Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
གཞུག །དང་པོ་བརྒྱ་རྩ་བརྒྱད་པར་བྱ། །ཕྱི་ནས་ལྟོ་སྐྱེས་བཅས་པའི་བཅུད། །འོད་མའི་ནང་དུ་བཅུག་ནས་སུ། །སྔར་བཤད་གནས་སུ་གཞག་པར་བྱ། །རྩ་བ་འབྲས་བུ་ཞེས་བྱ་བ་ནི་སོ་པན་ཛ་ལ་སོགས་པའི་རྩ་བ་དང་འབྲས་བུའོ། །ཀ་ཏུ་མ་ཛ་རྫ་ལ་སོགས་པའི་
ནི་མེ་ཏོག་དང་འདབ་མ་དང་རུས་པ་ལ་སོགས་པ་གཟུང་ངོ་། །བཅུད་བཙོ་བའི་སྦྱོར་བའི་ཆོ་གའོ། །ལྷང་ཚེར་ཕྱོགས་ཀྱི་ཆ་དང་ནི། །བཅུད་ནི་དབང་པོའི་ཆ་དང་བཅས། །ཆ་ཡི་ངེས་པས་འཆིང་འགྱུར་ཏེ། །ཆ་བཅུས་རིམ་གྱིས་སྤེལ་བར་བྱ། །དྲི་ཞིམ་ཟླ་བ་རེ་རེ་སྦྱིན། །གསེར་
གྱིས་མདོག་ནི་བཟང་པོར་འགྱུར། །དངུལ་གྱིས་སོ་ནི་བཟང་པོར་འགྱུར། །མུ་ཏིག་མིག་ནི་དག་པར་འགྱུར། །མུ་མེན་སྐྲ་དང་སྤུ་ལ་ཕན། །རྡོ་རྗེས་ཐོག་ནི་ཟློག་འགྱུར་ཏེ། །ལྕགས་ཀྱིས་ཆུ་དང་མཚོན་རྣམས་ཟློག །སྣ་ཚོགས་དབང་ཕྱུག་སེམས་དང་ནི། །ལྷང་ཚེར་གྱིས་ནི་བརྒྱ་བྱིན་
དང་། །མེ་དང་གཤིན་རྗེ་ཆུ་ལྷ་དང་། །ལུས་ངན་ལ་སོགས་བགེགས་ཀུན་ཟློག །ནཱ་ག་པར་ནི་མར་སར་དང་། །རྒྱ་མཚོ་ལན་ཚྭར་བཅས་པ་ཡི། །དངུལ་ཆུའི་སྦྱོར་བ་མཆོག་འདི་ཡིས། །རྒས་པ་དང་ནི་མཛེ་ནད་འཇོམས། །བ་ལང་ལྕེ་ཡི་སྨན་དང་ནི། །དངུལ་ཆུར་བཅས་པ་

བྱུགས་པ་ཡིས། །གཞང་འབྲུམ་ནད་ནི་སེལ་བར་བྱེད། །ཀ་རི་ཀེ་སས་གསོ་བ་སྟེ། །གི་རི་ཀར་ནི་ཀ་དང་ནི། །རལ་བ་དམར་པོས་བཞུ་ཞིང་གསད། །འཛག་དང་ཨ་ཤྭ་གན་ད་དང་། །ནཱ་ག་བ་ལ་བ་ལི་ཀ། །ཆ་མཉམ་གྱིས་ནི་རྨོངས་པར་བྱ། །དྷ་དུ་ར་ཡི་ཁུ་བ་ཡིས། །རང་
གི་ཡོན་ཏན་མ་ལུས་བྱེད། །དེ་ནས་སྙིང་པོ་ཀུན་བསྡུས་པའི། །མར་ཁུའི་ཆོ་ག་བཤད་པར་བྱ། །མར་ཁུ་རྣམ་པ་གཉིས་གསུངས་ཏེ། །སྣོད་དང་སེམས་ཅན་ལས་བྱུང་བའོ། །དང་པོ་སྣོད་ཀྱི་བཤད་བྱ་སྟེ། །འབྲས་བུ་ཆེན་པོ་གསུམ་གྱི་ཆུས། །སྣུམ་སྟེར་རྣམས་ལ་ཡང་
ཡང་བསྒོ། །དེ་ནི་ལེགས་པར་བསྐམས་བྱས་ལ། །རྡུལ་ལ་སོགས་པའི་སྐྱོན་བྲལ་བའི། །ས་ཡི་ཆར་ནི་སྔགས་པས་བསྐྱེད། །ལེགས་པར་སྨིན་ཅིང་སྣུམ་པ་དང་། །སྐྱ་བོ་ལ་སོགས་སྐྱོན་སྤངས་གནག །ལེགས་པར་བརྡུང་ཞིང་བསྲོས་ནས་སུ། །སྐྱུ་རུ་ར་ཁུ་ཆར་ཆུས་སྦངས། །སྲ་
བ་དེ་ཡི་བདུག་པས་བསྒོ། །དུ་མེད་མེ་ཡིས་རན་པར་བདུག །དེ་ནས་འཁྲུལ་འཁོར་དག་གིས་བཙིར། །དཔྱིད་དང་སོས་ཀ་སྟོན་དུས་གསུམ། །ཉི་མའི་འོད་ལ་སྨན་མར་བཙོ། །དགུན་སྟོད་དགུན་སྨད་དབྱར་དང་གསུམ། །མར་ཁུ་མེ་ཡིས་རན་པར་བཙོ། །གན་ད་པ་ཏྲ་དྭ་ཙ་དང་། །
སུག་སྨེལ་ནཱ་ག་བུས་བར་བཅས། །རལ་པ་དང་ནི་ས་ལི་ལ། །དེ་དག་ཕྱེ་མར་བྱས་པ་ནི། །ཏིལ་ལས་བྱུང་བའི་ནང་བླུགས་ཏེ། །ཆུ་ནི་མར་ཁུའི་བཞི་འགྱུར་བྱ། །ཨ་ག་རུ་ནི་སྲང་ཕྱེད་དང་། །སྨན་གྱི་བཞི་འགྱུར་བྱས་ནས་སུ། །དེ་ནས་མེ་ནི་རན་པས་བསྐོལ། །སླར་ཡང་རལ་
བ་གླ་སྒང་དང་། །ཙནྡན་ཤིང་ཚ་བ་ཏྲར་བཅས། །སྔར་བཤད་ཕྱེ་མ་མཉམ་པོར་བྱ། །དེ་བཞིན་སྔ་མ་བཞིན་དུ་བཙོ། །སླར་ཡང་སིཧླ་དཀར་མིན་ལྷ། །རུ་རྟ་ཛ་ལ་བ་ཐར་བཅས། །ཐམས་ཅད་བསྲེས་པ་སྲང་གཅིག་བཏང་། །མར་ཁུ་སྲང་ནི་བརྒྱད་དང་བཅས། །འོད་མའི་
ནང་དུ་བླུགས་ནས་ནི། །ཉི་མ་བདུན་དུ་ཉི་མར་བཙོ། །ཡིད་འོང་སྐལ་བཟང་སྟོབས་རབ་སྟེར། །འདོད་པའི་དོན་ནི་ཕུན་སུམ་ཚོགས། །གལ་ཏེ་ཚངས་པའི་མར་ཁུར་བཅས། །རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །གཞན་ཡང་སྦ་ལ་སུག་སྨེལ་དང་། །པ་ཏ་བྷྲིང་ག་རཱ་

ཛ་དང་། །སེན་མོ་རུ་རྟ་བི་ཤ་ཙ། །སོ་སོར་ཆ་བཞི་ཆ་དྲུག་བདུན། །ཆ་ནི་བཅུ་གཉིས་དག་དང་བཅས། །འདི་རྣམས་སྨན་གྱི་སྐྱོ་མ་ནི། །སྔར་བཤད་པ་ཡི་ཚད་དང་བཅས། །སྔར་བཤད་འོད་མའི་ཚོགས་བཙོ། །གང་ཚེ་རྐང་གི་མར་ཁུར་བཅས། །ནད་
རྣམས་ཐམས་ཅད་འཕྲོག་པར་འགྱུར། །དེ་ནས་ཤ་ཆེན་མར་ཁུ་དང་། །ལྷན་ཅིག་བསྲེས་ཏེ་སྦྲང་རྩི་ཡི། །སྣོད་དུ་བླུགས་ཏེ་ཉི་མར་བསྲོ། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །རི་དགས་ལྟེ་བ་དང་མཚུངས་འགྱུར། །སྦྱོར་བ་འདི་ནི་དམ་པ་སྟེ། །བསྲུང་བ་ཀུན་གྱི་བླ་ན་མེད། །ཏི་ཏྲ་
ཙ་ཡི་འབྲས་བུ་དང་། །ཙནྡ་ན་སིཧླ་ཤིང་ཚར་བཅས། །སྔར་བཤད་པ་ཡི་མར་ཁུ་དེ། །རྐང་གི་མར་དང་བསྲེས་ནས་ནི། །སྔར་བཞིན་སྦྲང་རྩིའི་སྣོད་གཞག་སོགས། །དེ་ནི་ག་བུར་མཚུངས་འགྱུར་ཏེ། །སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད། །དེ་ནས་རི་སྐྱེས་མར་ཁུར་བཅས། །
འབྲས་གསུམ་གླ་སྒང་ཤུ་དགེ་དང་། །པུ་ཏི་ཏ་དཀར་ཀུ་སུ་མ། །སེ་པ་ལ་ཡི་ངར་པ་དང་། །གུར་གུམ་དང་ནི་ལྷན་ཅིག་བཅས། །སྦྲང་རྩིའི་སྣོད་དུ་བླུགས་ནས་སུ། །ཉིན་བདུན་ཉི་མའི་དྲོད་ལ་བཙོ། །སྐལ་བཟང་སྟོབས་འཕེལ་མདངས་དང་ལྡན། །རྟག་ཏུ་འོ་མ་བཏུང་བྱ་ཞིང་། །
བསམ་གཏན་བཟླས་ལ་འབད་པར་བྱ། །ཚངས་པར་སྤྱོད་ལ་རྟག་གནས་ནས། །ཁུ་བ་དག་ནི་དགག་པར་བྱ། །སྦྲང་རྩི་དང་ནི་བཅས་པ་རུ། །སྒྲུབ་པོས་ཕྲ་མོ་ཟླ་དྲུག་བཟའ། །དེ་ཡི་བཤང་བ་ཀུན་བླངས་ལ། །ཕྲ་མོ་ལྷན་ཅིག་ཕྱེ་མར་བྱ། །རྫ་མ་སར་པར་བཞག་ནས་སུ། །ཚ་
གསུམ་ཙོ་རའི་ཕྱེ་མ་ནི། །ཉིས་འགྱུར་དུ་ན་བྱས་པ་དང་། །འབྱིན་བྱེད་ཕྱེ་མ་བཅུ་ཆར་བསྲེ། །བུ་རམ་གྱིས་ནི་རིལ་བུ་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཉི་མ་རེ་རེ་ཞོ་གཉིས་གཉིས། །ཟོས་ན་ནད་རྣམས་ཐམས་ཅད་ནི། །འཇིག་འགྱུར་ཁྱད་པར་གཞང་འབྲུམ་འཇོམས། །
མེས་པོ་ཡི་ནི་ཆ་བཞི་དང་། །སྒོག་སྐྱ་དང་ནི་བཅུ་དྲུག་བསྲེ། །འོ་མ་དང་ནི་ལྷན་ཅིག་བཏུང་། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །གཟེར་ནད་ཀླད་ནད་འཇོམས་པར་འགྱུར། །སིངས་པོ་དང་ནི་ལྷན་ཅིག་ཏུ། །སྔ་མ་བཞིན་དུ་འཐུངས་ན་ནི། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །ཟླ་

དྲུག་སྦྱོར་བ་གོམས་པ་ཡིས། །སྐྲ་དཀར་དང་ནི་གཉེར་མ་འཕྲོག །འབྲས་ནི་དམར་པོའི་ཕྱེ་མ་དང་། །བ་ལའི་རྩ་བ་འདབ་མར་བཅས། །སྒོག་སྐྱ་ཞོ་གཉིས་ལྷན་ཅིག་ཏུ། །བཏགས་ཏེ་རིལ་བུ་བྱས་ནས་ནི། །མར་རམ་མར་ནག་ནང་དུ་བཙོ། །ཟོས་ནས་གཅིན་དང་འཚམ་པར་
བཏུང་། །དེས་ནི་རུས་པ་ཆག་པ་དག །འབྱོར་ཞིང་སྟོབས་དང་ཉམས་འཕེལ་འགྱུར། །བྷྲིང་ག་རཱ་ཛ་ཚངས་པ་ནི། །རློན་པ་གཅི་བ་དང་བཅས་བཟའ། །དེ་ཡིས་དུག་ནི་འཕྲོག་པར་བྱེད། །ཡུང་བའི་ཁུ་བ་ཞོ་གཉིས་དང་། །དེ་དང་མཉམ་པའི་གཅི་བར་བཅས། །འཐུངས་ན་རྒྱུ་
བའི་དུག་དང་ནི། །ཤུ་བ་དང་ནི་ནད་ཀུན་འཇོམས། །ཡུང་བའི་ཁུ་བ་བ་ལང་གཅིན། །དེ་བཞིན་འབྱུང་པོའི་གཙོ་བོ་སྟེ། །རིག་བྱེད་གྲངས་དང་མཉམ་པའི་སྲང་། །དེ་ལ་ཞོ་ནི་གཉིས་གཉིས་བཏུང་། །དཔྱིད་ཀྱི་དུས་སུ་ཅུང་ཟད་བསྐྱེད། །སྦྱོར་བའི་གཙོ་བོ་འདི་ཡིས་ནི། །དུག་དང་
རིམས་རྣམས་སེལ་བར་བྱེད། །གླ་སྒང་སྐྱུ་རུ་ར་དང་ནི། །དྲི་རྣོན་དང་ནི་ཞག་ཆེན་དང་། །སྦྲང་རྩི་ཆ་མཉམ་ཕྱེ་མ་ནི། །ཁབ་ལེན་ལྕགས་ཀྱི་སྣོད་དུ་གཞག །སྦྱོར་བའི་རིམ་པ་འདི་ཡིས་ནི། །སྲང་ནི་སུམ་བརྒྱའི་བར་དུ་བྱ། །བ་སྃ་ཏ་ཞེས་བྱ་བ་སྟེ། །དངོས་གྲུབ་ཐམས་ཅད་རབ་
སྟེར་བ། །ལོ་གཅིག་བར་དུ་སྦྱོར་བ་ཡིས། །ཡིད་འོང་ཡིད་ནི་གཞུངས་པར་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །གཉེར་མ་དང་ནི་སྐྲ་དཀར་སེལ། །དུས་ཀྱི་རླུང་དང་ཉི་ཚན་སོགས། །བསྟེན་ཀྱང་འཇིགས་པར་མི་བྱའོ། །སྦྱོར་བ་གཞན་ལ་བརྟེན་པ་ནི། །འབྲས་བུ་
མེད་ཅིང་ལོག་པར་འགྱུར། །རྟག་ཏུ་བསམ་གཏན་བཟླས་བྱས་ནས། །ལོ་ནི་སུམ་བརྒྱའི་བར་དུ་འཚོ། །པི་པི་ལིང་དང་གུར་གུམ་ནི། །ཆ་ནི་མཉམ་པོར་བྱས་ནས་སུ། །སོ་ཀའི་དུས་སུ་བཟའ་བར་བྱ། །དེ་རྗེས་གཅི་བ་དྲོ་འཐུངས་ན། །ཁ་ཟས་ཡི་གར་འོང་ཞིང་འཇུ། །ནིར་
ཀུྃ་དི་ཡི་ཁུ་བ་དང་། །གཅི་བར་བཅས་པ་སྣ་སྨན་སྦྱིན། །བད་ཀན་ལས་གྱུར་ནད་རྣམས་འཕྲོག །དེ་ཉིད་པདྨའི་དྲི་མ་དང་། །བཅས་པར་བྱུགས་ན་གླང་ཤུ་སེལ། །མ་ར་ཀ་དའི་རྩ་བ་དང་། །སོ་དང་སེན་མོའི་རྡུལ་དུ་བསྲེ། །རྨ་ནི་དང་པོ་མར་གྱིས་བཀྲུ། །དེ་རྗེས་སྨན་དེས་བྱུགས་

ན་ནི། །རྨ་ནི་འདྲུབ་པར་བྱེད་པའི་མཆོག །སོ་ཕག་རྡུལ་དང་སུག་སྨེལ་ཕྱེ། །གི་རི་ཀརྞའི་ཁུ་བ་རུ། །མཉེས་ཏེ་མིག་འཁྱུགས་ན་ནི། །རབ་རིབ་དག་ནི་འཇོམས་པའི་མཆོག །འབྲས་བུ་གསུམ་གྱི་ཁུ་བས་སྦྱང་། །མ་ཧ་ཧ་ཏ་ཀ་ཡི་འདབ། །འོ་མ་དང་ནི་ལིག་
བུ་མིག །འབྱུང་པོའི་ཆུ་དང་བཅས་པ་རུ། །མིག་ཏུ་བླུགས་ནས་ལོ་དྷ་ཡིས། །བདུགས་ན་དྲི་མ་མེད་པར་འགྱུར། །ཡུང་བ་གཉིས་ཀྱི་ཆ་མཉམ་ཕྱེ། །བ་ཡི་དར་བ་བྲེ་དོར་བཅས། །བྲེ་གང་ལུས་ཀྱི་བར་དུ་བསྐོལ། །ཞག་བདུན་དུ་ནི་དེ་འཐུངས་ན། །དེ་ཡིས་ལུས་ནི་རྒྱས་
འགྱུར་ཏེ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི། །དཔའ་བོ་རང་ཉིད་བཤད་པ་ཡིན། །ཡུང་བ་དང་ནི་སོ་ཕག་དང་། །དེ་བཞིན་བཙག་དང་སྨྱོ་བྱེད་ཁུ། །རླུང་མེད་གནས་སུ་གནས་ནས་ནི། །ལུས་ལ་དྲིལ་ཕྱིས་བྱས་ན་ནི། །རྟག་ཏུ་སྟོབས་ནི་འཕེལ་བྱེད་ཅིང་། །དངུལ་ཆུ་
བཅིང་བ་དག་ལ་ཕན། །རུ་རྟ་མུར་བ་ཤུཀ་ཏི་ཀ། །ཤིང་ཚ་ཆ་མཉམ་ཕྱེ་དང་ནི། །མང་སི་ཚ་ནི་ཉིས་འགྱུར་བཅས། །དྲིལ་ཕྱིས་བྱས་ན་འདོད་པ་འགྲུབ། །བྲག་ཞུན་དང་ནི་སོ་ཕག་དང་། །ནིར་གུན་དི་དང་ཨེ་ལ་ཚ། །ཆ་ནི་མཉམ་པོར་བྱས་པ་ཡི། །ཡུང་བ་དག་ནི་བཞི་འགྱུར་
བཅས། །གསེར་ཤིང་ཁུ་བ་ཆ་ཕྱེད་ཀྱིས། །དྲིལ་ཕྱིས་བྱས་ན་དུག་འཕྲོག་ཅིང་། །གཅི་བར་བཅས་པའི་དྲིལ་ཕྱིས་ཀྱིས། །ཁྱི་རྔོ་དང་ནི་མཛེ་ནད་འཇོམས། །ཁྱེའུ་ངད་བུ་མོ་གཞོན་ནུའི་ཤ། །མར་དང་བཅས་པ་ཅི་རིགས་པར། །རྒྱུན་དུ་ཟོས་ན་ཚེ་རིང་འགྱུར། །མཛེས་མ་ལས་
བྱུང་མེ་ཏོག་ནི། །ཟོས་ན་རིམ་གྱིས་རྒ་བ་འཇོམས། །རྟག་ཏུ་ག་བུར་ཙནྡན་དག །བསྟེན་ན་ནད་རྣམས་སེལ་བའི་མཆོག །དེ་བཞིན་བཞི་མཉམ་གཅི་བར་བཅས། །སྣ་སྨན་བྱིན་ནའང་ནད་ཀུན་སེལ། །ཤ་ཤང་ཀ་དང་ཡུང་བ་དང་། །ཁ་བ་ཡི་ནི་སྙིང་པོ་དག །པདྨ་ཅན་གྱི་པདྨ་
ནི། །སྨྱུང་པོ་ཡི་ནི་ཁུ་བ་དང་། །སེམས་ཀྱི་དབང་ཕྱུག་ལག་མཐིལ་དུ། །མཉེས་ཏེ་རིམ་གྱིས་བསྟེན་ན་ནི། །ནད་རྣམས་ཀུན་ལས་གྲོལ་འགྱུར་ཞིང་། །བསམ་པ་ཐམས་ཅད་རྫོགས་བྱེད་པར། །གདོན་མི་ཟ་བར་ངས་བཤད་དེ། །དཔྱིད་ཀྱི་དུས་སུ་བསྐུལ་བར་བྱ། །མཁྲང་

མ་ཞེས་བྱ་ཆེན་པོའི་ཆེན། །དེ་ཡི་གཅི་བའི་ལན་ཚྭ་དང་། །དེ་ཡི་ཁྲག་དང་ཁུ་བར་བཅས། །དངུལ་ཆུ་དང་ནི་སྦྲང་རྩིར་བསྲེ། །སྦྱོར་བ་ཆེན་པོ་འདི་དག་ནི། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །རྟག་ཏུ་ནད་མེད་སྟོབས་ལྡན་འགྱུར། །བད་ཀན་ཅན་གྱི་མི་རྣམས་ལ། །
ཚ་བའི་རྫས་དང་ལྷན་ཅིག་སྦྱིན། །ཐུང་ངུའི་པདྨ་ལས་བྱུང་བ། །དང་པོ་མཁས་པས་གཟུང་བར་བྱ། །ལྕེ་དང་དཀར་པོར་བཅས་པ་ལས། །སྦྱོར་བ་པོས་ནི་རིལ་བུ་བྱ། །ཟླ་བ་དྲུག་ཏུ་བསྟེན་པ་ཡིས། །རྒྱུ་དང་མི་རྒྱུ་བཅས་པར་འཆིང་། །ཇི་སྲིད་ལུས་ནི་གནས་ཀྱི་བར། །དུག་
ཀྱང་འཕོ་བར་མི་འགྱུར་རོ། །མཁྲང་མ་ལས་བྱུང་མེ་ཏོག་གཟུང་། །དེ་བཞིན་ཁྭ་གདོང་བདུད་རྩིར་བཅས། །ཤ་ཆེན་དག་ནི་ཉིས་འགྱུར་བྱ། །རང་ལས་བྱུང་བའི་སེམས་དང་བཅས། །དེ་ནི་ཟོས་ཤིང་བསྟེན་པ་ཡིས། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རིམ་འདི་རྟག་ཏུ་བསྟེན་
བྱས་ན། །ལོ་ནི་སུམ་བརྒྱར་འཚོ་འགྱུར་ཞིང་། །སྐྲ་དཀར་དང་ནི་གཉེར་མ་སེལ། །བསྟན་བཅོས་ཀུན་ལ་འཇིགས་མེད་འགྱུར། །བཤང་བའི་ཕྱེ་མ་ཞོ་གཉིས་དང་། །ཨ་པ་མ་རྒའི་ཐལ་བ་དག །མི་ཡི་གཅིན་དང་མ་ཧེའི་གཅིན། །བཅས་པར་མཁས་པས་བླུང་ན་ནི། །
སྟོབས་རྣམས་བདེ་བར་སྐྱེ་འགྱུར་བར། །ངས་བཤད་པ་ལ་ཐེ་ཚོམ་མ་མེད། །རྡོ་རྗེ་བླ་མ་མཆོད་ནས་ནི། །དེ་འོག་ལས་ནི་བརྩམ་པར་བྱ། །ཡུང་བ་ཤེ་ཀ་ར་ར་བཅས་པས། །ཁྲག་དང་མཁྲིས་པའང་སེལ་བར་བྱེད། །མི་མོའི་འོ་མ་སྲང་བརྒྱ་དང་། །རྡོ་རྗེའི་འོ་མ་སྲང་བརྒྱར་བཅས། །
སྐྱུ་རུའི་ཁུ་བའང་དེ་ཙམ་སྟེ། །བ་ཡི་འོ་མ་ཁམ་ཕོར་གང་། །ཡུང་པ་སྦྲང་རྩི་ཙནྡན་དམར། །སྲང་གཅིག་དང་ནི་པ་ཐ་དག །སྔར་བཤད་མཚན་ཉིད་ལྡན་པ་ནི། །བརྒྱ་རྩ་བརྒྱད་ནི་གཟུང་བར་བྱ། །སྔོན་བཞིན་རན་པར་བཙོ་བྱས་ལ། །ཁྱིམ་གྱི་མེ་ཏོག་དཀར་པོར་བཅས། །
དཔྱིད་ཀྱི་དུས་སུ་བསྐུལ་བར་བྱ། །སྦོམ་པོ་ལ་སོགས་ལྔ་ཡི་ནི། །ལས་ཀྱི་ཆོ་ག་བཤད་པར་བྱ། །ནུ་མ་མེད་པ་རྩུབ་མོ་དང་། །མཛེར་པ་ཅན་ཏེ་གསུམ་པ་ཡི། །གཅི་བའི་ལན་ཚྭ་བཟུང་ནས་སུ། །མཐེ་བོ་ཡི་ནི་ཁྲག་དང་བཅས། །འགུགས་པར་བྱེད་པའི་དམ་པ་ཡིན། །རྫས་

ལ་རྟ་དང་མ་ཧེའི་ཁྲག །ཁྲོ་བོ་ཡི་ནི་ཁྲག་དང་བཅས། །དེ་བཞིན་དུ་ནི་ཐ་ཆུང་གི། །ཁྲག་དང་བཅས་པས་གསད་པའང་འགྲུབ། །ཐུང་ངུ་ཡི་ནི་ལན་ཚྭ་དང་། །དེ་ཉིད་ཀྱི་ནི་ཁུ་བར་བཅས། །རིང་པོའི་ཁྲག་དང་བཅས་པ་ཡིས། །རྒྱས་པ་ཆེན་པོར་འགྱུར་བ་ཡིན། །
དེ་ཉིད་སྲིན་ལག་འབྱུང་པོའི་བདག །དོན་ཡོད་དབང་དུ་སྡུད་པ་ཡིན། །དྲི་ཡི་ཆུ་ནི་རྒྱལ་མཚན་གྱི། །ཁྲག་དང་ལྷན་ཅིག་བཅས་ནས་སུ། །ལག་མཐིལ་དུ་ནི་མཉེས་ལ་བཟའ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན། །པདྨ་ལས་བྱུང་མ་རྙེད་ན། །རོ་ཡི་ལག་པ་ལས་བྱུང་
གཟུང་། །རྣལ་འབྱོར་དོན་གཉེར་དབུལ་པོ་ཡིས། །ལག་པའི་མཆོད་པས་ཡིད་འདོད་བྱ། །རྒྱུད་རྣམས་ཀུན་དུ་གང་སྦས་པ། །དེ་དག་ཐམས་ཅད་ཁྱོད་ལ་བཤད། །དབང་བསྐུར་ལག་ཏུ་བཀོད་ནས་ནི། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །མཛེས་མ་ཀུན་
དུ་རུའི་ས་བོན། །ཕག་གི་མཆེ་བས་མཉེས་ནས་སུ། །ཐིག་ལེར་བྱས་ན་རྒྱུ་མི་རྒྱུའི། །འགྲོ་བ་དབང་དུ་བྱེད་པར་འགྱུར། །གི་རི་ཀརྞ་དཀར་པོ་དང་། །པྲི་ཡང་ཀུ་རུ་བཅས་ཏེ་བླག །ཉམས་སྟོབས་དག་ནི་འཕེལ་བར་འགྱུར། །བུ་མོ་གཞོན་ནུའི་མིག་རྣག་དང་། །
ལྡོང་རོས་བཅས་པ་བསྟེན་ན་ནི། །སྣ་ཚོགས་དུག་རྣམས་འཇོམས་པར་བྱེད། །བུ་མོ་སྔོ་བསངས་མིག་རྣག་དང་། །ཀླད་པ་ཡི་ནི་ཞག་ཏུ་བཅས། །དེ་ནི་བསྟེན་པ་ཙམ་གྱིས་སུ། །སྐྲ་དཀར་འཇོམས་པར་ཐེ་ཚོམ་མེད། །ལྕེ་དང་ཁྲག་ནི་ཆ་བསྙམས་ལ། །བུ་རམ་འོལ་
སེ་བཞི་ཆར་བཅས། །གཞན་ཡང་ཁུ་བ་མར་དང་ནི། །དངུལ་ཆུ་སྔར་ནི་བཤད་བཞིན་བཟུང་། །མུ་ཟི་བཟང་པོར་བཅས་པ་ནི། །བསྟེན་ན་སྦྱོར་བའི་དམ་པ་སྟེ། །ཟླ་དྲུག་ཙམ་དུ་ངེས་པར་ནི། །རྒ་དང་ན་ལས་གྲོལ་འགྱུར་ཞིང་། །ལོ་ནི་སུམ་བརྒྱར་འཚོ་བར་འགྱུར། །
རྐང་གི་ཞག་དང་མུ་ཟི་ནི། །ཞོ་ནི་ཕྱེད་ཕྱེད་སྦྱར་བྱས་ལ། །ལོ་གཅིག་བར་དུ་བསྟེན་ན་ནི། །ལྷ་ཡི་གཟུགས་འགྱུར་ཐེ་ཚོམ་མེད། །ནམ་མཁའི་མེ་ནི་མཉེས་བྱེད་པ། །སུ་སི་ར་ཡི་ཚད་དང་མཉམ། །འདི་ནི་སྦྱོར་བ་ཆེན་པོ་སྟེ། །ཚེ་དང་ནད་མེད་འཕེལ་བྱེད་ཡིན། །རྩི་བསད་དང་

ནི་བཀྲ་ཤིས་བཅས། །ལྷག་པའི་ལྷ་ཡི་སེམས་པར་ལྡན། །བལྡག་དང་གཞིབ་དང་སྣ་སྨན་གྱིས། །རྡོ་རྗེའི་ལུས་འགྱུར་ཐེ་ཚོམ་མེད། །ཅེ་མྱང་ཚ་དང་གསེར་ཤིང་དང་། །སྨྱོ་བྱེད་དག་ལ་བཞི་ཆར་བཅས། །ཙག་ཀྲ་མ་རྡ་སེན་མོའི་རྡུལ། །སོ་མ་ར་ཛ་ཡུང་བ་དག །ཐམས་ཅད་
གཅིག་ཏུ་སྦྱོར་བ་ཡི། །རྫས་ནི་སྲང་གཅིག་བཟུང་ནས་སུ། །སྔར་བཤད་ཆོ་ག་བཞིན་དུ་ནི། །མར་ཁུ་དག་ནི་བཙོ་བར་བྱ། །མི་རྒྱལ་ཏ་ལ་ས་ཧྱ་དེ། །འབྲས་བུ་ཡི་ནི་ཆུ་དང་བཅས། །བཞི་དང་ལྔ་དང་དྲུག་བདུན་ཆ། །དེ་དག་ཇི་སྙེད་མར་དེ་སྙེད། །ལྕགས་ཀྱི་དྲི་མ་པྲི་ཡང་ཀུ། །
སོ་དང་སེན་མོ་ཡུང་བར་བཅས། །དེ་དག་སླར་ཡང་མར་ཁུར་བཙོ། །གསལ་ཞིང་ནད་མེད་འཕེལ་བར་བྱེད། །མགོ་བསྐུ་བ་ཡི་ཆོ་གའོ། །པྲི་ཡང་ཀུ་དང་ཙནྡྲ་དང་། །ཀན་ཏེ་ལ་བ་ནའི་མེ་ཏོག །སྦྲང་རྩི་འཛག་དང་ཀུ་མུ་ཏ། །ཨུཏྤལ་ཆུ་ཡི་དོ་བར་བཅས། །སྐྱེར་པར་བཅས་པའི་
སྐྱོ་མ་ནི། །སྲང་གཅིག་ཚད་དུ་གཟུང་བར་བྱ། །འདོད་པའི་མེ་ནི་འབར་བྱེད་དེ། །སྐལ་བཟང་སྟོབས་ནི་འཕེལ་བར་བྱེད། །ཙམ་པ་དང་ནི་གུར་ཀུམ་དང་། །བ་བླའི་ཁུ་བར་བཅས་པ་བསྐུ། །བསྐུ་བྱུག་གི་ཆོ་གའོ། །འབྱིན་བྱེད་གཅིག་དང་མར་ཁུ་གཉིས། །དབང་པོ་གསུམ་
དང་ལྡན་པར་བྱ། །བསྐ་བ་ཞེས་བྱ་སྐྱུ་རུ་ར། །ཀྲི་རི་མ་ལ་ཨེ་ལ་ཛི། །ཙམ་པ་ཀ་དང་ཙནྡན་དང་། །ནཱ་ག་གེ་སར་རུ་རྟ་དང་། །པདྨ་རག་ཏ་པྲི་དར་བཅས། །སྦྲང་རྩི་མེ་ཏོག་པྲི་ཡང་ཀུ། །པ་ན་མ་ལ་ཕུར་མོ་དང་། །ཨ་པྲ་ད་དི་པུས་པར་བཅས། །ཆུ་ཡི་དོ་བ་དཔའ་བོ་གཅིག །ཤ་ཏ་
པུས་པ་ཛ་ལ་གསུམ། །རྒྱ་སྤོས་དག་ནི་མཆོག་ཡིན་ཏེ། །མར་ཁུ་བཙོ་བའི་ཆོ་གས་ནི། །སྣ་སྨན་བཏུང་དང་བསྐུ་བྱུག་བྱ། །སྣ་སྨན་སྲང་བཅུ་སྦྱིན་བྱ་སྟེ། །བཏུང་བ་སྲང་ནི་རྣམ་པ་བརྒྱ། །ཉི་ཤུ་ལྷག་པ་མགོར་བསྐུ་ཡིན། །དྲིལ་ཕྱིས་སྲང་ནི་སུམ་བརྒྱར་བྱ། །སྨན་བསྐོལ་ཆོ་ག་
བྱ་སྟེ། །སྨན་ནི་ཇི་སྙེད་ཡོད་པ་ཡི། །ཆུ་ནི་བཅུ་དྲུག་འགྱུར་དུ་བཙོ། །སྨན་དང་མཉམ་པའི་ཆུ་ལུས་པ། །བསྐོལ་བའི་ཆོ་གའི་མཆོག་ཏུ་བཤད། །ཀི་ད་དང་ནི་མ་ཚན་དི། །ས་ལ་ཛང་དང་གུ་གུལ་དང་། །ཀུན་དུ་རུ་དང་ཨ་ཀ་རུ། །མར་དུ་བཅས་པ་བདུག་སྤོས་ཀྱི། །

སྦྱོར་བའི་མཆོག་ཏུ་བཤད་པ་ཡིན། །སུམ་ཅུ་གསུམ་པའང་མཆོད་པར་བྱེད། །བྲག་ཞུན་ག་བུར་རུ་རྟ་དང་། །ཙནྡན་སེན་མོ་པི་པི་ལིང་། །གླ་སྒང་བཅས་པ་སྔར་བཤད་པའི། །རྫས་དང་ལྷན་ཅིག་བསྲེས་ནས་ནི། །བྱེ་མ་ཁ་ར་མར་དང་བཅས། །བུ་རམ་
དག་ནི་སྤང་བར་བྱ། །ཁམ་ཕོར་ཐོད་པའི་དབྱིབས་འདྲ་བ། །ཏ་ལའི་འབྲས་བུའི་ནང་དུ་གཞུག །བདུག་སྤོས་ཀྱི་འཁྲུལ་འཁོར་གཉིས་ཀྱི་ཆོ་གའོ། །བིཥྞུ་ཀྲན་ད་སི། །རལ་པ་དམར་པོ་པྲི་ཡང་གསུམ། །ཤིང་ཚ་སེན་མོ་རུ་རྟ་དང་། །གླ་སྒང་རྒྱ་སྤོས་འདག་གུ་ནི། །བུད་
མེད་ཁྲུས་ཀྱི་འདག་ཆལ་མཆོག །ད་ནི་བུད་མེད་མངལ་གང་ནས། །རྣག་དང་ཐལ་བ་ཉ་དྲི་འབྱུང་། །དེ་རྣམས་སྦྱང་བར་བྱ་བ་བཤད། །དང་པོ་དྲི་ཞིམ་ཆུ་ཡིས་བཀྲུ། །དེ་ནས་ལོ་ད་བསྐོལ་བས་བཀྲུ། །དེ་ནས་ཁྲི་སྟེང་བཞག་ནས་སུ། །ཁམ་ཕོར་བདུག་སྤོས་ཁ་སྦྱར་ཏེ། །བུག་
པ་དག་ནི་དབུག་པར་བྱ། །དེ་རུ་སྦུ་གུ་བཅུག་ནས་ནི། །སྐྱེ་གནས་ནང་དུ་བདུག་པར་བྱ། །ནྱ་གྲོ་དྷ་ཡི་ཤིང་བུ་ནི། །མཐེའུ་ཆུང་ཚད་ཙམ་བླངས་ནས་སུ། །བ་ཡི་གཅིན་གྱི་ནང་དུ་ནི། །ཞག་གཅིག་བར་དུ་སྦང་བར་བྱ། །དེ་ཡིས་སོ་ནི་བྲུད་ནས་སུ། །དེ་འོག་ཏུ་རྟ་ཨ་རུ་ར། །ཆ་
མཉམ་དྲི་ཡིས་སོ་ལ་བསྒོ། །ཁ་ཡི་དྲི་མ་སེལ་བའི་མཆོག །གླ་སྒང་རུ་རྟ་ཨེ་ལ་དང་། །སུག་སྨེལ་འུ་སུ་ཤིང་མངར་རྣམས། །ཟོས་ན་རྣག་དང་སྒོག་དྲི་དང་། །ཆང་གི་དྲི་ནི་འཕྲོག་པའི་མཆོག །པ་ལ་བ་ནི་རྣམ་གཉིས་ཀྱི། །སྦང་བ་དང་ནི་བསྒོ་བྱས་ན། །མེ་ཏོག་
དང་ནི་སྐྱུར་པོ་སོགས། །སྦྱང་ཞིང་དྲི་ཡིས་བསྒོ་བའི་མཆོག །རལ་པ་དམར་པོ་བ་ལ་དང་། །སུག་སྨེལ་རྒྱ་སྤོས་འུ་སུ་བཅས། །སེན་མོ་དང་ནི་གླ་སྒང་ལ། །སྐྱུ་རུ་ར་ནི་སུམ་འགྱུར་བླུགས། །འདི་ནི་ཁྲུས་ཀྱི་སྦྱར་བའི་མཆོག །ཤིང་ཚ་གླ་སྒང་རྒྱ་སྤོས་དང་། །པ་ཏྲ་ཀེ་པར་
ཏི་ཡི་ནི། །གླ་སྒང་རུ་རྟ་སེན་མོར་བཅས། །སྐྱུ་རུ་ར་ནི་ཆ་གསུམ་བྱ། །དེ་དག་བཀྲུ་བའི་འདག་ཆལ་མཆོག །རྒྱལ་པོ་ལ་སོགས་ཕྱི་རོལ་སྦྱོར། །དྲུག་ཅུ་རྩ་བཞིའི་རིམ་པ་ནི། །བདག་ལས་སྐྱེས་པ་ལྔ་དང་བསྲེ། །རྒྱལ་པོ་ལ་སོགས་བཅུ་དྲུག་བྱ། །ཨ་ཨི་ཨོ་ཨ་སྟེ་

དང་པོའོ། །ལྀ་ཨུ་ཨེ་རྀ་གཉིས་པའོ། །ཨཱི་ཨྃ་ཨ་ཨོ་ནི་གསུམ་པའོ། །ཨཱུ་ལཱྀ་རཱྀ་ཨཻ་ནི་བཞི་པའོ། །ལྷ་ཡི་གཟུགས་སུ་བྱེད་པ་ཡི། །སྨན་ནི་དེ་དག་བསྟན་པ་ཡིན། །དབྱངས་ཚད་ཆོ་ག་ཤེས་པ་ཡིས། །དེ་དག་ཐམས་ཅད་ཤེས་པར་བྱ། །ཨ་ནི་ས་ཡི་བདག་པོ་སྟེ། །ཨི་ནི་
ས་ཧ་དེ་བ་ཡིན། །ཨོ་ནི་རྨ་བྱའི་ཅོད་པན་ཏེ། །ཨཱ་ནི་ངན་པར་སྦྱོར་མ་ཡིན། །ལྀ་ནི་ཀྲི་ཏ་ཨ་ཛཱ་ལི། །ཨུ་ནི་རལ་བ་དམར་པོ་ཡིན། །ཨེ་ནི་རྟག་ཏུ་དུ་བ་སྟེ། །རྀ་ནི་གི་རི་ཀརྞི་ཀ། །ཨཱི་ནི་ཙག་ཀྲ་ཨང་ག་ཡིན། །ཨྃ་ནི་ཤ་སི་ཤེ་ཁ་ར། །ཨོ་ཞེས་བྱ་བ་ཉི་མའི་ཤིང་། །ཨཽ་ཞེས་བྱ་བ་
ལ་ཛུབ། །ཨཱུ་ནི་སྨྱོ་བྱེད་ཅེས་བྱ་སྟེ། །ལཱྀ་ནི་མགོ་ཡི་ལྕུག་མ་ཡིན། །རཱྀ་ནི་མ་ཧེའི་རྭ་ཡིན་ཏེ། །ཨེ་ཞེས་བྱ་བ་རྡོ་རྗེ་ཅན། །ཀ་ནི་གུ་གུལ་ལོ། །ཁ་ནི་རྡོ་རྗེ་ཅན་ནོ། །ག་ནི་སྨྱོ་བྱེད་དོ། །གྷ་ནི་ར་མའོ། །ང་དང་ཙ་ནི་སར་པོད་ཀ་དང་ཨ་ཏ་པ་རིའོ། །ཚ་དང་ཛ་ནི་སིཧླཱ་དང་ཙམ་པ་ཀའོ། །ཛྷ་ནི་ཀུན་ཏུ་རུའོ། །ཉ་དང་
ཊ་ནི་ཨང་ཀོ་ལ་དང་སོན་ཙི་ཀའོ། །ཋ་ནི་ལྡོང་རོས་སོ། །ཌ་ནི་ཨ་ཀ་རུའོ། །ཌྷ་ནི་ལུག་རུའོ། །ཎ་ནི་དཱུར་བ་དཀར་པོའོ། །ཏ་དང་ཐ་ནི་ཉ་དང་གན་དྷི་ཀའོ། །ད་དང་དྷ་ནི་གུར་ཀུམ་དང་རོ་ཙ་ནའོ། །ན་ནི་པྃ་ཤྠིའོ། །པ་དང་ཕ་ནི་ཤ་ཁར་དང་ལི་ཤིའོ། །བ་ནི་བྲི་ཡང་ཀུའོ། །བྷ་ནི་
ནཱ་ག་གེ་སར་རོ། །མ་ནི་སེན་མོའོ། །ཡར་ལ་ཝ་བཞི་པོ་ནི། །རླུང་ལ་སོགས་པའི་སྦྱོར་བ་མཆོག །པྲྀང་ཀ་ཨན་ཛ་ལི་དང་ནི། །རལ་པ་དམར་པོ་ས་ཧ་དེ། །དཔྲལ་བར་ཐིག་ལེ་བྱས་པ་ཡི། །རྒྱུ་དང་མི་རྒྱུ་བཅས་རྨོངས་བྱེད། །སུ་ཏ་པ་ཏི་མ་ཡུ་ར། །ཏི་ཀ་ཛ་ལ་གཞན་
མི་ཐུབ། །དེ་དག་བྷ་གར་བྱུགས་ན་ནི། །ལན་ཅིག་ཙམ་གྱིས་བཀའ་ཉན་འགྱུར། །བཛྲི་མེ་ཤ་ཨ་ཀ་དང་། །ཨ་དན་ཛ་ལེ་ཐལ་སྨན་མཆོག །རལ་པ་ཀ་ཏམ་སྨྱོ་བྱེད་དང་། །ཀན་ཏའི་རིལ་བུས་དབང་དུ་བྱེད། །ན་ནི་ན་ར་ཨན་ཛ་ལི། །ལ་ཛ་ལར་ནི་བཅས་པ་ཡིས། །ཆུ་ལ་
ཤཱཀྱའི་དབང་པོ་བཞིན། །རྒྱལ་པོ་ཀྲི་ཏ་ཨན་ཛ་ལི། །ན་རི་དང་ནི་དེ་སྟིར་བཅས། །མེ་ནི་བཅིང་བའི་དམ་པ་ཡིན། །བི་སྣུ་ཧེ་མ་བཛྲི་དང་། །ཧླི་དུར་བཅས་པ་ཁར་བཅུག་ན། །དེ་ཡི་མོད་ལ་ངལ་སོས་འགྱུར། །རྒྱལ་པོ་བློན་པོ་ལ་ཏ་དང་། །པ་ན་རྡོ་རྗེ་མཁྲང་བའི་མཆོག །

པ་ན་ས་ཧ་ཤི་ཁ་དང་། །མེ་ཤར་བཅས་པས་དུག་འཇོམས་བྱེད། །པརྱ་སུ་པ་མེ་ཤ་དང་། །སྣི་ཧ་བྷ་གར་བླུགས་ན་ནི། །མངལ་ན་གནས་པ་སྐྱེ་བར་འགྱུར། །མ་ཧེའི་རྭ་དང་ལ་ཏ་དང་། །ན་རི་ཨ་བ་ནར་བཅས་པ། །ལག་པས་བྱུགས་ན་རྒྱན་རྒྱལ་འགྱུར། །
པྲི་ཏ་ཙན་དི་ན་ར་དང་། །ས་ཧ་དེ་བ་ཁར་བཅུག་ན། །མཚན་མོ་དག་ནི་འཇིགས་མེད་རྒྱུ། །སྐྲག་དང་རྒྱལ་རྩ་མཁྲིས་པ་དང་། །བན་དུ་བློན་པོ་དེ་བཞིན་ཏེ། །པུ་ཏྲ་ཨར་ཐི་ཆ་བསྙམས་པ། །འདོད་དང་ལྡན་ཞིང་མངལ་འཛིན་འགྱུར། །ཤ་ཏ་སྲིང་ག་ཧསྟ་དང་། །ཙནྡན་གྱི་ནི་ཕྱེ་མ་
དག །སེམས་ཅན་ཐམས་ཅད་དབང་དུ་བྱེད། །བུད་མེད་ཀུན་ལ་བདེ་བ་སྟེར། །ནི་ཏ་ཀེ་ཀེ་པེ་ཡ་དང་། །སྐྱེས་བུས་བྷ་ག་བྱུགས་ན་ནི། །དབང་དུ་སྡུད་པར་བྱེད་པའི་མཆོག །རྩ་མཁྲིས་རལ་པ་དམར་པོ་དང་། །ད་ལ་དང་ནི་བ་དུར་བཅས། །རིལ་བུ་ཁ་རུ་བཅུག་ན་ནི། །འཁྲིག་
དུས་ཁུ་བ་འཛིན་པའི་མཆོག །མ་ཡུ་ར་དང་ཨ་ཤུ་དང་། །ཨ་ར་ཀ་མེ་ཤི་ཕྱེ་མས་ནི། །དགྲ་བོ་རླག་པར་བྱེད་པ་ཡིན། །རྨོངས་བྱེད་ཀན་ཏ་གཞན་མི་ཐུབ། །ས་ཡི་བདག་པོར་ཡང་དག་ལྡན། །སྨིག་མ་ཡི་ནི་ས་བོན་བཅས། །བྱ་བ་ཀུན་བྱེད་དགེ་བ་ཡིན། །ག་རི་དུ་ཧི་ཀྲ་མ་
དང་། །བུ་དན་ཙ་རི་རྡོ་རྗེ་ཅན། །རང་ཁྲག་བཅས་པའི་སྐྱོ་མ་ཡིས། །སྟ་རེ་འབར་བའང་གངས་སུ་བྱེད། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཱཿ། ཨ་ལ་སོགས་པས་ལུས་བྱུགས་ན། །ལྷ་རྣམས་ཀྱིས་ཀྱང་མཆོད་འགྱུར་ན། །ས་
སྟེངས་སྐྱེ་བོ་སྨོས་ཅི་དགོས། །ཡང་ཨ་ཨི་ཨོ་ཨཿརྣམས་ནི། །ཡིད་འོང་བདུག་པའི་སྦྱོར་བའོ། །ལཱྀ་ཨཱུ་རྀ་ཨཽ་རྣམས་ནི། །དྲིལ་ཕྱིས་སྦྱོར་བའི་དམ་པ་ཡིན། །ཨཱ་ཨྃ་ཨེ་ཨཱི་རྣམས་ནི། །མིག་སྨན་ལ་སོགས་ཆོ་གའོ། །ཨུ་ལྀ་རྀ་ཨཻ་རྣམས་ནི། །ཁྲུས་ཀྱི་བྱ་བའི་
ཆོ་གའི་མཆོག །ཀ་སོགས་བདུད་རྩི་ལྔ་ལྡན་པ། །དབང་དུ་བྱ་བའི་ཆོ་ག་མཆོག །ཙ་ལ་སོགས་དང་བདུད་རྩི་ལྔས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་སོགས། །སྐྱེས་པ་བུད་མེད་དབང་དུ་བྱེད། །ཊ་ལ་སོགས་དང་བདུད་རྩི་ལྔས། །དམངས་རིགས་དག་ནི་དབང་དུ་བྱེད། །ཏ་

ལ་སོགས་དང་ཏིལ་ཆེན་གྱིས། །དཔྲལ་པར་ཐིག་ལེར་བྱས་ན་ནི། །རྒྱུ་དང་མི་རྒྱུ་བཅས་རྨོངས་བྱེད། །པ་ལ་སོགས་དང་བདུད་རྩི་ལྔས། །ཙནྡན་བཅས་པས་དབང་དུ་བྱེད། །ཤ་ཥ་ས་ཧ་རྣམས་ཀྱིས་ནི། །རླུང་དང་མེ་དང་དབང་ཆེན་ཆུ། །ཡ་ལ་སོགས་པའི་དཀྱིལ་
འཁོར་གྱི། །ཆོ་ག་ཇི་བཞིན་རིག་པ་ཡིས། །བསྐྲད་པ་ལ་སོགས་བྱེད་པར་འགྱུར། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་
ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་། སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ། བཞི་བཅུ་རྩ་དགུ་པའོ།། །།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་བཞུགས་ལ། །གསང་ཆེན་དུ་ནི་ལེགས་བཞུགས་
པའི། །དེར་ནི་ལྷ་མོས་འདི་སྐད་གསུངས། །ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །མཚོན་ཆ་ལྔ་ཡི་ཆོ་ག་དང་། །ཐོད་པའི་ཕྲེང་བའི་དབང་བསྐུར་བ། །དེ་བཞིན་པདྨའི་ནགས་ཚལ་དང་། །གནས་བཞི་ཁྱོད་ཀྱིས་གསུངས་པ་ཡི། །དགོས་པ་དག་ནི་ཇི་ལྟ་བུ། །བསྡུས་
པའི་མིང་ནི་ཇི་ལྟར་ལགས། །དེ་བཞིན་གཞན་ཡང་བྲི་བ་ཅི། །ཁྱོད་ཀྱིས་བ་དན་གསུམ་བཤད་པའི། །མཆོད་པ་ཡི་ནི་ཁྱད་པར་ཅི། །དེ་དག་བདག་ནི་ཐེ་ཚོམ་གྱུར། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའི། །རྒྱུད་རྣམས་ཀུན་དུ་སྦས་
པ་གང་། །དེ་དག་ཐམས་ཅད་ཞུ་འདོད་པ། །སྒྱུ་འཕྲུལ་ཆེན་མོ་ལེགས་སོ་ལེགས། །ནང་གི་སྦྱོར་བའི་སྡོམ་པ་ནི། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །ལྟོང་རྒྱུད་སྦྱོར་བ་ལ་སོགས་ཚོགས། །མེ་ཏོག་དག་ནི་བསྡུས་པ་འདྲ། །རྣ་དྲུང་བར་དུ་འགེངས་པ་དག །
ལྕགས་ཀྱུ་ཞགས་པ་སོགས་པའང་སྦྱར། །མདའ་ནི་མྱུར་བ་མགྱོགས་པ་སྟེ། །འཕེན་པ་མདའ་ཡི་ཤུགས་ཡིན་ནོ། །གཡས་དང་གཡོན་ནི་གཉི་ག་ཡིས། །འགེངས་པ་མཆོག་མའི་བར་དུ་ཡིན། །འཛིན་པ་ཅུང་ཟད་གནས་པ་སྟེ། །མི་འདའ་བར་ནི་འཕང་བར་

བྱ། །མདའ་ཡི་ཆོ་ག་བརྗོད་མི་ལང་། །ད་ནི་ཕྱག་རྒྱ་བརྗོད་པར་བྱ། །ས་ནི་ཕྱག་རྒྱས་གདབ་པར་བྱ། །མཉམ་པ་རྐང་གཉིས་གཤིབས་པ་སྟེ། །ཡངས་པ་རྒྱ་ཆེར་སྐྱེད་པ་ཡིན། །ཟླུམ་པོ་དཀྱིལ་འཁོར་ལྟ་བུར་བྱ། །གཡོན་པ་ཅུང་
ཟད་བསྐུམས་པ་ནི། །གཡས་པ་བརྐྱང་ཞེས་བྱ་བ་སྟེ། །གཡོན་བརྐྱང་གཡོན་པ་བསྲང་ནས་ནི། །གཡས་པ་ཅུང་ཟད་བསྐུམས་པའོ། །མདའ་གཞུ་རིག་བྱེད་ཆོ་ག་ཡིས། །མཚོན་ཆ་ཐམས་ཅད་འཕང་བར་བྱ། །འདི་ནི་དབྱིབས་ཀྱི་ཕྱག་རྒྱ་ཡིན། །ད་ནི་ལུས་
ཀྱི་མཚན་ཉིད་རྣམས། །ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །གྲིམས་པ་ནི་མི་ལྷོད་པ་སྟེ་སྙིང་སྟོབས་དང་ལྡན་པའོ། །སྲན་འཛུགས་པ་ནི་བརྟན་ཞིང་བརྩོན་འགྲུས་དང་ལྡན་པའོ། །མཉེན་པ་ཞེས་བྱ་བ་ནི་མཛེས་ཤིང་སྙན་པར་སྨྲ་བའོ། །ཡན་ལག་བརྟན་ཞེས་བྱ་བ་ནི་
ཕྱག་རྒྱས་རྨ་སྲོལ་ཆེར་འདོད་པའི་ངང་ཚུལ་ཅན་ནོ། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག་ཞེས་བྱ་བ་ལ་འགེངས་པ་ནི་ཡོངས་སུ་རྫོགས་པ་སྟེ། ཚད་དང་ལྡན་ཞིང་ཡིད་དུ་འོང་བའི་ལུས་འཛུམ་པ་དང་བཅས་ཤིང་མཐུན་པར་འཇུག་པའོ། །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །
ཞེས་བྱ་བ་ནི་རབ་ཏུ་རྫོགས་པའི་ངང་ཚུལ་ཅན་ནོ། །རིམས་དང་དུག་དང་དབྱིག་དུག་དང་། །བསམ་གཏན་སྦྱོར་བས་དབུག་པར་བྱ། །ཁྲོ་བོའི་གཟུགས་སུ་བསྒོམས་ནས་སུ། །ལྷ་ཡི་དབང་པོར་གཞུར་བྱས་ནས། །ཀླུ་དབང་བ་སུ་ཏ་ཡི་རྒྱུད། །ཀློག་ནི་མདའ་རུ་
བསམ་བྱ་སྟེ། །མེ་ལྕེ་འབར་བ་མདེའུར་བྱ། །སྒྲོ་ནི་རླུང་ཞེས་བྱ་བ་སྟེ། །རྣམ་པ་ལྔར་ནི་འབུགས་པ་ཡིན། །ལག་པ་གཡས་པ་ཞེས་བྱ་བ་ནི་སྣ་སྒོ་གཡས་པ་སྟེ། དེ་ནས་སྤྲོ་བར་བྱའོ། །ལག་པ་གཡོན་པ་ནི་སྣ་སྒོ་གཡོན་པ་སྟེ་བསྡུ་བའོ། །ཆང་པས་འབེན་ནི་
བསྒྲིབས་ནས་སུ་ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་ཏོ། །འགྱེད་པ་ཞེས་བྱ་བ་ནི་དགུག་པའོ། །དེ་ལ་ཆང་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་རླུང་ངོ་། །མིག་གདངས་པ་ནི་བཞིན་འཛུམ་ལ་དང་བཅས་པའོ། །ལྟ་བ་ཆང་པ་ལ་གཏད་ཅེས་བྱ་བ་ནི་ཤི་བ་རྣམས་ཀྱང་འཚོ་བར་

བྱེད་པའི་མཆོག་གོ། །མདའ་གཞུས་རྣམ་པར་རྒྱལ་བ་ཡི། །འབུགས་པའི་མཚན་ཉིད་བཤད་པར་བྱ། །སྨིན་མའི་དཀྱུས་ནི་གཞུ་ཡིན་ཏེ། །བཟློག་སྟེ་ལྟ་བ་མདའ་ཡིན་ནོ། །འབུགས་པ་རང་གི་སེམས་ཀྱིས་ནི། །གཞན་སེམས་དོན་ལ་གཏད་པ་ཡིན། །རོལ་
པ་འགྲོས་ནི་དལ་བ་སྟེ། །འོ་མ་འཛིན་པ་མཁྲང་བ་ནི། །བོ་ནི་ཨུ་ན་ཏ་ཞེས་བྱ། །བུ་མོ་འདི་ནི་ཡིད་འཕྲོག་མ། །ཐམས་ཅད་དངོས་པོ་གསུམ་ཡིན་ཏེ། །ཡན་ལག་མི་གསལ་འོད་ལྡན་གང་། །དེ་ནི་ཡང་དག་གསལ་ཞིང་འབར། །སྙིང་གིས་ཐམས་ཅད་འཛིན་པ་གང་། །
དེ་ནི་ཡན་ལག་བསྒྲུབ་པར་བརྗོད། །སྙིང་ནི་པདྨ་ཞེས་བཤད་དེ། །པདྨ་དེ་ནི་ཀུན་གྱིས་མཆོད། །ཐམས་ཅད་འཛིན་པ་མགོ་བོ་ཡིན། །ཀླད་པ་ནས་ནི་ཀུན་དུ་རྒྱུ། །གང་གི་སྟོབས་ནི་གང་ཡིན་པ། །དེ་ནི་དེ་ཚེ་སྦྱར་བར་བྱ། །གནས་ནི་རྣམ་པ་དུ་མར་བཤད། །ཤ་དང་
པུས་ཀར་བུང་བ་སོགས། །འདིར་ཡང་རིམ་པ་དེ་ཉིད་ཀྱིས། །སེམས་ནི་དགུག་པ་སྔོན་འགྲོ་བའི། །བདག་གི་གདན་ལ་སོགས་པ་ཡིན། །རང་ཉིད་ཀྱིས་ནི་རྟོགས་པར་སླ། །བརྡ་ཡིས་བཤད་པ་བརྗོད་པར་བྱ། །གྲུ་བཞི་ལ་སོགས་ཞེས་བྱ་ལ། །གྲུ་བཞི་པ་
ནི་ཟུར་བཞི་སྟེ། །ལ་ཡིག་དབང་ཆེན་དཀྱིལ་འཁོར་རོ། །འདབ་མ་ཅན་ནི་གྲུ་གསུམ་སྟེ། །མེ་ཡི་དཀྱིལ་འཁོར་རྃ་ལས་བྱུང་། །དེ་བཞིན་ཀུན་ནས་ཟླུམ་པོ་ནི། །བ་དང་ཡ་ཞེས་བྱ་བར་བཤད། །བསྒྲུབ་པར་བྱ་ལ་དཀྱིལ་འཁོར་དག །ཡི་གེ་དང་བཅས་
བསམས་ཏེ་བསྒྲུབས། །གཡས་ཕྱོགས་ནས་ནི་བསྐོར་བ་ནི། །བསྒྲུབ་བྱའི་ཡན་ལག་ཀུན་བསམས་པའོ། །རིམ་གྱིས་གནོན་ཅིང་འགྲོ་བྱ་སྟེ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །རྡོ་རྗེ་ཆགས་པར་བདག་བསྒོམས་ན། །རྒྱལ་སྲིད་ཐམས་ཅད་ལོངས་སྤྱོད་
འགྱུར། །སླར་ཡང་ཨེ་ནི་གཞུར་བྱས་ཏེ། །བ་ཞེས་བྱ་བ་མདའ་ཡིན་ནོ། །མདའ་གཞུའི་རིག་བྱེད་སྦྱོར་བ་ཡིས། །སྔར་བཤད་ཇི་བཞིན་གནས་པར་བྱ། །བསྒྲུབ་པར་བྱ་བ་འོད་དམར་འགྱུར། །མདུན་དུ་བལྟས་པ་བསམ་པར་བྱ། །གསང་བའི་

གནས་ཀྱི་ངེས་པ་ནི། །ཤ་ཡི་འབུགས་པར་ངས་བཤད་དེ། །ལྟེ་བའི་དབུགས་ནི་པུས་ཀ་ར། །སྙིང་ག་བུང་བ་ཞེས་བྱ་སྟེ། །གེ་སར་འབུགས་པ་དཔྲལ་བ་ཡིན། །མིག་སོགས་གཡོ་བ་ཞེས་བྱ་སྟེ། །དབང་པོའི་ཚོགས་ནི་གཡུལ་འགྱེད་
པ། །མི་ཡི་བདག་པོ་གསད་པར་བྱ། །དེ་དག་ཀུན་གྱི་མན་ངག་ནི། །བླ་མའི་ཁ་ལས་ངེས་པར་བྱ། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང་། །ཞེས་བྱ་བ་ལ་འཁྲུལ་འཁོར་ནི་ཏ་ལའི་འདབ་མ་དང་། གྲོ་ག་དང་རས་ལ་སོགས་པ་ལ་རལ་གྲི་དང་། །པདྨ་དང་།
འཁོར་ལོའི་དཀྱིལ་འཁོར་སྔགས་དང་བཅས་པར་བྲིས་པ་སྟེ། དེ་ནི་འཁྲུལ་འཁོར་གྱིས་འཕེན་པའོ། །མི་འཕེན་པ་ཞེས་བྱ་བ་ནི་རང་གི་སྙིང་གའི་ཡིག་འབྲུ་ལས་སྣ་སྒོའི་ལམ་ནས་བྱུང་སྟེ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །ལག་པས་
འཕེན་པ་ཞེས་བྱ་བ་ནི་རང་གི་ལྷར་དམིགས་ཏེ་དམ་ཚིག་དབང་དུ་བྱ་བའི་ཕྱིར་འགྲོ་བ་དང་འོང་བར་བྱེད་པའོ། །འཕངས་ནས་སླར་ནི་གཟུང་བ་དང་ཞེས་བྱ་བ་ནི་ཕྱག་རྒྱར་བཅུག་སྟེ་བསླང་ནས་ཐལ་བར་བྱས་ལ། སླར་ཡང་གཟུང་བ་ཞེས་བྱ་བ་ལ་སོགས་པའི་ཡི་གེས་རང་ཉིད་
བཀུག་ནས་བསླང་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ནམ་མཁའི་ངོས་ཐམས་ཅད་ཡོངས་སུ་ཁྱབ་པའི་དུ་བ་ལྟ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོས་ཏེ་དམ་བཅའོ། །དེ་ནས་དགྲ་བོའི་གཟུགས་བརྙན་བྱས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ཅི་རིགས་པར་
བསམས་ནས་རྐང་པ་དང་རྐང་པར། ལག་པ་དང་ལག་པར། ཁ་དང་ཁར། ལུས་དང་ལུས་སུ། ངག་དང་ངག་ཏུ། ལྟ་བ་དང་ལྟ་བར་འཐབ་ཅིང་འཆིང་བར་བསྒོམ་པར་བྱ་བ་འདི་ནི་ལག་པས་འགྱེད་པ་སྟེ་རྣམ་པ་ལྔའོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ནི།
ཨྃ་ཨིྃ་ཨུྃ་ཨོྃ། ཨོཾ་ཨྃ་ཨཿ ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཏེ། །རབ་ཏུ་སྦྱོར་བ་རྒྱས་པར་ནི། །བསྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །པདྨ་གར་དབང་བསྒྱུར་ནས་སུ། །བུ་མོའི་གནས་ལ་འདུག་པར་བསམ། །ཨེ་ཞེས་བྱ་དང་བྃ་ཞེས་པ། །ལ་ཞེས་བྱ་བ་གསུམ་པ་སྟེ། །སྒྲུབ་པོས་

འདིར་ནི་ཡི་གེ་བསམ། །མེ་མར་གྱི་ནི་རྩེ་ལྟར་བྱ། །རྩེ་མོ་ལྟ་བུ་ཞེས་བྱ་བ་ལ། །ཤི་ཁ་ནི་མགོ་སྟེ་ཀླད་པའི་གོང་བུའོ། །རྩེ་མོ་ནི་མེའི་རྩེ་མོ་སྟེ། དེས་མར་སར་བུམ་པར་བཅོས་པ་ལྟར་ཐམས་ཅད་དུ་བཞུ་བར་བྱའོ། །དེ་ལྟར་བྱས་པས་འབྲས་བུ་ཇི་ལྟར་འགྱུར་ཞེ་ན། སྔགས་
ཀྱི་མར་མེ་འདི་ཡིས་ནི། །སྐད་ཅིག་གིས་ནི་འདར་བར་འགྱུར། །བུ་མོ་ཆགས་པས་གདུངས་ནས་སུ། །ཇི་སྲིད་འཚོ་བར་དབང་དུ་འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལུགས་མ་འམ་ནི་བྲིས་པ་ལ། །དེ་ཡི་མིང་ནི་བྲིས་ནས་སུ། །བློ་ལྡན་སྙིང་གར་བཅུག་སྟེ་བསྒོམ། །ཉི་མ་
བདུན་ནི་ཚུན་ཆོད་ཀྱིས། །མར་མེ་ཡི་ནི་ཆོ་ག་ཡིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །གང་གི་དབང་པོ་རྫས་ཡིན་ཏེ། །ཤིན་ཏུ་མཉམ་པར་བཞག་སྟེ་བསྒྲུབ། །དབང་པོ་མིག་ལ་སོགས་པ་ཡིན། །རིགས་པའི་སྦྱོར་བ་ལམ་ཡིན་ཏེ། །གང་དང་གང་གི་རང་བཞིན་ཏེ། །
དེ་དང་དེ་ཡི་དངོས་པོ་ཡིས། །བདེ་བ་ཉིད་དུ་བསྒྲུབ་པར་བྱ། །བདེ་བ་སེམས་ཞེས་བྱ་བ་སྟེ། །དེ་ཉིད་དུ་ནི་བདག་བདེ་སོགས། །སྡུག་བསྔལ་གྱིས་ནི་འགྲུབ་མི་འགྱུར། །བདེ་བ་ཡིས་ནི་འགྲུབ་པར་བཤད། །ཤིན་ཏུ་བདེ་བའི་སྒྲུབ་ཐབས་ནི། །ཐོས་དང་བསམ་གཏན་སོགས་
སྤངས་པའི། །དམན་པ་དག་ནི་གང་གིས་ཀྱང་། །བསྒྲུབ་པར་ནུས་པ་མ་ཡིན་ཏེ། །སྐྱེ་བོ་ཐབས་དང་བྲལ་བས་ན། །ཚུལ་ངན་དམན་པ་དཀའ་བས་བསྒྲུབ། །བདག་ཉིད་སྒྲུབ་པ་དང་བྲལ་བས། །སྐལ་མེད་ངལ་བ་དོན་མེད་ཅིང་། །དེ་ལ་དངོས་གྲུབ་ཞེས་མི་བརྗོད། །
ཨ་སམ་ཞེས་བྱ་བ་ནི་དཔེ་དང་ཟླ་མེད་པའོ། །ཨ་དྷི་ཏ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བའོ། །སངས་རྒྱས་ཀུན་དུ་རང་ཉིད་འགྱུར། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་མཚོན་ཅིང་འཇུག་པའོ། །པྲ་ཏ་ཧྃ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངོ་། །
ཡང་ན་ཟླ་རེ་སྟེ་ཟླ་བ་ཉ་ལའོ། །ཡང་ན་ལོ་རེ་ཞིང་སྟེ་གལ་ཏེ་མ་འབྱོར་པ་འབྱོར་པའམ། སྐལ་བ་མེད་པ་དང་། འདས་པའི་དབང་གིས་ཀྱང་རུང་སྟེ། དེ་དག་གིས་ནི་ལོ་རེ་ཞིང་བྱའོ། །དེ་བཞིན་ཞེས་བྱ་བ་ནི་དབང་བསྐུར་བའི་ཆོ་ག་ལྟར་བྱ་བའོ། །ཡང་ན་དེ་བཞིན་ཏེ་སློབ་དཔོན་གཞན་མེད་

