Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་ལ་

བཀུར་སྟི་བྱེད་དུ་བཅུག །བླ་མར་བྱེད་དུ་བཅུག །རིམ་གྲོ་བྱེད་དུ་བཅུག །མཆོད་པ་བྱེད་དུ་བཅུག་ནས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང་ལྷན་ཅིག་གྲོང་ཁྱེར་བཱ་རཱ་ཎ་སཱི་ག་ལ་བ་དེར་སོང་བ་དང་། གྲོང་ཁྱེར་བཱ་རཱ་ཎ་སཱིའི་སྒོར་འདུག་ནས་སྐད་ཕྱུང་སྟེ། དེའི་སྐད་དེས་གྲོང་ཁྱེར་དེ་ཐམས་ཅད་
ཁྱབ་པར་གྲག་གོ། །དེ་ནས་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་དག་གནས་པ་དེ་དག་གྲོང་ཁྱེར་གྱི་སྒོ་ག་ལ་བ་དེར་རབ་ཏུ་རྒྱུག་གོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་བཀུར་སྟི་བྱེད་དུ་བཅུག །བླ་མར་བྱེད་
དུ་བཅུག །རིམ་གྲོ་བྱེད་དུ་བཅུག །མཆོད་པ་བྱེད་དུ་བཅུག་ནས། རང་གི་ཁྱིམ་ག་ལ་བ་དང་། བཙུན་མོ་དཔེ་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་དཔེ་མེད་ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་མོ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་ཁྱོད་ཀྱི་གན་དུ་རང་འོངས་སོ་ཞེས་སྨྲས་སོ། །
རྒྱལ་པོ་ཚངས་པས་བྱིན་དེ་བདག་ཉིད་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རིམ་གྲོ་བྱེད་དོ། །དེའི་ཚེ་དུས་གཞན་ཞིག་ན་རྒྱལ་པོ་ཚངས་པས་བྱིན་བྲེལ་བ་ཞིག་བྱུང་ནས་དེས་འདི་སྙམ་དུ་བསམས་ཏེ། སུས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་རིམ་གྲོ་བྱེད་
ནུས་སྙམ་ནས། དེས་ཡང་འདི་སྙམ་དུ་བསམས་ཏེ། བཙུན་མོ་དཔེ་མེད་ནི་མཁས་པ། ཤེས་རབ་ཆེན་པོ་དང་ལྡན་པ་སྟེ། དེས་ནུས་སོ་སྙམ་མོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བཙུན་མོ་དཔེ་མེད་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་
སྣང་བ་འདི་ངས་ཇི་ལྟར་རིམ་གྲོ་བྱས་པ་བཞིན་དུ་བདག་ཉིད་ཀྱིས་རིམ་གྲོ་གྱིས་ཤིག །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་དཔེ་མེད་བདག་ཉིད་ཀྱིས་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་ལ་བསྙེན་བཀུར་བྱེད་དོ། །དེའི་ཚེ་དུས་གཞན་ཞིག་ན་བཙུན་
མོ་དཔེ་མེད་སྐྱེས་པ་གཞན་ལ་ཆགས་པར་གྱུར་ཏེ། དེ་ནས་བཙུན་མོ་དཔེ་མེད་ཀྱིས་འདི་སྙམ་དུ་བསམས་སོ། །རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་མིའི་སྐད་དུ་སྨྲ་བས་དེས་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མི་བསྙད་གྲང་། རྒྱལ་པོ་ཚངས་པས་བྱིན་དེས་ཀྱང་བདག་བཟུང་སྟེ་མི་

བསད་གྲང་སྙམ་ནས། དེ་ནས་བུད་མེད་དེས་བྱའི་རྒྱལ་པོ་དེ་ལ་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་ནོ། །བུད་མེད་དེས་རྨ་བྱའི་རྒྱལ་པོ་དེ་ལ་ཇི་ལྟ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་པ་དེ་ལྟ་དེ་ལྟར་རྨ་བྱའི་རྒྱལ་པོ་དེའི་ལུས་གཟུགས་ཆེས་བཟང་བ་དང་། ཆེས་མཛེས་
པ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ། །དེ་ནས་བཙུན་མོ་དཔེ་མེད་ཀྱིས་འདི་སྙམ་དུ་སེམས་ཏེ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་བདག་གིས་ཇི་ལྟ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་པ་དེ་ལྟ་དེ་ལྟར་འདིའི་ལུས་གཟུགས་ཆེས་བཟང་བ་དང་། ཆེས་
མཛེས་པ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ་སྙམ་མོ། །དེ་ནས་བཙུན་མོ་དཔེ་མེད་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བས་འདི་སྐད་ཅེས་སྨྲས་སོ། །རྐུན་མ་རྐུན་མ་ཁྱོད་ཀྱི་ངས་ཤེས་ཏེ། ཁྱོད་འདི་སྙམ་དུ་བདག་ནི་སྐྱེས་པ་གཞན་ལ་ཆགས་པར་གྱུར་ལ། བྱ་འདིས་
ཤེས་ཏེ་འདི་ཡང་མི་སྐད་སྨྲ་བས་འདིས་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མི་བསྙད་གྲང་། རྒྱལ་པོས་བདག་བཟུང་སྟེ་མི་བསད་གྲང་སