ། །མཁའ་འགྲོ་མ་སོགས་མ་མོ་རྣམས། །དེ་ཡི་རིགས་སུ་རབ་ཏུ་གྲགས། །ལྷ་རྣམས་ཐམས་ཅད་ཉིད་དང་ནི། །སྔགས་རྣམས་ཐམས་ཅད་དེ་ལས་སྐྱེས། །སྐྱེ་བོ་ཐམས་ཅད་སྐྱེད་
བྱེད་མ། །དེས་ནམ་ཞེས་བྱ་བར་བརྗོད། །ཨ་ཡིག་དང་ནི་དེ་བཞིན་ཨཱ། །ཀ་ཙ་ཊ་དང་ཡང་དག་ལྡན། །ཏ་པ་དང་ནི་ཡ་ཤ་སྟེ། །སྡེ་དགུ་ཡི་ནི་ཡི་གེའོ། །ཨི་དང་སླར་ཡང་ལྷ་མོ་ཨཱི། །དེ་བཞིན་གཞན་ཡང་ཁ་ཚ་ཋ། །ཐ་ཕ་དང་ནི་ར་ཥ་ཉིད། །སྡེ་ཚན་གཉིས་པ་

ཡིན་པར་བརྗོད། །ཨུ་དང་ལྷ་མོ་དེ་བཞིན་ཨཱུ། །ག་ཛ་ཌ་དང་ཡང་དག་ལྡན། །ད་བ་དང་ནི་ལ་ས་སྟེ། །དེ་དག་སྡེ་ཚན་གསུམ་པ་ཡིན། །ཡི་གེ་ཨེ་དང་དེ་བཞིན་ཨཻ། །དེ་བཞིན་སླར་ཡང་གྷ་ཛྷ་ཌྷ། །དྷ་བྷ་ཝ་ཧ་སླར་དེ་བཞིན། །འདི་དག་སྡེ་ཚན་བཞི་པ་ཡིན། །ཨོ་ཡིག་
དང་ནི་ཨཽ་ཡིག་དང་། །ཨཾ་ཞེས་བྱ་དང་ཚེག་དྲག་བཅས། །སླར་ཡང་ང་ཉ་ཎ་ན་མ། །འདི་དགུ་སྡེ་ཚན་ལྔ་པ་ཡིན། །ཀུན་ཏུ་བཞི་བཅུ་རྩ་བཞི་དང་། །ལྷག་མ་ལྔ་དང་བཅས་པར་བྱ། །དེ་དག་སྐྱེ་བོ་ཐམས་ཅད་ཀྱི།།སྐྱེ་དང་འཇིག་པར་ཡང་དག་གནས། །ཡི་གེ་བཅུ་
གཉིས་སྒྱུ་འཕྲུལ་ཆེ། །འཚོ་དང་དུས་ཀྱི་རང་བཞིན་བརྗོད། །དེ་དག་རཱ་སི་ཞེས་བྱ་བ། །སྐར་མ་ཀུན་དང་ཡང་དག་ལྡན། །ཟླ་བ་ཉི་མའི་བྱེ་བྲག་གིས། །དེ་བཞིན་འོག་དང་སྟེང་དུ་ལྟ། །བརྟན་པ་ཉིད་དང་གཡོ་བ་ཉིད། །གཉིས་པོ་གཉིས་སུ་བརྗོད་པ་ཡིན། །རྐྱང་པ་དང་ནི་
སྦྱར་བ་སྟེ། །རིང་དང་ཐུང་དང་ཕམ་དང་རྒྱལ། །དེ་ལས་སྟེང་གི་རྒྱལ་བ་སྟེ། །འོག་ནི་འཆི་བར་ཤེས་པར་བྱ། །ཉི་མའི་རྒྱུ་བར་འགྲོ་བ་ཡི། །གཟའ་དང་རཱ་སི་སྐར་མ་རྣམས། །ཉི་མ་ལ་ནི་གནས་དེ་འཆར། །རཱ་སི་གཟའ་དང་གསུམ་པར་འདོད། །དབུགས་རྒྱུ་བ་
དང་ཡང་དག་ལྡན། །ཐམས་ཅད་རཱ་སིར་ཤེས་པར་བྱ། །ཀརྐ་ཊ་དང་གླང་པོའི་དགྲ། །དེ་བཞིན་གཞོན་ནུ་མ་དང་སྲང་། །ཆ་ཤས་དྲུག་དང་ཡང་དག་ལྡན། །གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར། །སྡིག་པ་དང་ནི་ཆུ་སྐྱེས་དང་། །ཁྱུ་མཆོག་དང་ནི་བུམ་པར་
བཅས། །ཆ་ཤས་ལྔ་ཡི་ཚད་དང་ལྡན། །གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར། །ཉ་དང་ལུག་དང་དེ་བཞིན་དུ། །གཞུ་དང་ཟུང་དུ་སྤྲོད་པ་དག །ཆ་ཤས་བཞི་དང་ཡང་དག་ལྡན། །སྔ་མ་བཞིན་དུ་འཆར་བར་འགྱུར། །སླར་ཡང་ལྟས་དང་བཅས་པ་ཡི། །
གཟའ་རྣམས་འཆར་བར་བཤད་པར་བྱ། །འབྲས་བུའི་མིག་དང་ལྡན་པར་བྱ། །ལྟས་ཆེན་འབྱུང་བ་མཉན་པར་གྱིས། །ནག་མོ་དང་། གཙིགས་མ་དང་། འཇིགས་སུ་རུང་མ་དང་། རྒ་ལས་འདས་མ་དང་། ལོག་འདྲེན་མ་དང་། གཏུམ་མོ་དང་། དྲག་མོའི་གཟུགས་ཅན་མ་

དང་། དཀའ་ཟློག་ལྷ་མོ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མ་དང་། ནག་མོ་བཟང་མོ་དང་། ནག་མོ་ཆེན་མོ་དང་། ནག་མོ་སྦོམ་མོ་དང་། དབང་མོ་དང་། ཟླ་བ་མོ་དང་། དྲག་མོ་དང་། སྡང་མ་དང་། འཕྱང་
བ་མ་དང་། སུམ་ཅུའི་དབང་མོ་དང་། འཕྲོག་བྱེད་མ་དང་། འབར་མ་དང་། འཇིབ་བྱེད་མ་དང་། ལྷ་མོ་འདི་རྣམས་མིང་དང་ནི། །ལྟས་ཆེན་ཉི་ཤུ་རྩ་བཞི་ཡི། །མིང་ནི་མཚུངས་པས་འབྲས་བུ་སྟེར། །ཉིས་འགྱུར་དུ་ནི་བྱས་ནས་སུ། །དབང་པོའི་ཆ་དང་ཡང་དག་ལྡན། །
ལྟས་ནི་ལྷག་མ་བཟུང་ནས་སུ། །ལྟས་ནི་ཤེས་པ་ཉིད་དུ་བྱ། །ནག་མོ་དང་ནི་འཇིགས་རུང་དང་། །དྲག་མོའི་གཟུགས་དང་དཀའ་ཟློག་ཉིད། །ནག་སྦོམ་མ་དང་རྒྱལ་མ་དང་། །དྲག་མོ་སུམ་ཅུའི་དབང་མོ་དང་། །འཕྲོག་བྱེད་མ་དང་འཇིབ་བྱེད་མ། །བཅུ་པོ་འདི་དག་
རྩུབ་པོར་གྲགས། །བག་མ་ལེན་དང་བཀྲ་ཤིས་དང་། །གྲོང་དང་ཚོང་འདུས་གཟུགས་པ་དང་། །ལམ་དུ་དཔག་དང་ཐབ་མོ་དང་། །ཆེན་པོའི་སར་ནི་དབྱུང་བ་སོགས། །ལྟས་དེ་ལས་ནི་འབྲས་མེད་པས། །དགེ་བའི་ལས་རྣམས་མི་བྱ་སྟེ། །རིགས་དེ་རྣམས་ལ་སྒྱུ་མ་ཆེ། །
བཟང་པོའི་ལས་ནི་སྤང་བར་བྱ། །དགེ་བས་ཀྱང་ནི་གསོད་འགྱུར་ན། །དྲག་པོའི་ལས་ཀྱིས་སྨོས་ཅི་དགོས། །ལུས་ལ་གནས་པའི་དབུགས་དང་ནི། །ཕྱི་རོལ་གཟའ་དང་རཱ་སི་སྟེ། །ཕྱི་དང་ནང་དུ་བཅས་པ་ཡི། །རྒྱུ་བ་ཤེས་ན་འགྲུབ་པར་འགྱུར། །གཟའ་གང་ཡིན་
པ་དབྱངས་ཞེས་བྱ། །དབྱངས་གང་ཡིན་པ་དེ་ཉིད་ཀྱང་། །རཱ་སི་ཉིད་དུ་ཤེས་པར་བྱ། །དབྱངས་དང་རཱ་སི་དེ་བཞིན་དུ། །སྐར་མའང་དབྱངས་ཀྱི་གཟུགས་སུ་བལྟ། །ཕན་ཚུན་སྦྱོར་བ་མ་གཏོགས་པར། །འབྲས་བུ་འགྲུབ་པར་མི་འགྱུར་རོ། །གཡོ་བ་འཆར་ལ་གཡོ་
བའི་ལས། །བརྟན་པ་ལ་ནི་མི་གཡོར་འགྱུར། །འདྲེན་མ་ཡིས་ནི་འདྲེན་མ་སྟེ། །ཕྱི་དང་ནང་དུ་བཅས་པས་གསལ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་

གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་གཟའ་རྣམས་ཀྱི་རྒྱུ་བ་དང་སྡེ་ཚན་གྱི་ལྟས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ད་ནི་གཟའ་དང་སྐར་མ་རུ། །བཅས་པའི་རྒྱུ་བ་བཤད་ཀྱིས་ཉོན། །ཉི་མ་རྒྱུ་བའི་ཉིན་མོ་ནི། །
ཐུན་ཕྱེད་ལྔ་དང་བདུན་པ་ལ། །བྱ་བ་ཅི་ཡང་མི་འགྲུབ་བོ། །།ཟླ་བ་ཡི་ནི་བཞི་དང་དྲུག །མིག་དམར་གྱི་ནི་གསུམ་དང་ལྔ། །གཟའ་ལག་གཉིས་དང་བཞི་པ་ལ། །གདོན་མི་ཟ་བར་འཇོམས་པར་འགྱུར། །བླ་མས་དང་པོ་གསུམ་པ་ལ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །
ངན་སྤོང་གི་ནི་གཉིས་པ་དང་། །བདུན་པ་ལ་ནི་ཤེས་པར་བྱ། །དལ་བ་ཡི་ནི་དང་པོ་དང་། །དྲུག་པ་ལ་ནི་འཆི་བར་བྱེད། །རིགས་འཆར་བ་ནི་དེ་དག་གི། །དུས་ནི་ཡོངས་སུ་ཆད་པར་བསྟན། །དེ་དག་ཐུན་མོང་མཚན་ཉིད་དེ། །རྣལ་འབྱོར་པ་ཡིས་གཞན་བཤད་ཉོན། །ལྔ་
ནས་ཉི་ཤུ་ལྔ་ཡི་བར་འདི་དག་ནི་བརྗོད་བྱ་སྟེ། །དེ་ལས་བཅུ་གསུམ་གསུམ་གྱི་བར་དུ་རེ་རེ་སྤེལ་བར་བྱ། །དགུན་ཟླ་ཐ་ཆུང་ས་ཉི་མ་ལ་མཚུངས་གསུམ་མིག་ཟླ་བ་དྲུག །གསུམ་ཟུང་ཟླ་སྟེ་ཟླ་ལྷག་ཚེས་ཕྱོགས་མདའ་ཡོན་ཏན། །ཐིག་ལེ་དེ་དག་གི་ནི་འཚོ་བ་ཡང་དག་བཤད་པ་
ཡིན། །ལྔ་ལས་བཅུ་ཡི་བར་དང་དེ་བཞིན་བཅུ་ནས་ནི། །བཅྭ་ལྔའི་བར་ཏེ་དེ་ནས་ཉི་ཤུའི་བར་དང་ནི། །དེ་ནས་ཉི་ཤུ་ལྔ་ཡི་བར་དུ་སྦྱང་བར་བྱ། །དེ་ནས་སྒྲུབ་པོས་ཤེས་བྱ་བ། །གནས་སྐབས་འགྱུར་བ་བཤད་པར་བྱ། །ཟླ་བ་གང་ལ་གནས་པ་ཡི། །དང་པོ་སྐར་མ་བགྲང་
བར་བྱ། །ཉི་མ་ཡི་ནི་ཆུ་ཚོད་དག །ཇི་སྙེད་འདས་པ་དེ་སྙེད་ནི། །ཟླ་བའི་གནས་སྐབས་རྒྱུ་བའི་ཕྱིར། །དེ་ནི་དྲུག་ཅུར་བསྒྱུར་བར་བྱ། །སླར་ཡང་ཉི་ཚོད་ཟླ་བ་བསྣན། །དྲུག་ཅུ་རུ་ནི་བསྒྱུར་བྱས་ལ། །མདའ་དང་སྲེག་བྱེད་རོ་ཡི་ནི། །དབང་པོར་བཅས་པས་དེ་བཞིན་བཅད། །
བཅུ་གཉིས་དག་གི་ནང་ནས་ནི། །ལྷག་མའི་ཆ་ཤས་གཟུང་བར་བྱ། །ལྷག་མའི་ཆ་ཤས་དེ་ཡིས་ནི། །སྐྱིད་སྡུག་གནས་སྐབས་མྱོང་བར་འགྱུར། །ཉིན་དང་མཚན་གྱི་སྦྱོར་བ་ཡིས། །ལྷག་མའི་ཆུ་ཚོད་དུ་ནི་བརྗོད། །དང་པོའི་ཟླ་བར་རབ་གནས་པ། །དེ་ཡི་བྱ་བ་ཉམས་པར་འགྱུར། །