ན་ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ་དེ་ལ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྡོམ་པ་སྟེ། དེ་རྙེད་ནས་བདག་དང་ལྷན་ཅིག་ཏུ་གར་བྱ་བའོ། །སངས་རྒྱས་སྡོམ་པ་ནི་སངས་རྒྱས་དང་འབྲེལ་པ་སྟེ། དེ་སུ་ཞིག་ཅེ་ན། གཟུགས་ལ་སོགས་
པ་དང་། ལང་ཚོ་ཕུན་སུམ་ཚོགས་པའི་བུ་མོའོ། །གར་ཞེས་བྱ་བ་ནི་བདག་ཉིད་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་སྤྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཕྱག་རྒྱ་ལ་སོགས་པའི་ཡོ་བྱད་རྣམས་ཇི་སྟེ་རྒྱུན་དུ་མ་འབྱོར་ན་དེས་བདེ་བ་སླར་ཡང་
རྗེས་སུ་གཟུང་བའི་ཕྱིར། རིམ་པ་འདིས་མཆོད་པ་བྱ་ཞིང་དམ་ཚིག་བསྲུང་ཞིང་བསྐྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བརྡས་བཤད་པའི་དོན་བསྟན་པར་བྱ་སྟེ། པྲ་ཏ་ཧྃ་ཞེས་བྱ་བ་ནི་རབ་ཏུ་མང་པོའོ། །དེ་ཅི་ཞིག་ཞེ་ན། ཁམས་བཅྭ་བརྒྱད་ཀྱི་མཉམ་པར་སྦྱོར་བ་
ཞེས་བྱ་བའི་བར་དུའོ། །ཟླ་རེ་ཞེས་བྱ་བ་ནི་ཟླ་བ་དང་། དམར་པོའོ། །ལོ་རེ་ཞེས་བྱ་བ་ནི་ལོ་བཅུ་གཅིག་མ་ནས་བརྩམས་ཏེ། ཉི་ཤུ་རྩ་ལྔ་མའི་བར་དུའོ། །གལ་ཏེ་དེ་དག་ཀྱང་མ་འབྱོར་ན་ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་བདག་ཉིད་གཅིག་པུས་བདེ་བའི་སྦྱོར་བས་དམ་
ཚིག་བསྐྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱས་དངོས་གྲུབ་འཇུག་པར་འགྱུར་ཞེས་བྱ་བ་ལ་འཇུག་པ་ནི་ཉམས་སུ་ལེན་པའོ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ཞེས་བྱ་བ་ལ་པདྨའི་སྣོད་ནི་དུམ་བུ་གཅིག་པའི་ཐོད་པ་སྟེ། དེ་ལ་ཀ་ཞེས་བྱ་
བ་ནི་ལུས་སོ། །པཱ་ལ་ཞེས་བྱ་བ་ནི་སྐྱོང་བ་སྟེ། དུམ་བུ་གཅིག་པ་ཞེས་བྱ་བ་ནི་མཉམས་ཤིང་ཤིན་ཏུ་མཛེས་པའོ། །དེ་ལ་པདྨ་ཞེས་བྱ་བ་ནི་པདྨ་ཅན་ནམ། རིགས་གཞན་གྱི་བུ་མོ་ཡང་རུང་སྟེ། སྣོད་ནི་དེའི་ཆོས་ཀྱི་འབྱུང་གནས་ཀྱི་པདྨ་ཡིན་ལ་དེ་ཉིད་མཉམས་པ་སྟེ། རྨ་མེད་པ་
ཞེས་བྱ་བའི་བར་དུའོ། །ལག་པ་ཞེས་བྱ་བ་ནི་བརྟན་པ་ཞེས་བྱ་བར་འཇུག་པའོ། །གཡོན་པ་ཞེས་བྱ་བ་ནི་ཟུར་མིག་གཡོན་དུ་ལྟ་བའོ། །བ་དན་གསུམ་ཞེས་བྱ་བ་ནི་བུ་མོའི་བཅུད་འཛག་པ་སྟེ་དེ་བཟའ་བའོ། །ལག་པ་གཡས་པ་ཞེས་བྱ་བ་ལ་ལག་པ་ནི་ལོ་ཉི་ཤུ་རྩ་ལྔ་མའི་

བར་ཡིན་ལ། བཤེས་གཉེན་དང་ལྡན་པའི་ཕྱིར་གཡས་པའོ། །དེ་ཉིད་ནི་གཡོན་པ་སྟེ། དེ་ལས་བྱུང་བ་དེ་ལོངས་སྤྱད་པར་བྱ་བའོ། །དེ་ལ་ལོངས་སྤྱད་པ་ཞེས་བྱ་བ་ནི་ཇི་ལྟར་བླ་མས་ཉམས་སུ་བསྟར་བ་དེ་ལྟར་སྤྱད་པས་འགྲུབ་པར་འགྱུར་རོ། །སྒྲུབ་པ་པོས་དེ་ལྟར་ངེས་
པར་ཤེས་པར་བྱས་ལ་དེ་ནས་དུས་བཅིང་བར་བྱའི། གཞན་དུ་ན་ལྟུང་བར་འགྱུར་རོ། །ལྟུང་བ་ཞེས་བྱ་བ་ནི་དམ་ཚིག་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ནི་བླ་མས་བསྟན་པ་སྟེ། །ཕྱག་རྒྱ་དེ་ལ་བསྟན་པ་ཡིན། །དེ་ཉིད་རྟག་ཏུ་སྦྱོར་བ་ཡིས། །ཆོས་ཀྱི་འཁོར་
ལོ་བསྐོར་བར་འགྱུར། །འདི་དག་ཐམས་ཅད་མི་རྟོག་པ། །མི་རྟོག་པ་ཡང་མ་ཡིན་ཏེ། །རྟོག་པ་མེད་པའི་རང་བཞིན་གྱིས། །མི་རྟོག་པ་ནི་བརྟགས་པ་ཡིན། །དུས་དྲུག་ཏུ་ནི་བསྟན་པ་དག །རྟག་ཏུ་རྣམ་པར་མི་རྟོག་གནས། །རྡོ་རྗེ་སེམས་སོགས་རྒྱལ་བ་རུ། །
དེ་ཡི་རང་བཞིན་ཡོངས་ཤེས་བྱ། །སོས་ཀ་དང་ནི་དབྱར་དང་སྟོན། །དགུན་སྟོད་དགུན་སྨད་དེ་བཞིན་དཔྱིད། །དེ་དག་མ་འདྲེས་ཤེས་བྱས་ལ། །འདིས་ནི་ལས་རྣམས་ཐམས་ཅད་བྱ། །སོས་ཀའི་དུས་ནི་རྟ་མཆོག་སྟེ། །དེ་བཞིན་དབྱར་ནི་ཧེ་རུ་ཀ། །རྡོ་རྗེ་ཉི་མ་སྟོན་ཡིན་ཏེ། །པདྨས་
རོལ་པ་དགུན་སྟོད་ཡིན། །དགུན་སྨད་རྡོ་རྗེ་སེམས་དཔའ་ལ། །དཔྱིད་ནི་རྣམ་པར་སྣང་མཛད་དོ། །སོས་ཀ་མར་མེས་མཆོད་བྱ་སྟེ། །དེ་བཞིན་དབྱར་ནི་ཆུ་ཡིས་མཆོད། །སྟོན་ནི་མར་ཁུས་མཆོད་བྱ་སྟེ། །དགུན་སྟོད་དེ་བཞིན་མེ་ཏོག་དབུལ། །དགུན་སྨད་ག་བུར་བཟའ་བྱ་སྟེ། །
ཁྱད་པར་དུ་ནི་བཞི་མཉམ་གྱིས། །དཔྱིད་ཀྱི་དུས་སུ་མཆོད་པར་བྱ། །དུས་ཀྱི་མཆོད་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །རྣལ་འབྱོར་མ་ནི་ཐམས་ཅད་དང་། །མཁའ་འགྲོ་མ་དང་མ་མོ་མཉེས། །དེ་བས་འབད་པེ་ཐམས་ཅད་ཀྱིས། །མཆོད་ན་མཆོད་པའི་བདག་
ཉིད་འགྱུར། །རང་བཞིན་དེ་དག་རྫོགས་པར་ནི། །གང་ཞིག་གྱུར་པའི་རྣལ་འབྱོར་པས། །སྒྲུབ་པོ་རྣམས་ཀྱི་ལས་རྣམས་ནི། །ཐམས་ཅད་བྱེད་འགྱུར་གདོན་མི་ཟ། །དེ་དག་རང་བཞིན་གྲུབ་པ་སྟེ། །དུས་ཞེས་བྱ་བར་བརྗོད་པ་ཡིན། །དུས་ལ་སོགས་པའི་རང་བཞིན་གྱིས། །

རྒྱལ་བ་ཐམས་ཅད་ཡང་དག་བཞུགས། །དུས་ཀུན་སེམས་ལ་གནས་མོད་ཀྱི། །དེ་ལྟར་ན་ཡང་རྣམ་པར་འཁྲུལ། །མི་ཤིགས་པ་ཞེས་བྱ་བ་ནི་ཡི་གེ་ཧཱུྃ་སྟེ། དེ་ཡང་བདག་ཉིད་ཀྱི་ལུས་ལ་གནས་པའི་ཧཱུྃ་ངོ་། །དེ་ཉིད་ནི་ཡི་གེ་མཆོག་ཅེས་བྱ་སྟེ། ཡི་གེ་མཆོག་དེའི་ཕྱག་རྒྱ་ནི་རྩ་
གསུམ་ནས་བདེ་བ་ཆེན་པོའི་སྒོར་སྣའི་སྒོ་གཉིས་ནས་རླུང་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་ལ། དེ་ཉིད་ནི་ཨཱ་ལི་ཀཱ་ལི་སྟེ། གཡས་དང་གཡོན་དུའོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། ལྟེ་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རླུང་གི་དཀྱིལ་འཁོར་འཇུག་པ་ཡིན་ལ། དེའི་
སྟེང་དུ་ནི་ཆུའི་དཀྱིལ་འཁོར་རོ། །དེ་ནས་ནི་མེའོ། །དེ་ནས་ནི་སའོ། །དེའི་སྟེང་དུ་ནི་པདྨའོ། །དེའི་སྟེང་དུ་གནས་པའི་ས་བོན་ནི་མི་ཤིགས་པ་དང་ཡི་གེའི་མཆོག་ཅེས་བརྗོད་དོ། །དབང་པོ་ཀུན་ལས་བྱུང་བ་ནི། །དམ་ཚིག་ཐོད་པ་ཞེས་བར་བརྗོད། །མཛེས་པ་ཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་
རྒྱན་ཡིན། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་ཡི་དབང་བསྐུར་བའོ། །ཐོད་པ་ལུས་ཞེས་བྱ་བ་སྟེ། །རྐེད་པ་ཕྲེང་བའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དོ། །གཙུག་གི་ནོར་བུ་མེད་པར་བཤད། །རྡོ་རྗེ་པདྨའི་
དབང་བསྐུར་བའོ། །སླར་ཡང་བཤད་པར་བྱ་བ་སྟེ། །ཐོད་པ་དབང་གཉིས་དམ་ཚིག་སྟེ། །ཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་བཏབ་པའོ། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་བརྗོད། །དེ་རྣམས་དབུས་ཀྱི་བདེ་བ་གང་། །
དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱིས་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །དཔལ་ཞེས་བྱ་བ་དགའ་བ་སྟེ། །བདེ་བ་སངས་རྒྱས་སུ་ནི་བརྗོད། །པདྨ་པདྨ་ཉིད་ཡིན་ལ། །ནགས་ནི་སྐྱ་རེང་ཞེས་བྱར་གྲགས། །རྩ་བ་བྱང་ཆུབ་སེམས་ཡིན་ནོ། །ཡང་ན་པདྨ་ལྟེ་བའི་འཁོར་
ལོ་སྟེ། །ནགས་ནི་ཨ་སོགས་མ་མོ་ཡིན། །རྩ་བ་ཐར་བ་སྟེར་བྱེད་པའི། །བརྡ་ཡིས་སངས་རྒྱས་ཕྱག་རྒྱ་ཡིན། །ཡང་ན་ལྟེ་བ་མཚོ་སྐྱེས་ཞེས་བྱ་སྟེ། །ནགས་ཞེས་བྱ་བ་ངག་ཡིན་ལ། །རྩ་བ་ལུས་ཀྱི་བླ་དགས་ཡིན། །སངས་རྒྱས་སེམས་ཀྱི་བརྡ་ཡིན་ནོ། །གཅིག་པུ་ངེས་པའི་རྣལ་འབྱོར་ཡིན། །དབེན་

པ་རྟོག་པ་སྤངས་པ་སྟེ། །སྦས་པ་གསལ་བར་མ་བྱས་པའོ། །ནགས་ནི་སྔར་བཤད་ཁམས་རྣམས་ཏེ། །ལྷན་ཅིག་མཆོག་ཏུ་འཇུག་པས་ན། །བསྡུས་པ་ཞེས་ནི་བྱ་བར་བརྗོད། །ལྷ་ཞེས་བྱ་བར་རང་མིང་བརྗོད། །གཟའ་དང་སྐར་མ་ལ་སོགས་ལྷ། །ཨ་གྲ་ཞེས་བྱའི་སྒྲ་བརྗོད་པ། །དེ་ནི་རྣལ་འབྱོར་
ཤེས་པ་མིན། །ཨ་གྲ་གཙོ་བོ་ཞེས་བརྗོད་ཅིང་། །ཨ་གྲ་དམ་པ་ཞེས་བྱ་ལ། །ཨ་གྲ་དང་པོ་ཞེས་བཤད་ཅིང་། །ཨ་གྲ་སྤྱི་བོར་གནས་པའོ། །རང་གི་མིང་དང་ལྡན་པ་ཡིས། །སྡིག་པ་དག་ནི་སེལ་བར་བྱེད། །ཡང་ན་ས་ནི་ཨ་སོགས་ཏེ། །དེ་རྣམས་ཨ་གྲ་ཧ་ཞེས་བྱ། །མགོར་གནས་འོག་ཏུ་བལྟས་ནས་
ནི། །ཡི་གེ་ཐ་སྙད་ཆར་དུ་འབེབས། །ཐ་སྙད་ཅེས་བྱ་བ་ནི་དབྱངས་དང་གསལ་བྱེད་རྣམས་ཏེ་དེ་རྣམས་ཀྱིས་འཚོ་བར་གྱུར་པའོ། །དབྱངས་ཞེས་བྱ་བ་ལ་སྭ་ནི་རང་ཉིད་ཀྱིས་སོ། །ར་ནི་མཛེས་པ་སྟེ་དེས་ན་མེ་སྭ་རའོ། །ཧ་ནི་སྐལ་བཟང་ཡི་གེ་སྟེ། །རྣམ་པའི་མཆོག་ཀུན་ལྡན་པ་དང་། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་
ཡི། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །བདག་གི་ལུས་ནི་བསམ་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཀུན་དང་ལྡན་པ་རུ། །དངོས་པོ་གསུམ་ནི་ཡང་དག་གནས། །བྲིས་པས་བསོད་ནམས་གང་མཐོང་བ། །བསམས་པས་ཀྱང་ནི་དེ་བཞིན་མཐོང་། །
སློབ་མ་བདག་ཉིད་ཆེན་པོ་ལ། །འདི་ཡིས་དབང་ནི་བསྐུར་བར་བྱ། །དབང་བསྐུར་དམ་པ་བསྒོམ་བྱར་འདོད། །གང་དང་གང་གི་ལྷ་ཡི་མཆོག །དེ་དང་དེ་ནི་སློབ་དཔོན་འགྲོ། །གང་དང་གང་ལ་ལྷག་མོས་པ། །དེ་དང་དེ་ཡིས་དབང་བསྐུར་བྱ། །དབང་ནི་རྣམ་པ་བཞི་དག་ཏུ། །ཡང་དང་ཡང་དུ་སོ་སོར་བཤད། །གང་ཞིག་སྔར་ནི་
བཤད་པ་རྣམས། །དེ་དག་ཀུན་གྱིས་བརྗོད་པ་ཡིན། །རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་སྒོམ་པ་དང་། །བཅོས་མ་ཡི་ནི་བཟླས་པ་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མའི་སྦྱོར་བ་ཕྱི་རོལ་ནས། །རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་
ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་

