Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
བར་དུ་ནི། །ནོར་དང་བཅས་པ་དབང་དུ་འགྱུར། །ག་ཞེས་བྱ་བའི་ས་བོན་ཆེ། །རང་གི་ལྷ་ཡི་སྡོམ་པ་སྟེ། །ཚེག་དྲག་བཅས་པ་གཟི་བརྗིད་ཆེ། །གཙོ་བོ་ཆར་ སྤྲིན་ལྟ་བུའི་མདོག །བསྒྲུབ་བྱའི་མགོ་དང་མགྲིན་པ་དང་། །ཁྱད་པར་དུ་ནི་སྙིང་གར་བསམ། །དེ་ཡིས་བསྒྲུབ་པར་བྱ་བའི་ལུས། །ཡི་གེས་ཀུན་ཏུ་ཕུག་བསམ་ན། །ལུས་ནི་རྟག་ཏུ་དཀྲུགས་པས་ན། །འདར་ཞིང་དེ་ཡི་དབང་དུ་འགྱུར། །བདག་ཉིད་དང་ནི་ནོར་དང་ བཅས། །སྡང་བའི་དགྲ་རྣམས་མ་ལུས་པ། །ཁྱིམ་ལ་སོགས་པ་ཀུན་ཏུ་ནི། །ཇི་སྲིད་ཉི་ཟླ་ཡོད་ཀྱི་བར། །མ་ལུས་པར་ནི་འཇོམས་པར་བྱེད། །གྷ་ཞེས་བྱ་བ་སྒྱུ་མ་ཆེ། །བསྐལ་པའི་མེ་དང་གཟི་བརྗིད་མཚུངས། །སྟེང་དུ་ཐིག་ལེས་བརྒྱན་པ་སྟེ། །ཀུ་སུ་མ་ཡི་ཁུ་བ་ འདྲ། །བསྒྲུབ་བྱ་ཡི་ནི་ལྟེ་བ་དང་། །གསང་བ་སྙིང་ག་ཁ་དང་ནི། །མགོ་བོ་རུ་ནི་བསམས་ཙམ་གྱིས། །བསྒྲུབ་བྱ་དགའ་བས་མྱོས་ནས་སུ། །སེམས་དང་བྲལ་ཞིང་ཉམས་ནས་ནི། །ཇི་སྲིད་འཚོ་ཡི་བར་དུ་ནི། །བདག་ཉིད་ནོར་དང་བཅས་པ་རུ། །ཤིན་ཏུ་དེ་ཡི་དབང་དུ་ འགྱུར། །ང་ཞེས་བྱ་བ་གཟི་བརྗིད་ཆེ། །སྡེ་ཚན་གྱི་ནི་མཐའ་མར་གནས། །དེ་ནི་འདོད་པའི་མདའ་ཡིན་ཏེ། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །དེ་ནི་བསྒྲུབ་བྱའི་གསང་བར་བསམ། །ཁུ་བ་དག་ནི་འཛག་པར་བྱེད། །གསང་བ་རུ་ནི་ཞུགས་པ་ཡིས། །ཐམས་ཅད་ དུ་ནི་འབིགས་པར་འགྱུར། །ཡན་ལག་གི་ནི་ཚིགས་ཀུན་ཏུ། །དེ་ཡིས་ཕུག་པས་མྱོས་ནས་ནི། །ནོར་དང་བདག་ཉིད་བཅས་པ་ནི། །མྱུར་བ་ཉིད་དུ་དབང་དུ་འགྱུར། །ཇི་སྲིད་འཚོ་ཡི་བར་དུ་ནི། །དེ་ལ་ཆགས་དང་བྲལ་མི་འགྱུར། །ཡི་གེ་ལྔ་པོ་ཀུན་གྱིས་ཀྱང་། ། བདག་ཉིད་གོ་ཆ་བསྐོན་པར་བྱ། །ཀ་ཞེས་བྱ་བ་སྙིང་གར་དགོད། །ཁ་ཞེས་བྱ་བ་མགོ་ལ་སྟེ། །ག་ཞེས་བྱ་བ་སྤྱི་གཙུག་ཏུ། །གྷ་ཞེས་བྱ་བ་གོ་ཆར་བྱ། །ང་ཞེས་བྱ་བ་སྒྲུབ་པ་པོའི། །ལག་པ་གཡོན་ལ་དགོད་པར་བྱ། །དེ་ནས་བསྒྲུབ་བྱ་དབང་དང་ནི། །དགུག་དང་གསད་ལ་ སོགས་པར་སྦྱར། །ཆོ་ག་དེ་ལྟར་བྱས་ན་ནི། །དཔྱད་མི་དགོས་པར་དངོས་གྲུབ་འགྱུར། །ཙ་ཞེས་བྱ་བ་དུ་བའི་མདོག །རླུང་གི་གནས་ཀྱི་ཡི་གེ་སྟེ། །སྒྲུབ་པོས་དེ་ཡི་སྙིང་ག་དང་། །མགོ་དང་རྐང་པར་བསམ་པར་བྱ། །བསྒྲུབ་བྱ་རླུང་ལ་གནས་ནས་ནི། །ཀུན་ཏུ་འཕོ་བར་ བསམ་པ་དང་། །སེམས་དང་བྲལ་བར་གྱུར་ནས་སུ། །ནམ་མཁའ་ལ་ནི་གནས་བཞིན་དུ། །རླུང་གིས་གཞན་དང་གཞན་དག་ཏུ། །ཁྱེར་བ་རུ་ནི་བསྒོམ་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །བསྒྲུབ་བྱ་ཤིན་ཏུ་བརྟན་པ་ཡང་། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། ། བསྒྲུབ་བྱའི་ལུས་ནི་འཕངས་པས་ན། །ཇི་སྲིད་འཚོ་ཡི་བར་དུ་ནི། །སླར་ཡང་འོང་བར་མི་འགྱུར་རོ། །ཚ་ཞེས་བྱ་བའི་ཡི་གེ་ཆེ། །གསལ་ཞིང་མིག་སྨན་ནག་པོའི་མདོག །ཆ་གཉིས་པ་དང་ཡང་དག་ལྡན། །བསྒྲུབ་བྱ་ཡི་ནི་མགོ་བོར་བསམ། །དེ་ཡི་མགོ་ལ་དུ་བ་ཡི། ། ཚོགས་དང་མཚུངས་པའི་རླུང་གིས་ཁྱབ། །ཅུང་ཟད་ཙམ་གྱིས་བསྒྲུབ་བྱ་ཡི། །ལུས་ནི་དེ་ཡིས་བསྐོར་བར་བསམ། །སླར་ཡང་ཚ་ནི་ཚེག་དྲག་བཅས། །ལྟེ་བ་རུ་ནི་བསམས་ནས་སུ། །ལན་གསུམ་དུ་ནི་བརྗོད་བྱས་ན། །ཡི་གེ་འདི་ནི་བསྐྲད་པའི་མཆོག །བསྒྲུབ་བྱ་ རྨོངས་ཤིང་སེམས་དང་བྲལ། །དགྲ་བོ་མདངས་ནི་ཉམས་ནས་སུ། །ས་སྟེངས་མ་ལུས་པ་རུ་འཁྱམ། །ཇི་སྲིད་འཚོ་ཡི་བར་དུ་ནི། །སླར་ཡང་ལྡོག་པར་མི་འགྱུར་རོ། །ཛ་ཞེས་བྱ་བའི་ཡི་གེ་རྒྱལ། །དུ་བའི་མདོག་ཅན་གཟི་བརྗིད་ཆེ། །འོད་ཟེར་ལྡན་ཞིང་ཤིན་ཏུ་འབར། །རྡུལ་ ཕྲན་དག་ནི་སྟོང་དུ་འཕྲོ། །བསྒྲུབ་བྱ་ཡི་ནི་མགོ་བོ་དང་། །གསང་བར་ཡི་གེ་ཞུགས་པར་བསྒོམ། །ཡན་ལག་ཚིགས་ཀུན་ཕུག་པ་དང་། །སེམས་དང་བྲལ་བ་བཞིན་དུ་གནས། །ཡི་གེས་ཡོངས་སུ་བཀང་བས་ན། །དེ་ནས་བརྒྱལ་བར་གྱུར་ནས་ནི། །ཉིན་དང་མཚན་ དུ་རྨོངས་པ་དང་། །མི་སད་པར་ནི་བསྒོམ་པར་བྱ། །ས་སྟེངས་ཤིང་དང་ནགས་ཚལ་བཅས། །ཐམས་ཅད་དུ་ནི་འགྲོ་བར་འགྱུར། །བསྐྲད་པའི་ཆོ་ག་འདི་དག་ནི། །དགེ་མ་ཁྱོད་ལ་ང་ཡིས་བཤད། །ཇི་སྲིད་འཚོ་ཡི་བར་དུ་ནི། །སླར་ཡང་འོང་བར་མི་ འགྱུར་རོ། །ཛྷ་ཞེས་བྱ་བ་སྟོབས་པོ་ཆེ། །བསྒྲུབ་བྱ་ཡི་ནི་སྙིང་ག་རུ། །ཉི་མ་ལྟ་བུར་འབར་བ་དང་། །འོད་ཟེར་གསལ་བ་རྣམ་པར་འཕྲོ། །ཐིག་ལེ་ཟླ་བ་ཕྱེད་པས་བརྒྱན། །བསྒྲུབ་བྱའི་མགོ་དང་སྙིང་ག་དང་། །ལྟེ་བའི་སྟེང་དུ་ཡི་གེ་བསམ། །སྒྲུབ་པའི་དབང་པོས་བསྒྲུབ་ བྱའི་ལུས། །འབར་བས་བཅུད་དང་ཕྲལ་བར་བསམ། །དེ་ཡིས་བསྒྲུབ་བྱ་བརྒྱལ་འགྱུར་ཞིང་། །བསྐྲད་པའམ་ནི་འཆི་བའམ། །ཡང་ན་སྨྱོན་པ་ཉིད་དུ་འགྱུར། །ཡི་གེ་ཡིས་ནི་ལྟུང་བས་ན། །སླར་ཡང་འོང་བར་མི་འགྱུར་ཏེ། །ས་གཞི་ནགས་ཚལ་བཅས་པ་རུ། ། སྨྱོ་ཞིང་འགྲོ་འགྱུར་ཐེ་ཚོམ་མེད། །ཛྷ་ཞེས་བྱ་བ་འདི་ཡིས་ནི། །མྱུར་དུ་བསྐྲད་འགྱུར་ཐེ་ཚོམ་མེད། །ཉ་ཞེས་བྱ་བའི་ཡི་གེ་མཆོག །སྣ་ཚོགས་པ་ཡི་མདོག་དང་ལྡན། །པ་ལ་ཤ་ཡི་མེ་ཏོག་གི། །འོད་ཟེར་སྟོང་ཕྲག་འབར་བ་སྟེ། །ཆུ་རྒྱུན་སྟོང་ནི་འབབ་པ་ཡིས། །དེ་ཡི་ ལུས་ལ་དབོ་བར་བྱ། །དེ་ཡིས་ནོར་དང་བཅས་པ་རུ། །བརྒྱལ་ཞིང་སེམས་དང་བྲལ་བ་དང་། །རྨོངས་ཤིང་མྱུར་དུ་དབང་དུ་འགྱུར། །ཊ་ཞེས་བྱ་བའི་ཡི་གེ་མཆོག །དབང་པོའི་མཚོན་ཆ་ལྟ་བུའི་མདོག །འོད་ཟེར་འབར་བ་སྟོང་ཕྲག་གིས། །ཡི་གེ་འབར་དང་ལྡན་པར་ བསམ། །བསྒྲུབ་བྱ་ཡི་ནི་དཔྲལ་བ་དང་། །མགྲིན་པ་དང་ནི་སྙིང་གར་བསམ། །བསྒྲུབ་བྱའི་སྟེང་དུ་ནམ་མཁའ་ལ། །བདུད་རྩི་སྒོ་ཡི་ཐིག་ལེ་ནི། །སྤྱི་བོའི་སྟེང་དུ་རྟག་ཏུ་བསམ། །ཅུང་ཟད་གློག་ནི་གཡོ་འདྲ་བའི། །ཁ་བ་དག་ནི་འབབ་པར་བསམ། །སྒྲུབ་པ་པོ་ ཡིས་བསྒྲུབ་བྱ་ནི། །ཡན་ལག་ཚིགས་ཀུན་གཡོ་བ་དང་། །བརྒྱལ་ཞིང་རྨོངས་ལ་མྱོས་བསམས་ན། །ཇི་སྲིད་ཉི་ཟླ་ཡོད་བར་དུ། །ནོར་དང་བདག་ཉིད་བཅས་པ་རུ། །དེ་ཡིས་ཐམས་ཅད་དབང་དུ་འགྱུར། །དེ་ལྟར་ཊ་ཡི་རྒྱལ་པོ་ཡི། །ལས་ནི་ཁྱོད་ལ་ང་ཡིས་བཤད། ། དེ་ནས་ཡི་གེ་གཉིས་པ་ཡི། །ལས་ཀྱི་མཆོག་ནི་བཤད་པར་བྱ། །ཋ་ཞེས་བྱ་བའི་ཡི་གེ་ནི། །དབང་ཆེན་དང་ནི་འདྲ་བར་འདོད། །སྤྱི་བོར་བདུད་རྩི་ཐེག་ལེས་བརྒྱན། །དེ་བཞིན་གློག་དང་འབྲུག་གིས་བརྒྱན། །ཡི་གེའི་མཆོག་ནི་བསྒོམ་པར་བྱ། །བདུད་རྩི་ཆུ་རྒྱུན་འབབ་པ་ ཡིས། བསྒྲུབ་བྱའི་ལུས་ལ་ཀུན་ཏུ་གཏོར། །བསྒྲུབ་བྱའི་མགོ་དང་མགྲིན་པ་དང་། །སྙིང་ག་རུ་ནི་གནས་པར་བསམ། །བསྒྲུབ་བྱའི་མགོ་ནི་ཕུག་པ་དང་། །ལུས་ལ་ཀུན་ཏུ་ཁྱབ་པ་ཡིས། །བསྒྲུབ་བྱ་མྱོས་ཤིག་འདར་བ་རུ། །སྔགས་པས་ཡི་གེས་རྟག་ཏུ་བསྒོམ། །དེ་ ནས་ཇི་སྲིད་འཚོ་བར་དུ། །བརྒྱལ་ཞིང་རྨོངས་པས་དབང་དུ་འགྱུར། །དེ་ནས་ཌ་ཞེས་བྱ་བ་ནི། །ཡི་གེའི་རྒྱལ་པོ་གསུམ་པ་སྟེ། །དེ་ཡི་ལས་ཀྱི་མཆོག་རྣམས་ནི། །རྩེ་གཅིག་ཡིད་ཀྱིས་གུས་པས་ཉོན། །ཌ་ཞེས་བྱ་བ་ཐིག་ལེར་བཅས། །རྡོ་རྗེ་ལྟ་བུའི་དབྱིབས་ཅན་ཡིན། །ཨུཏྤ་ ལ་ལྟར་ལྗང་སེར་ཏེ། །འོད་ཟེར་གསལ་བ་ཀུན་ཏུ་འཕྲོ། །བསྒྲུབ་བྱའི་སྤྱི་བོར་བསམ་པ་ཡིས། །བསྒྲུབ་བྱའི་ཚིགས་ནི་འབུགས་ཤིང་འབྱེད། །བསྒྲུབ་བྱ་མིག་ཡོར་བསྒོམ་བྱས་ན། །ལུས་ནི་ཀུན་ཏུ་གཡོ་བཞིན་དུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །རྨོངས་དང་བཅས་པས་ དབང་དུ་འགྱུར། །དེ་ནས་ལས་ཀྱི་མཆོག་གཞན་ནི། །ཤིན་ཏུ་གཉེར་བར་བྱེད་པ་སྟེ། །ཌྷ་ཞེས་བྱ་བ་ཡི་གེའི་རྒྱལ། །ཤིན་ཏུ་རྨད་བྱུང་བྱེད་པ་པོ། །དབང་པོའི་མཚོན་ཆ་ལྟ་བུའི་མདོག །ཉི་མ་ལྟ་བུར་འབར་བ་སྟེ། །བསྒྲུབ་བྱའི་སྙིང་དང་ལྟེ་བ་དང་། །མགྲིན་པར་ཡི་གེ་ བསམས་ནས་སུ། །བྱང་ཆུབ་སེམས་ནི་རབ་འཛག་པས། །དེ་ཡི་ལུས་ལ་དབོ་བར་བྱ། །དེ་ཡིས་བཟི་ཞིང་བརྒྱལ་ནས་སུ། །གཉིད་ལོག་པར་ནི་བསྒོམ་བྱས་ན། །འདི་ཡིས་རིང་པོར་མི་ཐོགས་པར། །རྨོངས་ཤིང་སྒྲུབ་པོའི་དབང་དུ་འགྱུར། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ནམ་ ཡང་ཆགས་དང་བྲལ་མི་འགྱུར། །དེ་ནས་དྷ་མཐའ་ཡི་གེའི་ལས། །ཇི་ལྟར་འདོད་བཞིན་འབད་དེ་ཉོན། །ཎ་ཞེས་བྱ་བ་དུ་བའི་མདོག །ཅུང་ཟད་འབར་ཞིང་གསལ་བ་སྟེ། །དྲི་མ་མེད་པའི་དུ་བ་ལས། །འོད་ཟེར་གསལ་བ་རྣམ་པར་འཕྲོ། །བསྒྲུབ་བྱ་ཡི་ནི་ལུས་ཀུན་ལ། ། དེ་ཡིས་རྣམ་པར་ཁྱབ་བྱེད་ཅིང་། །འོད་ཟེར་གློག་སྟོང་འཁྱུག་འདྲ་བ། །བསྒྲུབ་པར་བྱ་བའི་སྟེང་དུ་བསྒོམ། །འོད་ཟེར་བརྒྱ་ཡིས་བཀང་བས་ན། །མྱོས་ནས་སུ་ནི་བརྒྱལ་བར་འགྱུར། །དེ་ཡིས་ཇི་སྲིད་འཚོ་བར་དུ། །དེ་ནི་དེ་ཡི་དབང་དུ་འགྱུར། །ཏ་ཞེས་ བྱ་བའི་ཡི་གེ་མཆོག །འོད་ཟེར་གློག་ལྟར་གསལ་བ་སྟེ། །མདོག་ནི་རྨ་བྱའི་མགྲིན་པ་འདྲ། །ཡི་གེ་འདི་ནི་བསྒྲུབ་བྱ་ཡི། །སྙིང་དང་མགྲིན་པ་གསང་བ་དང་། །ལྟེ་བར་བཀོད་དེ་འབུགས་པར་བསམ། །ཡི་གེ་དེ་ཡིས་རྨོངས་པས་ན། །བསྒྲུབ་བྱ་སེམས་དང་བྲལ་བ་ དང་། །རྨོངས་ཤིང་བརྒྱལ་བར་གྱུར་ནས་སུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །མྱོས་ཤིང་དབང་འགྱུར་གཞན་དུ་མིན། །དེ་ཡི་དྲུང་ན་གནས་པ་ཡི། །ཐ་ཞེས་བྱ་བ་ཡི་གེ་མཆོག །མུ་མེན་གྱི་ནི་མདོག་འདྲ་དང་། །ཨུཏྤལ་སྔོན་པོའི་འདབ་མའི་འོད། །བསྒྲུབ་བྱའི་སྙིང་ག་ དཔྲལ་བ་དང་། །དེ་བཞིན་དུ་ནི་རྐང་པར་དགོད། །བསྒྲུབ་བྱའི་ལུས་ལ་དབང་པོ་ཡི། མཚོན་ཆ་བཞིན་དུ་ཐིམ་པར་བསམ། །ཡི་གེའི་རྒྱལ་པོས་མནན་པས་ན། །བསྒྲུབ་བྱ་སེམས་དང་བྲལ་འགྱུར་ཞིང་། །ས་འཛིན་གྱི་ནི་དབང་བོ་བཞིན། །འགྲོ་བ་དག་ཀྱང་བཅིངས་པར་ འགྱུར། །རེག་བྱ་མི་ཤེས་དྲི་མི་ཤེས། །སྒྲ་མི་ཐོས་ཤིང་གཟུགས་མི་མཐོང་། །ལྕེ་ཡིས་རོ་རྣམས་མི་མྱོང་ཞིང་། །དུག་གིས་བརྒྱལ་བ་བཞིན་དུ་གནས། །གང་དང་གང་གི་སྟེང་དུ་ནི། །ཉི་འོད་ལྟ་བུའི་ཡི་གེ་བསམ། །ཡི་གེའི་རྒྱལ་པོ་ཐ་ཡིས་ནི། །སྐྱེས་བུ་བཅིངས་ འགྱུར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་ད་ཡི་ནི། །སྟོང་པའི་ལས་ཀྱི་ཆོ་ག་ཉོན། །ད་ཞེས་བྱ་བ་མདོག་སྔོན་ནི། །ཆར་སྤྲིན་ནག་པོའི་འོད་དང་མཚུངས། །འོད་ཟེར་འབར་བ་རྣམ་འཕྲོ་བ། །བསྒྲུབ་བྱ་ཡི་ནི་མགོར་བསམ་ལ། །མེ་སྟག་འཕྲོ་བ་བསྒོམས་པ་ནི། །ཕྱོགས་ ཀུན་ཏུ་ནི་བསམ་པར་བྱ། །ཡི་གེའི་དབང་ཕྱུག་དེ་ཡིས་ནི། །བསྒྲུབ་བྱའི་མགོ་བོ་ཕུག་པར་བསམ། །འབར་བའི་སྤྲིན་ནི་སྟོང་ཕྲག་གིས། །དེ་ནི་ཀུན་ཏུ་བསྐོར་བར་བསམ། །དེ་ནི་བཀོད་པ་ཙམ་གྱིས་སུ། །སྡོང་གོག་དང་ནི་མཚུངས་པར་འགྱུར། །ཕུག་སྟེ་ཤིན་ཏུ་ བཅིངས་པས་ན། །འགྲོ་བའང་མི་གཡོ་བར་ནི་འགྱུར། །ཇི་སྲིད་སྒྲུབ་པོ་འདོད་བར་དུ། །སེམས་དང་བྲལ་ཞིང་བརྟན་པར་གནས། །སླར་ཡང་སྒྲུབ་པོས་བསམས་ཙམ་གྱིས། །རྨོངས་པ་ལས་ནི་གྲོལ་བར་འགྱུར། །དེ་ནས་ཡི་གེ་དྷ་ཡི་ནི། །ལས་ནི་རྨད་དུ་གྱུར་པ་ཉོན། །བྷ་ཞེས་ བྱ་བ་གཞུ་ཡི་དབྱིབས། །ཁ་དོག་སེར་པོ་གསེར་གྱི་མདོག །གསེར་ལྟ་བུ་ཡི་འོད་ཟེར་འཕྲོ། །བསྒྲུབ་བྱ་ཡི་ནི་མགྲིན་པ་རུ། །ཞགས་པ་ལྟ་བུར་འབར་བར་བསམ། །སྒྲུབ་པའི་དབང་པོས་བསྒྲུབ་བྱ་དེ། །ཁྲིད་དེ་འོང་བར་བསྒོམ་བྱས་ན། །སྒྲུབ་པ་པོ་ནི་གར་གནས་པར། ། རྨོངས་དང་བཅས་ཏེ་འོང་བར་འགྱུར། །ཇི་སྲིད་འཚོ་ཡི་བར་དུ་ནི། །ཕྱུགས་དེ་སེམས་དང་བྲལ་འགྱུར་ཞིང་། །ཉི་མ་བརྒྱད་པའི་ཆ་ལ་ནི། །རང་གི་གནས་ནས་འོང་བར་འགྱུར། །དེ་ནས་ཡི་གེ་ན་ཡི་ནི། །ལས་ཀྱི་ཆོ་གའི་སྒྲུབ་པ་ཉོན། །མདོག་ནི་དུ་བའི་ཕུང་པོ་འདྲ། །རླུང་གི་དཀྱིལ་ འཁོར་འཁྲུགས་དང་ལྡན། །བསྒྲུབ་བྱའི་སྙིང་ག་མགྲིན་པ་དང་། །ལྟེ་བ་དང་ནི་རྐང་པར་སྦྱར། །དེ་ཡིས་དགྲ་རྣམས་རང་ཡུལ་ནས། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནི་རྨོངས་པས་རང་ཡུལ་དུ། །ནམ་ཡང་ཕྱིས་ནི་འོང་མི་འགྱུར། །དེ་ནས་སྡེ་ཚན་ལྔ་པ་ནི། །ཡི་གེ་ རྣམས་ཀྱི་དབང་ཕྱུག་མཆོག །ལས་ནི་ཤིན་ཏུ་གྲུབ་པ་སྟེ། །གཞན་དང་གཞན་ནི་བཤད་པར་བྱ། །པ་ཞེས་བྱ་བ་རླུང་གི་གནས། །ཆར་སྤྲིན་གྱི་ནི་སྤྲིན་གྱིས་བསྐོར། །འབར་ཞིང་དུ་བས་འཁྲིགས་པར་ལྡན། །བསྒྲུབ་བྱ་ཡི་ནི་མགོ་བོ་དང་། །མགྲིན་པ་སྙིང་ག་རྐེད་པ་དང་། ། རྐང་པ་དག་ཏུ་བསམས་ནས་ནི། །པ་ཞེས་བྱ་བའི་ཡི་གེ་དེས། །བསྒྲུབ་བྱའི་ལུས་ནི་དཀྲི་བར་བྱ། །བསྒྲུབ་པར་བྱ་བ་ང་རྒྱལ་དང་། །ཁྲོ་བས་བརྟན་གནས་གཙོ་བོ་ཡང་། །ཡི་གེ་གཙོ་བོ་བཀོད་པ་ཡིས། །སྐད་ཅིག་གིས་ནི་བསྐྲད་འགྱུར་ཏེ། །གལ་ཏེ་ཚེ་རབས་གཞན་དག་ ལའང་། །སླར་ཞིང་ལྡོག་པར་མི་འགྱུར་རོ། །དེ་ནས་ཡི་གེ་ཕ་ཡི་ནི། །ལས་མཆོག་ང་ཡིས་བཤད་ཀྱིས་ཉོན། །ཡི་གེ་པདྨའི་མདོག་འདྲ་ཞིང་། །འབར་བ་བསྒྲུབ་བྱའི་སྤྱི་བོ་དང་། །མགྲིན་པ་སྙིང་ག་ལྟེ་བ་དང་། །གསང་བའི་གནས་སུ་བཀོད་ནས་ནི། །ཀུ་སུ་མ་ཡི་ཁུ་ འདྲ་བ། །འཛག་པ་རུ་ནི་རྣམ་བསམས་ཏེ། །བསྒྲུབ་བྱའི་ལུས་ནི་ཕྱི་ནང་དུ། །དེ་ཡིས་གང་བར་བསྒོམ་བྱས་ན། །བསྒྲུབ་བྱ་རྨོངས་ཤིང་བརྒྱལ་འགྱུར་ལ། །སེམས་མེད་ལུས་ནི་འདར་གྱུར་ནས། །རྨོངས་པས་སྒྲུབ་པ་པོ་ཡི་ནི། །དབང་དུ་འགྱུར་ཏེ་དཔྱད་མི་ དགོས། །བ་ཞེས་བྱ་བའི་རྒྱལ་པོ་ནི། །གྲུ་བཞི་པ་ལ་སྟོབས་པོ་ཆེ། །དུང་དང་ཟླ་འདྲ་དཀར་པོའི་མདོག །ཟླ་བའི་འོད་ཅན་བསྒྲུབ་བྱ་ནི། །དབུས་སུ་སྒྲུབ་པོས་པར་བསམ། །དེ་ལུས་དུག་གིས་མི་ཚུགས་ཤིང་། །ནད་ལ་སོགས་པས་གཟིར་མི་འགྱུར། །རིམས་དང་ བཀྲེས་དང་སྐོམ་མི་འབྱུང་། །འདི་ནི་རྟག་ཏུ་བསྒོམས་གྱུར་ན། །ཚེ་རིང་ནད་མེད་རྒྱལ་བར་འགྱུར། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །ཟླ་བ་དམར་དང་བཅས་པ་རུ། །ལྷན་ཅིག་ཏུ་ནི་བཟླས་གྱུར་ན། །རྟག་ཏུ་བདུད་རྩིའི་རྒྱུན་འདྲར་འགྱུར། །དེ་ནས་རྒྱལ་པོ་བྷ་ཞེས་ པའི། །ལས་ཀྱི་མཆོག་ནི་མཉན་པར་གྱིས། །དབང་པོའི་མཚོན་ཆ་ལྟ་བུ་སྟེ། །ཉི་མ་འཆར་ཁ་ལྟ་བུའི་མདོག །བསྒྲུབ་བྱ་ཡི་ནི་མགོ་བོ་རུ། །རྒྱལ་བའི་མཆོག་ནི་རྟག་བསམས་ལ། །དེ་ཡི་ལུས་ནི་མ་ལུས་པར། །ཡི་གེའི་རྒྱལ་པོས་དབུག་པར་བྱ། །རྨོངས་ཤིང་ སེམས་དང་བྲལ་འགྱུར་ཏེ། །རྡོ་རྗེ་ཡིན་ཡང་བརྒྱ་ལ་གྱུར་ནས། །མཆེ་བས་ཟིན་ལྟར་སྐད་ཅིག་ལ། །ལྟུང་ཞིང་འཆི་བ་ཉིད་གྱུར་པས། །དེ་ཡི་སྲོག་ནི་རྨོངས་པར་འགྱུར། །དགྲ་ནི་ལོ་བརྒྱར་འཚོ་བ་ཡང་། །སྐད་ཅིག་གིས་ནི་འཆི་བར་འགྱུར། །དེ་ནས་གཟི་བརྗིད་ཆེན་པོ་ ཡི། །ཡི་གེ་ཉི་ཤུ་རྩ་ལྔ་པ། །མ་ཞེས་བྱ་བ་དམ་པ་མཆོག །དེ་ཡི་ལས་ནི་ཇི་བཞིན་ཉོན། །ཙམ་པ་ཀ་ལྟར་སེར་བའི་མདོག །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །འོད་ནི་གློག་སྟོང་འཁྱུག་པ་བཞིན། །བསྒྲུབ་པར་བྱ་བའི་སྟེང་བསམས་ལ། །དེ་ཡི་འོད་ཀྱིས་ བསྒྲུབ་བྱ་ཡི། །སྟེང་དང་འོག་ནི་མ་ལུས་པར། །ལུས་ནི་ཀུན་ཏུ་གཡོགས་བསམས་ན། །གནོད་སྦྱིན་ལྷ་དང་ཀླུ་ཡི་བུ། །ཤ་ཟ་དང་ནི་སྲིན་པོ་དང་། །ཁམས་གསུམ་ཡི་གེའི་བདག་པོ་དང་། །ལྷ་དང་ལྷ་མིན་མི་དང་བཅས། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །སྐད་ཅིག་གིས་ ནི་དབང་འགྱུར་བར། །མདོར་བསྡུས་ངས་ནི་ཁྱོད་ལ་བཤད། །ཡ་ཞེས་བྱ་བ་ཡི་གེ་མཆོག །མུན་པ་དང་ནི་དུ་བའི་མདོག །རླུང་གི་དཀྱིལ་འཁོར་དབུས་གནས་ཤིང་། །རླུང་གི་གཟུགས་ཅན་ཡི་གེ་ཆེ། །རླུང་བདུན་གྱི་ནི་གཙོ་བོ་དང་། །གནས་ཞེས་བྱ་བར་བརྗོད་པ་སྟེ། །ཟླ་ ཕྱེད་ཀྱི་ནི་དབྱིབས་ཅན་ལ། །བ་དན་བརྒྱ་ཡིས་རྣམ་པར་བཀླུབས། །རྣམ་པ་བཞི་ཡི་རྟེན་གྱུར་པ། །ཕྱི་རོལ་གོས་ལྟར་དཀྲིས་པ་སྟེ། །ར་ཞེས་བྱ་བ་ཡི་གེ་མཆོག །འབར་བ་བྱེ་བ་སྟོང་དང་ལྡན། །དེ་ཡི་སྟེང་དུ་བསམ་པར་བྱ། །དུ་བ་ཡི་ནི་ཕྲེང་བས་བརྒྱན། །བསྒྲུབ་བྱའི་མགོ་ བོར་བསྒོམས་ནས་ནི། །དགྲ་བོ་ལོ་བརྒྱ་འཚོ་བ་ཡང་། །སྦྲུལ་གྱི་མཆེ་བས་ཟིན་པ་ལྟར། །སྐད་ཅིག་ཙམ་གྱིས་སྲོག་དང་ནི། །བྲལ་ཞིང་འཆི་བའི་སྒོར་གཞོལ་འགྱུར། །ལྷ་སོགས་ཐམས་ཅད་གང་རུང་གི། །སྟེང་དུ་ཡི་གེ་འདི་སྦྱར་ན། །མྱུར་དུ་ལྷུང་འགྱུར་དཔྱད་མི་དགོས། ། གདོན་དང་རིམས་རྣམས་ཐམས་ཅད་ནི། །དེ་ལ་འབབ་པར་འགྱུར་བ་དང་། །སྦྲུལ་ཆེན་བརྒྱ་ཡི་མཆེ་བ་འབབ། །དེ་ཡིས་མྱུར་དུ་འཆི་འགྱུར་ན། །གནོད་པ་གཞན་ལྟ་སྨོས་ཅི་དགོས། །ཡ་ཞེས་པ་དང་ར་ཞེས་པ། །རླུང་དང་མེ་ཡི་གཟུགས་ཅན་དུ། །ནམ་མཁའི་ ཕྱོགས་སུ་བསམས་ནས་ནི། །ནམ་མཁའི་ངོས་ནི་གཡོགས་བསམས་ན། །ཉི་ཟླ་གཟའ་སྐར་སོགས་པའང་རུང་། །ཆུ་བོ་དང་ནི་རྒྱ་མཚོ་ཡི། །དབུས་སུ་ཡི་གེ་གཉིས་པོ་དག །བསམས་ནས་ཉི་མ་བརྒྱད་པ་ལ། །རྒྱ་མཚོ་ལ་སོགས་ཐམས་ཅད་སྐམ། །ཞིང་ས་འབྲུ་ཡི་ཕུང་པོ་དང་། ། ཁྱིམ་ལ་སོགས་པའི་གནས་བསམ་ན། །ཕྱི་རོལ་མེ་ལྕེ་འབར་བ་ཡིས། །ཐམས་ཅད་ཡི་གེ་ཐལ་བར་བྱེད། །མེ་ཡི་དཀྱིལ་འཁོར་དབུས་གནས་ཏེ། །རླུང་གིས་ཀུན་ཏུ་བསྐོར་བར་ནི། །ཡི་གེ་མཆོག་ནི་གཉིས་བསམས་ན། །ལས་ནི་ཀུན་ཏུ་ཉེ་བར་གནས། །དེ་ནས་གཞན་ ཡང་ཡི་གེ་གཉིས། །སྟོབས་ཆེན་ལྡན་པ་བཤད་པར་བྱ། །དབང་ཆེན་དང་ནི་དེ་བཞིན་ཆུ། །ལས་རྣམས་ཐམས་ཅད་བྱེད་པ་པོ། །ལ་ཞེས་བྱ་བ་ས་ཡིན་ཏེ། །ས་ཞེས་བྱ་བ་འཛིན་པའི་མཆོག །དབང་པོ་རྡོ་རྗེས་མཚན་པ་དང་། །འོད་ཟེར་གློག་ལྟར་འབར་བ་སྟེ། །ཁ་ དོག་ལྔ་དང་ལྡན་པ་རུ། །ཡི་གེའི་དབང་པོ་ས་ལ་བསྒོམ། །དེ་སྟེང་ཅུ་ཡི་ཡི་གེ་ནི། །བཞི་པ་ལེགས་པར་གནས་པ་སྟེ། །དུང་དང་ཟླ་འདྲ་དཀར་པོའི་མདོག །ཁ་བའི་རྒྱུན་ནི་འབབ་པ་སྟེ། །ལ་ཡི་སྟེང་དུ་བཀོད་ནས་སུ། །ཤིན་ཏུ་བསིལ་ བའི་བདུད་རྩི་འཛག །དབང་ཆེན་གྱིས་ནི་བསྐོར་བ་ཡི། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པ། །སྤྱི་བོར་ཐིག་ལེ་དང་ནི་ལྡན། །ཆར་པའི་རྒྱུན་ནི་སྟོང་ཕྲག་འབེབས། །སྟེང་དུ་སྤྲིན་གྱི་ཕུང་པོ་ནི། །གློག་དང་འབྲུག་ལ་སོགས་པས་བརྒྱན། །བདུད་རྩི་ཆར་གྱི་རྒྱུན་ འབེབས་པ། །ནམ་མཁའ་ཐམས་ཅད་ཁྱབ་པ་རུ། །དཀྱིལ་འཁོར་གཉིས་ཀྱི་དབུས་འགྱུར་བ། །གང་གི་མགོ་ཡི་སྟེང་བསྒོམས་ན། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །ལས་ནི་ཇི་ལྟར་འདོད་བཞིན་བྱེད། །གདེངས་ཀ་གསུམ་གྱིས་མཛེས་པ་ཡི། །ལྷག་མ་ཅན་ནི་ ཞི་གཟུགས་བསམ། །དེ་ཡི་མིག་གཉིས་དབང་པོ་ཡི། །མཚོན་ཆས་བརྒྱན་པའི་དབུས་སུ་ནི། །བདུད་རྩི་འབེབས་པའི་ཨི་ཡིག་དགོད། །གྲོང་ཁྱེར་གྱི་ནི་མཐའ་མ་དང་། །བསྒྲུབ་བྱ་ཡི་ནི་སྟེང་དུ་དབབ། །དུག་དང་གདོན་དང་རིམས་ལ་སོགས། །སྐད་ཅིག་གིས་ནི་ཞི་བར་ འགྱུར། །ད་ནི་སྐྲ་དཀར་གཞོམ་པ་ཡི། །ཆོ་ག་བཤད་ཀྱིས་མཉན་པར་གྱིས། །དཀྱིལ་འཁོར་ཉིས་འགྱུར་ཡི་གེ་ནི། །དེ་ལྟར་རྟག་ཏུ་བསམས་གྱུར་ན། །ཚེ་ཐུང་བ་ཡང་རིང་འགྱུར་ན། །སྐྲ་དཀར་ལ་སོགས་སྨོས་ཅི་དགོས། །བུད་མེད་དབང་ཕྱུག་རྣམས་ལ་ནི། །འབད་ པས་ཡང་ཡང་གཡོན་བསྐོར་ཞིང་། །རང་གི་སྤྱི་བོའི་སྟེང་དུ་ནི། །ལོ་གཅིག་བར་དུ་བསྒོམ་བྱས་ན། །རྒ་བ་དང་ནི་འཆི་བ་འཇོམས། །ནད་ཀྱིས་གདུང་བར་མི་འགྱུར་ཏེ། །གལ་ཏེ་ཀླུ་ཆེན་བརྒྱད་ཀྱི་ནི། །མཆེ་བའི་དུག་གིས་ཟིན་གྱུར་ཀྱང་། །དུག་ནི་དུག་མེད་བྱས་ནས་སུ། ། དུག་གིས་བརྒྱལ་བ་སློང་བར་མཛད། །འགྲོན་པོ་ལམ་གྱིས་དུབ་པ་དང་། །གདོན་ལ་སོགས་པས་གཟིར་བ་རྣམས། །ཀུན་ལས་ཐར་བར་འགྱུར་བ་ཡིན། །བདག་གི་སྤྱི་བོར་བསམས་ཙམ་གྱིས། །སྐད་ཅིག་གིས་ནི་བཀྲེས་སྐོམ་འཇོམས། །ནད་རྣམས་ཀུན་གྱིས་གདུངས་ པ་ལ། །ཡི་གེ་བཀོད་པས་གྲོལ་བར་འགྱུར། །དེ་ལྟར་ལས་རྣམས་སྣ་ཚོགས་ནི། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །གཙོ་མོ་བཞི་ཡི་རྣམ་པ་བཞི། །ལས་ཀྱི་ཆོ་ག་རྒྱས་པ་སྟེ། །རླུང་དང་མེ་དང་བདུད་རྩི་བཅུད། །དེ་བཞིན་དྲོད་ཀྱི་སྡེ་པ་སྟེ། །གཤིན་རྗེ་བརྟན་མ་ཕྱག་ གཉིས་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ལུས་ནི་མེ་ལས་བྱུང་བ་རུ། །བསྐལ་བའི་མེ་ལྕེ་ལྟ་བུར་བསམ། །འོག་དང་སྟེང་དུ་ཝ་ཡིས་བརྒྱན། །དེ་ཡི་ཕྱོགས་ཀུན་ཐམས་ཅད་དུ། །འབར་བ་གང་གི་སྙིང་གར་བསམ། །འོད་ཟེར་འབར་བ་རྣམ་པར་འཕྲོ། ། ཝ་དང་ལྡན་པའི་ཡི་གེ་ཆེ། །ནམ་མཁའ་ཁྱབ་པས་བཅིངས་འགྱུར་ཏེ། །བརྟན་མ་ཡི་ནི་འཁྲུལ་འཁོར་གྱི། །ཡི་གེའི་རྒྱལ་པོས་བཅིངས་པས་ན། །ས་འཛིན་ལྟ་བུར་བརྟན་པར་འགྱུར། །རྐང་མེད་དང་ནི་རྐང་གཉིས་དང་། །རྐང་བཞི་ལ་སོགས་སེམས་ཅན་གྱི། ། ལྟེ་བ་རུ་ནི་བསྒོམ་བྱས་ན། །དེ་མ་ཐག་ཏུ་འཆི་བར་འགྱུར། །དེ་ཡང་བསྐལ་པའི་མེ་ལྟ་བུའི། །འོད་ཟེར་འབར་བ་འཕྲོ་བ་ཡི། །ཝ་ནི་སྟེང་དུ་བསྒོམ་པར་བྱ། །སླར་ཡང་མེ་ཡིས་འབར་བསམ་ན། །གང་གི་ལག་པ་གཡོན་པ་ལ། །ཡི་གེ་དེ་ནི་དགོད་པར་བསམ། །ཇི་ སྲིད་ལག་ཏུ་བསམ་གྱི་བར། །ས་སྟེང་གི་ནི་སྐྱེ་བོ་རྣམས། །རང་གི་གནས་ནི་དེ་ཉིད་ནས། །འབེབས་ཤིང་འགུགས་པར་བྱེད་པའི་མཆོག །འདི་ནི་གཤིན་རྗེ་བརྟན་མ་ལ། །མོས་པའི་ལས་རྣམས་བཤད་པ་ཡིན། །དབང་པོ་ཐམས་ཅད་འབེབས་པ་ཡི། གཤིན་རྗེའི་ཕོ་ ཉའི་ལས་བཤད་བྱ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །མགོ་དང་ཐིག་ལེ་སྤངས་པ་ནི། །ཨུཏྤལ་སྔོན་པོའི་འདབ་ལྟ་བུ། །གང་གི་ལྕེ་དང་རྐན་བསམས་ན། །སྐལ་བ་བཟང་པོ་འཇོམས་པར་འགྱུར། །སྙིང་དང་ཁ་དང་སྣ་དང་ནི། །མིག་དང་རྣ་བར་དེ་བཞིན་དུ། །ཡི་གེ་ དབུ་མ་བཀོད་ན་ནི། །དབང་པོ་ཐམས་ཅད་འཕྲོག་འགྱུར་ཏེ། །གཟུགས་མི་མཐོང་ཞིང་སྒྲ་མི་ཐོས། །དྲི་མི་ཚོར་ཞིང་སྟོབས་མི་འགྱུར། །དེ་བཞིན་ལྕེ་ཡིས་རོ་མི་མྱོང་། །དུག་གིས་བརྒྱལ་བ་བཞིན་དུ་གནས། །ལས་རྣམས་དེ་དག་ཐམས་ཅད་ལ། །ཡིད་ཀྱིས་བཟློག་ན་གྲོལ་ བར་འགྱུར། །གཤིན་རྗེ་མཆེ་བ་དུ་བའི་མདོག །སྲེག་པའི་བསྐལ་བ་ལྟ་བུ་སྟེ། །ཐམས་ཅད་ཁྱབ་པར་འཁྱམས་འགྱུར་པ། །སྣ་ཚོགས་འོད་ཅན་བསྒོམ་པར་བྱ། །དྲོད་ཀྱི་སྡེ་པའི་ཡི་གེ་ས། །དུ་བ་དང་ནི་རླུང་གི་མདོག །སྙིང་དང་ལག་པ་རྐང་པར་ དགོད། །ཁམས་གསུམ་ཡང་ནི་བསྐྲད་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས། །ཐིག་ལེར་བཅས་ཤིང་ཧ་དང་ནི། །བཅས་པ་གང་གི་ལྕེ་སྟེང་དུ། །བསམས་ན་ཕུར་བུ་ལྟ་བུར་འགྱུར། །ཡི་གེ་དགེ་བ་དེ་ཉིད་ནི། །རྟག་ཏུ་ལྕེ་སྟེང་བསམས་ན་ནི། །ལན་ཅིག་བཟླས་ པས་ཟིན་འགྱུར་ཏེ། །དེ་ནི་སྙན་དང་གས་མཁན་པོར་འགྱུར། །དེ་ལྟར་ས་དང་ས་མཐའ་ཡི། །ཡི་གེའི་ཆོ་ག་བཤད་པའོ། །འཇིག་རྟེན་གསུམ་པོ་འཇོམས་བྱེད་མ། །འོད་ཟེར་དམར་པོ་གཟི་བརྗིད་ཆེ། །ཉི་མ་བྱེ་བ་ལྟ་བུའི་འོད། །ཅུང་ཟད་སྔོ་བ་འཇིགས་ཆེན་མོ། །མ་ ཧེ་དང་ནི་རྟ་དག་ནི། །འཁྲུལ་འཁོར་སྦྱོར་བ་ཀུན་ལ་བསམ། །དེ་ཡིས་ཡི་གེའི་རྒྱལ་པོ་ནི། །གཟི་བརྗིད་ཆེན་པོའི་ཡི་གེ་ཧ། །དེ་ཡི་ལས་ནི་སྣ་ཚོགས་མཆོག །འདོད་པའི་ལས་ནི་བཤད་པར་བྱ། །དེ་ལྟར་བདག་ལུས་རྟག་ཏུ་ནི། །ཡི་གེ་ལྔར་ནི་བསམ་བྱས་ན། །འགྲོ་ བ་རྣམས་ཀྱི་བྱ་བ་ནི། །ཚིག་གིས་ཐམས་ཅད་བྱེད་པར་འགྱུར། །ས་སྟེང་ལྷ་དང་ལྷ་མིན་དང་། །མི་དང་བཅས་པ་འབེབས་བྱེད་ཅིང་། །སྒྲུབ་པ་པོ་ནི་དུས་མིན་པར། །འཆི་བ་དག་ནི་འཇོམས་པར་བྱེད། །སྒྲུབ་པོ་ཡིད་ལ་འདོད་བཞིན་དུ། །ནད་རྣམས་ཐམས་ཅད་གནོན་ པར་བྱེད། །ངག་ཙམ་གྱིས་ནི་དཔུང་ཚོགས་དང་། །ཆུ་དང་རྒྱ་མཚོ་འཆིང་བ་དང་། །གྲུ་དང་ཁྱོགས་དང་འཁྲུལ་འཁོར་དང་། །རྟ་དང་གླང་པོ་ལ་སོགས་འཆིང་། །ཤིང་ཆེན་ས་ལ་སྒྱེལ་བ་དང་། །སེམས་ཅན་རྣམས་ནི་དབང་དུ་བྱེད། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་ བ་རྣམས་ནི་འདོད་བཞིན་བྱེད། །ཧ་ཞེས་བྱ་བའི་ཡི་གེ་མཆོག །མགོ་དང་བྲལ་ཞིང་ཐིག་ལེས་བརྒྱན། །དེ་ཡི་ལས་རྣམས་མ་ལུས་པ། །ཕན་པ་བཤད་ཀྱིས་མཉན་པར་གྱིས། །ཁྱབ་བྱ་ཁྱབ་བྱེད་སྟོང་པ་སྟེ། །ཀུན་ཏུ་འགྲོ་བ་མི་ཤིགས་པ། །ཤིན་ཏུ་སྟོང་དང་སྟོང་པ་སྟེ། ། དེ་ནི་སེམས་མེད་གཉིད་ལོག་པ། །སད་པ་དང་ནི་བྲལ་བ་སྟེ། །དེ་ནི་ཅི་ཡང་སྣང་མི་འགྱུར། །ལྷ་དང་ལྷ་མིན་གནོད་སྦྱིན་མིན། །མིའམ་ཅི་དང་དྲི་ཟ་མིན། །ཀླུ་རྣམས་དང་ནི་སྲིན་པོ་དང་། །རྒྱ་མཚོ་དང་ནི་རི་རབ་མིན། །ཆུ་བོའི་ཤིང་དང་ནགས་ཚལ་དང་། །དེ་བཞིན་ས་སོགས་ མ་ཡིན་ཏེ། །འཇིགས་རུང་དམྱལ་བ་ལ་སོགས་མིན། །མེ་དང་དུ་བ་སོགས་མིན་ཞིང་། །ཉི་མ་ཟླ་བ་གཟའ་སྐར་མིན། །མི་དང་ཤ་ཟ་ལ་སོགས་མིན། །མངལ་སྐྱེས་དང་ནི་དྲོད་ལས་སྐྱེས། །སྒོ་ང་དང་ནི་རླན་སྐྱེས་མིན། །ཐང་ལ་གནས་དང་ཆུ་གནས་མིན། །པདྨ་ལས་ ནི་སྐྱེས་པ་དང་། །དབང་པོ་ཁྱབ་འཇུག་བདེ་བྱེད་མིན། །རླུང་དང་མཁྲིས་པ་བདེ་ཀན་སོགས། །འབྱུང་བའི་ཚོགས་ལ་སོགས་མིན་ཏེ། །ཧ་ཞེས་བྱ་བ་ཡི་གེ་མཆོག །རྟག་ཏུ་བསམས་ན་དམིགས་མི་འགྱུར། །ལོ་གཅིག་བར་དུ་བསྒོམས་གྱུར་ན། །རྒ་དང་ནད་ཀུན་འཇོམས་ འགྱུར་ཏེ། །དེ་ལ་དུག་ཀྱང་མི་འཕོ་ན། །ནད་ཀྱི་འཇིགས་པ་ག་ལ་ཞིག །དུག་ནི་ཁུར་བུ་བརྒྱ་ཟོས་ཀྱང་། །དེ་ནི་འཆི་བར་མི་འགྱུར་རོ། །རྟག་ཏུ་སྟོང་ཉིད་བསྒོམས་ན་ནི། །དེ་ནི་ཐར་འགྱུར་ཐེ་ཚོམ་མེད། །མགོ་དང་བྲལ་བའི་ཡི་གེ་ཀྵ། །དེ་ཉིད་མཆོག་ཏུ་ཐིམ་ནས་སུ། ། བསྒོམས་ནས་སྐད་ཅིག་མངོན་ཤེས་སྐྱེ། །ཐིག་ལེར་ལྡན་པའི་སྦྱོར་བ་ཡིས། །རྐན་དང་སྣ་སྒོའི་ལམ་དུ་ནི། །རི་མོ་དག་ནི་ཞུགས་པ་བསམ། །རི་མོ་མར་མེའི་རྩེ་ལྟ་བུ། །དཀྱིལ་འཁོར་བཞི་ཡི་གཟི་ཅན་བསམ། །རྟག་ཏུ་རྐན་ནི་ཕུག་སྟེ་གནས། །རྟག་ཏུ་སྦྱོར་བར་གནས་པ་ཡིས། ། ཉི་མ་བདུན་ན་མཐོང་འགྱུར་ཏེ། །འདི་དང་མཚུངས་པ་ཡོད་མ་ཡིན། །བྲམ་ཟེ་གསོད་པའང་ཉིན་བདུན་གྱིས། །རྩེ་མོ་རྒྱས་པར་མཐོང་འགྱུར་ཏེ། །དེ་ལྟར་མཐོང་བའི་རྣལ་འབྱོར་པས། །གཞན་གྱི་གྲོང་སོགས་འདོད་བཞིན་འགྲོ། །ཀྵ་ཡི་རྒྱལ་པོ་འདི་ཉིད་ཀྱི། །ལས་ནི་ བསམ་གྱིས་མི་ཁྱབ་གནས། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །བརྟུལ་ཞུགས་མ་ནི་ཁྱོད་ལ་བཤད། །རེ་རེ་ཡི་ནི་ལས་རྣམས་ཀྱང་། །བསྟན་པ་རུ་ནི་ནུས་མ་ཡིན། །སྐྱེ་བོ་རང་དོན་བྱེད་པ་ཡི། །ཡིད་བཞིན་ནོར་བུ་ལྟ་བུ་ཡིན། །ཡི་གེ་སྡེ་ཚན་སོ་སོ་ཡི། །ཡི་གེ་ དག་ནི་སོ་སོ་ཞིང་། །རེ་རེའང་སྦྱོར་བ་བཞི་བཞི་སྟེ། །གཅིག་ཀྱང་བཞི་རུ་སྦྱོར་བ་བཞིན། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཆེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཤེས་རབ་ཐབས་ནི་མ་གཏོགས་པར། །གོ་འཕང་མཆོག་ནི་འཐོབ་མི་འགྱུར། །སྒྱུ་མ་ཆེ་ དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཨཱ་ལི་ཀཱ་ལིའི་སྔགས་ཀྱི་སྒྲུབ་ཐབས་འབྱུང་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ། སླར་གསོལ་པ། ཁྱོད་ཀྱིས་སྔར་བཤད་གསང་བ་དང་། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཡི་གེ་བཅུ་དྲུག་རིག་པ་ཆེ། །བདེ་མཆོག་ བླ་མར་བཤད་པ་དང་། །ཁམས་རྣམས་དང་ནི་དེ་བཞིན་རྩ། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་དང་། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་དབྱེ་བ་ད་ག །ཇི་ལྟར་ནང་དུ་ཡང་དག་གནས། །དེ་རྣམས་དབྱེ་བ་དེ་བཞིན་གསུངས། །བཀའ་སྩལ་པ། སྒྱུ་མ་ཀུན་གྱི་རྣམ་རོལ་པའི། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སངས་རྒྱས་ཀུན་ལའང་གསང་བ་སྟེ། །གཞན་རྣམས་ལ་ལྟ་སྨོས་ཅི་དགོས། །སྒྱུ་མ་ཆེན་པོ་བཅུ་དྲུག་ནི། །མ་མོ་ཉིད་དུ་རབ་ཏུ་བཤད། །དེ་ཡིས་ནང་གི་དཀྱིལ་འཁོར་དུ། །གྱུར་པ་ཉིད་དུ་ཐེ་ཚོམ་མེད། །རྣལ་ འབྱོར་པ་ཡི་བདུད་རྩི་སྦྱོར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སླར་ཡང་བདུད་རྩི་རྫས་རྣམས་ནི། །ད་ནི་བཤད་ཀྱིས་མཉན་པར་གྱིས། །ར་ནི་དམར་ཆེན་པོ་ཡི་ཁམས། །ཧ་ཞེས་བྱ་བ་རི་ལས་སྐྱེས། །སེ་ནི་གནད་པ་ཏྲ་སྟེ། །པ་ནི་པགས་པར་བསྟན་པ་ཡིན། །ར་ཞེས་ བྱ་བ་དྲི་རུ་གསུངས། །མེ་ཞེས་བྱ་བ་མེ་ཏོག་སྟེ། །དེ་བཞིན་ར་ནི་ཆུ་ཡིན་ནོ། །མེ་ཞེས་བྱ་བ་པི་སི་ཏ། །ས་ནི་ཀུན་དུ་རུ་ཉིད་ཡིན། །རེ་ནི་ས་རི་ཞེས་བྱ་སྟེ། །ཨཱཏྨ་ཞེས་བྱ་ན་ལ་ཛ། །ནི་ཞེས་བྱ་བ་དྲི་ཡི་མར། །ས་ནི་སོ་དང་ལག་སྐྱེས་ཡིན། །དཱ་ནི་རྒྱ་མཚོ་ལས་བྱུང་ བ། །སྠི་ནི་ཁ་བའི་སྙིང་པོ་ཡིན། །ཏ་ཞེས་བྱ་བ་ག་བུར་ཏེ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །རྟག་ཏུ་ཡེ་ཤེས་དམ་པ་མཆོག །རྩ་རྣམས་ཐམས་ཅད་ཡང་དག་འདུས། །དེ་དག་ལྷ་མོ་ཁྱོད་ལ་བསྟན། །གསང་སོགས་རྣལ་འབྱོར་པ་ཡི་རྫས། །བཤང་དང་གཅི་སོགས་ ལྔ་ལ་བྱ། །ཁམས་རྣམས་བསྡུས་པའི་སྡེ་ཚན་ནི། །དེ་ལྟར་བཅུད་ལེན་བསྟན་པ་ཡིན། །མཁའ་འགྲོ་ཀུན་དངོས་ཆགས་པ་ཡི། །སེམས་དཔའ་རྡོ་རྗེ་ལས་བྱུང་བ། །པདྨ་འབྱེད་པའི་སྦྱོར་བ་ཡིས། །པདྨ་གར་དབང་ཞེས་བྱ་སྟེ། །སྟེང་དུ་གསལ་བར་འཕྲོ་བས་ན། །རྡོ་རྗེ་ཉི་ མ་ཞེས་བྱ་ལ། །འདི་ནི་གསལ་ཞིང་འབར་བས་ན། །རྣམ་སྣང་མཛད་ཆེན་ཐུབ་པའང་ཡིན། །རླུང་ནི་སྣ་ཚོགས་ལས་བྱུང་བ། །ཁྱད་པར་སྤྱོད་པས་རྟ་མཆོག་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཕན་ཚུན་གཉིས་མེད་རང་བཞིན་ནོ། །གནས་དེར་ཉི་མ་ནུབ་པ་ཡི། །སྤྲུལ་བའི་ སྐུ་ཡི་གཟུགས་ཀྱི་བདག །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྙོག་པ་མེད་པ་སྟེ། །འཁོར་བའི་ལམ་ནི་གཅོད་པ་པོ། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ། །མཁའ་འགྲོ་མ་ཀུན་སྒྲ་རུ་བཤད། །ཡང་ན་མཁའ་འགྲོ་མ་ཀུན་གྱི་སྒྲས་ནི་རབ་ཏུ་ གཏུམ་མོ་ལ་སོགས་པ་ལ་བྱ་ལ་དངོས་པོ་ནི་རང་བཞིན་ཏེ། །དེ་རྣམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་སེམས་དཔའི་སྒྲར་བརྗོད་དེ། །མི་ཤེས་པའི་རི་བོ་འཇོམས་པས་ན་ཡེ་ཤེས་ཉིད་ནི་རྡོ་རྗེའོ། །སེམས་དཔའ་རྣམ་པ་ གཉིས་གསུངས་ཏེ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །བཅུད་ནི་རྒྱུ་བ་ཞེས་བཤད་ལ། །དེ་བཞིན་སྣོད་ནི་བརྟན་པའོ། །རེ་རེ་ཞིང་ཡང་གཉིས་གཉིས་ཏེ། །སྐལ་བ་བཟང་དང་སྐལ་ངན་ནོ། །ས་དང་ཆུ་དང་མེ་རླུང་གི། །གཟུགས་ནི་རྣམ་པ་བཞི་རུ་གནས། །འདི་ནི་ཞེས་བྱ་བ་ ནི་བཅོམ་ལྡན་འདས་དེ་ཉིད་དེ་རང་བྱུང་བས་ན་རང་བྱུང་བཅོམ་ལྡན་འདས་སོ། །རང་བྱུང་བ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་རྗེས་སུ་དཔག་པའི་རང་བཞིན་གྱི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སོ། །ཡང་ན་ཉོན་མོངས་པ་ ལ་སོགས་པའི་བདུད་བཅོམ་པས་ན་བཅོམ་ལྡན་འདས་ཏེ། རང་བྱུང་བཅོམ་ལྡན་འདས་དེ་ཉིད་ལྷག་པའི་ལྷ་ནི་གཅིག་ཉིད་དེ་ལྷ་ཉིད་ཡིན་ཞིང་ལྷག་པ་ཉིད་ཀྱི་ཕྱིར་ལྷག་པའི་ལྷ་སྟེ། ལྷག་པའི་ལྷ་ཡི་སྒྲར་གང་སྔར་བསྟན་པའི་ཁམས་རྣམས་ཀྱི་ནང་ན་གཙོ་བོ་དང་དམ་པར་ གྱུར་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡང་དག་པར་སྐྱེད་པར་བྱེད་པའི་ཁུ་བ་དང་ཁྲག་གོ། །མཆོག་ཏུ་བདེ་བ་དེ་ལས་སྐྱེས་ཤིང་བྱུང་བས་ན་འབྱུང་གནས་ཏེ། ངེས་འབྱུང་ནི་སེམས་སྐྱེད་པའི་བཞེད་གཞུང་གསུངས་པའོ། །སྒྲ་ནི་དབྱངས་ཏེ། ཤེས་རབ་ཀྱི་དབྱངས་ ཀྱི་རྗེས་སུ་འཇུག་པའོ། །ཚུལ་ནི་སྒྲར་བཏགས་པ་སྟེ། དེ་ལས་བྱུང་བའོ། །བསྟེན་ཅིང་བསྙེན་པར་བྱས་པས་ན་དམ་ཚིག་སྟེ། ཡུལ་ཅན་གྱིས་ཡང་དག་པར་བཞག་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་དང་། དོན་དམ་པར་དབྱེར་མེད་པས་ཉེ་བར་བརྟགས་ནས་ ཡུལ་ཅན་དབང་པོ་ལ་ཡང་ཡུལ་ཞེས་བྱའོ། །སྤྱོད་པ་ནི་དབང་པོ་བཅུ་གཉིས་པོ་དེ་རྣམས་ཀྱི་ཉེ་བར་རྒྱུ་བ་སྟེ། དེ་རྣམས་ཀྱི་རྣམ་པར་ཤེས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་སྤྱོད་ཡུལ་ལོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་ པའི་དངོས་པོ་གསུམ་ལས་རྙེད་པར་མི་འགྱུར་བའི་མཚན་ཉིད་དེ་ཐོག་མ་དབུས་མཐར་ཡང་དག་གནས་པའོ། །དེ་ལ་ཐོག་མ་ནི་གསང་བ་སྟེ། འདི་སྐད་ཅེས་བྱ་བ་སྔར་འབྱུང་གནས་སུ་གྱུར་པའི་རིག་པའོ། །མཐའ་ཞེས་བྱ་བ་ནི་དགེས་བ་སྟེ་ཐོས་བ་ཞེས་བྱ་བ་བསྟེན་པར་བྱའོ། ། དབུས་ཞེས་བྱ་བ་ནི་མཆོག་སྟེ། བདག་གི་ཞེས་བྱ་བ་ཤིན་ཏུ་དམ་པར་གྱུར་པའོ། །ཡང་དག་གནས་ནི་ཐམས་ཅད་བདག་ཉིད་དེ། དུས་གཅིག་ན་ཞེས་བྱ་བའོ། །བཅོམ་ལྡན་འདས་མ་སྒྱུ་མ་ཆེན་མོ་དེ་ཉིད་ངན་པར་སྤྱོད་པ་སྟེ། ལོ་བརྒྱད་པ་དང་རྡོ་རྗེ་པདྨོ་སྦྱོར་བས་བྱུང་བའི་ཁྲག་ དང་བཅས་པའོ། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་རྡུལ་གྱི་ནི། །བཅུ་དྲུག་ཆར་ཡང་མི་ཕོད་པ་སྟེ། དེ་ལ་བཅུ་དྲུག་ཆ་ནི་བུད་མེད་ཀྱི་སྐུད་པ་ལས་བྱུང་བའི་ཁམས་རྣམས་སྐུད་པ་བཅུ་དྲུག་དང་ལྷན་ཅིག་ཏུ་བསྒྲིལ་བ་སྟེ་ཆགས་པ་ཆེན་པོ་ཞེས་བྱ་བ་གང་ཡིན་པའོ། །དེ་ལྟར་ སྐུད་པ་བཅུ་དྲུག་དང་བསྒྲིལ་བའི་ཆ་ཤས་བཅུ་དྲུག་གོ། །བསྡུས་བྱས་ཞེས་བྱ་བ་བདུད་རྩི་ལྔའི་སྙིང་པོའི་གོང་བུར་བྱས་པ་སྟེ། བདུད་རྩི་ལྔ་ཡི་སྦྱོར་བར་གྱུར་པའོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏེ་སྡེ་ཚན་རྣམས་ཀྱིས་བསྡུས་ཤིང་བསྟན་པའི་ཁམས་གང་དང་གང་ཡིན་པའི་ རླན་དེ་དང་དེས་བོན་དང་བསྒྲིལ་ཏེ་བརྟག་པར་བྱའོ། །ལྷའི་བདེ་བ་ཞེས་བྱ་བ་ནི་དེ་བདུད་རྩི་ལྟར་ཡོངས་སུ་སྨིན་པས་རང་གིས་སྐུ་རྡོ་རྗེར་གྱུར་པའི་སྐད་ཅིག་གོ། །མིའི་ཡིན་པས་ན་མི་ཡིས་སྟེ་ངེས་པར་གསལ་བའི་བདེ་བའོ། །དེ་ཡང་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་རྟག་ཏུ་བདེ་ བའི་གསལ་བས་མཚན་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་བའི་སེམས་ཀྱི་རྡོ་རྗེ་མངོན་དུ་བྱ་ཞིང་བདེ་བ་བསྟེན་པ་ལས་བདེ་བ་ཉིད་དུ་སྐྱེ་བར་འགྱུར་ཏེ། ཐེར་ཟུག་ཏུ་བདེ་བ་སྟེར་བས་སོ། །དེ་ཡང་དཔེར་ན་མངར་པོས་བསྒོས་པའི་ས་བོན་ནི། །མངར་པོ་ཉིད་ནི་བསྟེན་པ་ དང་། །གང་ཕྱིར་མངར་པོས་བསྐྱེད་བྱས་ན། །དེ་ཡི་རོ་ནི་མངར་པོར་འགྱུར། །དེ་བཞིན་དུ་ཆོས་ཀྱི་བདུད་རྩི་ལས་བྱུང་བའི་བདེ་བ་བསྟེན་ན་བདེ་བ་འཕེལ་བར་འགྱུར་རོ། །དེ་དང་མཉམ་པ་དངོས་པོ་གསུམ་པོ་གང་ན་ཡང་ཡོད་པ་མ་ཡིན་ཏེ་ཆ་ཤས་ཀུན་དང་མཚུངས་པ་ལྟ་ཞོག །དེའི་རྡུལ་ ཕྲ་རབ་ཀྱི་ཆ་དང་མཚུངས་པ་ཡང་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་ནི་རྡོ་རྗེ་ཕྲ་མོའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ། །མཐུ་དང་ངོ་བོ་ཉིད་དག་དང་། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །དེ་ཡི་རང་བཞིན་གཏམ་དག་ནི། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། ། གང་ཞིག་ཕྱི་རོལ་སྦྱོར་ལ་དགའ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྦྱོར་བའི་མཆོག་ནི་འདི་མཐོང་ན། །གཞན་དག་འབུས་ཟོས་རྩྭ་དང་འདྲ། །ད་ནི་ཆུ་སྐྱེས་ཆེན་པོའི་ཡོན་ཏན་དང་ལྡན་པའི་གནས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། མི་གསལ་བརྡ་ཡི་ཚུལ་གྱིས་ནི། །གནས་ ནི་གསང་བ་ཞེས་བྱར་བཤད། །མི་གསལ་བ་ཡི་དངོས་པོར་ནི། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །འདི་ནི་རྟོག་པ་ལ་བརྟེན་ནས། །གནས་ནི་གསང་བ་བཤད་པར་བྱ། །དགོན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །གཞན་ཡང་དགོན་ཆེན་ཞེས་བྱ་བ་ནི་ཤེས་རབ་སྟེ། སྔགས་ཀྱི་ཡོན་ཏན་གྱི་ཤིང་གི་ཚོགས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་རང་བཞིན་གྱིས་ལྷའི་བདག་ཉིད་པས་ནས་ཕྱོགས་སོ། །རིགས་མཐའ་ཡས་པའི་རང་བཞིན་གྱི་ཕྱིར་མང་པོའི་ཚིག་གོ། །བདག་དང་སེམས་ཅན་ལ་སོགས་པར་རྟོག་པ་དང་བྲལ་བས་ རྣམ་པར་དབེན་པ་སྟེ། །ལྟ་བ་ངན་པར་རྣམས་ཀྱིས་གཞིག་པར་མི་ནུས་པའི་ཕྱིར་རི་བོའོ། །འཇུག་པར་དཀའ་བའི་ཕྱིར་རི་འོར་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཆུ་བོའི་གནས་སུ་གྱུར་པས་རྒྱ་མཚོ་ཆེན་པོའི་འགྲམ་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱིན་པ་ལ་ སོགས་པའི་རང་བཞིན་རྣམ་པར་དག་པ་གྲུབ་པས་གདོད་ནས་གྲུབ་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་འདོད་ཆགས་ཀྱི་མེས་བསྲེགས་པས་དུར་ཁྲོད་དོ། །དེ་ལྟར་ན་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་རྣམ་པར་དག་པས་གནས་རྣམ་པ་ལྔར་བསྒྲགས་སོ། །ཆུང་ངུ་ནི་དང་པོར་ལོ་ བཅུ་གཅིག་མའི་པདྨ་དང་རོལ་པས་བཅུད་ཀྱིས་ལེན་བསྒྲུབ་པར་བྱའོ། །གཉིས་པར་ལོ་བཅུ་གཉིས་མ་དང་རོལ་པས་ནི་དམ་ཚིག་དོན་དུ་གཉེར་བར་བྱའོ། །གསུམ་པར་ལོ་བཅུ་དྲུག་མ་དང་ལྷན་ཅིག་ཏུ་དགའ་བས་ནི་སྔགས་རྣམས་གོམས་པར་བྱའོ། །བཞི་པར་ལོ་ཉི་ཤུ་མ་ དང་ནམ་མཁར་འཕུར་བ་བསྒྲུབ་པར་བྱའོ། །ལྔ་པར་ལོ་ཉི་ཤུ་རྩ་ལྔ་མ་དང་དབང་བསྐུར་བར་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་ལྟར་ན་དབུགས་འབྱུང་མཆོག་དང་བར་མ་དང་། ཞེས་བྱ་བ་གནས་ལྔ་པོ་དེ་དག་དང་རིམ་པ་བཞིན་དུ་སྦྱར་རོ། །དེ་ལ་རིགས་ལྡན་རྣམས་ནི་ རྡོ་རྗེ་རིགས་ཀྱི་བུ་མོ་ལ་སོགས་པ་རྣམས་དྲི་ཡི་ཆུས་མཆོད་པར་བྱ་སྟེ། བཅས་པ་ཞེས་བྱ་བ་ནི་རིགས་ཀྱི་བུ་མོ་དེའི་མེ་ཏོག་བཟུང་ལ་མཁས་པས་རང་གི་ཁུ་བ་དང་བཅས་པས་མཆོད་དོ། །རྟག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུ་རྒྱུན་མི་འཆད་པར་ཏེ། །དུས་ཀྱི་ཁྱད་པར་ཞེས་བྱ་བ་སྔ་དྲོའི་ དུས་སུའོ། །གཞན་ཡང་ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བ་ཐུན་མོང་གི་དངོས་གྲུབ་དང་ལྡན་ཞིང་སྒྲུབ་པ་པོ་ལ་བརྩེ་བ་སྟེ། །ཐིག་ལེ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ། །གཞན་ཡང་དགོན་པ་ཆེན་པོ་ཞེས་བྱ་བ་ནི་བུད་མེད་ཀྱི་ཕྱག་རྒྱ་སྟེ། འདོད་ཆགས་ ལ་སོགས་པའི་ཉོན་མོངས་པའི་ནགས་ཚལ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཐབས་ཀྱིས་ཡོངས་སུ་སྦྱངས་ན་བྱང་ཆུབ་ཀྱི་ལམ་སྟེ། ཡོངས་སུ་སྦྱངས་པ་ནི་མཐར་ཐུག་པར་མོན་པའོ། །དེའི་དྷར་མོ་ད་ཡ་ནི་ས་ཕྱོགས་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ པའི་རྡོ་རྗེ་རིགས་ལ་སོགས་པའི་བུ་མོ་བས་ན་རྣམ་པར་དབེན་པའོ། །དེ་ཉིད་བདེ་བ་ཆེན་པོས་མི་གཡོ་བས་ན་རི་བོའོ། །སེམས་ཅན་དམན་པས་འཇུག་པར་དཀའ་བས་ན་རི་འོར་ཏེ་ཕུག་དང་ལྡན་པས་ན་ཚང་ཚིང་ངོ་། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རྒྱ་མཚོའི་གནས་ པས་རྒྱ་མཚོའི་འགྲམ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཉམ་པར་གནས་པས་ན་དུར་ཁྲོད་དོ། །གདོད་ནས་གྲུབ་པ་ནི་རྟག་ཏུ་གྲུབ་པ་སྟེ། འཆར་བ་དང་ནུབ་པ་སྤངས་ཤིང་ནམ་མཁའ་ལྟར་ཡོངས་སུ་གྲུབ་པས་རྟག་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་དམིགས་པས་དེའི་རང་ བཞིན་དུ་བྱས་པའོ། །ནི་ཞེས་བྱ་བ་ནི་འདུས་པ་སྟེ་དེ་དང་ལྡན་པའི་ཕྱིར་རོ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས་ཞེས་བྱ་བ་ལ་སྣ་ཚོགས་ནི་རྣམ་པ་དུ་མ་སྟེ། པདྨ་ནི་གཟུགས་ཀྱི་ཚིག་བླ་དགས་སོ། །རས་ནི་གསལ་བར་མ་བྱས་པ་སྟེ། གཡོགས་པ་ནི་ཤིན་ཏུ་མི་མངོན་པར་བྱས་ བའོ། །སྟན་ནི་རིག་པ་ཉིད་གདན་དུ་བྱས་པ་སྟེ་དག་པ་ནི་འཇམ་པའོ། །ལྷ་མོ་རྣམས་ཀྱི་པདྨ་རང་གི་མཚན་མའི་གོས་རྒྱན་གྱིས་བརྒྱན་པའོ། །གཞག་པ་ནི་མཆོད་པར་བྱ་བ་སྟེ། ཡང་དང་ཡང་དུ་འདོད་པས་མཉེས་པར་བྱ་བའོ། །སྡོམ་པ་ནི་བདེ་བའི་མཆོག་གོ། །པདྨའི་ ཁྲག་དང་ཞེས་བྱ་བ་ནི་དེ་བཞིན་དུ་ཁྲག་ནི་བཅུད་ཀྱིས་ལེན་པ་སྟེ། ཁྲག་ནི་པདྨ་ཡིན་ལ་བཤང་བ་ལ་སོགས་པ་ནི་བཅུད་ཀྱིས་ལེན་ཏོ། །དེས་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁྲག་ཆེན་ག་བུར་བཅས་པ་དང་། །ཙནྡན་དམར་པོར་སྦྱར་བ་དག །ཚོགས་ཀྱི་ནང་དུ་ཞུགས་པ་ན། ། ར་ས་ཡ་ན་བླ་ན་མེད། །ཅེས་བྱ་བ་ལ་ཁྲག་ཆེན་ནི་དུས་སུ་འབབ་པའི་ཟླ་མཚན་དུ་གྱུར་པའོ། །ཙནྡན་དམར་པོ་ནི་ཤ་སྟེ་དེ་དང་བཅས་པའོ། །ཚོགས་ཀྱི་ནང་དུ་ཞུགས་པ་ནི་དབང་པོ་ཐམས་ཅད་ལས་བྱུང་བ་སྟེ། །དེ་དག་ཐམས་ཅད་ཀྱི་བཅུད་ནི་ར་ས་ཡ་ནའོ། །བཟའ་བར་བྱ་ཞེས་ བྱ་བ་ལ། ཆོ་ག་གང་གིས་བཟའ་བར་བྱ་ཞེ་ན། སྦོམ་པོའམ་མཐའ་ལྟག་ཅེས་བྱ་བ་ལ་སྦོམ་པོ་ནི་རྡོ་རྗེའོ། །མཐའ་ལྟག་ནི་བྷ་ག་སྟེ། ཨ་ནཱ་མ་ཞེས་བྱ་བ་མིང་གིས་བསྙད་པའི་ཕྱིར་རོ། །ཁར་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁས་རང་གི་ལྷ་ཡི་ཁར་རོ། །དེ་ཡང་དང་པོར་བླ་ མར་དབུལ་བྱས་ཏེ། །དེ་ནས་སངས་རྒྱས་རྣམས་ལ་དབུལ། །ཕྱག་རྒྱ་ལ་ནི་བྱིན་ནས་སུ། །ཞི་བའི་བཏུང་བ་བཞིན་དུ་མྱང་། །མཆོད་པ་བཞི་ཞེས་བྱ་བ་ལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་སྒོམ་པ་པོས་ནི། །དུས་བཞིར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་དང་། རྣམ་པར་ཐར་པའི་སྒོ་བཞིའི་བདག་ཉིད་ཅན་ཇི་སྲིད་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་བཟུང་སྟེ། གཟུགས་ཡོངས་སུ་རྫོགས་པའི་བར་དུ་ངེས་པར་བྱས་པས་མཆོད་པར་བྱའོ། །དཔའ་བོ་དང་ནི་སྙོམས་འཇུག་པ་ཞེས་བྱ་བ་ནི། གཞན་ཡོངས་སུ་རྫོགས་པའི་རིམ་པ་ལ་གནས་པའི་ སྒོམ་པ་པོའི་སྟེ། དུས་ཀྱི་ངེས་པ་མེད་ཅིང་ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་རྟག་ཏུ་གནས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། ཡིད་ནི་ནང་དུ་ཆུད་པའི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་མ་མོའི་ཤེས་རབ་དང་ཇི་ལྟ་བ་བཞིན་དུ་མཉམ་པར་སྦྱོར་བ་དང་ལྡན་པས་ མཆོག་ཏུ་དགའ་བ་རྣམ་པར་སྤྲོ་སྟེ། གནས་པས་ཚིམ་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མཆོད་པས་ཐ་མ་མཆོག་དང་བར་མ་སྟེ། ཐ་མ་ནི་ཆགས་པ་ཆེན་པོའི་ཚུལ་ལོ། །དེ་ཡང་རྡོ་རྗེ་ཅན་གྱིས་ཐམས་ཅད་བསྡུས་ནས་བཙུན་མོའི་བྷ་ག་བདེ་བ་ཅན་དུ་སྤྲོས་ལ། དེར་ ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་དང་སྦྱར་བ་སྟེ། གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ། །བར་མ་ནི་བདག་གི་དེ་ཁོ་ན་ཉིད་དེ། རྡོ་རྗེ་འཛིན་པས་འཁོར་ལོ་ཐམས་ཅད་རང་གི་དབུས་སུ་བསྡུས་ལ། རྡོ་རྗེ་ཀུན་གྱི་རང་བཞིན་དུ་བྱས་པ་ཆོ་ག་དེས་བསྒོམས་པ་ནི་མཆོག་ གོ། །བུད་མེད་ཀུན་གྱི་སྒྱུ་མ་ཞེས་བྱ་བ་ལ་བུད་མེད་ཀུན་ནི་གཟུགས་ལ་སོགས་པའོ། །སྒྱུ་མ་ནི་ཡོན་ཏན་ཏེ་རང་བཞིན་གྱིས་སྐུ་ལ་སོགས་པས་གནས་པའོ། །སྒྱུ་མ་སྟེ་ཡོན་ཏན་གྱི་སྒྱུས་མ་ལུས་པ། སྒྱུ་མའི་དོན་དུ་གསུངས་སོ། །མ་ལུས་པ་ནི་ཆ་ཤས་ཏེ་ཆ་དང་བཅས་པའོ། ། ཆ་ནི་དངོས་པོར་བསྟན་པ་སྟེ། །ཆ་མེད་ཡོན་ཏན་ཞེས་བྱ་ཡིན། །ཡོན་ཏན་ཡོན་ཏན་ཅན་སྦྱར་བ། །ཡུལ་དང་དབང་པོ་རབ་ཏུ་དགེ། །ཨཱ་ལི་ཀཱ་ལི་ཡོན་ཏན་གསུངས། །མཉམ་པ་དམ་ཚིག་སྤྱོད་ཡུལ་ཡིན། །དེ་ཉིད་ནི་མཚན་མ་ཡིན་པས་ན་ཕྱག་རྒྱ་སྟེ། །འདི་ནི་ཞེས་བྱ་བ་ནི་ འཛིན་པ་པོའི་བློས་མངོན་དུ་བྱས་པའོ། །ཡོན་ཏན་དེས་རྟག་ཏུ་ཡོན་ཏན་དང་ལྡན་པར་གྱུར་པའི་རིང་པོ་ལ་སོགས་པ་གཉིས་སུ་མེད་པའི་ཚུལ་ཉིད་མཆོག་སྟེ། བླ་ན་མེད་ཅིང་དམ་པར་གྱུར་པའོ། །དེ་ཡང་ལུགས་མ་ལ་སོགས་པ་གཞན་དག་ལས་ཕུལ་དུ་བྱུང་བར་རང་བཞིན་ གྱིས་གྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པ་ནི་འགྱུར་བ་མེད་པའི་མཚན་ཉིད་དང་ངོ་བོ་ཉིད་རྣམ་པར་དག་པ་སྟེ། ཇི་ལྟར་འོ་མ་ལ་ཞོ་ལ་སོགས་པ་བཞིན་ནོ། །དེ་བས་ན་བཅོས་མ་ལས་བྱེ་བྲག་ཏུ་གྱུར་པའོ། །གཞན་ཡང་ངན་པར་སྤྱོད་པའང་འགྲུབ་པར་འགྱུར། རྙེད་དང་ བདེ་དང་དགའ་ཀུན་གྱིས། །ཞེས་བྱ་བ་ལ་རྙེད་པ་ནི་བྱང་ཆུབ་ཀྱི་སེམས་རྙེད་པ་སྟེ། དེ་ཉིད་དགའ་བ་ཀུན་གྱིས་ཁྱད་པར་དུ་འཕེལ་བས་ཡིན་གྱི། སློངས་མོས་འཚོ་བ་ལ་སོགས་པ་དང་། དཀའ་ཐུབ་ཀྱི་སྦྱོར་བ་ལ་སོགས་པ་རྣམས་ནི་མི་མཐུན་པའི་ཕྱོགས་ཡིན་པས་ནམ་ ཡང་འགྲུབ་པར་མི་འགྱུར་ཏེ་སྤང་བར་བྱའོ། །དེས་ཞེས་བྱ་བ་ནི་གྲུབ་པའི་རྫས་ཀྱིས་ཏེ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རང་བཞིན་དང་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ། རང་བཞིན་གྱི་སྔགས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་ཡོངས་སུ་བརྗེ་བ་སྟེ། སྔགས་ བཟླས་པ་དང་། རང་གི་ས་བོན་ཡོངས་སུ་གྱུར་པ་ལས་རང་བཞིན་ཡོངས་སུ་བརྗེ་བའོ། །སྣ་ཚོགས་ཞེས་བྱ་བ་ནི་ཁམས་ཀྱི་རང་བཞིན་ཏེ། མཁའ་འགྲོ་མ་རྣམ་པ་བཅྭ་བརྒྱད་དུ་ཕྱེ་བ་ཡིན་གྱི། བྷུ་བ་ལ་སོགས་པའི་ཁམས་ནི་མ་ཡིན་ནོ། །ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པ། ། ཞེས་བྱ་བ་ལ་ནམ་མཁའི་སྒྲས་ནི་སེམས་ལ་བྱ་སྟེ། ཇི་ལྟར་ནམ་མཁའི་ཁམས་ལ་སོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་བཞིན་དུ་ཐམས་ཅད་ཀྱི་གོ་སྐབས་སྟེར་བའི་ཕྱིར་རོ། །ཡང་ན་ཉན་ཐོས་ལ་སོགས་པའི་གནས་བསྲེགས་པས་ནམ་མཁའ་སྟེ། ནམ་མཁའ་དེར་བདུད་རྩིའི་ རང་བཞིན་གྱིས་རྒྱུ་ཞིང་སྤྱོད་པས་ན། དེ་ནི་ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་སོ། །སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་སྟེ་ཞེས་བྱ་བ་ལ། །ཀུན་ཏུ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་དོ། །སྣ་ཚོགས་ནི་རྡོ་རྗེ་ འཛིན་ཆེན་པོ་སྟེ། དེའི་ཕྱག་རྒྱ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱག་རྒྱ་ཐམས་ཅད་དོ། །དེས་ན་སྣ་ཚོགས་ཕྱག་རྒྱ་སྟེ། སེམས་ཀྱི་རང་བཞིན་གྱིས་ཟླ་བ་དང་དམར་པོ་འགྲུབ་པའི་རྫས་དེ་དག་ཉི་ཤུ་རྩ་ལྔའི་བར་དུ་རྟག་ཏུ་གོམས་པར་བྱ་བས་སྟོབས་སུ་གྱུར་པའོ། །སྣ་ཚོགས་སྡོམ་ པ་ནི་རྣམ་པ་སྣ་ཚོགས་པའི་བདེ་བ་གྲུབ་པ་སྟེ། མཁའ་འགྲོ་ཀུན་ཞེས་བྱ་བ་ཁྲག་དང་མཉམ་པར་སྦྱོར་བའི་ཆོ་གས་སྔགས་པ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བར་གྲགས་པ་སྟེ། རང་ཉིད་སྐྱེས་པར་གྱུར་པའོ། །དེ་ཉིད་མེད་སེམས་ནི་དེ་ཁོ་ན་ཉིད་ཀྱི་སེམས་མེད་པ་སྟེ། ཕྱིན་ཅི་ ལོག་གི་སེམས་ཀྱིས་སྦྱོར་བའོ། །ལྷ་ལ་དམིགས་པ་ནི་འདོད་པའི་ལྷར་སྒོམ་པའོ། །ཤིན་ཏུ་དེ་ཉིད་སེམས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་བརྒྱན་པ་སྟེ། ཕྱིན་ཅི་མ་ལོག་པའི་མཚན་ཉིད་དོ། །དེ་ཡང་ཁྲག་ལ་སོགས་པའི་ཁམས་སངས་རྒྱས་རྣམས་ཀྱི་རང་ བཞིན་གྱི་དེ་ཁོ་ན་ཉིད་དེ་དངོས་གྲུབ་ཐམས་ཅད་ཀྱི་གནས་སོ། །ལུགས་མ་ལ་སོགས་པའི་རྣལ་འབྱོར་ནི་དེ་སྤངས་ནས་བཅོས་མ་སྒོམ་པར་བྱེད་པ་སྟེ། གང་གི་ཕྱིར་གཟུགས་བརྙན་མ་ཡིན་པས་སོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་སྨིན་པའི་འབྲས་ བུ་བོར་ནས། ཤིང་གི་རྩ་བ་ལེན་པར་བྱེད་པ་བཞིན་དུ། རྣལ་མ་བོར་ཏེ་བཅོས་མ་ལ་ཆགས་པ་ཡང་བློ་གྲོས་དམན་ཞིང་ཤིན་ཏུ་བླུན་པར་སྟོན་ཏོ། །དེས་ན་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་ཕུན་སུམ་ཚོགས་པས་བདག་ཉིད་སྦྱོར་ཞིང་རྫོགས་པའི་རིམ་པས་སངས་རྒྱས་ཀྱི་སྐུ་ ལ་དམིགས་པ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དེ་ཉིད་ནི་མཆོག་ཏུ་མི་འགྱུར་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། དེས་ན་གཞན་ཡང་གཟུགས་བརྙན་དང་ལུགས་མ་ལ་སོགས་པ་སྤངས་ཏེ། ཁམས་སྣ་ཚོགས་ཀྱི་ཤེས་པ་ཉིད་ སངས་རྒྱས་ཐམས་ཅད་འདུས་པར་བརྟག་པར་བྱའོ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས་ཞེས་བྱ་བ་ལ་བ་སྤུ་ནི་ལྟེ་བའི་དཀྱིལ་འཁོར་ཏེ་བུ་ག་ནི་ནམ་མཁའོ། །རྩེ་མོའི་བར་ཞེས་བྱ་བ་ནི་ཡི་གེ་བཅུ་དྲུག་ཡོངས་སུ་གྱུར་པའི་ཁམས་རྣམས་ཏེ། སྤྲོ་བ་དམ་ཚིག་ དཀྱིལ་འཁོར་ཏེ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ། །རང་གི་པདྨའི་ལྟེ་དབུས་སུ། །ཟླ་བར་གནས་པའི་ཧཱུྃ་ཡིན་ཏེ། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །ཕྱོགས་བཅུ་དག་ཏུ་སྤྲོ་བར་བྱེད། །ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི། །སྔགས་ པས་ཐིག་གིས་བཏབ་པ་ཡི། །ལྟེ་བའི་དཀྱིལ་འཁོར་བཅུ་དྲུག་པར། །ཨ་སོགས་ཀྵ་ཡི་མཐར་ཐུག་པ། །ཐ་མ་ལས་ནི་སྔགས་བཏུ་བྱ། །ཕྱི་ནས་ཐིག་ལེར་ཆ་དང་བྲལ། །བཤང་དང་གཅི་བའི་རང་བཞིན་པས། །འདི་རུ་ཀྵ་ནི་སྤང་བར་བྱ། །ཡི་གེ་ཧ་ནི་ཡོངས་གྱུར་ པས། །ཡི་གེ་ཐམས་ཅད་ཡལ་ག་འདྲ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སངས་རྒྱས་ཀུན་དངོས་སྟོང་པ་ཡི། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །ཞེས་བྱ་བ་ནི་སྔགས་ཀྱི་མན་ངག་གོ། །ཀ་སོགས་ཡང་དག་གནས་པ་ཡི། །ཡི་ གེ་ལྷ་ཡི་གཟུགས་ཡིན་ཏེ། །ཨ་སོགས་དབྱངས་རྣམས་ཐམས་ཅད་ཀྱི། །སྔགས་ཀྱིས་སྒེག་ཅིང་བརྒྱན་པ་ཡི། །ལྷག་པའི་ལྷ་ནི་ཡི་གེ་ཧཱུྃ། །ལྟེ་བའི་དབུས་སུ་བསམ་པར་བྱ། །ལྟེ་བ་པདྨ་ཞེས་བྱ་སྟེ། །བསམ་པ་བསྒོམ་པར་བྱ་བ་ཡིན། །སངས་རྒྱས་ཀུན་དངོས་ སྟོང་པ་ནི། །རྣམ་ཤེས་ཧཱུྃ་གི་གཟུགས་ཉིད་དོ། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སྒྲ་ཡི་གཟུགས་ཀྱིས་གནས་པའོ། །གང་ཕྱིར་གཞན་ཡང་འདི་དག་ནི། །ཇི་ལྟར་སངས་རྒྱས་ཀུན་དེ་བཞིན། །འདི་ནི་རྟག་ཏུ་འདོན་པ་དང་། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། ། མགོ་དང་ཐིག་ལེ་རྣམ་སྤངས་པ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །རང་གི་དབུས་གནས་རྡོ་རྗེ་ཅན། །ཡི་གེ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཞེས་བྱ་བ་ལ་ཡེ་ཤེས་ནི་སྤྱོད་ཡུལ་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཀུན་ ནས་ཤེས་པའི་ཡེ་ཤེས་ཏེ། དེ་ཉིད་ཀྱིས་ནི་བདག་ཉིད་སངས་རྒྱས་ཐམས་ཅད་དོ། །བདག་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཡོངས་སུ་ཤེས་པ་ནི་སངས་རྒྱས་ཉིད་དོ། །དེ་ཉིད་ཀྱིས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་བོ། །ཐབས་གང་གིས་ཞེ་ན་དེ་ཁོ་ ན་ཉིད་སྣང་བ་ཞེས་བྱ་བའི་བར་དུའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་གསང་བ་ཞེས་བྱ་བ་ལ་ སོགས་པ་དེ་ཁོ་ན་ཉིད་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།སྦྱིན་སྲེག་ལས་ཀྱི་ཆོ་ག་ནི། །ཇི་བཞིན་བཤད་ཀྱིས་ལྷ་མོ་ཉོན། །རྒྱལ་སྲིད་ཕྱིར་ནི་སྔགས་པ་ཡིས། །སྟོང་ཕྲག་བཅུར་ནི་བཟླ་བར་བྱ། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་ སྟོང་ཕྲག་ལྔ་ནི་བྱ། །ཤ་ཆེན་འོ་མ་ལ་བསྒྲེས་པ། །རིམ་པ་འདི་ཡིས་བསྲེགས་ན་ནི། །དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །ཚུན་ཆད་ཕོ་བྲང་རྙེད་པར་འགྱུར། །དཔལ་ལྡན་རྒྱལ་སྲིད་ཆེ་གྲུབ་པ། །སུས་ཀྱང་གཞིག་པར་མི་ནུས་སོ། །མི་དང་བ་ལང་ཅེ་སྤྱང་ཤས། །དེ་བཞིན་ ངོ་མཚར་མཆོག་འགྱུར་ཏེ། །ཆང་དང་འོ་མར་སྦགས་ནས་ནི། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །གླིང་བདུན་ལ་ནི་དབང་བ་ཡི། །རྒྱལ་སྲིད་ལོངས་སྤྱོད་དཔལ་ཆེན་འགྱུར། །དེ་ནས་མཚམས་མེད་ལྔ་བྱེད་པ། །གང་གིས་གཞོམ་པར་འདོད་པ་དེས། །དུག་དང་ཁྲག་ དང་མར་ནག་བཅས། །མི་ཡི་རུས་པ་བསྲེགས་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་དང་ནི། །དེ་བཞིན་ཕུབ་མ་མི་སྐྲར་བཅས། །ཤན་པ་ཡི་ནི་མེ་སྦར་ལ། །གཅེར་བུ་སྐྲ་ནི་ལྷུག་པ་ཡིས། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཁྲོ་དང་བཅས་པས་ཉིན་ཕྱེད་ན། །སེམས་མི་ གཡེང་བས་བསྲེག་པའམ། །ཡང་ན་གོས་སྔོན་གྱོན་ནས་སུ། །མཚན་ཕྱེད་ན་ནི་བསྲེག་པར་བྱ། །སྔགས་ཀྱི་མཐར་ནི་མིང་དང་སྦྱར། །དགྲ་བོ་སྟོབས་དང་ལྡན་པ་ཡང་། །དཔུང་དང་བཅས་པར་བརླག་འགྱུར་ན། །ཕལ་པ་ལ་ལྟ་ཅི་ཞིག་སྨོས། །དེ་ནས་དགྲ་བོ་ སྟོབས་ཀྱིས་ནི། །དྲེགས་པ་བསྐྲད་པའི་ཆོ་ག་བཤད། །ཁྭ་ཡི་གཤོག་པ་ཞག་དང་ནི། །ནི་མ་པའི་ཁུ་བར་བསྲེས་པ་དག །ཤ་ཟའི་ཤིང་ལ་མེ་སྦར་ཏེ། །རླུང་དུ་བལྟས་ཏེ་བསྲེག་བྱས་ན། །མཚན་མོ་བདུན་ནི་ཚུན་ཆད་ཀྱིས། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ དབྱེ་བ་བཤད་པར་བྱ། །སྨྱོ་བྱེད་མེ་ནི་འབར་བ་ལ། །ནི་མ་པ་ཡི་ནི་ལོ་མ་དང་། །སྦྲུལ་གྱི་པགས་པར་བསྲེ་བྱས་ལ། །བྱ་རོག་དང་ནི་འུག་པ་ཡི། །ཚང་གི་ཤིང་དང་བཅས་པ་དག །བརྒྱ་རྩ་བརྒྱད་དུ་བསྲེགས་ན་ནི། །མཛའ་བཤེས་གཉེན་འདུན་བཅས་པ་དང་། ། སྐྱེ་བོ་ཐམས་ཅད་སྡང་བར་འགྱུར། །དེ་ནས་དགུག་པ་བཤད་བྱ་སྟེ། །བསྒྲུབ་བྱ་ཤིང་གི་སྟན་ལ་ནི། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གིས་གདོང་ནི་སྟེང་དུ་བལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་ ནི་ཛ་བཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དབུག །བུད་མེད་ཡིན་ན་སྐྱེ་གནས་དབུག །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །དེ་ནས་ཆོ་ག་གཞན་བཤད་པ། །དགུག་པ་ལ་སོགས་ཇི་བཞིན་འབྱུང་། །དུམ་བུ་གཅིག་པའི་ཐོད་པ་ནི། །གཟུགས་མཛེས་མ་ཆག་མ་ གསལ། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །འདབ་མ་རློན་པ་བརྒྱ་ལ་ནི། །ཁྲག་དང་གོ་རོ་ཙ་ནར་བཅས། །དྷ་དུ་ར་ཡི་སྨྱུག་གུ་ཡིས། །སྔགས་ནི་མིང་དང་བཅས་པར་བྲི། །ཐོད་པའི་ནང་དུ་བཞག་ནས་སུ། །བསྒྲུབ་བྱ་དམར་པོ་རས་ཀྱིས་གཡོགས། །སྔགས་ཀྱི་ང་རྒྱལ་ བསྒྱིངས་ནས་སུ། །འདབ་མ་རེ་རེ་བཟུང་ནས་ནི། །གོ་བཟློག་སྙིང་པོའི་གསང་སྔགས་ནི། །ཟློས་ཤིང་འདབ་མ་ཐམས་ཅད་བསྲེག །ཡིད་ལ་བསམས་བཞིན་འགུགས་པར་འགྱུར། །དེ་ནས་གཞན་ཡང་ཙནྡ་ན་ནི། །དམར་ལས་བསྒྲུབ་བྱའི་གཟུགས་བྱས་ལ། །རང་ཁྲག་གོ་རོ་ཙ་ ནར་བཅས། །མིང་བྲིས་བསྒྲུབ་བྱའི་སྙིང་གར་གཞུག །ཚ་བ་གསུམ་གྱིས་བྱུགས་ནས་སུ། །སྙིང་ག་ལྟེ་བ་གསང་བའི་གནས། །ཟངས་མའི་ཁབ་ཀྱིས་དབུག་བྱས་ན། །མཚན་ཕྱེད་ན་ནི་འདོད་བཞིན་འགུགས། །གསེར་བཙག་གིས་ནི་སྐྱེ་གནས་ཀྱི། །གཟུགས་བྲིས་དེ་ཡི་ སྟེང་དུ་ནི། །ལག་པ་གཡོན་པ་གཞག་བྱས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །གང་གི་མིང་ནས་བཟུང་གྱུར་པ། །དེ་ནི་དེ་མོད་འོང་བར་འགྱུར། །རླུང་གིས་གཙུབས་པའི་ཤིང་ལོ་ལ། །ཁྭ་ཡི་སྒྲོ་ཡི་སྨྱུག་གུ་ཡིས། །མིང་དང་བཅས་པའི་འཁྲུལ་འཁོར་ནི། ། མཆི་མ་ལས་ནི་བྲིས་ནས་སུ། །གྱེན་དུ་ལྡང་བའི་ཚུབ་མར་བསྐུར། །ཆོ་ག་དེས་ནི་བསྐྲད་པར་འགྱུར། །སྤྲེའུའི་རུས་པའི་ཕུར་བུ་ནི། །སོར་དྲུག་པ་ཡི་ཚད་དུ་བྱ། །སྔགས་ནི་ལན་བདུན་བཟླས་ནས་སུ། །གང་གི་ཁྱིམ་སྒོར་སྦས་ན་ནི། །དེ་ཡི་རིགས་ནི་ཆད་པར་འགྱུར། །བ་གླང་རྟ་ དང་གླང་ཆེན་དང་། །བོང་བུ་རྔ་མོ་མ་ཧེ་ཡི། །གནས་སུ་སྦས་ན་བརླག་པར་འགྱུར། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །བསྒྲུབ་བྱ་རྔ་མོའི་སྟེང་དུ་བསྐྱོན། །གཅེར་བུ་མར་ཁུས་བྱུགས་པ་དང་། །སྐྲ་གྲོལ་ཁ་ནི་ལྷོ་རུ་བལྟས། །སྐྱབས་མེད་ངུ་ཞིང་བརྒྱལ་བར་བསམ། །མགྲིན་པ་ ཞགས་པས་བཅིངས་ནས་སུ། །རྒྱབ་ནས་ཁྲོ་བོས་རྡེག་བྱེད་ཅིང་། །ཁམས་གསུམ་གནོན་པའི་བསམ་པ་ཡིས། །མེ་ཡི་མཚམས་སུ་གདོང་བལྟས་ཏེ། །སྔགས་ཀྱི་མཐར་ནི་ཛ་བཟླས་ན། །ཇི་ལྟར་འདོད་བཞིན་འགྲུབ་པར་འགྱུར། །རྟ་དང་མ་ཧེར་ཞོན་པ་ཡི། །དགྲ་བོ་ནང་ནི་ ཕན་ཚུན་དུ། །མཚོན་ཆ་ཐོགས་ནས་ཁྲོས་ནས་ནི། །ཕན་ཚུན་དཔུང་དང་བཅས་པ་རུ། །འཐབ་མོ་བྱེད་པ་བསྒོམ་པར་བྱ། །སྔགས་པ་གཡུལ་དུ་ཁ་བལྟས་ཏེ། །དེ་ཡི་མིང་དང་སྤེལ་བ་ཡི། །ཡི་གེ་ར་ནི་བྲི་བར་བྱ། །གདོང་ནི་སྟེང་དུ་བལྟ་བར་བསམ། །སྒྲུབ་པོ་རོ་ཡི་ སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་མི་གཡོར་གནས། །དེ་ཡིས་བསྒྲུབ་བྱ་མནན་ནས་སུ། །ལུས་དང་ངག་ནི་གཟིར་བར་བྱ། །སྔགས་ནི་མིང་དང་སྤེལ་བ་རུ། །སྔ་མ་བཞིན་དུ་བཟླ་བར་བྱ། །བཅིང་བའི་ཆོ་གའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་ བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་དང་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གསུམ་པའོ།། །། ད་ནི་སྦྱིན་སྲེག་ཆོ་ག་གཞན། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །བསྒེགས་པའམ་ནི་གཞན་ཡང་རུང་། །རྨ་མེད་ཤིན་ཏུ་མཛེས་པ་ནི། །འབྱུང་པོའི་ཉིན་ཞག་ལ་རྙེད་པ། །སྒྲུབ་པོས་སྔར་བཤད་བཞིན་བསྒྲུབས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །ཟླ་མཚན་ཕྱིས་ པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག །ཞིབ་ཏུ་བརྡུངས་པས་བདུག་པ་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་རློབ་པར་འགྱུར། །ཁྱི་མོ་ནག་མོའི་འོ་མ་དང་། །མ་ཤ་འབྲས་བུ་བཅས་པ་ལས། །འོ་ཐུག་བྱས་ཏེ་རོ་ཡི་ཁར། །འཇིགས་པ་ མེད་པར་སྦྱིན་སྲེག་བྱ། །དེ་ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཏེ། །རིལ་བུ་མིག་སྨན་དངོས་གྲུབ་དང་། །རྐང་བྱུག་རལ་གྲི་དེ་བཞིན་ཏེ། །གཏེར་དང་དགྲ་བོ་ཚར་གཅོད་དང་། །གནོད་སྦྱིན་མོ་དང་བཅུད་ཀྱིས་ལེན། །གང་བསླངས་གཅིག་ནི་བྱིན་ནས་ སུ། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །དཔའ་བོ་རྣམས་དང་རྩེ་འགྱུར་བ། །གཞན་དག་ཏུ་ནི་ང་མི་སྨྲ། །དེ་ནས་རོ་ལངས་ཆེན་པོ་ཡི། །སྒྲུབ་ཐབས་གཞན་ནི་བཤད་པར་བྱ། །སྔར་བསྟན་མཚན་ཉིད་ལྡན་པ་ཡི། །རོ་ནི་མཛེས་པ་བཟུང་ནས་ནི། །རྣལ་འབྱོར་ཆེན་ པོར་ལེགས་གནས་པ། །མཚན་ཕྱེད་ན་ནི་བསྒོམས་ནས་སུ། །དེ་ཡི་ཤ་ནི་དམར་ཆེན་བཅས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་མ་ཡིས་བསྐོར་གྱུར་ཅིང་། །རོ་ལངས་སྲིན་པོ་དུ་མས་བསྐོར། །ཧ་ཧར་བཞད་པས་འཇིགས་ བྱེད་པ། །དེར་ནི་དྲུང་དུ་འོང་བར་འགྱུར། །ཅེ་སྤྱང་བརྒྱ་ཕྲག་མང་པོ་ནི། །བསྐོར་ནས་འཇིགས་པའི་སྒྲ་སྒྲོགས་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །སྔགས་ཀྱིས་བསྒྱིངས་པའི་ལུས་སུ་བྱ། །རྡོ་རྗེ་བརྟུལ་ཞུགས་བདག་ཉིད་སེམས། །ཀྱེ་ཧོ་དཔའ་བོ་ཆེན་པོ་ལེགས། ། ལྷ་མོས་དེ་སྐད་བརྗོད་ནས་ནི། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །དངོས་གྲུབ་བརྒྱ་ཡང་སྟེར་བར་འགྱུར། །རྣལ་འབྱོར་མ་ཡིས་ཡོངས་བསྐོར་ཏེ། །དཔའ་བོ་རང་གི་གནས་སུ་འགྲོ། །དེ་ནི་དེ་ཡི་མོད་ལ་ཡང་། །ལྷ་ཡི་ལུས་སུ་གྱུར་ནས་ནི། །ཁམས་གསུམ་ཀུན་ ཏུ་རྒྱུ་བར་འགྱུར། །དཔའ་བོ་འདོད་པའི་གཟུགས་ཅན་ཏེ། །སྐལ་བཟང་དེ་བཞིན་གཤེགས་པ་འདྲ། །རྟག་ཏུ་ནམ་མཁའ་འཕུར་བ་དང་། །རྒ་དང་འཆི་བ་རྣམ་པར་སྤོང་། །ས་གཞི་ཀུན་ཏུ་རྒྱུ་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་དངོས་གྲུབ་འཇུག །དེ་ནས་ཉོན་ མོངས་ཞི་བྱ་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བར་གནས། །ནང་གི་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་ཕྲེང་བ་འཁྲུགས་ཤིང་དྲག །འོད་ཀྱི་དཀྱིལ་འཁོར་ཕྲེང་བ་ ཅན། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྡུལ་མཚུངས་པ། །ཁ་དོག་དཀར་ལ་སོགས་བཀུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་ལ་བྱང་ཆུབ་སེམས་དཔའ་དགུག །རེངས་པའི་གཟུགས་སུ་ ལྷག་པར་མོས། །ཤིན་ཏུ་ཉོན་མོངས་ཟད་བྱའི་ཕྱིར། །ཁྱད་པར་ཁྲོ་བོའི་གཟུགས་སུ་བྱ། །སྣ་ཚོགས་རྗེས་སུ་ཆགས་བྱའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བསམ། །འདི་ནི་ནང་གི་སྦྱིན་སྲེག་ཏུ། །སྒྲུབ་པོ་ཀུན་ལ་བསྟན་པ་ཡིན། །ཕུང་པོ་ལ་སོགས་བུད་ཤིང་ནི། ། ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ལྟེ་བའི་དཀྱིལ་འཁོར་ནས་འབར་བ། །ཡེ་ཤེས་མེ་ལ་བསྲེག་པར་བྱ། །ཚངས་པའི་མེ་ནི་རྐེད་པར་གནས། །ལ་ལ་ན་ནི་དགང་གཟར་ཏེ། །ར་ས་ན་ནི་བླུགས་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག །རང་གི་རྡོ་རྗེ་མཐའ་ཡི་བར། ། ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེག་པར་བྱ། །འདི་ནི་བླ་མེད་སྦྱིན་སྲེག་གི། །ཆོ་གའི་རིམ་པ་ཉིད་ཡིན་ཏེ། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །དེ་ལྟར་བྱས་ན་ཏིང་འཛིན་ནི། ཉམས་པར་མི་འགྱུར་བརྟན་འགྱུར་པར། །རྒྱུད་རྣམས་ཀུན་ ལས་ཐུན་མོང་དུ། །ཆོ་ག་འདིས་ནི་རབ་ཏུ་གྲགས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ ལས་རོ་ལངས་སྒྲུབ་པ་དང་། །ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བཞི་པའོ།། །།བགྲང་ཕྲེང་ཆོ་ག་ཇི་བཞིན་དུ། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །ཡང་དག་ཆོ་ག་གང་གིས་ནི། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་ མུ་ཏིག་དང་། །ཁམས་ཀུན་ལ་སོགས་གཞན་ཡང་རུང་། །དུང་དང་ལུང་ཏང་མུ་མེན་ནི། །ཚེ་དང་ནད་མེད་འཕེལ་བར་བྱེད། །གསེར་དང་དེ་བཞིན་དངུལ་དང་ནི། །ཁྱད་པར་པདྨའི་ས་བོན་དང་། །རིན་ཆེན་ཕྲེང་བ་མཛེས་པ་ནི། །མཁས་པ་ཡིས་ནི་བགྲངས་ནས་སུ། །རྒྱལ་ སྲིད་ཕྱིར་ནི་སྔགས་བཟླས་ན། །དཔལ་ཆེན་མྱུར་དུ་འཐོབ་པར་འགྱུར། །གུར་གུམ་ལ་སོགས་དྲི་དང་ནི། །ཁྱད་པར་དུ་ཡང་བྱི་རུ་དང་། །ཙནྡན་དམར་པོ་དངུལ་ལ་སོགས། །སྒྲུབ་པ་པོ་ཡིས་རིལ་བུ་བྱ། །ཞེན་ཅིང་རྗེས་སུ་ཆགས་པ་མཆོག །སྒྲུབ་པ་པོ་ལ་འབྲས་བུ་སྟེར། ། རུ་རག་ལུང་ཏང་ས་བོན་དང་། །མི་ཡི་རུས་པ་དེ་བཞིན་ཏེ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཁྱད་པར་དུ་ནི་མངོན་སྤྱོད་ལའོ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཏྲཾ་ཛཱི་བ་ལས་ཀུན་བྱེད། །སྔགས་མཉེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་ བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་བའི་ཕྲེང་བ་རྣམས་ནི་བྱ། །གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཡང་ན་རས་བལ་སྐུད་ པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །རིལ་བུ་རྣམས་ནི་དགྲ་བཅོམ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟག ། མཆོད་རྟེན་ཆོས་ཀྱི་དབང་པོ་པས། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ། །བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྤུ་ལས་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བའི་སྐུད་པར་བྱ། །དུར་ཁྲོད་སྐྲ་ཡི་སྐུད་པ་དང་། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །དྲག་པོའི་ལས་ ལ་ཁྱད་པར་དུ། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་ འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་བཟླས་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།དེ་ནས་པདྨར་རྡོ་རྗེ་བཅུག་པ་བསྐྱོད་ཅིང་གར་བྱས་ཏེ། བཅོམ་ལྡན་འདས་ལ་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །གཙུག་ལག་ཁང་དང་ཁང་བཟངས་དང་། ། མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང་། །ཁྱིམ་དང་ལྡུམ་ར་ལ་སོགས་པ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང་། །སློབ་མ་ས་གཞི་གཟུང་བ་དང་། །བུམ་པ་སྟ་གོན་གནས་པ་ཉིད། །བསྲུང་བའི་ཆོ་ག་སྔོན་འགྲོ་བའི། །ལྷ་དང་སློབ་མ་སྟ་གོན་གནས། །ཡེ་ཤེས་སྐུད་པ་ཚོན་རྩི་ རྣམས། །མདོར་བསྡུས་ནས་ནི་བཤད་དུ་གསོལ། །སློབ་མ་ཡི་ནི་ཆོ་ག་དག །ཇི་བཞིན་བཤད་ཀྱིས་ལྷ་མོ་ཉོན། །སྔར་བཤད་མཚན་ཉིད་ལྡན་པ་དང་། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དངོས་པོ་ཀུན་གྱིས་གསོལ་བ་ གདབ། །སླར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར། །སློབ་མ་ཡིས་ནི་བླ་མ་ལ། །ཡང་དང་ཡང་དུ་གསོལ་བར་བྱ། །གསོལ་ནས་བླ་མས་སྨྲ་བྱ་སྟེ། །ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། །ཁ་ཅིག་དག་ནི་མ་འབྱོར་ཅེས། །སྨྲ་ན་སློབ་དཔོན་བདག་ཆེན་ གྱིས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ལ་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་རུ། །འདྲེན་མ་ལ་ནི་འདྲེན་མར་ཤེས། །སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བ། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་ བས་ཀུན་ནས་འཁྲིགས་པར་བསྒོམ། །བྃ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་ནི་སྣ་ཡི་སྒོ་ནས་དབྱུང་། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེ་ནི་ཀུན་ནས་ཟ་བར་བསྒོམ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། །སརྦ་པཱ་པྃ་ད་ཧ་ད་ཧ་བྷ་སྨིྃ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། བསྒྲུབ་ བྱ་ལྷ་གཟུགས་བསྐྱེད་ནས་སུ། །སྲུང་བདག་ནི་དགོད་པར་བྱ། །དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །བརྟག་པ་རུ་ནི་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །གྲོང་དང་དུར་ཁྲོད་ཚོང་དུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་ གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །གཙུག་ལག་ཁང་གི་གནས་ཁང་དང་། །ཚལ་དང་རི་རྩེ་རྡོ་ལེབ་དང་། །ཁང་བཟངས་ཀྱི་ནི་སྟེང་ཕྱོགས་དང་། །དུར་ཁྲོད་དང་ནི་ལྷ་ཡི་ཁྱིམ། །ས་ཡི་ཆ་ནི་ཇི་སྙེད་པ། །རྒྱུད་རྣམས་ཀུན་ལ་བསྔགས་པ་ ཡིན། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཡང་ན་ཡིད་ནི་གར་དགའ་བར། །དེ་རྣམས་སུ་ནི་དཀྱིལ་འཁོར་བྲི། །དམན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང་། །ཚེར་མ་ལ་སོགས་བསལ་ ལ་བཅག །ཕྱི་ནས་མཐོ་གང་ཚད་དུ་བརྐོ། །དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོམ་བརྒྱར་འགྲོ། །སླར་ལོག་ལས་ནི་བརྟག་པར་བྱ། །ཆུ་ནི་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤང་བར་བྱ། །སྔོན་དུ་འབྲུ་ལ་སོགས་པ་གཞུག །དེ་ལྟར་ས་ཡི་ཆ་ སྦྱངས་ལ། །ལྃ་གྱི་ས་བོན་ལས་བྱུང་བའི། །གོས་དང་རྒྱན་གྱིས་རྣམ་པར་བཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་པོ་ཀུན་ཏུ་འབར། །ས་ཡི་ལྷ་མོ་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། །ལུས་ཕྱེད་ས་ལ་གནས་པ་རུ། །བལྟས་ཏེ་ལག་པ་གཡས་ པ་ནི། །ས་ལེ་རེག་ན་བསྐུལ་བར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་དེ་བི་པྲྀ་ཐྭཱི་ལོ་ཀ་མཱ་ཏ་རེ། སརྦྦ་རཏྣ་སྃ་བཱུ་རྞྞ་དི་བྱ་ཨ་ལངྐཱ་ར་བྷཱུ་ཥི་ཏེ་ཧཱ་ར་ནཱུ་བུ་ར་ནི་རྒྷོ་ཥ་བཛྲ་ས་ཏྭ་པྲ་པཱུ་ཛི་ཏེ་གྲྀ་ཧཱི་ཏྭཱ། ཨི་དྃ་ཨརྒྷྃ་ཨསྨིན་སནྣི་ཧི་ཏོ་བྷ་བ་ཧྲཱིཿཧི་ཧི་ཧི་ཧི་སྭཱ་ཧཱ། མེ་ཏོག་དྲི་ལ་སོགས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་ པར་བསམ། །ཁང་བཟངས་རྡོ་ལེབ་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅག །བ་གླང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱད་བརྒྱར་བཟླ། །དེར་ནི་བརྐོ་སོགས་བྱ་མི་དགོས། །དེ་ལྟར་སྦྱངས་པའི་ ས་གཞི་ལ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པའི། །རིན་ཆེན་ལ་སོགས་བཞི་འགྱུར་གྱི། །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། །ཨོཾ་ཨཱཿལྃ་ཧཱུྃ་ཞེས་བརྗོད་ནས། །ས་འོག་རྡོ་རྗེའི་དངོས་པོར་བྱ། །ཨོཾ་མེ་དི་ནི་བཛྲི་བྷ་བ་ཧཱུྃ། །ཁུང་ནི་རིམ་པ་འདི་ཡིས་དགང་། །དེ་དབུས་ཁྲོ་ བོ་ཆེན་པོ་ནི། །བསྐལ་པའི་མེ་ལྟར་འབར་བ་བསྒོམ། །དེ་ནས་ཁྲ་ཡི་གདོང་སོགས་ནི། །སྟེང་ནི་ཁྲོ་མོའི་གཟུགས་ཅན་ལ། །ལྟེ་བ་མན་ཆད་རྩེ་གཅིག་པ། །རྡོ་རྗེ་ཡི་ནི་གཟུགས་སུ་སྤྲོ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པའི། །བསྒྱིངས་བཅས་སྔགས་ནི་ཟློས་བཞིན་ དུ། །དེ་རྣམས་སྙིང་གར་གདབ་པར་བྱ། །ཨོཾ་བཛྲ་ཌཱ་ཀི་ནཱི་སརྦྦ་བིགྷྣཱན་ཨ་ནུ་ཙྪེ་ད་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་ནས་སྔར་བསྟན་ས་དབུས་སུ། །རྡོ་རྗེ་འཛིན་ཆེན་སྦྱོར་བ་ཡིས། །བདག་ཉིད་ཉེ་བར་གནས་ནས་ནི། །ནམ་མཁའ་དང་ནི་མཚུངས་པར་བསྒོམ། །དོན་དམ་ལ་ནི་ལྟ་བ་སྟེ། ། འདི་ནི་སྲུང་བའི་དམ་པ་མཆོག །གང་ཞིག་སྲུང་བའི་ཆོ་ག་ཀུན། །འདི་ཉིད་དུ་ནི་བརྟགས་པ་ཡིན། །དེ་ནས་རྡོ་རྗེ་མདའ་ཡི་ནི། །དྲ་བ་རྡོ་རྗེ་ར་བ་དང་། །རྡོ་རྗེའི་རང་བཞིན་ས་རུ་བྱ། །རྒྱལ་པོ་ཆེན་པོ་ར་བསྒྱིངས་བྱས་ལ། །དཀྱིལ་འཁོར་ས་ལ་ཧཱུྃ་ཞེས་བརྗོད། །རྡོ་རྗེའི་ འགྲོས་ཀྱིས་ཀུན་ཏུ་བསྐོར། །བདུད་རྩི་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙནྡན་སོགས་པས་གྲུ་བཞིར་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ལྷ་ཡི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་ པར་བྱ། །དེ་ནས་རིན་ཆེན་གསེར་དང་དང་དངུལ། །ཟངས་སམ་འཇིམ་པ་དག་ཀྱང་རུང་། །ཇི་ལྟར་འབྱོར་པའི་རྗེས་མཐུན་པར། །བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་ལ་སོགས་སྤང་། །ལྟོ་ཡང་བུམ་པ་བཟང་པོའི་དབྱིབས། །བྱཱ་གྷྲི་སེང་གྲི་དབྱུག་པ་ཡི། །ཨུཏྤ་ལ་དང་ གཞན་མི་ཐུབ། །ས་ཧ་དེ་བའི་སྨན་ཆེན་བཅས། །གསེར་དང་དངུལ་དང་མུ་ཏིག་དང་། །མུ་མེན་བྱི་རུ་རིན་ཆེན་ལྔ། །ཏིལ་དང་ནས་དང་གྲོ་དང་ནི། །མོན་སྲན་གྲེའུ་དང་མུ་དགར་བཅས། །ག་བུར་ཙནྡན་དམར་པོ་སོགས། །སྨན་གྱི་ཆུ་ཡིས་དགང་བར་བྱ། །དེ་ལྟར་དམ་ཚིག་ཆེན་པོ་ ཡི། །མེ་ཏོག་ཆུ་དང་ལྡན་པར་བྱ། །དངོས་པོ་རང་བཞིན་དག་པའི་ཕྱིར། །ཡིད་འོང་མི་འོང་བརྟག་མི་བྱ། །དངོས་ཀུན་རྟོག་པ་ལས་བྱུང་བས། །ཡིད་འོང་མི་འོང་དཔྱད་མི་བྱ། །རྫས་ཀྱི་ནུས་པ་བསམ་མི་ཁྱབ། །སངས་རྒྱས་ཉིད་དུ་འབབ་པར་འགྱུར། །དཔེར་ན་སྤ་ཡི་རྩ་བ་ ནི། །དཀར་པོ་ནག་པོ་རྣ་བ་དང་། །དཔྲལ་བར་བྱུགས་པས་བུད་མེད་ཀྱི། །ཟླ་མཚན་འཛག་པ་ཞི་བར་འགྱུར། །གླང་ཆེན་གཅིན་དང་ག་བཀྵ། །དཀར་པོའི་ས་བོན་མིག་བསྐུས་ན། །ལྟོ་ནི་འཁྲུ་བར་འགྱུར་བ་བཞིན། །འདིར་ཡང་ཡོ་བྱད་ཁྱད་པར་ཅན། །སྦྱངས་ལ་ཉེ་བར་སྤྱོད་པ་ ཡིས། །ཁྱད་པར་འབྲས་བུ་འཐོབ་པར་འགྱུར། །དཔེར་ན་སྔགས་ཀྱིས་སྦྱངས་པའི་དུག །ཟོས་པས་ནད་རྣམས་ཐམས་ཅད་ནི། །འཇོམས་ཤིང་བཅུད་ལེན་ཉིད་དུ་འགྱུར། །དེ་བཞིན་འདིར་ཡང་བརྟག་པར་བྱ། །ཐམས་ཅད་རང་རང་མཚན་མ་དང་། །སོ་སོའི་སྔགས་ཀྱིས་མངོན་ པར་བཟླ། །མཚན་མར་རང་རང་མདོག་ཏུ་བྱ། །མགྲིན་པར་རས་ཟུང་སར་པས་དཀྲི། །ཁ་ནི་ཤིང་ལོ་སར་པས་དགབ། །ཀུ་ཤའི་ཆུན་པོ་འོག་ཏུ་གདིང་། །ཁ་དོག་བཙོས་པའི་སྐུད་པས་བརྒྱན། །ལྷག་པར་གནས་ཤིང་མཆོད་བྱས་ནས། །བདུག་སྤོས་དག་ནི་ཕུལ་ནས་སུ། ། འཁོར་ལོའི་དབུས་སུ་གཞག་པར་བྱ། །དེ་ནས་པུས་མོ་གཡས་པ་ནི། །ས་ལ་བཙུགས་ཏེ་སྤྱིས་གཏུགས་ལ། །འདི་སྐད་བརྗོད་དེ་མཁྱེན་པར་གསོལ། །དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། ། བདག་ནི་དེ་རིང་འདྲི་བར་འཚལ། །ཇི་བཞིན་རེ་བ་བཀང་བ་དང་། །སེམས་ཅན་རྣམས་ལ་སྨན་སླད་དུ། །མགོན་པོས་གུས་ལྡན་བདག་ལ་ནི། །བཀའ་དྲིན་དག་ནི་གནང་བར་གསོལ། །དེ་ལྟར་ལན་གསུམ་བརྗོད་བྱ་ཞིང་། །བུམ་པ་སྟ་གོན་གནས་ནས་སུ། །སངས་རྒྱས་ འཇིག་རྟེན་མགོན་པོ་རྣམས། །དེ་རིང་བདག་ལ་བརྩེ་བས་དགོངས། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །བསྟན་པ་ལ་ནི་དགའ་བ་ཡི། །འབྱུང་པོ་རྫུ་འཕྲུལ་ ཆེན་པོ་དང་། །གང་ཡང་ལྷ་ཡི་སྤྱན་ཅན་རྣམས། །རྡོ་རྗེ་ཅན་བདག་འདི་ཞེས་བྱས། །དཀྱིལ་འཁོར་དགེ་བ་འདི་ཞེས་པ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དེ་རིང་འདྲི་བར་འཚལ་ལགས་ན། །དཀྱིལ་འཁོར་དང་ནི་བཅས་པ་ཡི། །བདག་དང་སློབ་མའི་ཚོགས་བཅས་ལ། ། ཀུན་གྱིས་བྱིན་རློབ་ཉེ་བར་བཞུགས། །ཆོ་ག་བཞིན་དུ་ལན་གསུམ་བརྗོད། །དེ་ནས་སར་པ་ལེགས་པར་བསྒྲིལ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡིས། །སྐུད་པས་ཤེས་རབ་ཅན་ཐིག་གདབ། །ཆོ་ག་བཞིན་དུ་མེ་ཏོག་མཆོད། །ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། །སྐུད་པ་དག་ནི་བརྐྱང་ བར་བྱ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་སྐུད་བརྐྱང་བའི་རིམ་པ་འདིས། །དཀྱིལ་འཁོར་དག་ནི་ཆ་བརྒྱད་བྱ། །ཕྱེད་ནི་ལག་པར་བསྡོགས་ནས་སུ། །ཐིག་གདབ་ཆོ་ག་བརྩམ་པར་བྱ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ནི། །ལྟེ་བར་བཞག་སྟེ་གཟུང་བར་བྱ། ། དེ་ཡི་འོག་ཏུ་ཅི་བདེར་བྱ། །སྔགས་པ་ཤར་དུ་ཁ་བལྟས་ཏེ། །ཕྱོགས་ཀུན་མཉམ་པར་དམིགས་ནས་སུ། །མཉམ་ཞིང་ཚད་དང་ལྡན་པ་རུ། །ཚངས་པའི་ཐིག་གཉིས་བྲི་བར་བྱ། །མེ་མཚམས་གནས་ཏེ་རླུང་དང་ནི། །བདེན་བྲལ་གྲྭར་གནས་དབང་ལྡན་དུ། །སྔགས་ པ་ཤར་དང་ལྷོར་བལྟས་ལ། །སྐུད་པ་དག་ནི་གདབ་པར་བྱ། །འདིར་ནི་སློབ་དཔོན་སློབ་མ་དག །གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །སློབ་མ་མེད་ན་རང་ཉིད་ཀྱིས། །ཕུར་བུར་བཏགས་ཏེ་བྲི་བར་བྱ། །ཉིས་འགྱུར་བྱས་ཏེ་ཕུར་བུར་གདབ། །ནང་གི་འཁོར་ ལོ་རྡོ་རྗེ་ར། །འོད་ཀྱི་དཀྱིལ་འཁ