གཉིས་པ་བཀྲ་ཤིས་ཤིས་པ་སྟེ། །གསུམ་པ་འཆི་སྟེ་གསོད་པར་འགྱུར། །བཞི་པ་དགོད་དེ་ཚིམ་པར་འགྱུར། །ལྔ་པ་ནོར་ཏེ་རྙེད་པར་འགྱུར། །དྲུག་པ་རིམས་ཏེ་ལུས་འཇིག་འགྱུར། །བདུན་པ་ལ་ནི་དགའ་བ་སྟེ། །ཚིམ་པ་ཉིད་ནི་འཐོབ་པར་འགྱུར། །བརྒྱད་
པ་འཇིག་རྟེན་བརླག་པར་འགྱུར། །ཟླ་བ་དགུ་པར་གནས་པ་ཡིས། །ལུས་ནི་དགྲ་དང་བཅས་པར་འགྱུར། །བཅུ་པ་དགའ་མགུར་རྩེ་འགྱུར་ཞིང་། །སྣ་ཚོགས་པས་ནི་རྒྱལ་བར་འགྱུར། །བཅུ་གཅིག་སྣ་ཚོགས་འཇིགས་པས་གདུང་། །བཅུ་གཉིས་པ་ནི་ལོངས་སྤྱོད་དེ། །
བདེ་བ་ཆེན་པོས་རྒྱལ་བར་འགྱུར། །ལུག་ལ་སོགས་པ་བསྟན་པ་ཡིས། །ཟླ་བ་རིམ་པ་བཞིན་དུ་རྒྱུ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་
རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཐམས་ཅད་རྒྱུ་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །སྒང་གཤོང་འཁོར་ལོ་ཁྱོད་བཤད་པ། །དེ་རྣམས་དབྱེ་
བ་ཅི་འདྲ་དང་། །དུས་ཀྱི་གྲངས་ནི་ཇི་བཞིན་གསུངས། །རྒྱུ་བ་ཡི་ནི་ཁྱད་པར་དག །འདི་ལ་བདག་ནི་ཐེ་ཚོམ་སྐྱེས། །བདེ་བ་ཆེན་པོས་བཤད་དུ་གསོལ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དུས་ཀྱི་བགྲང་བ་ལུས་མེད་ཅིང་། །ཐམས་ཅད་དུ་ནི་
ཐམས་ཅད་གནས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །དུས་ཉིད་དུས་ནི་མེད་པ་དང་། །འཇིག་རྟེན་ཉིད་ནི་འཇིག་རྟེན་མིན། །བདེན་པ་དང་ནི་བརྫུན་པ་མིན། །ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །བསམ་གྱིས་མི་ཁྱབ་དུས་མཚན་ཉིད། །གང་
ཞིག་ཁྱོད་ཀྱིས་བཤད་པ་སྟེ། །དོན་དམ་ཤིན་ཏུ་རྙེད་དཀའ་བ། །ལུས་ལས་འདས་ཤིང་དྲི་མེད་པ། །རྣལ་འབྱོར་པ་ཡིས་ཇི་ལྟར་རྟོགས། །སྐྱེ་བོ་ཀུན་ལ་སྨན་སླད་དུ། །དབུགས་ཀྱི་ངེས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནད་མེད་རླུང་

དང་བྲལ་བ་དང་། །ཁམས་ནི་སྙོམས་པར་གནས་པ་དང་། །རན་པར་ཟ་ཞིང་ཚུལ་བཞིན་རྒྱུ། །དེ་ཡི་མིག་འཛུམས་གཟུང་བར་བྱ། །མིག་འཛུམ་མིག་ནི་བཙུམས་པ་སྟེ། །མིག་འཛུམས་དྲུག་ལ་ཆ་ཤས་ནི། །གཅིག་ཅེས་བྱ་བར་བརྗོད་པ་ཡིན། །ཡུད་ཙམ་དྲུག་ནི་སྐད་
ཅིག་སྟེ། །སྐད་ཅིག་དྲུག་ནི་ཐང་ཅིག་ཡིན། །ཐང་ཅིག་དྲུག་ནི་ཆུང་ཟད་ཡིན། །དུས་ཀྱི་གོ་རིམས་བྱ་བ་འདིས། །སུམ་ཅུ་ཐམ་པར་བསྒྱུར་བ་ལ། །ཡི་གེ་ལྕི་བའི་དུས་ཞེས་བརྗོད། །ཡི་གེ་ལྕི་བ་བཅུ་ལ་ནི། །སྲོག་གཅིག་ཅེས་བྱའི་དུས་སུ་བཤད། །དེ་ནི་བཅུ་གསུམ་བསྒྱུར་
བ་ལས། །དེ་ཡང་གཉིས་སུ་བསྒྱུར་བ་ནི། །སྲང་གཅིག་ཞེས་ནི་བརྗོད་པ་ཡིན། །སྲང་ནི་དྲུག་ཅུ་ཐམ་པ་ལ། །ཆུ་ཚོད་གཅིག་ཏུ་བཞེད་པ་ཡིན། །དེ་བརྒྱད་ཐུན་གཅིག་ཞེས་བྱའོ། །དེ་བཞི་ལ་ནི་ཉིན་གཅིག་གོ། །ཉིན་མཚན་དུས་ནི་མཉམ་པ་ལ། །མཚན་མོའང་དེ་
དང་མཉམ་པར་བཤད། །ཆུ་སྲིན་ནས་ནི་སྦལ་པའི་བར། །ཉི་མ་འཕེལ་བར་བརྗོད་པ་སྟེ། །ལྷ་མོ་སྲང་ནི་གསུམ་གསུམ་གྱིས། །ཉིན་རེ་ཞིང་ནི་སྤེལ་བར་བྱ། །ཆུ་སྲིན་ལས་ནི་འདས་ནས་སུ། །མཚན་མོ་སྲང་ནི་གསུམ་གསུམ་འབྲི། །ཚད་མ་དེ་དག་བསྟན་པའི་
ཕྱིར། །ཟངས་མ་སྲང་ནི་བཅུ་གཉིས་ལ། །སྣོད་ནི་དཔངས་སུ་སོར་བརྒྱད་དང་། །རྒྱར་ནི་སོར་མོ་བཅུ་གཉིས་པ། །ལེགས་པ་ཉིད་དུ་བརྡུང་བར་བྱ། །གསེར་ནི་འོལ་སེ་སུམ་ཅུ་ལས། །སོར་དྲུག་པ་ཡི་ཚད་ཙམ་དུ། །ཐུར་མ་ལེགས་པར་བརྡུངས་ནས་ནི། །ཐུར་མ་དེ་ཡིས་བུ་
ག་ནི། །ཟངས་མའི་སྣོད་ལ་མཁས་པས་དབུག །ཆུ་ནི་རྙོག་མ་མེད་པ་ལས། །སྲང་ནི་དྲུག་ཅུའི་ཚད་དུ་བྱ། །སྲང་འདིས་ཆུ་ཚོད་ཚད་ཡིན་ཏེ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད། །ཆུ་ཚོད་དེ་ནི་ཡུད་ཙམ་སྟེ། །ཐུན་ཕྱེད་དང་ནི་ཐུན་གཅིག་དང་། །ཉིན་དང་མཚན་མོའི་ཚད་
ཀྱིས་ནི། །རིམ་བཞིན་ཟླ་ཕྱེད་ཟླ་བརསྤེལ། །ཟླ་བ་གཉིས་ནི་དུས་ཡིན་ཏེ། །དེ་གསུམ་ཉི་མ་འགྲོ་ལྡོག་བརྗོད། །ཉི་མ་འགྲོ་ལྡོག་གཉིས་ལ་ནི། །ལོ་གཅིག་ཉིད་དུ་བརྗོད་པ་ཡིན། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་

དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་དུས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སྐར་མའི་རིགས་གང་ཡིན། །མདོར་བསྡུས་ནས་ནི་བཤད་
པར་བྱ། །ཐ་སྐར་དང་ནི་མགོ་དང་རྒྱལ། །དེ་བཞིན་དུ་ནི་ནབ་སོ་དང་། །མེ་བཞི་ལྷ་མཚམས་དེ་བཞིན་དུ། །ནམ་གྲུ་ས་རི་གྲོ་ཞུན་བཅས། །ལྷ་ཡི་ཚོགས་ཞེས་བརྗོད་པ་ཡིན། །སྣར་མ་གྲེ་དང་ཆུ་སྟོད་དང་། །ཁྲུམས་སྟོད་དང་ནི་བྲ་ཉེ་དང་། །ལག་དང་མགོ་དང་ཆུ་སྨད་དང་། །