བའི་དངོས་ཉིད་རིག་ལ་མིན། །གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། །དྲང་སྲོང་རྣམས་ཀྱིས་བྱས་པ་ལྟར། །རང་གི་སེམས་ནི་འཇུག་བྱེད་པའི། །སྐྱེས་བུའི་བཅོས་མའི་བྱ་བ་རྣམས། །རྒྱུད་ཀྱི་རྗེས་སུ་འབྲངས་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །
དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་ཀྱང་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་ཉིད་
འགྱུར། །རྒྱུ་དང་འབྲས་བུའི་རང་བཞིན་ནི། །དམ་པ་ཉིད་དུ་ཡོད་མིན་ཅིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །རང་བཞིན་དབྱེ་བ་ཐམས་ཅད་ཀྱི། །རྣམ་པ་དག་ནི་རྣམ་གནས་པ། །རྒྱ་མཚོ་ལ་ནི་རིན་ཆེན་བཞིན། །ཐོག་མཐའ་
མེད་པའི་ཚུལ་ཅན་ཡིན། །འཇིག་རྟེན་རྟག་ཏུ་ཐ་སྙད་སྤྱོད། །འཇིག་རྟེན་ལས་འདས་དེ་དང་འགལ། །ཡོད་དང་མེད་ཅེས་བྱ་བ་ནི། །རང་བཞིན་ཉིད་དུ་ཤེས་པ་མིན། །འདི་ཡི་ཚུལ་གྱིས་རབ་རྟོགས་པ། །རྫོགས་དང་བྲལ་བས་གྲོལ་བ་མིན། །རྣལ་མའི་ལམ་ལ་བརྟེན་ནི། །
ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །སྐྱོན་དང་ཡོན་ཏན་འཕེལ་བྱེད་པའི། །འཁོར་བ་དང་ནི་མྱ་ངན་འདས། །བདེ་བ་དང་ནི་སྡུག་བསྔལ་དངོས། །ལྷན་ཅིག་སྐྱེས་པར་ཡང་དག་གནས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་
བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ་དང་། །རང་བཞིན་ཉིད་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྔ་བཅུ་པའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་
མཁའ་འགྲོ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང་། །བོད་ཀྱི་ཞུ་ཆེན་གྱི་ལོཙྪ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ། དཔེ་གཉིས་ལ་གཏུགས་ནས་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། བཛྲ་ཌཱ་ཀ་ནཱ་མ་ཨུཏྟ་ར་ཏནྟྲ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་དང་མཆོག་དང་དགྱེས་པ་དང་། །ཐམས་ཅད་བདག་ཉིད་ལ་རྟག་བཞུགས། །མཁའ་འགྲོ་ཀུན་དངོས་
སེམས་དཔའ་སྟེ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །འདི་ཉིད་གཅིག་པུ་ལྷག་པའི་ལྷ། །འབྱུང་གནས་སྒྲ་གཟུགས་ལས་ངེས་འབྱུང་། །དམ་ཚིག་སྤྱོད་ཡུལ་བཅོམ་ལྡན་རྣམས། །ཐོག་མཐའ་དབུས་མཐར་ཡང་དག་གནས། །འཇིག་
རྟེན་གསུམ་རྣམས་ན་རྙེད་དཀའ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་དམིགས་པ་མེད། །སྒྱུ་མའི་ཕྱག་རྒྱ་བུད་མེད་ཀུན། །གཉིས་མེད་ཡེ་ཤེས་དམ་པ་ཡིན། །སྤྱོད་ན་མ་ཡང་འགྲུབ་འགྱུར་ཏེ། །བདེ་དང་སྤྲོ་བས་ཐམས་ཅད་འཐོབ། །ནམ་མཁའ་
ཀུན་དུ་སྤྱོད་འགྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །སྣ་ཚོགས་ཕྱག་རྒྱ་ཐམས་ཅད་དང་། །ཀུན་ནས་སྣ་ཚོགས་སྡོམ་པ་ནི། །མཁའ་འགྲོ་མ་ཀུན་མཉམ་སྦྱོར་བས། །རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། །སོ་སོའི་ལྷ་ལ་དམིགས་པ་ནི། །དེ་ཉིད་བསམ་བྲལ་རྣལ་འབྱོར་
ཏེ། །དབང་བསྐུར་བ་ལས་ངེས་པར་སྐྱེ། །གཟུགས་བརྙན་རང་བཞིན་རྣལ་འབྱོར་ཏེ། །རྣལ་འབྱོར་ཆེན་པོ་བྱང་ཆུབ་སེམས། །རྣལ་འབྱོར་དབང་ཕྱུག་བདག་པོ་རང་། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར། །དེ་ཕྱིར་ཀུན་ནས་འབད་པ་ཡིས། །སྣ་ཚོགས་
རང་བཞིན་ལ་མཆོད་བྱ། །གཉིས་གཉིས་འཁྱུད་པའི་རང་བཞིན་གྱིས། །སྣ་ཚོགས་འགྲོ་བ་ཁྱབ་པར་གནས། །སངས་རྒྱས་ཉིད་དང་བདག་དང་ནི། །སེམས་ཅན་དང་ནི་ནུས་ལྡན་རྣམས། །རང་གི་ལྷ་ཡི་རྣལ་འབྱོར་པས། །བསྒྲུབ་བྱའི་བདག་ཉིད་དེ་ཡི་ཕྱིར། །འདི་ཡིས་སངས་རྒྱས་
ཐམས་ཅད་དང་། །ནུས་ལྡན་ཀུན་གྱི་དེ་ཉིད་ནི། །ཐམས་ཅད་རྡོ་རྗེ་འཛིན་ཉིད་དུ། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་ཏེ། །

ཁམས་གསུམ་པོ་ནི་མ་ལུས་པ། །ནམ་མཁའ་པ་ཡི་མཚན་ཉིད་དུ། །ཐམས་ཅད་ནམ་མཁའི་མཚན་ཉིད་དང་། །ཐམས་ཅད་སྒྱུ་མ་ལྟ་བུའོ། །མཐོང་བ་དང་ནི་རེག་པ་རྣམས། །ཐམས་ཅད་སྒྱུ་མ་ཇི་བཞིན་དུ། །འགྲོ་བ་ཀུན་དུ་གནས་པ་རྣམས། །འགའ་ཡང་དམིགས་
པ་མ་ཡིན་ནོ། །རྣལ་འབྱོར་པ་ཡི་ཕྱག་རྒྱ་འདིས། །འཇིག་རྟེན་གསུམ་དུ་རྒྱུ་བར་བྱེད། །རྨོངས་པ་གང་གིས་འཆིང་འགྱུར་བ། །མཁས་པས་དེ་ཡི་རོལ་པས་གྲོལ། །ཚོགས་གནས་གང་བའི་སེམས་ཅན་རྣམས། །གཞན་དང་གཞན་དུ་གསལ་སྐྱེ་ཞིང་། །གཟུགས་ནི་སངས་རྒྱས་རྣམ་
སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །དངོས་པོ་ཀུན་གྱི་རང་བཞིན་ལ། །རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། །དེ་དག་འབྱུང་ཆེན་གཅིག་པུ་སྟེ། །ཐམས་ཅད་བདེ་བ་སྩོལ་བའོ། །
རྡུལ་དང་རྡུལ་མེད་དུ་བརྗོད་པ། །སྒྱུ་མ་ཆེན་མོའི་རང་བཞིན་ཉིད། །ས་ནི་ལྟུང་བར་བྱེད་མ་སྟེ། །ཆུ་ཁམས་གསོད་པར་བྱེད་མའོ། །མེ་ཡི་ཁམས་ནི་འགུགས་བྱེད་མ། །གར་དབང་ཕྱུག་མ་དེ་བཞིན་རླུང་། །ནམ་མཁའི་ཁམས་ཀྱི་རང་བཞིན་ནི། །སྒྱུ་མ་ཆེན་མོའི་རང་བཞིན་ནོ། །འབྱུང་བ་
ལྔ་ཡི་རང་བཞིན་གྱིས། །གཙོ་བོ་རྡོ་རྗེ་དེ་བཞུགས་སོ། །འབྱུང་བ་ཀུན་དང་མཉམ་སྦྱོར་བས། །མཁའ་འགྲོ་མ་མཆོག་འབར་མའོ། །མིག་ལ་གཏི་མུག་རྡོ་རྗེར་བཤད། །ཐོས་བྱེད་ཞེ་སྡང་རྡོ་རྗེར་བཤད། །སེར་སྣ་རྡོ་རྗེ་དེ་བཞིན་སྣ། །ཁ་ལ་འདོད་ཆགས་རྡོ་རྗེར་བརྗོད། །རེག་ལ་ཕྲག་
དོག་རྡོ་རྗེ་སྟེ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །མིག་གིས་མཐོང་སོགས་སྟོང་བས་ན། །འདི་ཀུན་སྟོང་པའི་རང་བཞིན་གྱིས། །རྣམ་པར་རྟོག་མེད་མཐོང་བ་ཡིས། །དེ་ནི་ཐོགས་པ་མེད་པར་འགྱུར། །འདི་དག་ནམ་མཁའི་རང་བཞིན་ཏེ། །
ཐམས་ཅད་ནམ་མཁའི་རང་བཞིན་སེམས། །བསྒོམས་པ་ཐོགས་མེད་དང་ལྡན་ན། །རྣམ་པར་མི་རྟོག་རབ་ཏུ་སྐྱེ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་པ་དོན་

ཡོད་པའི་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་རིམ་པར་བྱ་བ་གསུངས་པ། ཇི་སྲིད་འཁོར་བའི་གནས་ན་མཁྱེན་པ་མཆོག་དང་ལྡན་པ་བཞུགས་པར་གྱུར་པ་དེ་སྲིད་དུ་སེམས་ཅན་གྱི་དོན་ཐམས་ཅད་ནུས་པ་མཚུངས་པ་མེད་པར་མི་ལྡོག་སྟེ། འདི་ཉིད་ཀྱིས་ན་སེམས་ཅན་དམ་པ་
དེ་སྲིད་པའི་ཞགས་པ་ནི་རྟག་ཏུ་མི་འཇིགས་པ་དང་། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་མི་འདོར་བར་རྟག་ཏུ་མྱུར་བར་བྱེད་པ་དང་། སྨོན་ལམ་དག་པའི་ཕྱིར་ན་ནམ་མཁའི་གནས་གཞི་ཇི་ཙམ་དུ་གྱུར་པ་དང་། སྲིད་པ་དག་ཕྱིར་སེམས་ཅན་གྱི་དོན་སེམས་ཀྱི་འདོད་པའི་ནུས་པ་ཅན་ཏེ། དེ་དག་
ནི་ལྷའི་བུ་རྣམས་རྟག་ཏུ་ཆགས་པའི་དགའ་བ་ཅན་རྣམས་དང་། །གཞན་ཡང་འདོད་ཆགས་ཅན་རྣམས་ཀྱི་དོན་དུ་ཆགས་པ་རྣམ་པར་དག་པའི་ཕྱིར་ན་བསྐལ་པར་ཡང་མི་ཟད་པའི་བདེ་བ་ཆེན་པོ་རྣམ་པར་དག་པ་སྦྱིན་པར་བྱ་བའི་ཕྱིར་ཏེ། གདོད་མ་ནས་གནས་གཞི་མེད་པ་བསྐལ་པ་ལ་
སོགས་པ་ཐམས་ཅད་དུ་བསྟན་པ་མངོན་དུ་གདོད་མ་ནས་བྱུང་བ་བསྐལ་པ་ཐོག་མ་ནས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའང་དེར་ལྷག་པའི་ལྷ་གཅིག་པུར་ཡོད་དེ། སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྩེ་མོ་སྟེ། གླུ་དང་དབྱངས་སོགས་རོལ་མོ་
དང་། །དངོས་པོ་ཀུན་བདག་དེ་ཡི་ཕྱིར། །ད་ནི་ཀུན་དུ་བདེ་བར་བཞུགས། །སེམས་དཔའ་ཐམས་ཅད་བསྐྱེད་པ་ཡིན། །འདོད་ལ་ཆགས་པ་རྣམ་བྲལ་བ། །དེར་བྱུང་བ་ཡི་སེམས་དཔའ་རྣམས། །གདུལ་བྱ་དེ་རྣམས་མཁྱེན་པ་སྟེ། །ཡི་གེ་ལས་བྱུང་རྣམ་པར་སྤངས། །
ཡེ་ཤེས་འདི་དེ་མཆོད་པར་བྱ། །དེ་ཡོངས་མཆོད་ན་མཆོད་པར་བྱ། །དེ་ཡོངས་མཆོད་ན་སྲིད་པ་ཟད། །འོ་ན་ཡེ་ཤེས་ལས་སྲིད་བྱུང་། །རང་བཞིན་དངོས་པོ་བེམས་པོ་མིན། །དེ་ལྟར་ན་ང་ཚོར་བ་སྟེ། །འགྲོ་བ་རྣམ་ཤེས་ཙམ་དུ་བརྗོད། །རང་རིག་པས་ན་གང་འདི་དག །ཡེ་ཤེས་
བདག་ཉིད་ལས་གཞན་མེད། །ཚངས་པའི་སྒོང་བརྗོད་རང་བཞིན་མེད། །ནམ་མཁའ་དང་མཉམ་བདག་མེད་དེ། །སེམས་ཅན་མང་ཡང་འགའ་ཡིས་ཀྱང་། །སེམས་ཅན་དོན་གང་ཡོད་མིན་ལ། །བླ་མེད་སངས་རྒྱས་དོན་ཡང་མེད། །བདག་དོན་དང་ནི་གཞན་དོན་དང་། །དེ་ལས་

གཞན་པའི་ནུས་པ་མེད། །སྟོང་པ་ཉིད་ལ་རྟག་གནས་ན། །དེ་ལས་འགྲོ་བའི་དོན་དུ་འོང་། །དེ་མེད་སེམས་ཅན་དོན་ཀུན་མེད། །དམྱལ་བར་ཡང་ནི་འགྲོ་འགྱུར་ཏེ། །དེ་ནས་གཞན་ཡང་འཇིག་རྟེན་གྱི། །ཁམས་རྣམས་ཀུན་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་
འདུས་ནས་ནི། །ང་ལ་མྱུར་དུ་བསྐུལ་བར་བྱས། །མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿ། སུ་ར་ཏ་སྟྭྃ། ང་ལ་འདི་ཡིས་བསྐུལ་མ་ཐག །ཀུན་ལ་བདེ་བ་སྩོལ་བའོ། །འདོད་པ་དག་པ་དོན་གྲུབ་པ། །འགྲོ་བ་ཐམས་ཅད་བདེ་བ་བསྐྱེད། །ང་ནི་འདོད་པ་མཆོག་གི་གཟུགས། །སངས་རྒྱས་ཀུན་
གྱིས་བྱིན་བརླབས་པ། །ང་ཡང་ཆོས་ཀྱི་འདོད་པ་ཅན། །སངས་རྒྱས་ཀུན་གྱི་བདག་པོ་སྟེ། །སངས་རྒྱས་ཀུན་གྱི་འདོད་ཆགས་ཆེ། །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་དབྱངས་ཡིན། །སངས་རྒྱས་ཀུན་
གྱི་སེམས་ཆེན་པོ། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །མཁའ་འགྲོ་མ་ནི་ཐམས་ཅད་དང་། །མཉམ་པ་ཉིད་དུ་རབ་སྦྱོར་ཕྱིར། །སངས་རྒྱས་ཀུན་ཀྱང་མཉམ་སྦྱོར་ཡིན། །
སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །རྡོ་རྗེ་མཁའ་འགྲོ་རབ་ཏུ་བརྗོད། །དེ་ནས་དཀྱིལ་འཁོར་ཆེན་པོའི་སྦྱོར་བ་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་སྟེ། དེ་དབུས་ཇི་ལྟའི་ཚུལ་དུ་ནི། །རྡོ་རྗེ་སེམས་དཔའ་རྣམ་དགོད་དེ། །ཟླ་བའི་མདོག་ལ་འཛུམ་བག་ཅན། །དེ་བཞིན་འོད་ཟེར་
དམར་པོ་འཁྲིགས། །སངས་རྒྱས་ཕྲེང་བས་རྣམ་པར་མཛེས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞལ་བཞི་པ་ལ་ཕྱག་བཞི་པ། །སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །རིག་མ་བཞི་དང་མཉམ་པར་ལྡན། །སངས་རྒྱས་གཟུགས་ཀྱིས་ཉེ་བར་མཛེས། །གཡས་
ཞལ་ཞི་བ་དཀར་པོ་ཡིན། །དེ་བཞིན་གཡོན་པ་དམར་པོ་མཆོག །ནུབ་ཀྱི་ཡང་ནི་སེར་པོ་མཚུངས། །ཐོད་པ་ལ་བཞུགས་གར་དང་ལྡན། །ལྷ་རྣམས་འཇིགས་པར་མཛད་པ་པོ། །རྡོ་རྗེ་དང་ནི་ཁ་ཊྭཱྃ་འཛིན། །དྲིལ་བུ་ཐོད་པ་དེ་བཞིན་ནོ། །མཁའ་འགྲོ་མ་རྣམས་དང་མཉམ་ལྡན། །

