Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ
Văn bản gốc(Tây Tạng)
Trang 5 / 20 (50.000 ký tự/trang)
མས་ཟད་པར་བྱ། །འབྱུང་པོ་ལ་སོགས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ཀུན་ཟད་བསམས་ཏེ། །དངོས་དང་དངོས་མེད་འདྲེས་པར་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །གཟུགས་ལ་སོགས་པའི་མཚན་ ཉིད་རྣམས། །མཉམ་ཉིད་སྟོང་པ་ཉིད་དུ་བལྟ། །ཐམས་ཅད་ནམ་མཁར་ཐིམ་ནས་ནི། །བ་གླང་རྨིག་པར་གྲོང་ཁྱེར་བསྒོམ། །རྣལ་འབྱོར་ཅན་གྱི་ཆོ་ག་བཞིན། །སེམས་ནི་མེ་མར་ལྟ་བུར་བསྒོམ། །དེ་དབུས་ཡིད་ཀྱིས་བལྟས་ནས་ནི། །དེར་ནི་མཚན་མ་བརྟག་པར་ བྱ། །མེ་མར་ལྟ་བུས་ཞི་བར་འགྱུར། །དམར་པོས་བརྒྱན་ན་རྒྱས་པ་སྟེ། །ཉི་མའི་དཀྱིལ་འཁོར་ལྟར་སྣང་ན། །ཆགས་པ་ལ་སོགས་འགྲུབ་པར་འགྱུར། །མཐའ་མར་དུ་བའམ་གནག་མཐོང་ན། །མངོན་སྤྱོད་དུ་ནི་གྲགས་པ་ཡིན། །རླུང་གི་མདོག་ལྟར་རབ་ འཁྲུགས་ན། །དེ་མ་ཐག་ཏུ་བསྐྲད་པར་འགྱུར། །འོད་ཟེར་དཀར་པོ་ལོང་ལོང་པོས། །བློ་ལྡན་སྔགས་ཀྱི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་འགྲུབ་ཤེས་བྱ། །བཀྲ་ཤིས་ཀྱིས་ནི་ལམ་སྟོན་ཡིན། །ཆོ་ག་འདིས་ནི་གཞན་གསལ་དང་། །གཞན་གྱི་གཟུགས་སོགས་ དབུ་མ་རྣམས། །དེ་འོག་རྣལ་འབྱོར་བསྐྱེད་པར་བྱ། །ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། །གང་ཞིག་སྟོང་ཉིད་ཤེས་བྱས་ན། །སེམས་ནི་མྱུར་དུ་ཐར་བར་འགྱུར། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཕ་དང་མ་ནི་བསད་བྱས་ཤིང་། །བྲམ་ཟེ་གཙང་མ་ གཉིས་བཟུང་ནས། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཡེ་ཤེས་རང་བཞིན་ཀུན་དང་སྦྱོར། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཡེ་ཤེས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཡེ་ཤེས་ཁྱད་པར་གང་གིས་ནི། །ཡེ་ཤེས་ཐུན་མོང་བྱིན་བརླབས་པ། །བྱེ་བྲག་ཅན་ནི་ཇི་ལྟ་བུ། །ལྷ་ལས་རོལ་མོ་མཉན་པར་འཚལ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། །ལྕི་བར་གྱུར་པ་སུམ་ཅུ་པོས། །དགེ་དང་སྡིག་པའི་འབྲས་འབྱུང་བ། །ང་རྒྱལ་གྱིས་ནི་བྱིན་བརླབས་པ། །སེམས་ཀྱིས་བྱས་པའི་ལས་ཚོགས་ཀྱིས། །བསྒོམ་པར་གྱུར་པའི་རང་རིག་པའི། །སེམས་ནི་འགྲོ་བ་དེ་རུ་འགྲོ། །སྲིད་པའི་ཞགས་ པས་རྟག་འཇིགས་པས། །དེ་ཡི་འགྲོ་བ་མི་མཐོང་ངོ་། །འདུ་ཤེས་རྣམ་པ་ལྔ་དང་ནི། །ལྟ་བ་ལྔ་ཡིས་ཕ་རོལ་འགྲོ། །ལྷ་ཡི་ཡེ་ཤེས་གསལ་བར་བལྟ། །ལྷ་མིན་ཡེ་ཤེས་ཁྲོ་བའོ། །ཡི་དགས་ཡེ་ཤེས་ཞན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་པས་ནོན། །བྱོལ་ སོང་ཡེ་ཤེས་བླུན་པ་སྟེ། བརྟེན་པ་རྣམས་ནི་སེམས་མེད་པའོ། །རྒྱུ་ཡི་ཡེ་ཤེས་རྣམ་པ་ལྔ། །གླེན་པས་བསྒྲིབས་དང་ལྐུགས་པ་དང་། །བྱིས་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །བླ་མའི་ལམ་ནི་སུན་འབྱིན་པ། །དེ་དག་ཀུན་གྱིས་ མི་ཤེས་ཏེ། །གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག །ཉོན་ཅིག་ཡང་དག་སྒྱུ་མ་ཆེ། །ལས་རྣམས་ཀྱི་ནི་བྱེ་བྲག་གིས། ། ཡེ་ཤེས་བྱེ་བྲག་སྤྲུལ་པ་ཡིན། །དམན་དང་རབ་དམན་དམན་པ་ཅན། །གནོད་སྦྱིན་ལྷ་མིན་གྲུབ་བ་པོ། །ཀླུ་དང་བྱོལ་སོང་གསང་བ་པ། །ལྟོ་འཕྱེ་དང་ནི་མིའམ་ཅི། །མི་དང་ཡི་དགས་མཁའ་འགྲོ་མ། །དམྱལ་བ་ལ་སོགས་གང་གྱུར་དང་། །གསལ་བའི་གཟུགས་ སུ་མངོན་བརྗོད་དང་། །ཕྲ་མོ་སྒོ་ང་ལས་བྱུང་བ། །ཆུ་དང་མེ་དང་རླུང་དང་ནི། །དེ་བཞིན་དུ་ནི་ས་ཡི་ཁམས། །བརྟན་པ་ལ་སོགས་ཐམས་ཅད་དང་། །རྩ་དང་འདབ་མ་ཕྲ་བ་དང་། །ས་དང་རྡོ་དང་བྲག་ལ་སོགས། །ཐམས་ཅད་ཡེ་ཤེས་བྱིན་བརླབས་པས། །ཐམས་ ཅད་སྣང་སྟེ་གཞན་དུ་ན། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་བས། །དེ་ནས་རྣལ་འབྱོར་བསྟན་བཅོས་ལ། །འབད་དེ་དད་པ་བསྐྱེད་པར་བྱ། །གར་གྱི་གནས་དང་མཚུངས་པ་ཡི། །ཕྱི་རོལ་བསྟན་བཅོས་ སུན་འབྱིན་པ། །རྣལ་འབྱོར་བསྟན་བཅོས་རྗེས་འབྲངས་ན། །སྤྱོད་དང་གྲོལ་བའི་འབྲས་བུ་འཐོབ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །རྣལ་འབྱོར་བསྟན་བཅོས་མཚོན་པར་བྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་ སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་འབྱུང་བའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ དྲིལ་བུའི་མཚན་ཉིད་དེ། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །རྡོ་རྗེའི་བློས་ནི་ཤེས་པར་བྱ། །ཞི་དང་རྒྱས་དང་མངོན་སྤྱོད་ཀྱི། །རྡོ་རྗེ་དག་ནི་ཐམས་ཅད་ཀྱང་། །གསེར་ལ་སོགས་པ་ལེགས་པར་བརྡུང་། །རྡོ་རྗེ་ཀུན་གྱིས་ཤིན་ཏུ་བརྒྱན། །ཆ་གསུམ་དུ་ནི་བཟུང་ནས་སུ། ། ཆ་བརྒྱད་སྐ་རགས་ལེགས་པར་བརྒྱན། །ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུས་མ་ཉིད་དང་སངས་རྒྱས་དགུ། །རྩེ་མོ་དགུ་ནི་ལྷ་ཉིད་དེ། །ལྷ་དགུ་ཡིས་ནི་བྱིན་གྱིས་བརླབས། །ཆུ་སྲིན་ལས་ནི་བྱུང་བ་ཡི། །རྩེ་མོ་པདྨ་ཟླ་བར་གནས། །རྩེ་དགུ་ཞེས་ནི་བྱ་བ་ སྟེ། །རྡོ་རྗེ་ཡེ་ཤེས་འགྲོ་བ་སྒྲོལ། །ཆ་གསུམ་གྱི་ནི་ཚད་དག་ལ། །དབུ་མ་ཅུང་ཟད་རིང་ཡང་རུང་། །འདི་ནི་ཐུན་མོང་ཚད་ཡིན་ནོ། །རྩེ་མོ་ཀུན་གྱི་དབུས་མ་ཟླུམ། །ཕྱོགས་སོགས་རྩེ་མོ་འདུས་པས་གནས། །དབུས་ན་མི་ཟུར་བརྒྱད་དག་ཏུ་བྱ། །དབུས་ཀྱི་ཆ་ ཡི་ཚད་ལྡན་པ། །གནས་པ་ལྟེ་བ་ཞེས་བྱའོ། །རིན་ཆེན་མ་ར་ཀ་ཏ་ལྟར། །དེ་ཡང་ཅུང་ཟད་ཟུར་བརྒྱད་བྱ། །སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་གསུམ་འདོད། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །དེ་དག་ལ་ནི་སེང་གེའི་སྣ། །ནས་ ཕྱེད་ཙམ་དུ་མཐོ་བར་བྱ། །མཆེ་བ་ཡི་ནི་མཐར་གནས་པ། །དེ་ནི་དྲུག་ཆ་ཞེས་བྱར་གྲགས། །ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུ་དགུར་འདོད། །ཆ་གསུམ་བླ་མའི་མཐའ་མ་ནི། །སྟེང་གི་ཆ་གཉིས་སྤངས་ནས་ནི། །དབུས་ཀྱི་མཐའ་ཡང་དེ་བཞིན་ནོ། །འདབ་མ་ལ་ནི་ གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ། །དེ་ཡི་ཕྱེད་དུ་སྐ་རགས་འདོད། །རྡོ་རྗེ་ཀུན་ལ་བློ་ལྡན་པས། །ཆུ་དང་ཞེང་ནི་མཉམ་པོར་བྱ། །དེ་ནས་ཡང་དག་བཤད་བྱ་བ། །དམ་ཚིག་རྡོ་རྗེའི་མཚན་ཉིད་དེ། །གསེར་ལ་སོགས་པ་ལས་བརྡུངས་པ། །ཆ་ལ་སོགས་པ་ སྔོན་དུ་ནི། །ཇི་ལྟར་བསྟན་བཞིན་ལྡན་པར་བྱ། །པདྨ་ཟླ་བ་ལ་གནས་པའི། །ཆུ་སྲིན་གྱི་ནི་མཆེ་བའི་གཟུགས། །འོག་གི་ཆུ་སྲིན་ལས་བྱུང་བ། །ཆུ་ཞེང་ཇི་ལྟར་བསྟན་པ་བཞིན། །རྩེ་མོ་ཡེ་ཤེས་རང་བཞིན་འབྱུང་། །ཀུན་གྱི་དབུས་སུ་རྣམ་སྣང་སྟེ། །ཤར་ཕྱོགས་སུ་ནི་མི་ བསྐྱོད་པའོ། །ལྷོ་རུ་རིན་ཆེན་བསྟན་པ་སྟེ། །འོད་དཔག་མེད་པ་ནུབ་ཏུ་དགོད། །བྱང་དུ་དོན་ཡོད་གྲུབ་པ་སྟེ། །རྩེ་བཞི་ལ་སོགས་ལྷ་ཡིན་ནོ། །པདྨ་བྱང་ཆུབ་ཡན་ལག་བརྒྱད། །ས་ལ་ཇི་བཞིན་དགོད་པར་བྱ། །ཕྱག་ན་པདྨ་བྱམས་པ་དང་། །མཁའ་སྙིང་ཀུན་ཏུ་བཟང་པོ་ དང་། །གནོད་སྦྱིན་བདག་དང་འཇམ་པའི་དཔལ། །ས་སྙིང་སྒྲིབ་སེལ་དེ་བཞིན་ཏེ། །ལྷ་ནི་བརྒྱད་པོ་འདི་དག་ཉིད། །འདབ་མ་བརྒྱད་ལ་ཇི་བཞིན་བརྟག །དབུས་སུ་ཡེ་ཤེས་སེམས་དཔའ་ནི། །བཅུ་གསུམ་གནས་སུ་ཐིམ་པར་བྱ། །གཞན་ཡང་འདབ་བརྒྱད་ལྷ་མོ་ བརྒྱད། །ཇི་བཞིན་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོགས་དྲིལ་བུ་ཉིད། །ལྷ་མོ་དག་ནི་བཞི་པོ་འདི། །ཕྱོགས་ཀྱི་པདྨར་ཡང་དག་གནས། །མཚམས་ནི་བཞི་པོ་དག་ཏུ་ཡང་། །སླར་ཡང་དེ་བཞིན་ལྷ་མོ་བཞི། །སྐུལ་བྱེད་རིན་ཆེན་སྒྲོན་མ་ དང་། །དེ་བཞིན་རྡོ་རྗེ་ལྕགས་སྒྲོག་དང་། །དེ་བཞིན་གཞན་གྱིས་མི་ཐུབ་མ། །པདྨའི་འདབ་མ་ཀུན་ལ་དགོད། །རྩེ་མོ་དག་ནི་རྣམ་ལྔ་ལ། །མཁའ་འགྲོ་མ་ནི་ལྔ་ཉིད་དེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་བ། །རོ་ལངས་མ་ནི་ནུབ་ཏུ་གནས། །ལྷོ་རུ་དེ་ བཞིན་ཙཎྜ་ལཱི། །དབུས་སུ་ཡེ་ཤེས་མཁའ་འགྲོ་སྟེ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ། །གདུག་ལ་རྡོ་རྗེ་རྩེ་གསུམ་སྟེ། །རྩེ་མོ་དག་ནི་གདེངས་པར་བྱ། །དེ་བཞིན་རྩེ་མོ་གཅིག་པ་ནི། །ཀླུ་རྣམས་སྐྲག་པར་བྱེད་པའོ། །ཁྲོ་བོའི་རྡོ་རྗེ་གདེངས་པོ་སྟེ། །ལྷག་མ་རྣམས་ནི་འདུལ་ བྱེད་པའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ། །རིགས་ཀྱི་རིམ་པའི་ཆོ་གས་དབྱེ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་རྡོ་རྗེའི་མཚན་ཉིད་དོ། །ཆ་ལྔའི་ཚད་དང་ལྡན་པ་ནི། །སྤྱི་གཙུག་རྡོ་རྗེ་ཞེས་བྱར་ གྲགས། །རྣ་ཆ་ཆ་དྲུག་ཚད་དུ་བྱ། །མགུལ་དོ་ཆ་ནི་བཞི་པ་སྟེ། །སྙིང་གར་ཆ་ལྔ་པ་ནི་གཟུང་། །གསང་བ་དང་ནི་ལག་པར་ཡང་། །ཆ་དྲུག་པ་ནི་གཟུང་བྱ་སྟེ། །ཇི་ལྟར་མཛེས་པར་བརྟག་པར་བྱ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ནས་ནི། །རྣལ་འབྱོར་པ་ཡི་ཡེ་ཤེས་འཕེལ། ། ཆོ་གའི་བྱ་བ་འདི་ཉིད་ཀྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དེ་ནས་དྲིལ་བུའི་མཚན་ཉིད་ཀྱི། །ཆུ་ཞེང་ལ་སོགས་བཤད་པར་བྱ། །རིན་ཆེན་སྣ་ཚོགས་འབར་བ་དང་། །རྡོ་རྗེའི་སྐ་རགས་ཕྲེང་གཉིས་བྱ། །ཤེལ་སྒོང་དྲི་མ་མེད་པ་ལྟར། །དྲ་བ་དྲ་བ་ཕྱེདཔས་ བརྒྱན། །ཆ་གསུམ་མཚན་ཉིད་ལྡན་པ་ལ། །རྡོ་རྗེ་ལ་སོགས་མཚན་མས་བརྒྱན། །དབུས་ཀྱི་ཁོག་པ་ཟབ་པ་དང་། །ཐམས་ཅད་དགའ་བྱེད་བཅུད་ཀྱི་གནས། །དེ་ནས་པདྨ་རིན་ཆེན་དང་། །ཨུཏྤལ་ཀུ་མུ་ད་ཡིས་བརྒྱན། །ཕྱོགས་དང་ཕྱོགས་མཚམས་ཆ་བརྒྱད་དུ། །ལྷ་ མོ་ལ་སོགས་བརྒྱད་དུ་གྲགས། །དེ་ཡི་སྟེང་དུ་ལྷ་མོ་ནི། །ས་བོན་བརྒྱད་ལས་བསམ་པར་བྱ། །ཤར་ཕྱོགས་སུ་ནི་སྒྲོལ་མ་སྟེ། །དེ་བཞིན་བྱང་དུ་གོས་དཀར་མོའོ། །ནུབ་ཏུ་བདག་མོའི་མིང་ཅན་ཏེ། །ལྷོ་རུ་སངས་རྒྱས་སྤྱན་ཞེས་བྱ། །མདོག་མཛེས་ སྦྲང་རྩི་ཡིད་འོང་མ། །དེ་བཞིན་རིན་ཆེན་འཁྱིལ་མའོ། །ནམ་མཁའི་ཕྱོགས་ཀྱི་དབུས་སུ་ནི། །གཟུགས་རྫོགས་བསྐོར་བས་ཡང་དག་གནས། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཡེ་ཤེས་བདུད་རྩི་བུམ་པ་འདྲ། །ཤེས་རབ་ བདུད་རྩིའི་གནས་ཡིན་ཏེ། །དེ་ཡི་དབུས་ཀྱི་སྟན་ལ་ནི། །སྟེང་དུ་པདྨ་རྡོ་རྗེ་ནི། །རྩེ་མོ་དགུ་པ་བསམ་པར་བྱ། །དབུས་ཀྱི་དབྱུག་པ་ཡེ་ཤེས་ཏེ། །ཐམས་ཅད་སྤྲོ་ཞིང་སྡུད་པ་མོ། །ཨོཾ་ལྟར་མཆོག་ནི་སྩོལ་བར་འགྲུབ། །བྱ་བ་ཐམས་ཅད་རབ་སྒྲུབ་མའོ། །ཡེ་ཤེས་ རྡོ་རྗེའི་དྲིལ་བུ་ནི། །རྩེ་མོ་དགུ་པ་དེ་བཞིན་ནོ། །སོར་མོ་བཅུ་གཉིས་ཚད་དུ་ནི། །རྡོ་རྗེའི་ཕྲེང་བ་སྐ་རགས་བྱས། །པདྨ་མཆོག་གི་འདབ་མ་དང་། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །སྔོན་བཞིན་མཚན་ཉིད་ཐམས་ཅད་ལྡན། །ལྷ་མོ་ཡི་ནི་མཚན་མས་མཛེས། །ཤར་གྱི་ཕྱོགས་སུ་ པདྨ་ནི། །ཁ་དོག་དཀར་པོས་མཛེས་པར་བྱ། །གཤིན་རྗེར་པདྨ་སྔོ་དམར་ཏེ། །ནུབ་ཀྱི་ཕྱོགས་སུ་པདྨ་དམར། །བྱང་དུ་ཨུཏྤ་ལ་ནི་བྲི། །བདུད་རྩི་གནས་ཀྱི་དབུས་ན་ནི། །ལྷ་མོ་ཡི་ནི་ཞལ་གཅིག་བྲི། །ཤེས་རབ་ཕ་རོལ་ཕྱིན་མའོ། །གཟུགས་མཛེས་བསྐོར་བས་ཡང་ དག་གནས། །སྟེང་གི་པད་དང་རྡོ་རྗེ་ནི། །སྔ་མ་བཞིན་དུ་བསམ་པར་བྱ། །དབུས་ཀྱི་ཡེ་ཤེས་དབྱིག་པ་ནི། །ཟུར་བརྒྱད་པས་ནི་མཛེས་པར་བྱ། །དྲིལ་བུ་འདི་ནི་ལྷ་མོ་ཆེ། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །དེ་ནས་དཔའ་བོའི་དྲིལ་བུ་སྟེ། །རྡོ་རྗེའི་ཕྲེང་བའི་སྐྲ་ རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང་། །བདུད་རྩི་ཡི་ནི་བུམ་པར་ལྡན། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །དྲ་བ་དྲ་ཕྱེད་དཔྱང་བར་བྱ། །སོར་དགུ་རུ་ནི་ཡངས་པ་སྟེ། །ཁ་ནི་སོར་ལྔའི་ཚད་དུ་བྱ། །དེ་ལས་ཅུང་ཟད་ལྷག་བྱ་མིན། །རྩེ་ལྔ་པའམ་རྩེ་དགུ་ པ། །སྐལ་བ་བཟང་པོ་ཐམས་ཅད་དང་། །དབང་ཕྱུག་དང་ནི་སྔགས་རྣམས་ཀྱི། །འབྲས་བུ་ཐམས་ཅད་རབ་སྟེར་ཞིང་། །མཁའ་འགྲོའི་སྟོབས་དང་རྫུ་འཕྲུལ་སྟེར། །དེ་བཞིན་ཕུན་ཚོགས་ཐམས་ཅད་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ནི་ གསལ་བར་སྟེར། །ད་ནི་དེ་བཞིན་གཤེགས་པ་ཡི། །དྲིལ་བུའི་མཚན་ཉིད་བཤད་པར་བྱ། །ཁར་བ་ལས་བྱུང་སྒྲ་སྙན་བྱེད། །ཁོང་སྟོང་དང་ནི་བུམ་པར་ལྡན། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་ལ་སོགས་མཚན་མ་ཅན། །དྲ་བ་དྲ་བ་ཕྱེ་པས་སྤྲས། །ཆུ་སྲིན་ལས་ནི་བྱུང་བ་ ཡི། །ཡེ་ཤེས་ལྔ་ཡི་རྣམ་དག་པས། །རྩེ་མོ་ལྔ་དང་བཅས་པ་སྟེ། །སྐ་རགས་གཉིས་གཉིས་དབུས་སུ་ནི། །འཁོར་ལོའི་ཕྲེང་བ་གཉིས་དང་ལྡན། །དེ་བཞིན་སྐ་རགས་གཉིས་དབུས་སུ། །པདྨ་ལ་ནི་པད་ཕྲེང་གཉིས། །རིན་ཆེན་ལ་ནི་རིན་པོ་ཆེ། །དེ་བཞིན་སྐ་རགས་ལྡན་པར་བྱ། །དོན་ཡོད་གྲུབ་ པ་ཞེས་བྱ་ལ། །སྐ་རགས་གཉིས་དབུས་རལ་གྲིས་བརྒྱན། །ཀུན་ལ་ཤེས་རབ་གདོང་ལྡན་པས། །དཔའ་བོ་ཀུན་གྱིས་རྒྱལ་བར་འགྱུར། །ཀུན་ལའང་འཁར་བའམ་ཡང་ན་ནི། །ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ། །ཆ་གསུམ་དང་ནི་ལྡན་པར་བྱ། །རྡོ་རྗེའི་ རིགས་ལ་བ་གླང་གདོང་། །སྐ་རགས་རྡོ་རྗེའི་ཕྲེང་བས་བསྐོར། །བུམ་པའི་སྟེང་དུ་གནས་པ་ཡི། །ཁ་ཁྱེར་ཅུང་ཟད་གྲུ་བཞིར་བྱ། །བ་གླང་གདོང་ནི་མྱུར་བ་རུ། །ནོར་དང་འབྲུ་རྣམས་འཕེལ་བར་བྱེད། །ནད་མེད་སྟོབས་ནི་རྟག་སྟེར་ཞིང་། །སྡུག་བསྔལ་ཐམས་ཅད་འཕྲོག་ པར་བྱེད། །སྔར་བསྟན་རྗེས་སུ་འབྲངས་ནས་ནི། །རྡོ་རྗེས་མཚན་ཉིད་མཚོན་པར་བྱ། །རིན་ཆེན་དབང་སོགས་ཐོད་པ་དང་། །རང་རང་མཚན་མ་ཤེས་པར་བྱ། །སོར་བརྒྱད་དམ་ནི་བཅུ་དྲུག་གམ། །ཉི་ཤུ་ལས་ནི་ལྷག་མི་བྱ། །ཇི་ལྟར་ནུས་ཤིང་རྗེས་མཐུན་པར། ། བསྒྲུབ་པའི་དབང་པོས་དེ་དག་བྱ། །ཁ་ཡང་ཆོ་གའི་རིམ་པ་ཡིས། །སོར་མོ་ལྒ་ལས་གཞན་པ་སྤང་། །ལྷ་མོ་འདི་ནི་དྲིལ་བུ་ཡི། །སྒྲུབ་ཐབས་རྒྱ་ཆེར་བསྟན་པ་སྟེ། །ཐུན་མོང་གི་ནི་རྒྱུད་ཀུན་ལས། །དཔའ་བོ་རྣམས་ཀྱིས་བསྔགས་པ་ཡིན། །མཁའ་འགྲོ་ ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང་ཚད་ཀྱི་ཆོ་གའི་ རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །དུལ་ཞིང་ཆ་ལུགས་མཛེས་པ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །རྣལ་འབྱོར་བཟོ་ ཡི་ཆ་ལ་མཁས། །ཐམས་ཅད་དུ་ནི་འཇམ་པར་སྨྲ། །སེམས་ཅན་ཀུན་ལ་བུ་བཞིན་ལྟ། །རྟག་ཏུ་གཏོང་ལ་དགའ་བ་དང་། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་འཚེ་མི་བྱེད། །རྟག་ཏུ་མཉམ་པའི་ སེམས་བསྐྱེད་པས། །སེམས་ཅན་ཀུན་གྱི་མགོན་སྐྱོབ་སྟེ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ།།མཛའ་སྡུག་གིས་ནི་ལེགས་པས་ལྟ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། ། ཕྱག་རྒྱ་བརྡ་ཡི་སྦྱོར་བ་རིག །རྣལ་འབྱོར་མ་རྣམས་དམ་ཚིག་ལ། །བརྡ་ཡིས་སྦྱོར་བ་སྟོན་པ་དང་། །གཉིས་མེད་སྦྱོར་བ་མི་ཕྱེད་གནས། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །དབང་བསྐུར་དོན་གྱི་ཡོན་ཏན་འབྱུང་། །གནས་སོགས་མཐོང་བའི་ངང་ཚུལ་ཅན། ། དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །འདི་ནི་སློབ་དཔོན་ཞེས་བྱར་བརྗོད། །གསོལ་པ། དེ་ལྟ་བུའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཇི་ལྟའི་མཚན་ཉིད་དང་ལྡན་པར། །ཡེ་ཤེས་ཅན་གྱིས་ མཚན་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟེན། །གང་ཡང་ཁྲོ་དང་སྒྱུ་ཅན་དང་། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བསྟེན་མི་བྱ། །གཞན་ཡང་སློབ་མའི་སྤྱོད་པ་དང་། །ལས་ཀྱི་དེ་ཉིད་བཤད་ཀྱིས་ཉོན། །ཁྲོ་དང་བཅས་ཤིང་ རྟོག་གེར་གུས། །ན་སོ་དག་ནི་ཡོལ་བ་དང་། །གང་ཡང་དགེ་སློང་དངོས་གནས་དང་། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཆེན་ནི། །དེ་ལ་བཤད་པར་མི་བྱའོ། །གང་ཡང་ང་རྒྱལ་མེད་པ་དང་། །སྒྱུ་མེད་བདག་ཏུ་མི་འཛིན་ཅིང་། །དེ་བཞིན་ཆོས་ ལ་མངོན་པར་དད། །དེ་ལ་མན་ངག་སྦྱིན་པར་བྱ། །གཞན་དུ་ན་ནི་ལྟུང་བར་འགྱུར། །སློབ་དཔོན་གྱི་ནི་གསང་བ་དང་། །རྣལ་འབྱོར་མ་དང་ལྷན་ཅིག་སྦྱོར། །ལྷ་ཡི་དམ་ཚིག་སྤྱོད་པ་དང་། །གཏོར་མ་ལ་སོགས་གསང་སྦྱོར་བ། །དམོད་པ་དག་ཏུ་གང་བྱེད་པ། །སྐྲག་ པ་ཀུན་དང་བཅས་བཞིན་དུ། །མནར་མེད་པར་ནི་མྱུར་བར་ལྟུང་། །སློབ་དཔོན་གྱི་ནི་མལ་སྟན་དང་། །ལྷ་མ་དང་གདུགས་དང་ན་བཟའ་སོགས། །ཉེ་བའི་ལོངས་སྤྱོད་ཐམས་ཅད་དང་། །གྲིབ་མ་འགོམ་པར་མི་བྱ་ཞིང་། །ཅོ་འདྲི་བར་ནི་མི་བྱའོ། །གལ་ཏེ་བྱས་ན་ དུས་ཀུན་དུ། །དེ་ནི་ཀུན་ཏུ་གཟིར་འགྱུར་ཞིང་། །དོན་ཉམས་དཔལ་ལས་རིང་དུ་འགྱུར། །བདུད་དང་སྡང་བས་གཟིར་འགྱུར་ཏེ། །མཆོད་རྟེན་བཤིག་དང་སྡིག་མཚུངས་པས། །དེ་བས་གྲིབ་མའང་འགོམ་མི་བྱ། །སློབ་དཔོན་སྨོད་བྱེད་གང་ཡིན་པ། །རྨི་ལམ་ དུ་ཡང་དངོས་གྲུབ་མེད། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་རྣམས་ནམ་ཡང་གཟུང་མི་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་པར་འགྱུར། །མཎྜལ་ཆོག་སོགས་རིམ་པ་ཡིས། །སྔོན་དུ་བསླབ་པ་སྦྱིན་པར་བྱ། །དངོས་ པོ་རང་བཞིན་མེད་པར་ནི། །མཐོང་བ་བྱང་ཆུབ་རིམ་པ་སྟེ། །རང་བཞིན་དག་པའི་ཆོས་རྣམས་ནི། །ངོ་བོ་མེད་ལ་དངོས་མཐོང་བས། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་སྟེ། །དེ་ལྟར་རྣམ་བཅུར་ཕྱེ་བ་ ལས། །དཀར་པོ་ཡིས་ནི་དཀར་འགྱུར་ལ། །ནག་པོས་དེ་བཞིན་འབྲས་གནག་འབྱིན། །དེས་ན་དེ་དག་སྤང་བྱ་སྟེ། །སེམས་ཅན་རྣམས་ལ་ཚིག་རྩུབ་དང་། །ཚིག་འཁྱལ་སྨྲ་བ་སྤང་བར་བྱ། །སྙིང་རྗེ་ཡི་ནི་སེམས་ཀྱིས་སུ། །འཚེ་དང་གནོད་ པ་སྤང་བར་བྱ། །བདག་ནི་ཤི་བར་གྱུར་ཀྱང་བླའི། །སྲོག་ཆགས་གསོད་པ་དེ་ལྟར་མིན། །རབ་ཏུ་འབར་མེར་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡིས་བརྫུན་སྲུང་ཞིང་། །བླ་མའི་བཀའ་སྩལ་ཐམས་ཅད་བྱ། །རྣལ་འབྱོར་པ་ཡི་རྣལ་ འབྱོར་པ། །བརྫུན་དུ་སྨྲ་བ་ཐམས་ཅད་དང་། །སེམས་ཅན་ཀུན་ལ་སྐྱོན་བརྗོད་མིན། །གཞན་གྱི་བུད་མེད་སྤང་བྱ་ཞིང་། །ལོག་པས་འཚོ་དང་རྙེད་ལ་སོགས། །དེ་བས་ཐམས་ཅད་སྤང་བར་བྱ། །དགའ་བདག་ལ་སྤྱོད་པ་དང་། །གཏོར་མ་དག་གིས་དུས་སོགས་ལ། ། དམ་ཚིག་སྤྱོད་བར་བྱེད་པ་ཡང་། །བཟའ་དང་བཅའ་སོགས་ཚོད་ཟིན་བྱ། །རྣལ་འབྱོར་དངོས་གྲུབ་འདོད་པ་རྣམས། །སེམས་ཅན་མགུ་ལས་དངོས་གྲུབ་འབྱུང་། །དེ་ལ་དང་པོར་རེ་ཞིག་སློབ་མས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་ བཙུགས་ལ་ལག་པ་གཉིས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སོགས་མཁའ་འགྲོ་མ། །ཐེག་པ་གསུམ་པོ་ཐམས་ཅད་དང་། །དཔའ་བོ་དཔའ་མོ་དབང་ལྷ་ མོ། །བདག་ཉིད་ཆེན་མོ་རྣམས་དང་ནི། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཨོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛོ་པ་སྭཱ་ནཱ་ཡ་ཨཱ་ཏྨཱ་ནཱཾ་ནི་རྱ་ཏ་ཡཱ་མི་ཧཱུྃ། སརྦྦ་ཨཱ་ཙཱ་རྱ་པཱུ་ཛོ་བ་སྭཱ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་ཧཱུྃ། སརྦྦ་ས་ཏྭ་པ་རི་ཏྲཱ་ཎ་ཨ་རྠེ་ཨཱ་ཏྨ་ནཱཾ་ནིརྱཱ་ཏ་ ཡཱ་མི་ཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབས་ལ། །སླར་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྲོ་དང་བདག་ཏུ་འཛིན་པ་དང་། །ཚིག་རྩུབ་ཞེ་གཅོད་སྤང་བར་བགྱི། །སྡིག་པའི་གྲོགས་དང་སྲོག་གཅོད་དང་། །རྐུ་འཕྲོག་དག་ནི་སྤང་བར་བགྱི། །ལོངས་སྤྱོད་རྒྱ་ཆེན་སྤང་ བགྱི་ཞིང་། །དེས་དང་བཅས་པས་ཆོག་ཤེས་བགྱི། །གར་གྱི་གནས་དང་མཚུངས་པ་ཡི། །ཕྱི་རོལ་བསྟན་བཅོས་སྤང་བར་བགྱི། །ཞེས་སོ། །དེ་ནས་ཡང་དག་བཤད་བྱ་བ། །སྡོམ་པའི་ཆོ་ག་བླ་ན་མེད། །དང་པོ་བླ་མ་དམ་ཚིག་ནི། །ཐོབ་པ་རྒྱུ་དང་འབྲས་བུ་འབྱུང་། ། བསྟན་དང་དེ་བཞིན་ངེས་པར་བསྟན། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །བསྟན་པ་དག་ནི་ལོངས་སྤྱོད་ཡིན། །ངེས་པར་བསྟན་པས་མྱ་ངན་འདས། །བཤང་གཅི་ལ་སོགས་བཟའ་བ་དང་། །རིགས་དང་རིགས་མིན་དེ་བཞིན་གཞན། །སྔགས་རྣམས་ཀྱི་ནི་མན་ ངག་གིས། །མིང་སོགས་ཆོ་ག་བཞིན་དབང་བསྐུར། །སློབ་མས་དངོས་པོ་བསྒོམས་ནས་སུ། །མྱ་ངན་འདས་པ་བསྟན་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་བྱ་ཞིང་། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །མ་བྱིན་པར་ནི་བླང་བར་བྱ། །གཞན་གྱི་བུད་མེད་བསྟེན་པར་ བྱ། །མཆོད་རྟེན་ལས་ནི་མི་བྱ་ཞིང་། །གླེགས་བམ་བཀླག་པའང་མི་བྱའོ། །ལག་པའི་ཕྱག་རྒྱ་མི་བཅིང་ཞིང་། །སྔགས་ཀྱི་ཡི་གེ་བཟླས་མི་བྱ། །བསྟན་བཅོས་དག་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །བླ་མའི་བསྙེན་བཀུར་བརྩོན་པ་ཡི། །ཐབས་ཀྱིས་རྣལ་ འབྱོར་པ་ཡིས་རྙེད། །བདག་ཉིད་ལུས་དང་གཞན་གྱི་ལུས། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །བདག་གི་ལུས་ལ་མ་ཆགས་ཤིང་། །གཟུགས་བརྙན་སོགས་འདྲའི་ལྷ་རུ་བརྟག །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་ སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་བླ་མའི་བསྙེན་བཀུར་དང་། །དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་མཁའ་ འགྲོ་མ་རྣམས་ནི། །ས་རྣམས་ལ་ནི་རྣམ་རོལ་པའི། །སྔགས་ཀྱི་འབྱུང་བས་རོལ་པ་སྟེ། །ད་ནི་ཡང་དག་བཤད་པར་བྱ། །ཨོཾ་ཀྵ་མཱྃ་ཀྵ་མཱྃ་ཕཊ་ཕཊ། ཀ་ར་ཀ་ར། བན་དྷ་བན་དྷ། པ་ཙ་པ་ཙ། །ཧཱིཾ་ཧཱིཾ། ཧཱྃ་ཧཱྃ། ད་ཧ་ད་ཧ། ཀུ་རུ་ཀུ་རུ། ཏྲ་ས་ཡ་ཏྲ་ས་ཡ། བྷ་ཀྵ་བྷ་ཀྵ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། ཕ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦི་ན། གྲྀཧྣ་གྲྀཧྣ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲ་ཧྲ། ཨཱ་ཀཌྜྷྱ་ཨ་ཀཌྜྷྱ། ཙི་ལི་ཙི་ལི། སི་ལི་སི་ལི། ས་བྟ་ཕཱ་ཏཱ་ལ་ག་ཏཱ་བྷུ་ཛྃ་ག་སརྦྦྃ་བཱ། ཏ་རྫྫ་ཡ་ཏ་རྫྫ་ཡ། ཧྲཽཾ་ཧྲཽཾ། ཕེཾ་ཕེཾ། ཧྲཱིཾ་ཧྲཱིཾ། དྷི་ལི་དྷི་ལི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་ རེ་ཤཱ་ཡ་མ་ཧཱ་ཀྐལྤཱ་གྣི་སནྣི་བྷཱ་ཡ། །ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་དྃ་ཥྵ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ། །ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། བྱཱ་གྷྲཱ་ཛི་ནཱ་མྦ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་མྲཱ་ན་དྷ་ཀཱ་ར། ཝ་པུ་ཥཱ་ཡ་ཧུྃ་ཧཱུྃ་ཕཊ། །ཨོཾ་ཧཱུྃ་སྭཱ་ཧཱ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་ རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧ་ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧུྃ་ཧཱུྃ་ཧོ། ཕཊ་ཧྃ་སྭཱ་ཧཱ། ཨོཾ་ཧཱིཾཧཱིཾ་ཧཱུྃ། ཧེཾ་ཧེཾ་ཧཱ། ཨོཾ་བྃ། ཧྃ་ཡོྃ། ཧྲཱེཾ་མོཾ། ཧྲེཾ་ཧྲིཾ། ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་སརྦྦ་བུདྡྷ་བཛྲ་བརྞ་ནི་ཡེ། བཛྲ་ ཌཱ་ཀི་ནི་ཡེ་སྭཱ་ཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱྃ། བིདྱཱ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀི་ནཱི་བརྵ་བརྵ་པ་ཡ་ཧཱུྃ་བྷུ་སྭཱ་ཧཱ། ཨོཾ་གྷི་ལི་གྷི་ལི། བརྵ་བརྵཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ། །ཋ་ཋ་ ཋ་སྭཱ་ཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ཀ་ཀ་ཀྵི་ཀ་ཀ་རུ་དྲི་ཀ་ཀ་ཨིན་བ་ཧ་རི་ཎི། ཨ་མུ་ཀ་སྱ་ཛཱི་བི་ཏྃ་ཤཱི་གྷྲྃ་ཨཱ་གཙྪ་ཀ་ཀི་ཡ་ཐཱ་སུ་ཁཾ་ཕཊ། ཨོཾ་སརྦྦ་ཏི་ཐིན་ཀྵ་ཏྲ་གྲ་ཧ་མྃ་ག་ལེ་བྷྱཿསྭཱ་ཧཱ། ཨོཾ་ཨ་མུ་ནི་ཀ་སྱ་ཨི་ནུ་ནི་པ་སི་མུ་ནི་ཧ་ཐ་ལཱྃ་གྷ་ལེ་ཧི་ཕ་ཌེ་ཨི་ཨ་མུ་ཀ་སྱ་མུ་ཁ་ཧ་ཐ་ བནྡྷཱ་ནི་སྭཱ་ཧཱ། ཨོཾ་ར་ཏྣ་བཛྲ་བཛྲ་ཧྲི་ཕཊ། ཨོཾ་གྲ་སྭཱ་ཧཱ། ཨོཾ་ཨ་ཊེ་བ་ཊེ་ན་ཊེ་ཀུ་ན་ཊེ་ཋ་ཀེ་ཋ་ར་ཀེ་ཏ་རུ་བི་ཏ་རུ་བེ་ན་ཏ་ཀེ་ལི་ལི་ལུ་ལུ་ཧི་ལེ་མི་ལེ་ཏི་ལེ་ཥི་ལེ་སི་ལེ་ཨ་ཐེ་བ་ཐེ་ན་ཐེ་ཀུན་ཐེ་ཨ་ན་པ་ཊི་ཧ་ན་པ་ཏི་ཀ་སྱ་ཀ་སྱ་གྷ་སྱ་གྷ་མ་ཧཱ་གྷ་སྱ་མ་ཧཱ་གྷ་སྱ་སྭཱ་ཧཱ། །ཨོཾ་པིངྒ་ལཱཀྵ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ ཕཊ་སྭཱ་ཧཱ། །སྔགས་འདི་ཡིས་ནི་སྒྲུབ་པ་པོ། །ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ། །སྔགས་ཀྱི་ཆོ་ག་ཇི་བཞིན་དུ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བ་དྱེ་ཤྭ་རི་སརྦྦ་བྷཱུ་ཏ་བྷ་ཡཱ་བ་ཧེ། །མ་ཧཱ་བཛྲེ་བཛྲཱ་ས་ནེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཱྀ་ཀ་རིན་ཏྲ་བྷྲ་མ་ཎི། བི་ཥ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི། སནྟྲ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ། བི་ཛ་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི་མྭ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ །ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ །ཧ་ན་ཧ་ན་པྲཱ་ཎཱཾ་ཀིཾ་ཀི་ནི་ཁིཾ་ཁི་ནི། །དྷུ་ན་དྷུ་ན་བཛྲ་ཧ་སྟེ་ཤོ་ ཥ་ཡ་ཤོ་ཥ་ཡ་ཁ་ཊྭཱཾ་ག་ཀ་པཱ་ལ་མཱ་ལ་དྷཱ་རི་ཎི་མ་ཧཱ་པེ་ཤི་ཏ་མཱྃ་སཱ་ཤ་ནི་མ་ནུ་ཥ་ཨནྟྲ་པྲ་བྲི་ཏྟི་སནྣི་དྷྱ་ན་ར་ཤི་རོ་མཱ་ལཱ་བྲྃ་ཐི་ཏ་དྷཱ་ར་ཎི། སུམྦྷ་ནི་སུམྦྷ་ཧ་ན་ཧ་ན་པྲ་ཎཱྃ། སརྦྦ་པཱ་པ་ས་ཏྭཱ་ནཱྃ་སརྦྦ་བ་ཤཱུ་ནཱྃ་མ་ཧཱ་མཱྃ་ས་ཙྪེ་ད་ནི་ཀྲོ་དྷ་མཱུརྟྟི་དྃ་ཥྚྭཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། །ཤྲི་ཧེ་རུ་ཀ་དེ་བ་སྱ་གྲ་མ་ཧི་ཥི་ས་ཧ་ སྲ་ཤི་རཽ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲཱ་ན་ནེ། ཛཱ་ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁི་ལིང་ག་ལ་ལོ་ཙ་ནེ། བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནེ། མི་ལི་མི་ལི། ཏི་མི་ལི། ཏི་མི་ལི་ཧེ་ཧེ་ཧ་ཧ། ཧཱུྃ་ཧཱུྃ་ཁ་ཁ། དྷ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མ་ཧཱ་ཡོ་གི་ནཱི་པ་ཋི་ཏ་སིདྡྷེ་དྲཻཾ་ངྷཾ་དྲཻཾ་དྷཾ། གྲཾ་གྲཾ་ཧེ་ཧེ་ ཧ་ཧ། བྷཱི་མེ་ཧ་ས་ཧ་ས། བཱི་རེ་ཧ་ཧ་ཧོ་ཧོ་ཧཱུྃ་ཧཱུྃ། ཏྲཻ་ལོ་ཀྱ་བི་ནཱ་ས་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རི་ཏེ་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁཿ། ག་ཛ་རཱུ་པེ་གཿ། ཏྲཻ་ལོ་ཀྱ་ཨུ་ད་རེ་སཝ་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་རཱ་དྭཻ་ཏེ་ཧཱུྃ་ཧཱུྃ་ཧཱ་ཧཱ་མ་ཧཱ་བ་ཤུ་མོ་ཧ་ནི་ཡོ་གི་ཤྭ་རི་ཏྭཾ་ཌཱ་ཀི་ནཱི་སརྦྦ་ལོ་ཀཱ་ ནཱྃ་བནྡ་ནི་ས་དྱཿཔྲ་ཏྱ་ཡ་ཀཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི་མ་ཧཱ་བཱི་རེ་པ་ར་མ་སིདྡྷེ་བིརྱ་ཡོ་གེ་ཤྭ་རི་ཕཊ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨ་ཨཱ། ཨི་ཨཱི། །ཨུ་ཨཱུ། རྀ་རཱྀ། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ། འདི་ནི་བཅོམ་ལྡན་ལྷ་དེ་ཉིད། །ལྷ་རྣམས་ཀུན་གྱི་མཆོག་གི་གནས། །སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ། །རྒྱུད་རྣམས་ཀྱང་ནི་དེ་བཞིན་ནོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་ མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་ སྦས་པ་ངེས་བར་བྱ། །དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཐིམ་པར་བྱ། །དེར་གནས་པ་ ལས་དཔའ་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཏུ། །ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་བ་འཐོབ་གྱུར་གདོན་མི་ཟ། །འོག་དང་སྟེང་འགྲུབ་རྟག་ཏུ་སྟེར། །བདག་གི་ཕོ་ཉ་མོ་ཀུན་འགྲོ། །ཕོ་ཉ་མོ་དེ་གྲུབ་ཀུན་སྟེར། །མཐོང་དང་དེ་བཞིན་རེག་པ་དང་། ། ཙུམྦ་ན་དང་རྟག་པར་འཁྱུད། །སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེན་པ་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོར་ གནས་ལ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །རང་གི་ཆོ་ག་དེ་བཞིན་བྱ། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡིས་སངས་རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་ནས། །རང་བཞིན་ དེ་དག་དེ་འགྲོ་བ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། སངས་རྒྱས་ཀུན་ཏུ་རང་ཉིད་འགྱུར། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །རྡོ་རྗེ་དབང་བསྐུར་བའི་བརྡའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱི། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །ཡེ་ཤེས་འབྱུང་བ་བཤད་པར་བྱ། །བོང་བུའི་ཆ་བྱད་རྣལ་འབྱོར་བདག ། ཡིད་ཤུགས་ཀྱིས་ནི་ཟློག་པར་བྱེད། །མཁའ་འགྲོ་མ་དང་མཛེས་མ་དང་། །དུམ་སྐྱེས་གཟུགས་ཅན་རྣལ་འབྱོར་མ། །རྣལ་འབྱོར་མ་ནི་འདི་དག་ཉིད། །བརྡ་ཡི་ཚུལ་གྱིས་བསྟན་པ་སྟེ། །བསམ་གཏན་ཕྱག་རྒྱ་འདོད་གཟུགས་ཅན། །བོང་བུའི་ཆ་བྱད་ཁྲག་འཛག་ཞལ། ། སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་ནི། །གསུམ་པ་མཁའ་འགྲོའི་ལག་ན་ཐོགས། །ཁ་ཊྭཱཾ་ག་དང་ཐོད་པ་ནི། །སྟེང་དུ་བསྟོད་དེ་ཐོགས་པ་དང་། །མི་རོའི་སྟན་བཞུགས་ཆེར་འབར་བ། །སྐྲ་ནི་ཁམ་པ་གྱེན་བརྗེས་ཤིང་། །སྤྱན་གསུམ་གྱིས་ནི་མཛེས་པར་བྱས། །རྒྱན་རྣམས་ཀུན་ གྱིས་རྣམ་པར་བཀླུབས། །ཕྱག་ན་ཟངས་གྲི་བསྣམས་ཤིང་རྩེ། །སྣ་ཚོགས་མེ་ཏོག་འབྲས་ལྡན་པའི། །རིན་ཆེན་མཐོན་པོའི་གནས་སུ་སྒོམ། །ཚེ་ཐུང་བ་དང་ཤི་བ་ཡང་། །འཚོ་བ་དང་ནི་ཚེ་རིང་བར། །བོང་བུའི་ཚུལ་གྱི་རྣལ་འབྱོར་གྱིས། །ལག་མཐིལ་གནས་པ་བཞིན་ དུ་མཐོང་། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཧེ་རུ་ཀའི་རྣམ་པར་རོལ་པའི་ཆོ་གའི་རིམ་པར་ ཕྱེ་བ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པོའི་ཆོ་ག་ཇི་བཞིན་ཏེ། །ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེ་ནི། །ཇི་བཞིན་བྱིན་གྱིས་བརླབས་ན་ནི། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །སྒྲུབ་པ་པོ་ཡི་ལག་ གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་བསྒོམ་པར་བྱ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །མངོན་པར་འདུས་བྱས་ལེགས་བྲིས་པ། །སློབ་དཔོན་ཀུན་ལ་སྦྱིན་པར་ བྱ། །ལྷ་ཡི་རྒྱན་དང་ཡང་དག་ལྡན། །ཕྱག་རྒྱའི་མཚན་མས་རྣམ་པར་བཀླུབས། །སངས་རྒྱས་རྣལ་འབྱོར་སྡོམ་སྐྱེས་པས། །སྐལ་བ་བཟང་པོའི་གར་ཆེན་བྱ། །པདྨ་མཆོག་ལ་རེག་བྱེད་པ། །ལོ་གཅིག་བར་དུའང་མ་བྱས་ན། །སྒྲུབ་པོས་དམ་ཚིག་སྤང་འགྱུར་ཏེ། ། དེས་ནི་དམ་ཚིག་སྤངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླང་། །གཞན་དུ་སྔགས་དང་ཕྱག་རྒྱ་ནི། །རིམ་པ་འབྲས་བུ་མེད་པར་འགྱུར། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་བརྡ་ཡིས་རོལ་པ་དང་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།མཚོན་ཆ་ཀུན་གྱི་མཚན་ཉིད་ནི། །རབ་ཏུ་བཤད་ ཀྱིས་ལྷ་མོ་ཉོན། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང་། །དེ་བཞིན་ལག་པས་འཕེན་པ་དང་། །འཕངས་ནས་སླར་ནི་གཟུང་བ་དང་། །ལག་པས་འགྱེད་དང་རྣམ་པ་ལྔ། །དབྱིབས་དང་བདེ་བླག་སྦྱོར་བ་དང་། །ལྟོང་རྒྱུད་སྦྱོར་དང་འདྲེན་དང་མྱུར། །འགེངས་ དང་འཕེན་དང་གསལ་བའོ། །གྲིམས་པ་ཉིད་དང་སྲན་འཛུགས་དང་། །མཉེན་ཞིང་ཡན་ལག་བརྟན་པ་དང་། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །འདི་ཡིས་ལུས་ལ་བརྒྱན་ནས་ནི། །རིམས་དང་དུག་དང་དབྱིག་དུག་དང་། ། མཁའ་འགྲོས་གཙེས་དང་གདོན་རྣམས་ཀྱིས། །ནམས་ཀྱང་ཚུགས་པར་མི་འགྱུར་རོ། །རང་གི་སྙིང་ཁར་འདྲེན་ཚུལ་དུ། །བདེ་བླག་ཅན་གྱིས་གཞུ་བཟུང་ནས། །གཡས་སུ་རབ་ཏུ་སྐོར་བྱེད་ཅིང་། །མདའ་འཕངས་ན་ནི་གྲུབ་པར་འགྱུར། །ཤར་ཕྱོགས་ལེགས་ པར་བསྲངས་ནས་ནི། །ནུབ་ཕྱོགས་ཅུང་ཟད་བཀུག་ནས་སུ། །གཞུ་རྒྱུད་དལ་བུས་དྲངས་ན་ནི། །འགྲོ་བ་ཐམས་ཅད་འགུགས་པར་འགྱུར། །ཐམས་ཅད་འགུགས་པའི་ཕྱག་རྒྱའོ། །རྣ་དྲུང་བར་དུ་ཟླུམ་པོར་ནི། །ཅི་རིགས་པར་ནི་ལེགས་པར་བཟུང་། །ཡི་གེ་ ཨོཾ་གྱིས་ཁར་དྲངས་ཏེ། །ཇི་སྲིད་ཡི་གེ་ཨ་བརྗོད་པ། །དེ་སྲིད་བར་དུ་གཟུང་བར་བྱ། །འཛིན་པའི་ཕྱག་རྒྱའོ། །ཅི་རིགས་པར་ནི་དྲངས་ནས་ནི། །ཆོ་ག་བཞིན་དུ་བཟུང་ནས་སུ། །དེར་ནི་ཅུང་ཟད་དབྱེ་བར་བྱ། །འགེངས་པ་ཐམས་ཅད་གྲུབ་པར་འགྱུར། །འགེངས་ པའི་ཕྱག་རྒྱའོ། །ཆང་པས་འབེན་ནི་བསྒྲིབས་ནས་སུ། །མིག་ནི་ཅུང་ཟད་གདངས་ཏེ་བལྟ། །ལྟ་བ་ཆང་པ་ལ་གཏད་དེ། །མྱུར་དུ་འཕངས་ན་འགྲུབ་པའི་མཆོག །མདའ་གཞུས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གྲུ་བཞི་པ་དང་རྣོན་པོ་དང་། །དེ་བཞིན་ཀུན་ནས་ ཟླུམ་པོ་སྟེ། །གཡས་ཕྱོགས་ནས་ནི་བསྐོར་ནས་སུ། །སྟེང་དང་དེ་བཞིན་འོག་ཏུ་ནི། །རིམ་གྱིས་གནོན་ཅིང་དྲག་ཏུ་གནོན། །འབིགས་པ་བཅུ་ཡི་རྒྱ་མཆོག་གིས། །ཁམས་གསུམ་རྒྱལ་སྲི་ཆེན་པོ་ལ། །བདེ་བར་རྒྱལ་ཞིང་ལོངས་སྤྱོད་འགྱུར། །དཔལ་ཁམས་གསུམ་ རྣམ་པར་རྒྱལ་བའི་ཕྱག་རྒྱའི་སྦྱོར་བ་བླ་ན་མེད་པའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ མཚོན་ཆ་ཐམས་ཅད་ཀྱི་བརྡའི་ཡེ་ཤེས་ཀྱི་གོ་ཆའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བདུན་པའོ།། །།ཕོ་ཉ་གདུལ་བའི་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །ཐ་མལ་སྔགས་ཀྱི་ལུས་ཅན་དང་། །ཞིང་སྐྱེས་མ་ནི་གང་ཡང་རུང་། །སྒྲུབ་པོས་དེ་དག་ཐམས་ཅད་ལ། ། ཕན་པའི་མཆོག་གིས་བདེ་བ་བསྒྲུབ། །འདི་དག་གཞན་པས་ལོངས་སྤྱོད་ཀྱི། །བསྙེན་བཀུར་གྱིས་ནི་བསྟེན་མི་བྱ། །སྐལ་བཟང་ཕྱུག་ཅིང་སྲ་བ་སྟེ། །རང་གི་བཀྲ་ཤིས་རིགས་སྤྱོད་དང་། །རི་མོ་ཅན་ནི་སེམས་གཡོ་ཞིང་། །འོ་མ་འཛིན་སྦོམ་པདྨ་ཅན། །ལྟེ་བ་དུང་འདྲ་དུང་ཅན་ མ། །དེ་དགའི་རིམ་པ་བཞིན་དུ་བརྗོད། །འབྱུང་པོའི་ཤིང་གི་རྩ་བ་འབད་པས་ཁར་བཅུག་ན། ཇི་སྲིད་བུ་མོའི་བདེ་བ་རྙེད་པ་དེ་སྲིད་ཀྱི་བར་དུ་སྔགས་པས་འཛིན་པར་འགྱུར་རོ། །གན་དུ་ཤ་དང་ལ་ཀྵ་ནའི་སྨན་བཏགས་ཏེ་ཏིལ་མར་དུ་བཙོས་ལ་རྐང་པ་ལ་བསྐུས་ན་ཡང་འདོད་པ་ལ་ སྤྱོད་པ་རྣམས་ཀྱིས་བསྔགས་སོ། །ཨ་ཤྭད་ཐའི་ཤིང་ཀན་ད་དང་པ་ཐ་དང་། པུ་ཤེལ་ཙེ་རྣམས་ཆ་བསྙམས་ཏེ། ཤིང་ཨ་ར་ཀའི་འོ་མ་དང་སྦྱར་ལ་དེས་ཕོ་མཚན་དྲིལ་ཕྱིས་བྱས་ན། གདོན་མི་ཟ་བར་འཕེལ་བར་འགྱུར་ཏེ། དེའི་འོག་ཏུ་མྱུར་དུ་ཆུ་དྲོན་གྱིས་བཀྲུས་ན་ཇི་སྲིད་འདོད་པ་ བཞིན་འགྱུར་རོ། །པདྨ་དཀར་པོའི་གེ་སར་སྦྲང་རྩི་དང་ལྷན་ཅིག་བཏགས་ཏེ་ལྟེ་བར་བསྐུས་ན། བུད་མེད་སྲ་བ་རྣམས་ཀྱང་ཁུ་བ་འཛག་པར་འགྱུར་རོ། །ཏིལ་དཀར་པོ་དང་། ནཱ་ག་གེ་སར་དང་། དཔའ་བོ་ཚིག་འགྲེང་གི་རྩ་བ་རྣམས་བཏགས་ཏེ། སྦྲང་རྩི་དང་མ་ཧེའི་མར་དང་ལྷན་ཅིག་ ཏུ་སྦྱར་ཏེ་ལྟེ་བར་བསྐུས་ན། ཕོ་མཚན་མཁྲང་ཞིང་བུད་མེད་ཆགས་པ་ཆེ་བ་རྣམས་ཡིད་འཕྲོག་པར་འགྱུར་ཞིང་། བོང་བུ་ལྟར་ནི་འདོད་སྤྱོད་པས། །བདེ་དོན་གཉེར་ལ་བདེ་སྟེར་བར། །འདུལ་བ་དོན་ཡོད་རྒྱུད་ལས་ནི། །ངས་ནི་འཛིན་པ་བཤད་པ་ཡིན། །ལིང་ གས་བུད་མེད་བསྒྲུབ་བྱ་ཞིང་། །བྷ་གས་སྐྱེས་པ་བསྒྲུབ་པར་བྱ། །ལིང་ག་དོན་གཉེར་མཚན་མ་ཞེས་བཤད་དེ། །བྷ་ག་ལ་ནི་སྤེལ་བར་བྱ། །ཕྱག་རྒྱ་ཕྱག་རྒྱར་སྦྱོར་བ་ཡིན། །རྣམ་པར་རོལ་པས་ལིང་ག་ཞེས། །བྱ་བ་རུ་ནི་བསྟན་པ་སྟེ། །རྣམ་པར་འབྱེད་པས་བྷ་ག་ ཡིན། །མ་བསྟན་གསལ་བར་བསྟན་པ་སྟེ། །ཉེ་བར་བསྟན་པའི་རང་བཞིན་ཉིད། །ཨ་ཡིག་བ་ཡི་ཡི་གེ་ལས། །བྷ་ག་ལིང་ག་བསྐྱེད་ནས་ནི། །བུང་བ་ལ་སོགས་རིམ་ཇི་བཞིན། །མཁའ་འགྲོ་མ་ཀུན་བསྒྲུབ་པར་བྱ། །མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་ འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཕོ་ཉ་གདུལ་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་ མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་བསོད་ནམས་མེད་པ་དང་། །སྔགས་རྣམས་བསྟེན་པར་མི་ནུས་པ། །དེ་རྣམས་དངོས་གྲུབ་ཇི་ལྟར་འཐོབ། །སྟོབས་མེད་རྣམས་ནི་སྟོབས་བསྐྱེད་ཅིང་། །སྔགས་དང་བྲལ་ཡང་བསྲུང་འགྱུར་བ། །མདོར་བསྡུས་ ནས་ནི་བཤད་དུ་གསོལ། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སེམས་ཅན་རྣམས་ནི་ཆགས་བྱའི་ཕྱིར། །ལྷ་ཡི་སྨན་ནི་བཤད་པར་བྱ། །དེ་ནི་ཇི་ལྟར་གཟུང་བྱ་བ། །དེ་ནི་དེ་བཞིན་བཤད་པར་བྱ། །བདག་ཉིད་ལྷ་ཡི་དངོས་བྱས་ནས། །ཕྱི་ནས་ས་ བོན་བསྒྲུབ་པར་བྱ། །སེམས་ཅན་རྣམས་ནི་ཆགས་པ་དང་། །དེ་བཞིན་བྱ་བ་སྣ་ཚོགས་བྱེད། །ས་བོན་ལ་སོགས་གཟུགས་པ་ཡི། །ལས་རྣམས་སྣ་ཚོགས་འབྱུང་བའོ། །ལྷ་མོས་གསོལ་བ། ཇི་ལྟ་བུའི་ས་བོན་ལ་སོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཨེ་རཎྜ་ད་དང་གསེར་ཤིང་ལ་སོགས་པའི་ཤིང་གི་ས་བོན་ཏེ། །དེ་ལ་སོགས་པ་ཡོངས་སུ་སྨིན་པ་རྣམས་ཆོ་ག་བཞིན་བསྒྲུབ་པར་བྱའོ། །མར་ངོའི་འབྱུང་པོའི་ཉི་མ་ལ། །ཟླ་མཚན་ཚོན་དང་དབང་པོ་བསྒོ། །དུར་ཁྲོད་ཐལ་བར་ལྡན་པ་དང་། །གཏོར་མ་དང་ནི་བསྲུང་བར་བཅས། ། དེ་བཞིན་ལྷ་ཡི་ལྕུག་མ་གཟུགས། །པ་ཐ་དང་ནི་རྒྱལ་བ་དང་། །གཞན་གྱིས་མི་ཐུབ་པ་ཉིད་དང་། །ཙཀྲ་ཨང་ག་རྨོངས་བྱེད་རྣམས། །མཚོན་ཆ་ཐམས་ཅད་ཟློག་པར་བྱེད། །ཙཀྲ་ཨང་ག་ལག་པས་འཕེན། །པ་ཏས་འཁྲུལ་འཁོར་འཕེན་པ་སྟེ། །འཕངས་ནས་བཟུང་བ་ རྒྱལ་བས་སོ། །གཞན་གྱིས་མི་ཐུབ་ལག་པས་འགྱེད། །རྨོངས་བྱེད་ཀྱིས་མི་འཕེན་པའོ། །འདི་དག་བརྡ་ཡི་ཚུལ་གྱིས་བཤད། །དེ་དག་ཐམས་ཅད་གྲིམས་པར་ནི། །གཡོན་ཕྱོགས་སུ་ནི་བསྒྲིལ་ནས་སུ། །མགྲིན་པའམ་སྤྱི་བོར་གཟུང་བྱས་ན། །མཚོན་ཆ་ལྔ་ནི་བཟློག་པར་ བྱེད། །གདོལ་པའི་བུ་མོ་མདོག་སྔོན་གྱི། །པདྨ་ལས་ནི་སྐྱེས་པ་དང་། །བདུད་རྩི་ལྔ་ཡིས་བསྒོས་ནས་སུ། །ཉི་ཚན་དག་ལ་བསྐམ་པར་བྱ། །ཁྱི་ནག་པོ་ཡི་ཐོད་པ་ནི། །དུར་ཁྲོད་ས་ཡིས་བཀང་བ་རུ། །མར་ངོའི་ཚེ་བརྒྱད་བཅུ་བཞི་ལ། །ཕ་མེས་ཀྱི་ནི་ནགས་སུ་གཟུགས། ། དེ་ནི་འབད་དེ་བླངས་ནས་སུ། །དུར་ཁྲོད་དང་ནི་བླ་མ་དང་། །ཧེ་རུ་ཀ་དཔལ་མཆོད་བྱས་ལ། །གྲུབ་པའི་ས་བོན་གཟུང་བྱས་ཏེ། །ཐོད་པ་རུ་ནི་བཞག་པ་ལ། །ཆོ་ག་བཞིན་དུ་མངོན་བསྔགས་ཏེ། །མགུལ་པར་བཅིངས་ན་སྦེད་པར་འགྱུར། །མཉམ་པར་བཞག་སྟེ་བཅིང་བ་ དགྲོལ། །བྱ་རོག་ནག་པོའི་ཐོད་པ་དང་། །མདུང་ངམ་མཚོན་གྱིས་བསད་པ་ཡི། །སྐྱེས་བུ་ཡི་ནི་ཐོད་པ་རུ། །སྦྲུལ་ནག་པོ་ཡི་ཞག་གིས་ནི། །གསེར་ཤིང་ལ་སོགས་ས་བོན་ལ། །ཡང་དང་ཡང་དུ་བསྒོས་བྱས་ལ། །གྲོག་མཁར་གྱི་ནི་ས་དག་དང་། །དུར་ཁྲོད་ས་ཡིས་བསྲེགས་ བཀང་སྟེ། །བཞི་མདོ་ལམ་གྱི་དབུས་སམ་ནི། །ཆུ་བོ་ཡི་ནི་འགྲམ་དག་ཏུ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཐོད་པར་དགོངས་མོའི་དུས་སུ་བཞག །གཏོར་མ་སྦྱིན་ཞིང་བཅུ་བ་དང་། །བསྲུང་བ་དག་ནི་ཉིན་རེ་བྱ། །ཁ་ཊྭཱཾ་ག་སོགས་ལྡན་པ་ཡི། །དཔལ་ལྡན་ཧེ་རུ་ཀ་གཟུགས་ བྱ། །ལག་གཡོན་ཐོད་པ་བཟུང་ནས་ནི། །བརྟུལ་ཞུགས་སྤྱོད་པར་ལྡན་པ་ཡིས། །ཆོ་ག་བཞིན་དུ་བསྐྱེད་བྱས་ན། །ཤ་ཟ་ལ་སོགས་ཅོ་མི་འདྲི། །ས་བོན་སྨིན་པ་བཟུང་ནས་ནི། །མཁས་པས་སྔོན་བཞིན་མཆོད་བྱས་ནས། །གྲུབ་པའི་རྫས་ཀྱི་ཕུད་དག་ ནི། །ཁྱད་པར་དུ་ནི་བླ་མར་དབུལ། །སྒྲུབ་པོས་དེར་ནི་ཁར་བཅུག་ན། །སྣ་ཚོགས་པ་ཡི་གཟུགས་སུ་སྣང་། །ལྷ་དང་སྦྱིན་བདག་གནོད་སྦྱིན་སོགས། །ཇི་ལྟར་འདོད་བཞིན་གཟུགས་བསྒྱུར་ཏེ། །ལྷ་ཡི་བུ་མོ་རྣམས་དང་ནི། །ཇི་སྲིད་འདོད་ཀྱི་བར་དུ་རོལ། །དགོངས་མོ་ གཏོར་མ་སྔོན་འགྲོ་བས། །ཇི་བཞིན་ལྷག་པར་གནས་བྱ་ཞིང་། །ཤིང་བསྐྱེད་ཆོ་ག་རྒྱས་པ་ལས། །འབྱུང་བཞིན་བསྲུང་བ་ལ་སོགས་བྱ། །གཞན་དུ་མེ་ཏོག་འབྲས་བུ་སོགས། །དྲག་པོའི་གདོན་གྱིས་གཙེས་པས་ན། །འགྲུབ་པ་ཉིད་དུ་མི་འགྱུར་རོ། །དེ་ནས་སྐྲ་གྲོལ་ གཅེར་བུར་ནི། །གྱུར་པའི་བུ་མོའི་ལག་གཡོན་དུ། །གལ་ཏེ་སྨིན་པའི་འབྲས་བུ་དེ། །སྒྲུབ་པ་པོས་ནི་གཞག་པར་བྱ། །གང་དང་གང་གི་ཁྲག་གིས་ནི། །ཡང་དང་ཡང་དུ་འབྲས་བུ་བསྒོ། །དེ་ཡི་ཁྲག་གིས་བསྒོས་པ་ཡི། །ཤ་ལ་སོགས་པ་མཚོན་བྱ་ཞིང་། །དེ་ཡི་ཐལ་ བས་བསྐྱེད་པར་བྱ། །དེ་ཡི་ཐོད་པར་གཟུགས་པ་དང་། །དེ་ཡི་ཤ་ཁྲག་ཞག་གིས་ནི། །ཡང་དང་ཡང་དུ་བཅུ་བར་བྱ། །དེ་ཡི་ཤ་སོགས་བདུག་པ་དང་། །བྱུག་པའང་ཡང་དང་ཡང་དུ་བྱ། །སྔོན་དུ་གཏོར་མ་བསྲུང་སོགས་བྱ། །ས་བོན་དེ་ནི་སྨིན་པ་དང་། །ཆོ་ག་བཞིན་དུ་ བླངས་ནས་ནི། །ཁ་ཡི་ནང་དུ་བཞག་གྱུར་ན། །ཆོ་གས་ཇི་ལྟར་བསམ་པ་བཞིན། །དེ་དང་དེ་ཡི་གཟུགས་འགྱུར་ཏེ། །དེ་བཞིན་འདི་ཡི་མཐུ་ཡིས་ནི། །མི་སྣང་བར་ནི་ཐམས་ཅད་འགྱུར། །ས་བོན་མ་ཉམས་སྟོབས་ཀྱིས་སུ། །འུག་པ་ལ་སོགས་རྣམས་ཀྱིས་ཀྱང་། །ཆ་ ཙམ་ཡང་ནི་མཐོང་མི་ནུས། །དེ་ནས་གཞན་ཡང་བཤད་བྱ་བ། །མཚོན་ཆ་ཐམས་ཅད་བཟློག་པའི་ཕྱིར། །ཉི་མ་གཟས་ནི་ཟིན་དུས་སུ། །པཎྜ་ར་ཀ་ཞེས་བྱ་དང་། །དཔའ་བོ་གཅིག་པ་སྟོབས་པོ་ཆེ། །སྔ་དྲོ་ཉི་མ་ཤར་དུས་སུ། །བྱང་ཕྱོགས་རྩ་བ་བརྐོས་ནས་ནི། །མཉམ་ པར་བཞག་པས་གཟུང་བར་བྱ། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །རྒྱུ་དང་མི་རྒྱུ་རྨོངས་པར་བྱེད། །བགྲོད་དཀའི་ལམ་ནི་ཉམ་ང་རུ། །སྟག་དང་སེང་གེ་སོགས་འཇིགས་དང་། །རྒྱལ་པོ་རྐུན་པོའི་འཇིགས་སོགས་པ། །ཐམས་ཅད་བསྲུང་བ་བླ་ན་མེད། །ཡང་ན་དེ་ཡི་གེ་ སར་ནི། །ཞོ་དང་ལྷན་ཅིག་བཟའ་བར་བྱ། །ཇི་སྲིད་མགྲིན་པར་ལུད་ཀྱི་བར། །དེ་སྲིད་བར་དུ་བཟའ་བར་བྱ། །ཇི་སྲིད་དེ་ནི་མ་ཞུའི་བར། །རྡོ་རྗེ་འཛིན་འདྲའི་ལུས་སུ་འགྱུར། །དེ་ལུས་མཚོན་ཆ་ཕོག་པ་ཡང་། །ཆུ་ཡི་ཐིགས་པ་ལྟར་མི་སྣོད། །མཚོན་ཆ་ཐམས་ཅད་ཟློག་པ་ ཡི། །དེ་ནས་སྦྱོར་བ་གཞན་བཤད་བྱ། །སྔོན་བཞིན་གཏོར་མ་སོགས་ལྡན་པར། །ཨང་ཀོ་ཏ་ཀའི་རྩ་བླངས་ལ། །དེ་ལས་རི་ལུ་བྱས་ནས་སུ། །ལྕགས་གསུམ་གྱིས་ནི་དཀྲི་བར་བྱ། །ལྷ་མོ་དེར་ནི་ཁར་བཅུག་ན། །མཚོན་ཆ་ཐམས་ཅད་ལྡོག་འགྱུར་ཞིང་། །རིམས་དང་གློ་ དང་དབུགས་མི་བདེ། །ནད་རྣམས་གཞན་ཡང་ཚར་གཅོད་ལ། །རྣམ་པ་སྣ་ཚོགས་དུག་དང་ནི། །ལུས་སྲུལ་ལ་སོགས་གཞན་དག་ཀྱང་། །སེང་གེ་ཡིས་ནི་གླང་ཆེན་བཞིན། །དྲི་ཙམ་གྱིས་ནི་འབྲོས་པར་འགྱུར། །དེ་ནས་སྦྱོར་བ་གཞན་བཤད་པ། །བེ་ཏི་ཞེས་བྱ་ལྷ་ཡི་ སྨན། །རྒྱལ་དང་ཉི་མ་དག་གམ་ནི། །ཡང་ན་ཟླ་བ་གཟས་ཟིན་ཚེ། །ཕྱག་རྒྱར་བཅས་པའི་སྒྲུབ་པ་པོས། །ལྷ་ཡི་རྣལ་འབྱོར་དམིགས་ན་ནི། །གཏོར་མ་མཆོག་སོགས་བྱས་ནས་སུ། །འབད་དེ་སྔགས་ནི་བཟླས་བྱས་ལ། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡིས། །ཤིན་ཏུ་ མཉམ་པར་བཞག་སྟེ་གཟུང་། །ཆོ་གའི་བྱ་བ་འདི་ཡིས་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཆ་བདུན་དུ་ནི་བགོས་ནས་སུ། །མཁས་པས་སྤྱི་བོར་གཟུང་བར་བྱ། །རིམ་པ་འདི་ཡིས་སྒྱུ་མ་ཆེ། །མཚོན་ཆ་ཐམས་ཅད་ཟློག་འགྱུར་ཏེ། །ཇི་སྙེད་ས་སྟེངས་གནས་པ་ཡི། ། མཚོན་ཆ་གཞན་ཡང་ཟློག་བྱེད་པ། །ཉི་མ་ཡིས་ནི་མུན་པ་བཞིན། །བལྟས་པ་ཙམ་གྱིས་ཟློག་པར་བྱེད། །དེ་ནས་ཆོ་ག་གཞན་བཤད་པ། །ནག་པོ་ཆེན་པོ་སྨན་ཆེན་པོ། །བློ་ལྡན་གཟའ་ནི་ཉི་མ་དང་། །སྐར་མ་རྒྱལ་དང་ལྡན་པ་ལ། །མཆོད་རྟེན་གཏོར་མའི་ཆོ་ག་ཡིས། །ཤིན་ ཏུ་མཉམ་པར་བཞག་པས་གཟུང་། །ཁྱུ་མཆོག་རྭ་ཡི་ས་དང་ནི། །ཕྱི་ནས་གཅིག་ཏུ་བསྲེ་བར་བྱ། །ལོ་གཅིག་བར་དུ་ནུས་དང་ལྡན། །དེ་ནས་གསར་པ་གཞན་གཟུང་བྱ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །མཚོན་ཆས་ཆོད་ཅིང་ཕུགས་མི་འགྱུར། །སྒྲུབ་པོ་དེ་ཡི་ ལུས་ལ་ནི། །དུག་ཀྱང་འཕོ་བར་མི་འགྱུར་རོ། །སྔོན་བསྟན་ཆོ་གའི་བྱ་བ་ཡིས། །བྷྲ་མ་དན་ཏའི་སྨན་གཟུང་བྱ། །པདྨ་ཡི་ནི་འདམ་དང་ནི། །ལྷན་ཅིག་ཏུ་ནི་བསྲེ་བར་བྱ། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །ཨི་ཤྭ་རི་ནི་གཟུང་བར་བྱ། །མཚན་མ་གཅིག་གི་ས་དག་དང་། ། ཤིན་ཏུ་མཉམ་པར་བཞག་སྟེ་བསྲེ། །ཡོན་ཏན་དག་ནི་སྔ་མ་བཞིན། །ཉོན་ཅིག་ལྷ་མོ་ཤེས་རབ་ཆེ། །ཀུ་མ་རཱི་ཞེས་བྱ་བའི་སྨན། །གཞོན་ནུ་མ་ཡི་རྐང་རྗེས་རྡུལ། །དེ་ཡི་གཅི་བའི་ས་དང་བཅས། །མ་ཧེ་རྭ་ཡིས་དང་ལྡན། །འདམ་འདི་སུམ་ཅུ་གསུམ་པས་མཆོད། ། དེ་ནས་ཡང་དག་བཤད་བྱ་བ། །བིཋྞུ་བི་ཞེས་བྱ་བའི་སྨན། །སྔར་བསྟན་ཆོ་གའི་བྱ་བ་ཡིས། །ནགས་ཀྱི་ཕྲེང་བ་གཟུང་བར་བྱ། །བཟློག་སྟེ་འཁོར་བའི་འཁོར་ལོ་ཡི། །འཇིམ་པ་འབད་དེ་བླངས་ནས་སུ། །དེ་དང་ལྷན་ཅིག་ལྡན་པར་བྱ། །ལུས་ལ་གནས་ན་བསྲུང་བར་ འགྱུར། །རྩེ་གཅིག་ཡིད་ཀྱིས་མཉམ་པར་གྱིས། །ཕག་མོ་ཞེས་བྱའི་སྨན་དང་ནི། །ཕག་གི་ལུས་ལས་བྱུང་བའི་འདམ། །མ་ཧེའི་རྭ་ཡི་ནང་དུ་གཞག །ལོ་གཅིག་བར་དུ་ནུས་དང་ལྡན། །དེས་ཀྱང་སྔ་མ་བཞིན་དུ་འགྱུར། །ལམ་གྱི་བཞི་མདོ་རི་རྩེ་དང་། །གླང་ཆེན་ མཆེ་བར་ཆགས་པའི་ས། །དབང་པོ་ཤིང་གི་རྩ་བར་བཅས། །སུམ་ཅུ་གསུམ་དབང་འདམ་ཞེས་བྱ། །དེ་ནས་ཙ་མུཎྜ་བཤད་བྱ། །ཁ་དོག་གཅིག་པ་བླ་ན་མེད། །ཙཎྜ་ལི་ཡི་རྩ་བཟུང་ལ། །སྔར་བསྟན་བཞིན་དུ་བསྒྲུབ་པར་བྱ། །ཤིང་གཅིག་དང་ནི་མཚན་གཅིག་པའི། ། ས་དང་སྦྱར་ཏེ་འདམ་དུ་བྱ། །དེ་ནི་ལུས་ལ་གནས་པར་དུ། །སུམ་ཅུ་གསུམ་པས་ཀྱང་མི་ཤིགས། །དེ་ནས་ཆོ་ག་གཞན་བཤད་བྱ། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། །མངལ་ནས་དང་པོ་བྱུང་བ་ནི། །མ་ཡི་ནུ་ཞོ་མ་འཐུངས་པ། །རྡོ་རྗེ་ཕག་མོར་བཅས་པ་ཡི། །ཧེ་རུ་ ཀ་ནི་མཆོད་བྱས་ལ། །དེ་ལྟར་བྱས་ནས་ལྷ་མོ་ཆེ། །གཏོར་མ་བྱིན་ལ་ཡང་ཡང་བསྲུང་། །དེ་ཡི་ལྟག་པ་གཤེགས་ནས་སུ། །ལྕེ་ནི་རྩ་བར་བཅས་ཏེ་བླངས། །བྲིངྒི་རཱ་ཛ་གསེར་ཤིང་དང་། །ཀ་ག་ག་ཛ་གཞན་མི་ཐུབ། །ལྷ་ཡི་སྨན་དང་བཅས་པ་ལས། །རིལ་བུ་རུ་ནི་བྱས་ ནས་སུ། །ཁར་བཅུག་ནས་ནི་བཟུང་གྱུར་ན། །མཚོན་ཆ་ཐམས་ཅད་ཟློག་པར་འགྱུར། །ཇི་སྙེད་ས་སྟེང་གནས་པ་ཡི། །མཚོན་ཆ་རྣམས་ཀྱང་ཟློག་བྱེད་ན། །ཁ་ཅིག་ལ་ལྟ་སྨོས་ཅི་དགོས། །རིམས་དང་དུག་དང་ནད་རྣམས་དང་། །མཁའ་འགྲོ་མ་དང་གདོན་གྱིས་འཚེ། །དེ་དག་ ཐམས་ཅད་ཟློག་འགྱུར་ཏེ། །གཞན་དག་ཏུ་ནི་ང་མི་སྨྲ། །དེ་ནས་སྦྱོར་བ་གཞན་བཤད་བྱ། །དེ་ཡི་ཤ་དང་ཞག་དང་ཁྲག །གཅིན་དང་ཁུ་བར་བཅས་པ་ཡིས། །ཡུང་བ་ནག་པོ་ལ་བྱུགས་ཏེ། །རྒྱལ་དང་འབྱུང་པོའི་ཉི་མ་ལ། །བགེགས་ནི་ཞི་བར་བྱ་བའི་ཕྱིར། །འབྱུང་པོ་ཀུན་གྱི་ གཏོར་བྱིན་ཏེ། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །སྔགས་པ་ཆོ་གར་ལྡན་པ་ཡིས། །བྱིས་པའི་རོ་ཡི་ལྟོ་བར་ནི། །མར་ངོ་འབྱུང་བོའི་ཉི་མ་ལ། །དུར་ཁྲོད་ཀྱི་ནི་ས་གཞི་རུ། །ཆོ་ག་བཞིན་དུ་བཙུགས་ལ་བསྐྱེད། །ཅེ་སྤྱང་ལ་སོགས་བསྲུང་བར་བྱ། །འདབ་མ་བྲུལ་ ཞིང་སྨིན་པ་དང་། །སྔར་གྱི་ཆོ་ག་བཞིན་བླངས་ཏེ། །དེ་ནི་ལུས་ལ་གནས་ཀྱི་བར། །སྐད་ཅིག་གིས་ནི་དཔའ་བོར་འགྱུར། །སྔར་བསྟན་བྱིས་པའི་ལྕེ་དང་ནི། །ཡུང་བ་ནག་པོར་བཅས་པ་ལས། །རི་ལུར་བྱས་ཏེ་ཁར་བཅུག་ལ། །གཡུལ་དུ་ཞུགས་ན་དགྲ་བཅིངས་འགྱུར། །དེ་ ནས་དཔུང་རྣམས་ཐམས་ཅད་ནི། །རྨོངས་བྱེད་སྐུད་པ་བཤད་པར་བྱ། །སྐར་མ་རྒྱལ་ལ་ནན་ཏན་དུ། །ནགས་ཀྱི་རས་བལ་བླངས་ནས་ནི། །ཟླ་མཚན་གྱིས་ནི་བྱུགས་བྱས་ལ། །སུམ་སྒྲིལ་ཡང་ནི་སུམ་སྒྲིལ་དུ། །གཞོན་ནུ་མ་ཡིས་འབད་དེ་བཀལ། །རྐང་པ་བརྒྱད་པའི་ སྔགས་ཀྱིས་ནི། །བཟླས་ཤིང་མདུད་པ་དེ་ཙམ་བྱ། །མདུད་པ་དག་ནི་ཐམས་ཅད་ཀྱང་། །མ་མོ་བརྒྱད་དུ་བརྟག་པར་བྱ། །དེ་ལྟར་སྔགས་བརྒྱད་བྱས་པ་ཡིས། །བྱིན་གྱིས་བརླབས་པ་བྱས་ནས་སུ། །སོ་སོ་རེ་རེ་དག་ལ་ཡང་། །བརྒྱ་རྩ་བརྒྱད་བརྒྱད་བཟླས་བྱས་ལ། །ལག་ པ་གཡོན་པར་བཏགས་ན་ནི། །མདའ་དང་རལ་གྲི་ལ་སོགས་པའི། །མཚོན་ཆ་ཐམས་ཅད་བཅིངས་པར་འགྱུར། །སྒྱུ་མ་ཆེན་པོའི་རིག་པ་འདི། །རབ་ཏུ་འབད་དེ་གསང་བར་བྱ། །དེ་ནས་ཆོ་ག་གཞན་བཤད་པ། །ནགས་ཀྱི་ཤལ་མ་ལི་ཡི་ནི། །བལ་ནི་ སྐར་མ་རྒྱལ་ལ་བླངས། །བུ་མོ་ཡི་ནི་གཅི་བ་ཡིས། །བཏགས་ཏེ་དེ་དང་བསྲེ་བར་བྱ། །བུ་མོ་ཡིས་ནི་བཀལ་བར་བྱ། །གཟའ་དང་སྐར་མ་དགེ་བ་དང་། །ཟླ་བ་སྟོབས་ཅན་དག་ལ་ནི། །མདུད་པའི་སྦྱོར་བ་བྱས་ནས་སུ། །སོ་སོ་ཞིང་ནི་རེ་རེ་ལ། །སྔར་གྱི་རིམ་པའི་སྦྱོར་བ་ཡིས། ། ཤིན་ཏུ་མཉམ་པར་བཞག་སྟེ་བསྒྲུབ། །འདི་ཡིས་བཅིངས་པ་ཙམ་གྱིས་ནི། །སུམ་ཅུ་གསུམ་པས་ཀྱང་མི་འཆིང་། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །མཚོན་ཆ་ཐམས་ཅད་འཆིང་འགྱུར་ཏེ། །འདི་ནི་བ་གླང་ལྷས་སུ་བསྒྲུབ། །སུ་རག་ཏ་དང་སེང་ལྡེང་དང་། །ནིམ་པ་དང་ནི་ཨར་ ཀའང་རུང་། །སྐར་མ་རྒྱལ་དང་ཉི་མ་ལ། །ཤིང་བུ་དེ་གཉིས་བཟུང་ནས་ནི། །མྱོས་པར་བྱེད་པའི་རིག་པ་ཆེ། །རིག་པ་ཀུན་གྱི་གཙོ་མོ་སྟེ། །ལན་བརྒྱ་རུ་ནི་བཟླས་ནས་སུ། །ཤིང་བུ་ཕན་ཚུན་དྲུད་གྱུར་ན། །དགྲ་བོ་ནང་ན་འཐབ་པར་འགྱུར། །རྡོ་རྗེ་ཡི་ནི་ཆུ་དང་ནི། །མཛུབ་ མོའི་ཁྲག་དང་བཅས་པ་ལ། །མྱོས་པར་བྱེད་མའི་རིག་པ་བཟླ། །སྔགས་ཀྱི་བཟླས་པ་སྔོན་འགྲོ་བས། །དཔྲལ་བར་ཐིག་ལེ་བྱས་ན་ནི། །ཆོམ་པོ་དང་ནི་རྐུན་པོ་དང་། །འཚེ་བར་བྱེད་པ་གཞན་ཡང་རུང་། །སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད། །མཁའ་འགྲོ་ཀུན་དང་མཉམ་ སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། སྟོབས་སྐྱེད་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དགུ་པའོ།། །།གང་གིས་ སྒྲུབ་པ་པོ་འགྲུབ་པའི། །དེ་ནས་སྦྱོར་བ་གཞན་བཤད་བྱ། །རས་སྟེར་གྱི་ནི་ས་བོན་དག །སྙེ་མའི་རྩེར་གནས་བླང་བར་བྱ། །སྔོན་བཞིན་ཡི་དགས་ཟླ་ཕྱེད་ཀྱི། །འབྱུང་པོའི་ཉི་མ་གཟའ་བཟང་ལ། །གཽ་རི་ལ་སོགས་མཁའ་འགྲོ་མར། །བཅས་པའི་ཧེ་རུ་ཀ་མགོན་མཆོག ། བུད་མེད་ཀྱི་ནི་མེ་ཏོག་གིས། །ཡང་ཡང་དུ་ནི་བསྒོ་བར་བྱ། །བསྒེགས་པ་འམ་ནི་མཚོན་གྱིས་བསད། །སྤྱང་ཀི་ལ་སོགས་མ་བྲོས་པའི། །བུད་མེད་ཐོད་པ་མཛེས་པ་རུ། །ཆོ་ག་དེ་ཡིས་བསྐྱེད་པར་བྱ། །དེ་ཡང་རྔ་མོ་དག་གི་ནི། །འཁྲུལ་འཁོར་ལ་ནི་བསྐྱོན་ནས་སུ། །དེ་ ཡི་རྩེ་མོ་བླང་བར་བྱ། །སྔགས་པས་མཆོད་པ་བྱས་ནས་ནི། །བུ་མོར་བསྒོམ་ཞིང་དེ་བསྐུལ་བའི། །ཆུ་ནི་འབད་དང་བཅས་ཏེ་གཏོར། །བུད་མེད་རོ་བསྲེགས་ས་དང་ནི། །ཐལ་བར་བཅས་པས་དེ་བཀང་ལ། །རས་སྟེར་གྱི་ནི་ས་བོན་ཉིད། །ཐོད་པ་དེར་ནི་བསྐྱེད་པར་བྱ། ། བགེགས་དགྲ་དང་ནི་གཤིན་གཤེད་ཀྱི། །སྔགས་ནི་མངོན་པར་བཟླས་པ་ཡིས། །མཆོད་དང་གཏོར་མ་ཕུལ་ནས་ནི། །ཅི་རིགས་སུ་ནི་བསྲུང་བར་བྱ། །ཞི་བའི་ཚིགས་བཅད་སྔགས་ཀྱིས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པའི་ཆུས། །དེར་ནི་བཅུ་སྟེ་བསྐྱེད་པར་བྱ། །གཞན་དུ་ཡི་ དགས་འཚེ་བ་འབྱུང་། །འབུ་ལ་སོགས་པ་བསྲུང་བ་དང་། །ཤིང་བསྐྱེད་རིག་བྱེད་བཞིན་དུ་བྱ། །དེ་ནི་འབད་དེ་སྨིན་པ་ཡི། །རས་བལ་དག་ནི་བཟུང་ནས་སུ། །གཞོན་ནུ་མ་ཡི་ཁྲག་གིས་ནི། །བསྒོས་ལ་སྔར་གྱི་བུ་མོ་ཡི། །སྐྲ་དང་བཅས་པ་བུ་མོས་བཀལ། །སྐུད་པ་དེ་ཡིས་ བཅིངས་གྱུར་ན། །དེ་མ་ཐག་ཏུ་སྐྱེས་བུ་ནི། །འདོད་ཆགས་གདུངས་པའི་བུད་མེད་འགྱུར། །བཀྲོལ་ན་སླར་ཡང་རྣལ་མར་འགྱུར། །བསྒེགས་པའི་རོ་ཡི་ཁྲག་དང་ནི། །ཞག་གི་ཡུངས་ཀར་ཡང་ཡང་བསྒོ། །གསང་བ་ཡི་ནི་ཞིང་ས་རུ། །ཚེས་བརྒྱད་སྐར་མ་རྒྱལ་ལ་ནི། ། ལམ་དང་རིགས་མཆོག་ཐོད་པ་ནི། །རོ་བསྲེགས་སས་བཀང་རོ་དང་བཅས། །ཉི་མ་ཤིས་པ་དག་ལ་གཟུགས། །དེ་ནི་ཤིན་ཏུ་སྨིན་པ་བླང་། །ཅི་རིགས་འཁྲུལ་འཁོར་བཙིར་བའི་མར། བསྐྲད་པ་ལ་སོགས་བྱ་བ་ཀུན། །བློ་ལྡན་ཇི་ལྟར་འདོད་བཞིན་བྱེད། །ས་མཐའ་ལྔ་ བ་ཡང་དག་ལྡན། །རླུང་གི་ས་བོན་ལས་བྱུང་བ། །དེ་ཡི་མོད་ལ་བསྐྲད་འགྱུར་ཏེ། །བསྒྲུབ་བྱ་དེ་ནི་སླར་མི་ལྡོག །བསྒེགས་ནས་བསད་པའི་སྐྱེས་བུའི་རོ། །ཆོ་གའི་རིམ་བཞིན་མཆོད་བྱས་ལ། །སྔར་ནི་ཇི་ལྟར་བསྟན་པ་བཞིན། །མར་དེས་ཡན་ལག་ཀུན་ཏུ་བྱུག །ཧེ་རུ་ ཀ་ཡི་སྤྱོད་པ་ཡིས། །སྔགས་ནི་ཟློས་ཤིང་ཀུན་ཏུ་གནས། །སྦྱོར་ཆེན་དེ་ནི་བགེགས་བསྐྲད་བྱ། །སྔགས་པ་ཆེན་པོས་དེ་དུས་སུ། །བགེགས་ནི་རྣམ་པ་སྣ་ཚོགས་པ། །རོ་ཡི་ལུས་ལས་བྱུང་མཐོང་སྟེ། །དེ་ནས་དེར་ནི་དེ་དུས་སུ། །གྲུབ་པའི་རྫས་ ཀྱི་བར་ཆད་བྱེད། །གཡོག་དང་བཅས་པའི་སྒྲུབ་པ་པ་པོས། །དེ་ཚེ་ཕྱག་རྒྱ་བཅིང་བྱ་སྟེ། །སྐྱེས་གནས་ཕྱག་རྒྱ་དཔྲལ་བ་ཡི། །སྟེང་དུ་བཅིངས་ལ་བསྟན་བྱ་ཞིང་། །དྲག་པོ་ཡི་ནི་གཟུགས་ཀྱིས་སུ། །དཔའ་བོའི་དམ་ཚིག་ཅི་རིགས་བསྟན། །ཤ་དང་ཁྲག་ཏུ་བཅས་པ་ ཡི། །གཏོར་མ་ཡི་དགས་རྣམས་ལ་སྦྱིན། །དེ་ཡི་ལུས་ལས་འཛག་པའི་མར། །བླངས་ཏེ་ཀུ་བ་ལ་སོགས་བླུགས། །དེ་ཡིས་ལུས་ལ་བྱུགས་ཙམ་གྱིས། །ནམ་མཁར་རྒྱུ་བ་འགྲུབ་པར་འགྱུར། །གཞན་ཡང་རལ་གྲི་མིག་སྨན་དང་། །རྩི་ལ་སོགས་པ་རབ་ཏུ་ འགྲུབ། །ཁྲག་དང་མི་ཡི་ཞག་གིས་ནི། །ཡུངས་ཀར་ལ་ནི་བསྒོས་ནས་སུ། །མི་རོ་ཡི་ནི་ཁར་བཅུག་ལ། །སྲུང་བ་ལ་སོགས་འབད་དེ་བྱ། །དེ་ནས་སྔ་མ་བཞིན་བསྐྱེད་པའི། །ཡུངས་ཀར་གང་ལ་བསྣུན་པ་ཡི། །བསྒྲུབ་བྱ་དེ་ནི་རིམས་ནད་ཀྱིས། །འཛིན་ཏེ་དེ་མ་ཐག་ ཏུ་འཆི། །སོ་བྱ་ཡི་ནི་ཁྲག་དང་ནི། །ཞག་གིས་སྣུམ་སྟེར་བསྒོ་བྱས་ལ། །དེ་ཡི་ཐོད་པ་རོ་བསྲེགས་པས། །བཀང་བ་རུ་ནི་བསྐྱེད་པར་བྱ། །མཆོད་དང་གཏོར་མ་ལ་སོགས་པ། །སྔར་བསྟན་བཞིན་དུ་ཅི་རིགས་བྱ། །སྨིན་པའི་འབྲས་བུ་ཁར་བཅུག་ན། །སྐྱེས་བུ་བྱ་ ཡི་གཟུགས་སུ་འགྱུར། །དེ་ལྟར་ས་བོན་གཞན་དག་ཀྱང་། །དོག་པ་ལ་གནས་འབྲས་བུ་གཟུང་། །དེ་དང་འདྲ་བའི་གཟུགས་འགྱུར་ཏེ། །ཁ་ལས་བཏོན་ན་སྔོན་བཞིན་འགྱུར། །བྱ་རྣམས་ཀྱི་ནི་ཚེ་དང་མཚུངས། །གླང་པོའི་གཟུགས་སོགས་དེ་བཞིན་བྱ། །བི་ད་རི་ ཡི་ས་བོན་ནི། །མར་ངོ་སྐར་མ་རྒྱལ་དང་ནི། །གཟའ་ནི་ཉི་མ་དག་ལ་གཟུང་། །མ་དུ་ལུང་གའི་ཡར་ངོ་ལ། །མི་རོའི་ཞག་གིས་བྱུགས་ནས་སུ། །ཟླ་བ་གཟས་ནི་ཟིན་པའི་ཚེ། །དེ་ཡི་ཡན་ལག་མཆོག་ཏུ་གཟུགས། །ཟིན་པ་དེ་ཡི་གཟུགས་སུ་འགྱུར། །དེ་ཡི་རུས་ པ་རྐང་དང་ནི། །ཤ་ལ་སོགས་པ་བསྐྱེད་པར་བྱ། །དེ་ཡི་པགས་པ་རུས་པ་ཡི། །ཕྱག་རྒྱས་ཡན་ལག་བརྒྱན་བྱས་ལ། །བློ་དང་ལྡན་པས་སྔར་བསྟན་བཞིན། །མཆོད་པ་བྱས་ཏེ་ཐལ་བ་གཏོར། །སྔགས་དང་བཅས་པའི་ཆུ་ཡིས་ནི། །མཁས་པ་ཡིས་ནི་རྟག་ཏུ་བཅུག ། བགེགས་མཐར་བྱེད་དང་གཤིན་གཤེད་ཀྱི། །སྔགས་ནི་སྔགས་པས་རྟག་ཏུ་བཟླ། །ཤ་ཟ་ལ་ནི་གཏོར་མ་སྦྱིན། །གཞན་དུ་ན་ནི་བཏོན་ཏེ་ཁྱེར། །ས་བོན་དེ་ནི་སྨིན་པར་གཟུང་། །ལྕུག་མ་གསུམ་གྱིས་དཀྲིས་ནས་སུ། །ཁར་བཅུག་ན་ནི་སྦེད་འགྱུར་ཏེ། །ཉི་མ་ཟླ་བ་སོགས་པས་ ཀྱང་། །འཇིག་རྟེན་གསུམ་འདིར་མཐོང་མི་འགྱུར། །མ་དུ་ལུང་ག་གཅིག་པུ་ནི། །ཁར་བཅུག་མ་དུ་ལུང་གར་འགྱུར། །བཏོན་ན་སླར་ཡང་སྣང་འགྱུར་ཏེ། །འབྲས་བསྐྱེད་ཐུན་མོང་ཆོ་གའོ། །དེ་ནས་སྔགས་ཀྱི་ཆོ་ག་བཤད། །སྤྱན་མའི་སྔགས་ཀྱིས་གཟུགས་པར་བྱ། །མཱ་མ་ཀཱི་ཡི་ སྔགས་ཀྱིས་བཅུ། །སྒྲོལ་མའི་སྔགས་ཀྱིས་བསྐྱེད་པར་བྱ། །དེ་བཞིན་གོས་དཀར་མས་ནི་བསྲུང་། །འདི་དག་ས་ལ་སོགས་པ་སྟེ། །ཐམས་ཅད་འཛིན་ཅིང་གསོ་བ་ཡིན། །དེས་ན་འབད་པ་ཐམས་ཅད་ཀྱིས། །སྤྱན་ལ་སོགས་པས་བསྲུང་བར་བྱ། །དེ་ནས་དགོངས་མོའི་དུས་སུ་ ནི། །ཀུ་བ་ཁན་དེའི་ས་བོན་དག །མི་ཡི་ཞག་སོགས་ཀྱིས་བྱུགས་ལ། །བཞི་མདོའི་སས་བཀང་ཐོད་པར་བསྐྱེད། །དེ་ཡི་དཔྲལ་བར་ཐིག་ལེ་བྱ། །བཟའ་དང་བཅའ་སོགས་རྣམ་པ་ལྔ། །མཐོང་བ་ཙམ་གྱིས་ཁ་བར་འགྱུར། །དེ་ནས་ཐིག་ལེ་ཕྱིས་ན་ནི། །དེ་ཡི་མོད་ལ་ རྣལ་མར་འགྱུར། །འོལ་མ་སེ་ཡི་ས་བོན་ནི། །བྲམ་ཟེ་ཡི་ནི་ཐོད་པ་རུ། །སྐར་མ་རྒྱལ་ལ་སྔགས་པས་བསྐྱེད། །དེ་ནས་ཕྱུང་སྟེ་སླར་ཡང་ནི། །ཐ་མལ་སྐྱེས་བུའི་ཐོད་པར་བསྐྱེད། །ས་བོན་དེ་ནི་གྲུབ་གྱུར་ན། །ཁ་རུ་བཅུག་པས་དེ་གཟུགས་འགྱུར། །སྐྱེས་པ་བུད་མེད་མ་ ནིང་སོགས། །བྱ་ཡི་ཆོ་ག་བཞིན་དུ་འགྱུར། །ཁ་ལས་བཏོན་ན་སླར་ཡང་ནི། །ཐ་མལ་གཟུགས་འགྱུར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་ཏུ་ནི་ང་མི་སྨྲ། །སྔགས་པས་བུང་བའི་རྒྱལ་པོའི་སྨན། །གསལ་ཤིང་བསད་པའི་ཐོད་པར་བསྐྱེད། །ཞག་ དང་ཁྲག་གིས་གཏོར་བར་བྱ། །དེ་ཡི་རྩ་བ་བླངས་ནས་སུ། །སྲིན་ལག་གི་ནི་ཁྲག་དང་ནི། །ཞག་ཏུ་བཅས་པ་བསྲེ་བར་བྱ། །སྤྱི་བོར་བཞག་ན་རྒྱལ་བར་འགྱུར། །ལྷ་ལ་སོགས་པ་དབང་དུ་བྱེད། །བ་གླང་རྣ་བའི་ལྕུག་མ་ནི། །རྙེད་ནས་དེ་ཡི་ས་བོན་ནི། ། སྨིན་པ་བཟུང་སྟེ་ཁར་བཅུག་ནས། །གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར། །བྲིངྒ་རཱ་ཛ་བཟུང་ནས་སུ། །ཤན་པའི་བུ་མོ་སྔོན་མོ་ཡི། །ཁྲག་གིས་ཟླ་བ་མར་ངོ་ལ། །ཡང་ཡང་བྱུགས་ཏེ་སྦྱར་བར་བྱ། །བ་གླང་རྣ་བའི་ལྕུག་དང་ནི། །སྐྱེས་པའི་ཐོད་པར་བསྐྱེད་དང་བཅས། ། འབྲས་བུ་ཆེན་པོ་སྟེར་བར་འགྱུར། །དེ་ལ་སོགས་པའི་རྩ་བ་དང་། །འབྲས་བུ་ཚུལ་བཞིན་བསྐྱེད་པ་ཡིས། །བགེགས་རྣམས་ཐམས་ཅད་རླག་བྱེད་པར། །སངས་རྒྱས་ངེས་པའི་རྒྱུད་ལས་གསུངས། །བསྒྲུབ་པར་མི་བྱ་བ་དང་ནི། །འགྲུབ་པར་མི་འགྱུར་ཅི་ཡང་མེད། ། མན་ངག་དག་ནི་མ་གཏོགས་པར། །དངོས་གྲུབ་སྣང་བར་མི་འགྱུར་རོ། །ཀོ་ཀ་ན་ཏའི་འབྲས་བུ་ནི། །སྣ་ཆེན་གྱི་ནི་ཐོད་པར་བསྐྱེད། །དུར་ཁྲོད་སྐྱེས་པའི་བྲིངྒ་ནི། །ཐོད་པར་བསྐྱེད་པའི་རྩ་དང་བཅས། །ཡར་ངོ་མར་ངོའི་བཅུ་བཞི་ལ། །བདུད་རྩི་ལྔ་དང་ལྷན་ཅིག་བཏགས། ། རིལ་བུ་མཛེས་པ་བྱས་ནས་ནི། །གྲིབ་མ་ལ་ནི་བསྐམ་པར་བྱ། །དེ་ཡིས་ཐིག་ལེ་བྱས་ནས་ནི། །འགྲོ་ཀུན་བྲན་བཞིན་དབང་དུ་འགྱུར། །ཨམ་བྲའི་ཤིང་གི་རུས་པ་ནི། །མར་ཁུ་ཆེན་པོས་བྱུགས་པ་དང་། །དེ་བཞིན་པ་ཡི་རྣམ་ལྔས་བྱུག །ལག་པར་ཁུ་བ་བྱུགས་ནས་སུ། ། འབྲས་དེ་གང་ལ་བྱིན་པ་ནི། །དེ་དབང་འགྱུར་ཏེ་གཞན་དུ་མིན། །བལ་པོ་སེའུའི་འབྲས་བུ་ནི། །ཁྲག་གིས་བྱུགས་ཏེ་བུད་མེད་ཀྱི། །ཐོད་པར་བཙུགས་པ་སྨིན་པ་ཡི། །འབྲས་བུ་དེ་ནི་མི་དབང་ལ། །རྒྱལ་ལ་བྱིན་ན་རྟག་དབང་འགྱུར། །ཀུ་བ་ཁན་དེའི་ས་བོན་ནི། ། ནིམ་བ་ལ་སོགས་འབྲས་བུས་བྱུག །རོ་བསྲེགས་ས་དང་ལྡན་པ་ཡི། །ཆགས་ཅན་ཁམ་ཕོར་ས་བོན་བསྐྱེད། །ཤིན་ཏུ་མཉམ་པར་བཞག་སྟེ་བསྲུང་། །མར་ངོ་ཡི་ནི་ཉི་མ་ལ། །ཉིན་ཕྱེད་ཉི་མ་ཆ་དུས་བསྒྲུབ། །དེ་ནི་བླུགས་པ་ཙམ་གྱིས་སུ། །ཆང་སོགས་ བརླག་འགྱུར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་བཤད་བྱ་བ། །ཡུངས་ཀར་སྨིན་པ་བརྒྱ་དང་ནི། །རྩ་བརྒྱད་བླངས་ནས་ཞག་གིས་ནི། །བསྒོས་ཏེ་ལེགས་པར་ཐུམ་པོར་བྱ། །བུད་མེད་རོ་ཡི་ལྟོ་བར་གཞུག །ཉིན་བདུན་བཞག་སྟེ་ཕྱུང་ནས་སུ། །དེ་ཡི་མཆིན་ པར་བཅས་པའི་སས། །དེ་ཡི་ཐོད་པ་བཀང་བར་བསྐྱེད། །གཏོར་མ་དང་ནི་སྲུང་བ་དང་། །བདུག་པ་དང་ནི་ཆུས་བཅུ་སོགས། །ཤིན་ཏུ་འབད་དང་བཅས་པ་ཡིས། །ལས་རྣམས་ཐམས་ཅད་སྔོན་བཞིན་བྱ། །ཇི་སྲིད་སྨིན་གྱི་བར་དུ་བསྐྱེད། །དེ་ནས་སྔར་བཞིན་ འབད་པས་བླངས། །བུད་མེད་ཀྱི་ནི་ཁྲག་གིས་བྱུག །འདབ་མ་དང་ནི་ས་བོན་སོགས། །དེ་ཡི་ཡན་ལག་ཅི་ཡང་རུང་། །བུད་མེད་གང་དང་གང་བསྣུན་པ། །དེ་ནི་ཕྱི་བཞིན་འབྲང་བར་འགྱུར། །འོལ་སེའི་ས་བོན་འབད་དེ་གཟུང་། །དམར་སེར་ཐོད་པར་བསྐྱེད་པར་བྱ། །དེ་ ཡི་ལྕུག་མ་བཟུང་ནས་སུ། །བློ་དང་ལྡན་པས་སྒོ་ང་བྱ། །དེ་ཡི་ནང་དུ་ཆང་བླུགས་ན། །སྣོད་དེར་གནས་པའི་རྫས་རྣམས་ནི། །ཇི་སྲིད་མ་ཟད་བར་དུ་ནི། །དེ་ན་གནས་པའང་ཟད་མི་འགྱུར། །ཆུ་འགྲམ་ས་དང་རྫ་མཁན་ས། །དེ་བཞིན་ཐོང་བར་ཆགས་པའི་ས། །གྲོག་མཁར་ གྱི་ནི་ས་དག་དང་། །མཚན་མ་གཅིག་པའི་ས་རྣམས་ནི། །བསྐྱེད་པ་ཀུན་ལ་ཤིན་ཏུ་བསྔགས། །གཅི་བའི་ཤུལ་གྱི་ས་བཟུང་ལ། །སྔགས་ཀྱིས་མངོན་པར་བྱིན་གྱིས་བརླབ། །བོང་བུའི་གཅིན་དང་བཅས་པ་ལས། །མཁས་པས་མི་ཡི་གཟུགས་བརྙན་བྱ། །གསེར་ཤིང་སྔར་ བཞིན་སྦྱང་བྱས་ལ། །སྔགས་པས་དེ་ཡི་ཁར་བསྐྱེད་བྱ། །དེ་ཡི་ཡན་ལག་ལྔ་བཟུང་སྟེ། །རིལ་བུ་དག་ནི་མཛེས་པར་བྱ། །ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ། །ཁྱད་པར་དུ་ནི་དབང་དུ་བྱེད། །ཡུངས་ཀར་ལ་སོགས་འབྲས་བུ་ནི། །གླང་པོ་ཆེ་ཡི་ཤ་དང་ནི། །ཁྲག་ དང་རུས་པའི་ཞག་ལ་སོགས། །དེ་ཡི་ཐལ་བ་སོགས་པས་བྱུག །དེ་ཡི་ཐོད་པར་བསྐྱེད་པ་དག །དེ་ནི་ཁ་རུ་བཅུག་ཙམ་གྱིས། །གླང་པོ་ཆེ་ཡི་གཟུགས་སུ་འགྱུར། །འདི་ནི་ཐུན་མོང་ཆོ་ག་སྟེ། །དེ་བཞིན་རྟ་དང་མ་ཧེ་སོགས། །དེ་བཞིན་སྟག་དང་རི་བོང་སོགས། །ཆོ་ག་དེ་ བཞིན་བསྐྱེད་པ་ཡིས། །ཁྲག་བཅས་བསྒོམས་ནས་སྟག་སོགས་འགྱུར། །སྦྱོར་བའི་ཆོ་གའི་དུས་སུ་ནི། །གྲུབ་པའི་གཟའ་ལ་སོགས་དང་སྦྱར། །རྟག་ཏུ་སྒོམ་དང་བཟླས་ལ་དགའ། །དམ་ཚིག་སྤྱོད་པ་བསྲུང་བ་དག །དེ་ཡིས་རྟག་ཏུ་འགྲུབ་འགྱུར་ ཏེ། །གཞན་དུ་ན་ནི་འབྲས་བུ་མེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་འབྲས་བུ་བཅོས་མའི་ཕྱག་རྒྱའི་ཡེ་ཤེས་ཀྱི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་པའོ།། །།དེ་ནས་ཨཱ་ལི་ ཀཱ་ལི་གཉིས། །དེ་ཉིད་ལས་ནི་ཀུན་སྐྱེད་ཅིང་། །སྤྲོ་ཞིང་སྡུད་པར་བྱེད་པ་པོ། །ཐ་སྙད་ཀྱི་ནི་ཆོ་ག་སྟེ། །སྔགས་ཀྱི་མཚན་ཉིད་ཐུན་མོང་བ། །ཆོ་ག་འདི་དག་ཇི་བཞིན་ཉོན། །ཨ་ཞེས་བྱ་བ་མདོག་དམར་བ། །མགོ་དང་ཐིག་ལེ་སྤངས་པ་ནི། །བསྒྲུབ་བྱའི་སྙིང་ག་མགོ་བོ་ དང་། །གསང་བ་དང་ནི་ལྟེ་བར་བསམ། ཨཱ་ཞེས་བྱ་བ་ཐིག་ལེར་ལྡན། །མཚལ་དང་འོལ་མ་སེ་དང་ནི། །ཀུ་སུ་མ་ནི་ལྟ་བུའི་མདོག །བསྒྲུབ་བྱའི་མགོར་ནི་བསམ་བྱས་ལ། །མྱོས་ཤིང་སེམས་དང་བྲལ་བ་དང་། །ལྐུགས་ཤིང་རྣམ་པར་ཉམས་པར་བསམ། ། དེ་ཡི་ལུས་ནི་རང་ཉིད་ཀྱི། །ས་བོན་གྱིས་དཀྲུགས་རྨོངས་བསྒོམས་ན། །རིང་པོར་མི་ཐོགས་དབང་འགྱུར་ཏེ། །རྟག་ཏུ་ཐམས་ཅད་སྟེར་བར་འགྱུར། །ཨི་ཞེས་བྱ་བ་སྐས་ལྟ་བུ། །དབྱངས་ཡིག་གསུམ་པའི་ཐུང་ངུ་ནི། །བསྒྲུབ་བྱའི་སྙིང་ག་ལྟེ་བ་དང་། །དེ་བཞིན་དུ་ནི་ མགྲིན་པར་བསྒོམ། །ཨཱི་ཞེས་བྱ་བའི་དབྱངས་ཡིག་བཞི། །ལི་ཁྲི་ཡི་ནི་མདོག་ལྟ་བུ། །བསྒྲུབ་བྱ་ཡི་ནི་དཔྲལ་བར་དགོད། །གང་གི་ལུས་ལ་གསུམ་པ་དང་། །བཞི་པའི་མཆོག་ནི་བཀོད་པ་ཡིས། །མྱོས་ཤིང་ཆ་ལུགས་ཉམས་པ་དང་། །སེམས་དང་བྲལ་བར་ བྱས་ནས་སུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །ལྐུགས་པ་བཞིན་དུ་དབང་དུ་འགྱུར། །དེ་ནས་དབྱངས་ཡིག་ལྔ་པ་ནི། །དབང་པོའི་མཚོན་ཆ་ལྟ་བུའི་འོད། །ཨུ་ཞེས་བྱ་བའི་བསྒྲུབ་བྱ་ཡི། །མགྲིན་པར་ཞགས་པ་ལྟ་བུར་བསམ། །གློག་དང་མཚུངས་པར་འབར་བ་ ཡི། །དབྱངས་ཡིག་མཆོག་ནི་དྲུག་པ་སྟེ། །ཨཱུ་ཞེས་བྱ་བ་བསྒྲུབ་བྱ་ཡི། །སྙིང་གི་དབུས་སུ་བསྒོམ་པར་བྱ། །ལྐུགས་ཤིང་མྱོས་པར་གྱུར་པ་དང་། །ལུས་ནི་གཡོ་ཞིང་སེམས་དང་བྲལ། །གང་དུ་སྒྲུབ་པ་པོར་གནས་པར། །འཁྲུགས་པ་བཞིན་དུ་འོང་བར་འགྱུར། ། བདག་ཉིད་དང་ནི་ནོར་དང་བཅས། །དབང་དུ་ཡང་ནི་འགྱུར་བ་ཡིན། །རྀ་ཞེས་བྱ་བ་དུ་བའི་མདོག །དཔྲལ་བ་ལུས་དང་བྲལ་བ་སྟེ། །དབྱངས་ཡིག་གི་ནི་དམ་པ་དེ། །སྙིང་ག་དང་ནི་གསང་བར་བསྒོམ། །དེ་ནས་རཱྀ་ནི་མུན་པའི་མདོག །བསྒྲུབ་བྱའི་ལུས་ཀྱི་མགོ་བོ་དང་། །དེ་ བཞིན་རྐང་པ་མགྲིན་པ་རུ། །རིང་པོ་དེ་ནི་བསྒོམ་པར་བྱ། །བདུན་པ་དང་ནི་བརྒྱད་པ་འདིས། །མྱུར་དུ་སྐྲོད་པར་བྱེད་པ་སྟེ། །སེམས་ནི་རྨུགས་ཤིང་ཉམས་གྱུར་ནས། །ས་གཞི་མ་ལུས་རྒྱུ་འགྱུར་ཏེ། །མཐོང་བ་ཡི་ནི་ཚེ་འདི་ལ། །སླར་ཡང་ཟློག་པར་མི་འགྱུར་རོ། །ལྀ་ ཞེས་བྱ་བ་སྲིད་པ་སྡོམ། །བྱ་རོག་གི་ནི་གཤོག་པ་འདྲ། །སྒྲུབ་པོས་བསྒྲུབ་བྱའི་མིག་དང་ནི། །མགྲིན་པ་དང་ནི་གསང་བར་བསྒོམ། །དབྱངས་ཡིག་རིང་པོ་ལཱྀ་ཞེས་པས། །བསྒྲུབ་པར་བྱ་བ་དཀྲིས་པར་བསམ། །བསྒྲུབ་བྱའི་ལུས་ལ་བསྒོམས་ཙམ་གྱིས། །སྡང་བར་ བྱེད་པའི་མཆོག་ཡིན་ཏེ། །སེམས་ཅན་ཀུན་གྱིས་སྨད་པ་དང་། །སྐྱེ་བོ་ཀུན་གྱིས་བརྙས་པ་དང་། །མར་ཁུ་ཕྱུང་བའི་འབའ་ཆ་བཞིན། །སྐྱེ་བོ་ཀུན་གྱིས་སྤོང་བར་འགྱུར། །ཅོག་ལ་མ་ཡི་མཚལ་དང་ནི། །ལྷམ་བུ་ཆུ་གཤེར་ལྟ་བུའི་མདོག །ཨེ་ཞེས་བྱ་བ་དབྱངས་ཀྱི་ རྒྱལ། །གསང་དང་ལྟེ་བ་སྙིང་གར་དགོད། །ཨཻ་ཞེས་བྱ་བ་གཟི་བརྗིད་ཆེ། །ལི་ཁྲི་དང་ནི་ཉི་མའི་མདོག །བསྒྲུབ་བྱའི་མིག་དང་དེ་བཞིན་དུ། །ཁ་དང་མགྲིན་པར་བསྒོམ་པར་བྱ། །སྒྲུབ་པའི་མཆོག་གིས་ཡིད་ལ་ནི། །ལས་འདི་བྱས་པ་ཙམ་གྱིས་སུ། །ཁམས་ གསུམ་པོ་ནི་མ་ལུས་པ། །མཐེ་བོའི་ཁྱོན་ཙམ་དུ་ནི་མཐོང་། །གདོང་དང་གདོང་ནི་མངོན་ཕྱོགས་ཏེ། །དེ་ཡི་ཡི་གེའི་ཆ་ཤས་ཀྱིས། །དབུགས་ཀྱི་རི་མོ་ལྕུག་མས་དགུག །ཆ་ཤས་ལྕུག་མའི་དམ་ཚིག་དབང་། །ཨ་ཞེས་བྱ་བའི་དབྱངས་ཡིག་ནི། །ཐིག་ལེ་དང་ནི་ཟླ་ཕྱེད་ བཅས། །ཟླ་བ་གཉིས་ནི་ཚེག་དྲག་བཅས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡི་གེ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་རི་མོར་ཡང་དག་གནས། །འདི་ལྟར་ཨཱ་ལི་ཀཱ་ལི་ཞེས། །བཅུད་ལེན་ཐམས་ཅད་ཅེས་བྱར་བརྗོད། །གཙོ་བོ་ལ་ནི་ཐིམ་བྱས་ ནས། །རྡོ་རྗེ་སེམས་དཔའ་སོགས་དང་སྦྱར། །དེ་ཡི་འོག་ཏུ་ཕྱི་ནས་ནི། །ཡི་གེ་ཐམས་ཅད་གཞུག་པར་བྱ། །ཇི་སྲིད་སྣང་བ་ཡོད་ཀྱི་བར། །འདིས་ནི་བསྲུང་བ་བྱེད་པར་བརྗོད། །ཐིག་ལེ་ཞེས་བྱ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་སྟོང་པ་ཡིན། །ཟླ་བ་གཉིས་དང་ ཡང་དག་ལྡན། །མི་འགྱུར་མཆོག་གི་ཕྱག་རྒྱའོ། །དེ་ལས་དབྱངས་ཡིག་རྣམས་ཀྱི་ནི། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །ལས་ནི་ལྷ་དང་ལྷ་མིན་དང་། །མིར་བཅས་མྱུར་དུ་དབང་དུ་བྱེད། །ཨོཾ་ཞེས་བྱ་བ་ཉི་མ་ལྟར། །འོད་ཟེར་འབར་བ་སྟོང་དང་ལྡན། །བསྒྲུབ་བྱ་ཡི་ ནི་མགོ་བོ་དང་། །དཔྲལ་བ་ཁྱད་པར་སྙིང་གར་བསྒོམ། །ཨོཾ་ཞེས་བྱ་བ་རྟག་འབར་བ། །ཉི་མ་བྱེ་བའི་གཟི་བརྗིད་ཅན། །བསྒྲུབ་བྱ་ཡི་ནི་ལུས་ཀུན་ལ། །ཁྱབ་པ་ཉིད་དུ་བསྒོམ་པར་བྱ། །བསྐལ་པ་ཡི་ནི་མེ་དཔུང་ལྟར། །དབྱངས་ཀྱིས་ཁྱབ་ནས་བསྒོམ་པ་དང་། ། དབྱངས་ཀྱི་མེ་ཡིས་བསྒྲུབ་བྱ་ཡང་། །རབ་ཏུ་འབར་བར་བསྒོམས་བྱས་ནས། །དགྲ་བོ་ལོ་བརྒྱར་འཚོ་བ་ཡང་། །དེ་མ་ཐག་ཏུ་ལྟུང་བར་འགྱུར། །ཨ་ནི་ཐམས་ཅད་སྡུད་པ་སྟེ། །འཚེ་བ་ཟློག་པར་བྱེད་པའང་ཡིན། །ཨཱ་ནི་གཤེགས་སུ་གསོལ་བ་སྟེ། །ཇི་ལྟར་ འདོད་བཞིན་ལྷ་ཡང་བྱེད། །བུད་མེད་ཀུན་གྱི་མངལ་དུ་ནི། །བསམ་ན་ཁུ་བ་འཛག་པར་འགྱུར། །ཁྱད་པར་དུ་ནི་གཞན་དག་ལའང་། །དཀར་པོ་དམར་པོའི་ཏིང་འཛིན་བྱ། །ཨ་ལ་སོགས་དང་ཡི་གེ་རྣམས། །ལུས་ལ་བཀོད་ན་དཔྱད་མི་དགོས། །དེ་ལྟར་དབྱངས་ ཀྱི་ལས་རྣམས་ནི། །ཁྱོད་ལ་བདག་གིས་གང་བསྟན་ལ། །དབྱངས་ཡིག་དགེ་བ་བཅུ་དྲུག་ནི། །ལུས་ལ་གོ་ཆར་བཀོད་དེ་བྱ། །ཨཱ་ཞེས་བྱ་བ་རྐང་གཉིས་དགོད། །ཨ་ནི་བྱིན་པ་གཉིས་ལ་བསམ། །ཨཱི་ནི་བརླ་ལ་དགོད་བྱ་སྟེ། །ཨི་ཞེས་བྱ་བ་གསང་བར་གནས། །ཨུ་ ནི་ལྟེ་བའི་རྩ་བ་སྟེ། །ཨཱུ་ཞེས་བྱ་བ་ལྟེ་བའི་དབུས། །རྀ་ནི་ལྟེ་བའི་སྟེང་དུ་དགོད། །རཱྀ་ཞེས་བྱ་བ་སྙིང་གར་ཡིན། །ལྀ་ཞེས་བྱ་བ་མགྲིན་པར་དགོད། །དེ་བཞིན་ལཱྀ་ནི་རྐན་ལའོ། །ཨེ་ཞེས་བྱ་བ་ཁ་ལ་སྟེ། །དེ་བཞིན་ཨེ་ནི་སྣ་ལའོ། །ཨོ་ནི་རྣ་བདག་ལ་སྟེ། །ཨཽ་ཞེས་བྱ་བ་དཔྲལ་ བར་རོ། །ཨོཾ་ནི་མགོ་ལ་དགོད་བྱས་ཏེ། །ཨཿཞེས་བྱ་བ་རྒྱབ་ཏུ་དགོད། །དབང་དང་དགུག་ལ་དམར་པོར་ཏེ། །གསད་ལ་ཐམས་ཅད་སྔོན་པོར་རོ། །དུ་བ་ལྟ་བུར་བསམས་ན་ནི། །བསྐྲད་པ་ཉིད་འགྱུར་ཐེ་ཚོམ་མེད། །དབྱངས་ཡིག་ཀུན་གྱིས་བྱིན་བརླབས་འདི། །བདག་ གི་དེ་ཉིད་གསལ་བ་ཡིན། །སྒྲུབ་པོ་བདག་ཉིད་དམ་པ་ཡིས། །དེ་ལྟར་གོ་ཆ་བགོས་ནས་ནི། །སྒྲུབ་པོས་དབྱངས་དང་ཡི་གེ་ཡི། །ཕྱི་ནས་ལས་རྣམས་ཤིན་ཏུ་སྦྱར། །དེ་ནས་རིག་པའི་དེ་ཉིད་འབྱུང་། །ལས་རྣམས་རྟག་ཏུ་བྱས་པ་སྟེ། །ཀ་ནས་མ་ཡི་མཐར་ཐུག་པའི། ། ལས་ནི་བློ་གྲོས་ཆེན་པོས་ཉོན། །ལྷ་དང་ལྷ་མིན་མི་དང་བཅས། །གང་གིས་ས་གསུམ་ཐམས་ཅད་ནི། །སྒྲུབ་པོ་ཤིན་ཏུ་རྒྱས་པ་ཡི། །དབང་དུ་དེ་དག་ཐམས་ཅད་འགྱུར། །ཡིད་ལ་འདོད་པའི་འབྲས་སྟེར་བ། །དེ་ནི་ང་ཡིས་བཤད་པར་བྱ། །དབྱངས་ཡིག་བཅུ་དྲུག་པོ་རྣམས་ ཀྱི། །མཛེས་མ་ཁྱོད་ལ་སྔར་བཤད་ནས། །ད་ནི་ཀ་སོགས་ཡི་གེ་ཡི། །ལས་རྣམས་འདོད་བཞིན་བྱེད་པ་བཤད། །ལྷ་མོ་ཡི་གེ་དང་པོ་ནི། །ཉི་མའི་གཟི་བརྗིད་དང་མཚུངས་ཤིང་། །ལི་ཁྲི་སྤུངས་པ་ལྟ་བུ་ཡི། །ཐིག་ལེར་ལྡན་པའི་ཡི་གེ་ཆེ། །སྒྲུབ་པོས་བསྒྲུབ་བྱའི་སྙིང་ག་ དང་། །ལྟེ་བ་དང་ནི་མགོ་བོར་བསྒོམ། །དེ་ཡིས་བསྒྲུབ་བྱའི་ལུས་ཀྱི་ནི། །ནང་དུ་ཕུག་སྟེ་ཁྱབ་པར་བསམ། །དེ་ཡིས་ལུས་ནི་འཁྲུགས་ནས་སུ། །རྨོངས་ཤིང་སེམས་དང་བྲལ་བ་དང་། །བརྒྱལ་བཞིན་དུ་ནི་དབང་དུ་འགྱུར། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་སྲིད་ དབང་དུ་འགྱུར་བ་སྟེ། །ཇི་སྲིད་འཚོ་ཡི་བར་དུ་ནི། །བདག་ཉིད་ནོར་དང་བཅས་འགྱུར་ལ། །ཁ་ཞེས་བྱ་བའང་བརྩོན་ཆེན་མ། །ལྷམ་བུ་ཆུ་གཤེར་ལྟ་བུ་དང་། །ཉི་མ་འཆར་ཁ་ལྟ་བུའི་མདོག །ཐིག་ལེར་བཅས་པ་གཟི་བརྗིད་ཆེ། །གསལ་ཞིང་འོད་དང་བཅས་པ་སྟེ། ། བསྒྲུབ་བྱ་ཡི་ནི་སྙིང་ག་དང་། །མགོ་དང་རྐང་པ་ཀུན་ཏུ་དགོད། །དེ་ཡིས་བསྒྲུབ་བྱ་ཕུག་ནས་ནི། །རྨོངས་ཤིང་སེམས་དང་བྲལ་བར་བསམ། །སྒྲུབ་པ་པོ་ཡི་མཆོག་གིས་ནི། །དེ་ཡི་ལུས་ནི་དཀྲུས་པ་དང་། །མྱོས་ཤིང་བརྒྱལ་བར་བསྒོམ་པར་བྱ། །དེ་ཡིས་ ཤིན་ཏུ་རྒྱལ་འགྱུར་ཞིང་། །ཡི་གེའི་དབང་པོས་ཆེ་བས་ན། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །ཇི་སྲིད་འཚོ་ཡི་