ཁྲུམས་སྨད་མི་ཡི་ཚོགས་ཡིན་ནོ། །སྨིན་དྲུག་དང་ནི་མཆུ་དང་ནི། །མོན་གྲུ་དང་ནི་མོན་གྲེ་དང་། །སྐག་དང་ནག་པ་སྣྲོན་དང་ནི། །ས་ག་དང་ནི་སྣྲུབས་རྣམས་ནི། །སྲིན་པོ་ཡི་ནི་རིགས་ཡིན་པར། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །སྨིན་དྲུག་རྒྱལ་ནི་ར་ཡིན་ཏེ། །མགོ་དང་སྣར་མ་ཀླུ་
ཡིན་ནོ། །ལག་དང་སྣུབས་ནི་ཁྱི་ཡིན་ཏེ། །ལྷ་མཚམས་ན་བ་སོ་ཕག་གི་རིགས། །མཆུ་དང་གྲེ་ནི་བྱི་བའོ། །སྐག་ནི་བྱི་ལར་བཤད་པ་སྟེ། །ནག་པ་ས་ག་སྟག་ཡིན་ནོ། །དབོ་དང་ཁྲུམས་སྟོད་གཉིས་པོ་ནི། །ཁྱུ་མཆོག་ཞེས་ནི་བཤད་པ་སྟེ། །སྟོབས་འདོད་པས་ནི་ཤེས་པར་བྱ། །མེ་
བཞི་དང་ནི་ས་རི་གཉིས། །མ་ཧེར་ཤེས་བྱ་སྟོབས་ཀྱི་མཆོག །ཐ་སྐར་དང་ནི་ཁྲུམས་སྨད་གཉིས། །རྟ་ཡི་རིགས་ཞེས་བྱ་བར་གྲགས། །ཆུ་སྟོད་དང་ནི་གྲོ་ཞུན་གཉིས། །སྤྲེའུའི་རིགས་སུ་བརྗོད་པ་ཡིན། །བྲ་ཉེ་དང་ནི་ནམ་གྲུ་གཉིས། །གླང་པོའི་རིགས་ཀྱིས་བྱིན་བརླབས་པའོ། །
མོན་གྲུ་དང་ནི་མོན་གྲེ་དག །མི་ཡི་རིགས་སུ་ཡང་དག་གསུངས། །སྟོབས་ཆེན་ཕ་རོལ་གནོན་པ་རུ། །ལྷ་མོ་ངས་ནི་བདེན་པར་བཤད། །ཆུ་སྨད་དང་ནི་བྱི་བཞིན་དང་། །ནེའུ་ལེའི་རིགས་སུ་གྲགས་པ་ཡིན། །མང་པོ་ཉིད་ཀྱིས་ཅི་ཞིག་བྱ། །མདོར་བསྡུས་ནས་ནི་བཤད་
ཀྱིས་ཉོན། །རང་གི་སྐྱེ་བའི་སྐར་མ་ནི། །བྱ་བ་ཀུན་ལ་དཔྱད་མི་དགོས། །སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ། །སྐར་མའི་ཆ་ནི་བཟློག་པ་དག །བཟུང་ན་ངེས་པར་འཆི་བར་འགྱུར། །ལུག་དང་སྲང་དང་ཀརྐ་ཊ། །ཆུ་སྲིན་དག་ནི་གཡོ་བར་

བརྗོད། །སྡིག་པ་བུམ་པ་སེང་གེ་དང་། །ཁྱུ་མཆོག་དག་ནི་བརྟན་པ་སྟེ། །ཉ་དང་གཉིས་སྦྱོར་གཞུ་དང་ནི། །བུ་མོ་རྣམས་ནི་འདྲེན་མའོ། །ལྷ་ཡི་བླ་མ་ཉི་མ་དང་། །མིག་དམར་སྐྱེས་པའི་གཟུགས་ཡིན་ཏེ། །པ་བ་སངས་དང་སྒྲ་གཅན་དང་། །ཟླ་བ་མོ་ཡི་གཟུགས་
ཡིན་ནོ། །གཟའ་ལག་དང་ནི་སྤེན་པ་གཉིས། །མ་ནིང་ཉིད་དུ་བསྟན་པ་སྟེ། །ནམ་མཁའི་འཁོར་ལོར་གནས་པའི་གཟའ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་
ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་སྐར་མ་རྣམས་ཀྱི་སྟོབས་ལ་དབང་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཚེས་དང་སྐར་མ་གཟའ་འཆར་བ། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །རོ་ཧི་ཏ་ཡི་
ཚེས་ལ་ནི། །སྨིན་དྲུག་དང་ནི་མིག་དམར་ལ། །འགྲོན་པོ་ལམ་དུ་འཇུག་པར་བཟང་། །ཚེས་དེ་རྙེད་པ་འཐོབ་འགྱུར་བའོ། །མ་ཀ་ར་ཡི་ཉི་མ་ལ། །མཆུ་དང་མིག་དམར་ལྡན་པ་ལ། །གཟེར་དང་འཇོམས་སོགས་འབྱུང་བས་ན། །ཚེས་དེ་ཡོངས་སུ་སྤང་བར་བྱ། །
སྭ་པྣ་ཡི་ནི་ཉི་མ་ལ། །ལག་དང་སྤེན་པར་ལྡན་པའི་ཚེ། །ནག་པོ་ཉིད་དུ་ཤེས་བྱ་བས། །ཚེས་དེའང་ཡོངས་སུ་སྤང་བར་བྱ། །རོ་ཧི་ཏ་ཡི་ཉི་མ་ལ། །མཆུ་དང་གཟའ་ལག་ལྡན་པ་ལ། །བཀྲ་ཤིས་དང་ནི་བཟང་པོར་བྱེད། །རཎྜ་ཡི་ནི་ཉི་མ་ལ། །ལག་དང་གཟའ་ལག་བཅས་
པ་དག །ཀུན་ཏུ་འཛོམས་པར་བཤད་པས་ན། །མཆོག་གི་སྦྱོར་བས་དེ་ཡང་སྤང་། །ས་ཡི་དབང་ཕྱུག་ཚེས་ལ་ནི། །བྲ་ཉེ་དང་ནི་གཟའ་ལག་ལྡན། །དེ་ཡང་ནག་པོའི་དུས་ཞེས་བྱ། །བྷ་དྲ་ཡི་ནི་ཚེས་དག་ལ། །གྲེ་དང་ལྷ་ཡི་བླ་མར་ལྡན། །ཚེས་དེ་རྙེད་པ་བྱེད་པས་
ན། །སྦྱོར་བ་པོ་ཡིས་བསྟེན་པར་བྱ། །མི་ཀི་ར་ཡི་ཚེས་ལ་ནི། །མོན་གྲུ་ལྷ་ཡི་བླ་མ་དག །གལ་ཏེ་ན་ནི་འཛོམ་གྱུར་ན། །འབྲུ་དང་ནོར་རྣམས་ཟད་བྱེད་པར། །གདོན་མི་ཟ་བར་བཤད་པ་ཡིན། །ཚེས་ནི་བཅུ་གསུམ་དག་ལ་ནི། །སྐག་དང་ལྷ་ཡི་བླ་མ་དག །

གལ་ཏེ་འཛོམ་ན་ནག་པོ་པས། །ཉེས་པ་ཀུན་གྱིས་འཇིགས་པར་འགྱུར། །པྲྀ་ཥ་བྷ་ཡི་ཚེས་ལ་ནི། །སྟོབས་ལྡན་གྱི་ནི་བློན་པོ་དང་། །གལ་ཏེ་ཁྲུམས་སྟོད་འཛོམ་ན་ནི། །ཚེས་དེ་རྒྱས་པ་སྟེར་འགྱུར་ཞིང་། །དགེ་བའི་གྲོགས་རྣམས་ཐམས་ཅད་བྱེད། །
བྲྀ་དྡྷི་ཀ་ཡི་ཉི་མ་ནི། །ཆུ་སྟོད་དང་ནི་པ་བ་སངས། །གལ་ཏེ་འཛོམ་ན་ནད་ཀྱིས་ནི། །གདུངས་ཤིང་འཇོམས་པར་ཐེ་ཚོམ་མེད། །འབྱུང་པོ་ཡི་ནི་ཉི་མ་ལ། །བྲ་ཉེ་དང་ནི་པ་བ་སངས། །འཛོམ་ན་གཤིན་རྗེའི་མཆེ་བ་སྟེ། །ཚེས་དེ་ཡོངས་སུ་སྤང་བར་བྱ། །ཀུརྨྨ་ཡི་ནི་ཉི་