རྒྱ་ཆེན་པོར་ནི་བྲི་བར་བྱ། །མཁའ་འགྲོ་མ་རྣམས་དང་མཉམ་མོ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་དང་ཆ་བླངས་མ་ཉིད་དང་། །གཉེན་མོ་དེ་བཞིན་བཞོ་བྱས་ལ། །
གཉིས་གཉིས་སྦྱོར་བས་འདོད་སྤྱད་ནས། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །བ་ལང་ཤ་དང་རྟ་ཤ་སོགས། །ཐོགས་པ་མེད་པར་བཟའ་བར་བྱ། །འཇིག་རྟེན་ལ་རྟག་གཡོན་ལ་སྤྱད། །འབད་དེ་གཡོན་པས་བསྙེན་བཀུར་བྱ། །བརྟན་དང་གཡོ་ལ་སོགས་པ་ཡི། །འགྲོ་
ཀུན་གཡོན་ལས་བྱུང་བས་ན། །ཕོ་ཉ་མོ་ལ་ཆགས་བྲལ་བས། །གྲོལ་བ་ཉིད་དུ་འགྲོ་བ་མིན། །རྟག་ཏུ་ཕོ་ཉ་མོར་ཆགས་གྲོལ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །སྒྲུབ་པོས་དེ་ལ་འབད་བྱས་ན། །བརྟུལ་ཞུགས་མེད་ནའང་བརྟུལ་ཞུགས་རྫོགས། །དམ་ཚིག་གཞུང་ལུགས་ལ་
སྤྱོད་ཅིང་། །ཟས་གཅིག་ཏུ་ནི་མཛེས་པར་བཟའ། །རིགས་གཅིག་གི་ནི་མཚན་ཉིད་ཕྱིར། །རིགས་ལྔ་ལ་ནི་མཉམ་པར་སྤྱོད། །སྦྲང་རྩི་མཚལ་དང་ག་བུར་བཅས། །ཙནྡན་དམར་པོ་དང་སྦྱར་ཏེ། །རྡོ་རྗེ་ལས་བྱུང་མཉམ་ལྡན་པ། །འདི་དག་བདུད་རྩི་ལྔ་ཡན་ཏེ། །དངོས་གྲུབ་ཀུན་
ནི་རབ་སྩོལ་མཛད། །སྦོམ་པོ་མཐའ་ལྟག་ཁ་སྦྱར་བས། །རྟག་ཏུ་རྣལ་འབྱོར་བཞིན་བླངས་ཏེ། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པར་འཐོབ་པར་འགྱུར། །མཆོག་གི་དམ་ཚིག་འདི་རྣམས་ནི། །ཞལ་བཟང་མོ་ཁྱོད་ལ་བཤད་ཡིན། །ཐབས་དང་བཅས་པའི་
ལས་རྣམས་ཀུན། །ཐོགས་ཆགས་མེད་པར་རྟག་ཏུ་སྤྱོད། །རྣམ་པར་རྟོག་མེད་བསྒོམས་པ་ཡིས། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རྣམ་པར་རྟོག་མེད་བསྒོམས་པ་ཡིས། །ལས་རྣམས་ཐམས་ཅད་རྟག་ཏུ་བྱ། །ཐོགས་པ་མེད་པས་སྤྱོད་པ་ནི། །དེ་བཞིན་དཀའ་
ཐུབ་རྣམས་ཀྱི་མཆོག །ཐོགས་པ་མེད་པའི་སེམས་ཀྱིས་ནི། །སྐྲ་ཤད་འཛིངས་པ་འདྲ་བར་ནི། །ཡིད་ལ་ཡུལ་རྣམས་རྟེན་བྱེད་པ། །དེ་ནི་འདའ་དཀའི་དཀའ་ཐུབ་ཡིན། །གང་ཞིག་ལས་རྣམས་ཐམས་ཅད་ལ། །ཤེས་རབ་ཀྱིས་ནི་ངེས་པར་སྤྱད། །སྟོང་པའི་མན་ངག་ཅན་དེ་

ནི། །བདག་ཉིད་ཆེན་པོའི་དཀའ་ཐུབ་འདིའོ། །ཤེས་རབ་གཟུགས་བརྙན་ལྟ་བུ་ལ། །རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །དོན་ལ་ཐོགས་པ་མེད་སྤྱོད་མ། །དེ་ཡི་དཀའ་ཐུབ་བདག་ཉིད་ཡིན། །ཤེས་རབ་ཐབས་ལས་གཞན་པ་མིན། །གང་གིས་སེམས་ནི་
གནས་མི་བྱ། །དེ་འདྲར་ཡང་དག་གནས་བྱས་ན། །བྱང་ཆུབ་ཆེན་པོ་ཉེ་བར་སྟེར། །རྣམ་པར་མི་རྟོག་རྗེས་གནས་པའི། །རྣལ་འབྱོར་པ་ལ་མངོན་ལྡན་ན། །དེ་རྣམས་ཀྱི་ནི་འབྱུང་བ་ཀུན། །ཤེས་རབ་ཕ་རོལ་ཕྱིན་པར་ངེས། །ཤེས་རབ་མེ་ལོང་གཟུགས་བརྙན་བཞིན། །འདུས་
བྱས་དངོས་པོ་དེ་འདྲ་བར། །ཤེས་རབ་བློ་ཡིས་དྲན་པར་བྱ། །དེ་ཡི་རྣམ་རྟོག་མེད་སེམས་ནི། །མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་བཞིན། །མིག་འཕྲུལ་ལྟ་བུར་བལྟ་བ་ནི། །དེ་ནི་གཙོ་བོ་ཡིན་པར་བཤད། །གློག་དང་དྲི་ཟའི་གྲོང་ཁྱེར་བཞིན། །འདུས་བྱས་
འདི་དག་རྣམ་པར་སྨིན། །འདི་ལྟར་དངོས་རྣམས་རབ་གསལ་བར། །གང་དེའི་རྣམ་གྲངས་རྩེ་མོ་མཆོག །དེས་ན་སེམས་ནི་གང་ཞིག་ཏུ། །གནས་པ་ཡོད་པར་གཞག་པ་མིན། །འདི་དག་ལྟ་བུར་ཀུན་དུ་བྱུང་བའི་དངོས་པོ་རྣམས་ཀྱང་སྒྱུ་མ་ཁྱད་པར་ཅན་རྣམས་ཡང་དག་པར་རྫོགས་
པར་ལོངས་སྤྱོད་པ་བསྐྱེད་དེ། བདེ་བས་ཡོངས་སུ་བཞུ་བས་ཁྱད་པར་ཅན་འགའ་ཞིག་ཏུ་རྫོགས་པར་ལོངས་སྤྱོད་པ་སྐྱེའོ། །བཟང་པོ་ཡོངས་སུ་གྱུར་པས་ནི་འབྲས་བུ་ཁྱད་པར་ཅན་འགའ་འཐོབ་བོ། །དེས་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་གྲིབ་མ་ལྟ་བུ་ལས་གཞན་འགའ་ཅི་
ཡང་མ་མཐོང་ངོ་། །གང་ཡང་ཁྱད་པར་འདི་དག་བསྒོམ་པ་གོམས་པའི་སྟོབས་ལས་བདེ་བ་མཆོག་ཏུ་ཞི་བ་ལ་སོགས་པའི་ཁྱད་པར་ཅན་གྱི་དགོས་པ་བསྐྱེད་ན་བླ་ན་མེད་པའི་འབྲས་བུ་མངོན་དུ་ཐོབ་པར་བྱེད་པའི་རྒྱུའི་དངོས་པོར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་སྐྱོན་འགའ་ཡང་མ་མཆིས་
སོ། །དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས། །རབ་ཏུ་མཆོད་པར་ཀུན་དུ་གནས། །དཀའ་ཐུབ་སྡུག་བསྔལ་དྲག་པོ་ཡིས། །རྨོངས་པ་བརྐམས་ཤིང་སྡུག་བསྔལ་ཏེ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་པ། །གཡེངས་པ་ཡིས་ནི་དངོས་གྲུབ་མེད། །བདེ་བ་ཀུན་དུ་བརྟན་

འགྱུར་བ། །སེམས་ཀྱི་རང་བཞིན་བརྟན་འགྱུར་གྱི། །སྡུག་བསྔལ་གྱིས་ནི་སེམས་གཡོ་ཞིང་། །འགོག་པར་ཡང་ནི་ལྷག་པར་འགྲོ། །ལུས་དང་ངག་དང་སེམས་རྣམས་ནི། །བདེ་བར་གནས་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་ལྟུང་
བར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །མཁའ་འགྲོ་མ་ཐམས་ཅད་དང་མཉམ་པར་སྦྱོར་བ་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས། མཆོག་གི་དེ་ཁོ་ན་ཉིད་སྣང་བར་བྱེད་
པ་དང་། ཡུལ་ལ་ཤེས་པ་འཇུག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཡང་ལྷ་མོས་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སྙིང་པོ་གང་གིས་གདུག་པ་ཅན་རབ་ཏུ་འདུལ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བསྟན་པ་ལ་སྨོད་པའི་གདུག་པ་ཅན་ཐམས་ཅད་འདུལ་བ་དང་། ལྷ་གདུག་པ་ཅན་ལ་སོགས་པའི་སེམས་ཅན་ཐམས་ཅད་གདུལ་ཞིང་ཞི་བའི་གནས་ལ་བརྟུལ་ཏེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གདུག་པ་བྱེད་པར་མི་འགྱུར་བར་གནས་པ་བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། དེ་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོས་འདི་གླུར་བླངས་ཏེ་བཀའ་སྩལ་ཏོ། །དང་པོར་རྣམ་པར་སྣང་མཛད་གཞག །དེ་རྗེས་རྗོད་བྱེད་ཐ་མ་སྟེ། །རྒྱུ་བ་དེར་ལྷུང་ང་ཡིས་མཐོང་། །སྙིང་པོའི་སྤྱི་བོར་གསུམ་པས་བརྒྱན། །ལ་ཡི་མཐའ་ན་གནས་
པ་ལ། །སྟེང་དུ་ཡི་གེ་ས་དང་ལྡན། །གཉིས་པ་ཡིས་ནི་མཉེས་བྱ་སྟེ། །སྙིང་པོ་དེ་ལ་ཨ་ཡིག་ལྡན། །ས་མཐའ་ཀུན་དངོས་དེ་ཉིད་དོ། །རྗོད་བྱེད་དང་ནི་རྗོད་བྱེད་སྟེ། །རྗོད་བྱེད་ལྔ་པས་གདན་དུ་བྱས། །ཟླ་ཕྱེད་ཐིག་ལེས་བརྒྱན་པ་ཅན། །དབུས་གནས་པ་ལས་ཞ་བོར་ལྡན། །
སྲེག་པའི་མཐའ་ཡིས་ཡོངས་སུ་བརྒྱན། །ས་ཡི་དེ་མ་ཐག་གནས་པ། །རླུང་གཟུགས་སུ་གནས་འོག་ཏུ་སྦྱར། །དེ་འོག་ཧུྃ་ཧུྃ་ཐུང་ངུ་གཉིས། །ཡི་གེ་ཕཊ་དང་བཅས་རྫོགས་པ། །ཨྃ་དངོས་ཡི་གེར་རྫོགས་པར་ལྡན། །ལྔ་པའི་དབུས་ན་གནས་དེ་ལ། །གཞན་པའི་ཨི་ཡིས་

སྟེང་དུ་བརྒྱན། །དེ་ནས་རྗོད་བྱེད་ར་ལ་ཞོན། །སྤྱི་གཙུག་ཏུ་གནས་དབང་ཕྱུག་དང་། །རྗོད་བྱེད་པ་ཡི་འཁོར་འགྱུར་བ། །ཡང་དང་ཡང་དུ་གཞག་པར་བྱ། །རྗོད་བྱེད་ར་ལ་བསྐྱོན་པ་དང་། །ཨེ་ཡིག་རྣ་བ་དག་ལ་བརྒྱན། །དེ་ནས་རྗོད་བྱེད་ར་ཉིད་ནི། །ཡང་ནི་
ལྔ་པ་དག་ལ་བསྐྱོན། །འདི་ཡང་ཐམས་ཅད་པ་ཉིད་དེ། །རྗོད་བྱེད་མགོ་བོར་ཟླ་ཕྱེད་བརྒྱན། །ལྔ་པ་དང་ལྡན་ཉིས་འགྱུར་བྱ། །ཀུན་གྱི་མགོན་པོ་དེ་ཉིད་མཆོག །ཕཊ་དང་རིན་ཆེན་དག་གིས་བརྒྱན། །ཧ་ནི་མཇུག་ཐོགས་ཉིད་དུའོ། །རྣམ་པར་སྣང་མཛད་ཀྱི་ཚོགས་ཀུན་ལ་
ཡོངས་སུ་མཉེས་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་དྲ་བའི་སྡོམ་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་འདིར་ཧཱུྃ་ཡིག་ལས་བྱུང་བར། །སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །ལས་ཀྱི་རྡོ་རྗེ་
དབུས་གནས་པར། །དེ་ཉིད་ཧཱུྃ་ནི་རྣམ་བསྒོམས་ཏེ། །འོད་ཕྲེང་དུ་མ་ལྡན་པ་ཡི། །མཁའ་འགྲོ་ཡི་ནི་འཁོར་ལོ་སྤྲོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཁ་དོག་དམར་མོ་འཇིགས་ཆེན་མོ། །འཇིགས་པའི་དངོས་པོའི་ང་རོ་ཅན། །སྤྱན་གསུམ་དབུ་སྐྲ་ཁམ་སེར་གྱེན། །
ན་སོ་གཞོན་བྱེད་ཕུན་ཚོགས་མ། །སྟག་གི་པགས་པའི་སྨད་དཀྲིས་ཅན། །འཇིགས་བྱེད་ཆེན་པོ་ལྗགས་འདྲིལ་མ། །འཇིགས་པ་ཡང་ནི་འཇིགས་མཛད་མ། །མཁའ་འགྲོ་མ་ཀུན་དང་མཉམ་སྦྱོར། །རྡོ་རྗེ་མཁའ་འགྲོར་རབ་གྲུབ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་
རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔོན་གྱི་རིམ་པ་ཇི་བཞིན་དང་། །མེ་དང་མཉམ་པ་གཉིས་བརྗོད་དང་། །ཀ་ར་ཀ་ར་བདུན་པ་སྦྱར། །བནྡྷ་དེ་བཞིན་དགྲ་སྙིང་སྟེ། །འདི་ཡང་ལན་གཉིས་རྗོད་པར་བྱེད། །ས་སྡེ་ལ་ནི་མ་དང་ཨ། །འཇིག་
རྟེན་གཟུགས་བྲལ་གྱི་མཐར་གནས། །རང་བཞིན་འདི་ཡང་གཉིས་སུ་བརྗོད། །གཞན་དང་གཞན་དང་ལྡན་པར་བྱ། །བྷ་ཛ་དག་དང་ཉེར་གནས་པ། །དེ་ནི་ལན་གཉིས་དག་ཏུ་བརྗོད། །རྗོད་བྱེད་ལ་ནི་གསུམ་པ་དང་། །ཁོང་ན་གནས་པས་ལྡན་པར་བྱ། །དེ་ནས་ཟླ་བ་གཞོན་ནུ་