མ་ལ། །སྨིན་དྲུག་དང་ནི་སྤེན་པ་རུ། །གལ་ཏེ་འཛོམ་པར་གྱུར་ན་ནི། །རྙེད་དང་གྲགས་པ་ལ་སོགས་དང་། །བསོད་ནམས་ཀུན་གྱི་འབྲས་བུ་འཐོབ། །བྱཱ་ཀུ་ལི་ཡི་ཉི་མ་ནི། །སྐག་དང་སྤེན་པ་ཇི་ཞིག་ལྟར། །འཛོམ་ན་གདུང་བར་བྱེད་པས་ན། །ཉི་མ་དེ་ལའང་འགྲོ་བ་སྤང་། །
ཟླ་བ་ཉ་ཡི་ཉི་མ་ལ། །མཆུ་དང་སྤེན་པར་ལྡན་གྱུར་ན། །འཆི་བའི་དུས་ལ་བབ་པས་ན། །ཚེས་དེ་ཤིན་ཏུ་སྤང་བར་བྱ། །མེ་ཡི་མཚམས་སུ་མི་ཀིར་བྲི། །གཤིན་རྗེ་རུ་ནི་རཎྜ་སྟེ། །སྲིན་པོ་རུ་ནི་ཀུརྨྨ་བྲི། །ཆུ་ཡི་ཕྱོགས་སུ་ཁྱུ་མཆོག་སྟེ། །འཇིགས་བྱེད་དུ་ནི་བྱཱ་ཀུ་ལི། །གཏེར་
གྱི་ཕྱོགས་སུ་སྭ་པ་ན། །མིག་གསུམ་ཕྱོགས་སུ་བཟང་པོ་བྲི། །ཤར་གྱི་ཕྱོགས་སུའང་ཁྱུ་མཆོག་གོ། །ཟླ་བ་ཉི་མའི་བྱེ་བྲག་གིས། །དེ་རྣམས་སུ་ནི་རྒྱུ་བར་བཤད། །བྷ་དྲ་ནས་ནི་རཎྜར་ཏེ། །བྱཱ་ཀུ་ལི་དང་པྲྀ་ཥ་བྷ། །འདི་དག་ཉི་མ་རྒྱུ་བར་ནི། །རིགས་མཆོག་མ་ནི་ཁྱོད་ལ་
བཤད། །ཁྱུ་མཆོག་དང་ནི་མི་ཀི་ར། །སྭ་པ་ན་དང་ཀུརྨྨ་ནི། །ཟླ་བའི་རྒྱུ་བར་བཤད་པ་སྟེ། །རིམ་པ་དེ་ལྟར་བརྗོད་པ་ཡིན། །ཉ་ལ་མེ་མཚམས་གནས་པ་སྟེ། །སྟོང་ལ་རླུང་གི་ཕྱོགས་སུ་གནས། །དེ་ལྟར་དེ་དག་དབུས་སུ་ནི། །གནས་པ་དེ་དག་གདུང་བར་འགྱུར། །ཟླ་བ་
ཉི་མ་ལས་བྱུང་བའི། །རི་མོ་མཉམ་དུ་ལྟ་བས་ན། །དེས་ན་ཤེས་རབ་ཅན་གྱིས་སྤང་། །ཞི་དང་སྡིག་པར་ལྟ་བས་ན། །ལྟ་བའི་ཆད་པ་འབྱུང་བ་སྟེ། །མྱུར་དུ་གསོད་པར་བྱེད་པ་ཡིན། །སྒྲ་གཅན་གྱི་ནི་རྒྱུ་བ་ཡི། །དུས་ནི་མདོ་རུ་བསྡུས་པ་ཡིན། །ཡར་ངོ་མར་ངོའི་བྱེ་

བྲག་གིས། །བློ་ལྡན་འབད་དེ་ཤེས་པར་བྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཚེས་གྲངས་
དང་སྐར་མའི་ངེས་པ་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པ། །ལུས་ཅན་ཀུན་གྱི་རྣམ་ཤེས་ཏེ། །ལུས་ལས་འདས་ཤིང་དྲི་མ་མེད། །ལྷུན་པོ་དང་ནི་ཏི་སེ་དང་། །དེ་བཞིན་དུ་ནི་འབིགས་
བྱེད་སོགས། །ཤར་གྱི་ལུས་འཕགས་བ་ལང་སྤྱོད། །བྱང་གི་སྒྲ་མི་སྙན་དང་ནི། །འཛམ་བུའི་གླིང་དང་བཅས་པ་དང་། །ལན་ཚྭ་ཅན་དང་འོ་མ་ཡི། །རྒྱ་མཚོ་ལ་སོགས་ཆུ་ཚོགས་དང་། །འོག་དང་སྟེང་དུ་གང་གྱུར་པ། །ཁམས་གསུམ་མ་ལུས་ཟད་པར་བྱ། །གཟུགས་
ལ་སོགས་པའི་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