ཕྱེད། །ཡོངས་སུ་གང་བས་བརྒྱན་པར་བྱ། །དེ་དག་ཡང་དང་ཡང་དུ་བརྗོད། །ཉིན་མོར་བྱེད་པའི་རང་བཞིན་དང་། །ཡོངས་སུ་ལྡན་པ་ཉིད་དུ་བྱ། །རྗོད་བྱེད་དང་ནི་གཤེགས་གསོལ་གནས། །ལྔ་པར་ལྡན་པ་ཉིས་འགྱུར་རོ། །ཕེ་ཡིག་དྲག་ཅིང་མྱུར་བ་ལ། །ཟླ་བ་གཞོན་ནུ་
དང་ལྡན་པ། །ཡང་གཅིག་ཀྱང་ནི་བརྗོད་པར་བྱ། །དྲག་མྱུར་བརྗོད་པ་ཕཊ་གཉིས་སོ། །རྣམ་རྟོག་ཀུན་གྱི་བུད་ཤིང་ནི། །བསྲེག་པས་ད་ཧ་ད་ཧ་སྟེ། །དེ་སྐད་ཅེས་པ་བོད་པའི་སྔགས། །ལྔ་པའི་ཉེ་ཆེར་གཉིས་པར་སྦྱར། །ཨ་ཉི་དང་ཡང་ཡང་དག་ལྡན། །རྗོད་བྱེད་གཙོ་དང་
ཡང་ལྡན་པ། །ཡང་དང་ཡང་དུ་བརྗོད་པར་བྱ། །བྷཀྵ་བྷཀྵ་ཞེས་རྗེས་སུ། །བ་ས་རུ་དྷི་ར་དང་ནི། །ཨནྟྲ་མཱ་ལཱ་བ་ལམྦི་ནེ། །གྲཱིཧྞ་གྲཱིཧྞ་དག་དང་ནི། །སཔྟ་བཱ་ཏཱ་ལ་ཀ་ཏད་སྦྱར། །བྷུ་ཛངྒ་དང་སརྦྦམྦཱ། །ཏརྫ་ཡ་ནི་གཉིས་བརྗོད་དོ། །ཀ་ཡིག་སྡེ་ལས་ཀ་ཉིད་ལ། །གཉིས་པ་དང་
ནི་བཞི་པ་སྦྱར། །རླུང་གི་ངོ་བོར་གནས་པའོ། །ཨི་མཐའ་ས་མཐའ་ཞེས་བརྗོད་ལ། །ཉི་མ་བདུན་གྱིས་གནས་པར་བརྒྱན། །རྗོད་བྱེད་ལ་ནི་བཞི་པས་བརྒྱན། །ཡང་དང་ཡང་དུ་བརྗོད་པར་བྱ། །ཀ་ཤ་ཨོ་དང་པ་སྡེ་དང་། །དེ་འོག་དང་པོ་དང་ལྡན་གཞག །ར་དང་ཧར་སྦྲེལ་གཉིས་
དག་ལ། །ཐིག་ལེ་གཉིས་གཉིས་རབ་ཏུ་སྦྱར། །ཨ་དང་སྡེ་ཚན་ས་བོན་བརྗོད། །སྡེ་ཚན་གྱི་ནི་བཞི་པ་དང་། །དང་པོ་རུ་ནི་ལྡན་པར་བྱ། །གསུམ་པས་ཀྱང་ནི་དང་པོ་སྦྱར། །གསུམ་པ་ལ་ཡང་དེས་མཉེས་བྱ། །རྗོད་བྱེད་ཀྱང་ནི་རྗོད་བྱེད་ནི། །ཨི་ཡི་སྟན་དུ་ལྡན་པར་བྱ། །ས་སྡེ་ལ་
ཨེ་ར་ཡིས་བརྒྱན། །ཟླ་དུམ་དང་ནི་ཐིག་ལེར་ལྡན། །དེ་ནི་ཡང་ཡང་བརྗོད་པར་བྱ། །དེ་ཉིད་ཨེ་ཕྱོགས་བཞི་པར་ལྡན། །དེ་ནས་ཡང་དང་ཡང་དུ་བཟླས། །རྗོད་བྱེད་དང་ནི་བཞི་པ་སྦྱར། །མཐའ་རུ་ལ་གཅིག་ཨི་དང་སྦྱར། །དེ་ཡང་ཡང་དང་ཡང་དུ་བཟླས། །རྗོད་བྱེད་ཡི་གེ་ཧ་ཡང་
སྦྱར། །དེ་སྟེང་ཟླ་དུམ་ཐིག་ལེས་བསྐྱོན། །ལྔ་པ་ཡང་ནི་མཉེས་པར་བྱ། །དེ་ཡང་ཡང་དང་ཡང་དུ་བཟླས། །རྣམས་མང་མཐའ་ཡས་རབ་བསྒྲུབ་ཅིང་། །དགེ་བའི་མེ་ཏོག་མང་སྤུང་པ། །འདི་ནི་ལྷ་མོ་སྒྱུ་ཆེན་མོ། །དངོས་གྲུབ་ཀུན་རབ་སྩོལ་བའོ། །འདིར་ནི་གསུངས་མ་ཐག་ཏུ་ཡང་། །

འཇིག་རྟེན་ཁམས་ནི་ཐམས་ཅད་གཡོས། །དེ་བཞིན་གཤེགས་པ་ཀུན་ཀྱང་སྐྲག །སླར་ཡང་དེ་བཞིན་གཤེགས་པ་ཀུན། །མངོན་པར་བྱང་ཆུབ་རྫོགས་སངས་རྒྱས། །རི་བོ་ཀུན་ཡང་གཡོ་ཞིང་འགས། །གདུག་པ་ཀུན་འདུལ་དུལ་ཞིང་ཞི། །དཀྱིལ་འཁོར་དུ་
ནི་བཀུག་ནས་བཅུག །དམ་ཚིག་གིས་བཅིངས་དབང་དུ་འདུས། །མ་མོའི་ཚོགས་དང་འབྱུང་པོའི་ཚོགས། །གཟའ་དང་རིམས་ནད་ཐམས་ཅད་དང་། །གནོད་སྦྱིན་སྲིན་པོ་ལོག་འདྲེན་དང་། །སྡིག་པ་ཅན་དང་དམྱལ་བ་ཀུན། །བཀས་ཤིང་བསྒྱེལ་ཏེ་རྣམ་པར་བཤིག །བཅོམ་
ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་མཁའ་འགྲོ་མ་ཐམས་ཅད་མཉམ་པར་སྦྱོར་བའི་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་སྐྱོང་རྣམས་དང་ཡང་དག་ལྡན། །དེ་ཡི་དབུས་སུ་རྡོ་རྗེ་བྲི། །
ཁ་དོག་དམར་པོ་འོད་ཆེན་པོ། །ཕྱི་རོལ་རི་མོ་ཟླུམ་པོས་བསྐོར། །དེ་ཡི་དབུས་སུ་བཅོམ་ལྡན་འདས། །ཁྲོ་བོ་ཆེན་པོ་ཞལ་བཞེས་མཛེས། །ཅུང་ཟད་མཆེ་གཙིགས་འཇིགས་བག་ཅན། །ཅུང་ཟད་འཛུམ་ཞིང་བཞད་པའི་ཞལ། །གཡས་པ་དཀར་པོ་ཞི་བ་སྟེ། །གཡོན་པ་
དམར་པོ་འཇིགས་པ་ཆེ། །ནུབ་ཀྱི་ཞལ་ནི་མདངས་སེར་པོ། །ལྷ་མོ་བཞི་དང་མཉམ་ལྡན་ཞིང་། །ཕྱག་བཞི་ཡིས་ནི་རྣམ་པར་མཛེས། །འཇིགས་པའི་བདུད་བཞི་མནན་པ་པོ། །སངས་རྒྱས་གཟུགས་ཀྱིས་ཉེ་བར་མཛེས། །དཔའ་བོ་གཡས་ན་ཁ་ཊྭཱཾ་ག །ཐོད་པ་ཡང་ནི་གཡོན་
ནའོ། །གཡས་ན་རྡོ་རྗེ་འབར་བ་བྲི། །ཐོད་པ་ཡི་ནི་ཁྱད་པར་རོ། །དཔའ་བོ་གཞུ་དང་མདའ་འཛིན་ཅིང་། །ཤེས་རབ་དགའ་མས་རབ་ཏུ་མཛེས། །འབར་བ་དམར་པོའི་དཀྱིལ་འཁོར་གསལ། །སེམས་དཔའ་འབར་བ་འཁྱིལ་པར་ལྡན། །འཇིགས་པ་ཆེན་པོའི་དུས་དང་
ནི། །དུར་ཁྲོད་ཀྱི་ནི་མེ་བཞིན་འབར། །དབུ་སྐྲ་འབར་བ་ཆེན་པོ་གསལ། །དབུ་རྒྱན་ཐོད་པས་རྣམ་པར་ཕྱེ། །རོལ་པ་ཐམས་ཅད་འཚོགས་པ་ན། །ཧེ་རུ་ཀ་ནི་གར་ལ་སྤྱོད། །མ་མོའི་འཁོར་ལོའི་གནས་མཆོག་ཏུ། །ས་རྣམས་ཀྱི་ནི་དབང་ཕྱུག་ཉིད། །ཀུན་ནས་ཀུན་ཏུ་ཐམས་

ཅད་པ། །རང་ཉིད་རྟག་ཏུ་ཐམས་ཅད་ཀུན། །མཁའ་འགྲོ་ཀུན་ཀྱང་མཉམ་སྦྱོར་བའོ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །བཟླས་དང་བསྒོམ་པའི་རབ་སྦྱོར་གྱིས། །འགྲུབ་པར་འདི་ལ་ཐེ་ཙོམ་མེད། །ཐུན་མཚམས་ནས་ནི་རབ་སྦྱོར་བས། །མཆོག་གི་སྡོམ་པ་བསྒོམ་པར་བྱ། །
འབུམ་རྫོགས་ནས་ནི་རྡོ་རྗེ་ཆེ། །ཁྲོ་བོའི་རྒྱལ་པོ་དང་མཉམ་འགྱུར། །རྡོ་རྗེ་འཛིན་པ་ཆེན་པོ་ཡི། །ཚེ་དང་མདོག་དང་ན་སོ་དང་། །གཟུགས་དང་སྟོབས་དང་བརྩོན་འགྲུས་དང་། །རྫུ་འཕྲུལ་གྲུབ་པ་ཆེན་པོར་ལྡན། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །ཡང་ན་གསང་སྔགས་
ཏིང་འཛིན་གྱིས། །ཅུང་ཟད་ཙམ་ཞིག་བཟླས་པ་བྱ། །ལས་ནི་བརྒྱ་ཙམ་བྱེད་པར་འགྱུར། །འདི་ལྟ་སྟེ། བརྟན་པ་དང་། གཡོ་བ་ཐམས་ཅད་ངེས་པར་གནོན་པ་དང་། ལྟུང་བར་བྱེད་པ་དང་། འཇིག་པར་བྱེད་པ་དང་། རྒྱས་འདེབས་པ་དང་། ལྐུགས་པར་བྱེད་པ་དང་
རེངས་པར་བྱེད་པ་དང་། དབུགས་འབྱིན་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། འཆིང་བ་དང་། འགྱེས་པ་དང་། དབང་དུ་བྱེད་པ་དང་། རྣམ་པར་སྒྱུར་བར་བྱེད་པ་དང་། སྨྱོ་བར་བྱེད་པ་དང་། རྣམ་པར་འགྱུར་ཞིང་སྐྲོད་པར་བྱེད་པ་དང་། སྡང་བ་དང་། ནོར་རྫས་འཇོམས་
ཤིང་འཇིགས་པར་བྱེད་པ་དང་། ངུད་མོ་བྱེད་དུ་འཇུག་པ་དང་། བསྡིགས་པར་བྱེད་པ་དང་། བདག་ཉིད་བཅིངས་ནས་འཚོག་པ་དང་། བརྡུང་བ་དང་། ལོང་བར་བྱེད་པ་དང་། ས་བོན་འཇོམས་པར་བྱེད་པ་དང་། རིམས་དང་། ཁོང་ནད་དང་། དུག་གིས་འཛིན་པ་དང་། རང་
གིས་བརྐོས་ནས་འཇུག་པ་དང་། དམྱལ་བར་ལྟུང་བར་བྱེད་པ་དང་། དུད་འགྲོའི་གནས་ཡོངས་སུ་སྒྱུར་བར་བྱེད་པ་དང་། སྐྱེས་པ་བུད་མེད་དུ་བྱེད་པ་དང་། བུ་ཆུང་ལྟོ་ནས་ལྟུང་བྱེད་པ་དང་། བྷ་ག་འཆིང་བ་དང་། མ་ནིང་དུ་བྱེད་པ་དང་། འདོད་པ་ལ་ཆགས་ལ་སྙོམ་པར་བྱེད་པ་དང་།
རྒོད་ཅིང་འཆིང་བ་དང་གཞན་གྱིས་རང་གསོད་དུ་འཇུག་པ་དང་། མཚོན་རྡུག་པར་བྱེད་པ་དང་། དགོས་དགུ་བྱེད་པ་དང་། ཡུད་ཀྱིས་སྐྲོད་པ་དང་། གཅེར་བུར་བྱེད་པ་དང་། བྷ་ག་དང་བཤང་ལམ་སྒྲོགས་པར་བྱེད་པ་དང་། བྷ་ག་དང་བཤང་ལམ་རང་ལུག་ཏུ་བྱེད་པ་དང་། ཁུ་བ་ཁྲག་ཏུ་

བྱེད་པ་དང་། ནད་རྣམས་མྱུར་དུ་སེལ་བར་བྱེད་པ་དང་། ཁྲག་ལས་གྱུར་པའི་མཛེ་ནད་ལ་སོགས་པ་སུད་པར་བྱེད་པ་དང་། མྱ་ངན་དང་སྡུག་བསྔལ་གྱིས་བཅིངས་ཤིང་གཟིར་བར་བྱེད་པ་དང་། དུམ་བུ་དུམ་བུར་བྱེད་པ་དང་། ལུས་ཅན་ཐམས་ཅད་ཕྱེ་མར་
བྱེད་ཅིང་གསད་པ་དང་། ཐམས་ཅད་རྗེས་སུ་ཆགས་པས་དགུག་པ་དང་། གཞུག་པ་དང་། གཡོ་བ་དང་། འདར་བ་དང་། དགོད་པ་དང་། སེམས་ཅན་ཐམས་ཅད་ལ་རྒྱུན་དུ་ཅ་བླར་སྨྲ་བ་དང་། སྔོན་གྱི་གནས་སོ་སོར་ཐོབ་པ་ལྟར་སྟོན་པ་དང་། དབང་དུ་བྱེད་པའི་ལས་
ཐམས་ཅད་ལ་རབ་ཏུ་སྦྱོར་བ་དང་། བྲན་དུ་བྱེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལོག་འདྲེན་དང་། འབྱུང་པོ་དང་། མ་མོ་དང་། མཁའ་འགྲོ་མ་ཐམས་ཅད་འདུལ་བར་བྱེད་པ་དང་། ནོར་སྦྱིན་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་
དང་། ནམ་མཁའ་ཐམས་ཅད་བཀའ་བསྒོ་བར་བྱེད་པ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དག་ལས་རྣམ་པར་རྒྱལ་བར་འགྱུར་བ་དང་། ཆགས་པ་ཐམས་ཅད་འཇིག་པར་བྱེད་པ་དང་། རིམས་དང་། ཡམས་དང་། དུག་དང་། མཁའ་འགྲོ་
མ་ཐམས་ཅད་ལས་གྲོལ་བར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཆགས་པ་དང་བྲལ་བ་འབིགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་འཁོར་བ་ལ་སྐྱོ་བ་འཇིག་པར་བྱེད་པ་སྟེ། དེ་ལྟ་བུར་འདི་དག་ནི་ལྷ་མོ་ཐམས་ཅད་གྲུབ་པར་བྱེད་པར་བརྗོད་པ་
སྟེ། སྔགས་ཀྱི་རྒྱལ་པོ་འདི་དག་ཉིད་ནི་མ་བྱུང་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྟེ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་མཁའ་འགྲོ་མའི་སྒྱུ་མ་ཐམས་ཅད་དང་མཉམ་པར་སྦྱོར་བའི་རབ་ཏུ་འགྲུབ་པ་དེ་སྐད་ཅེས་བཀའ་སྩལ་ཏོ། །འདི་དག་ནི་རྡོ་རྗེ་
མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལས་ཀྱི་ཚོགས་ཐམས་ཅད་ཀྱི་ཆོ་ག་དང་། སྒྱུ་འཕྲུལ་ཆེན་མོའི་རྣམ་པར་འཕྲུལ་པའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསང་བ་བརྗོད་པར་བྱ། །མདོར་བསྡུས་ཕྱིར་ན་རྒྱས་པར་མིན། །ཐམས་ཅད་སྒྱུ་མར་མཉམ་

སྦྱོར་ན། །ལས་རྣམས་ཐམས་ཅད་མ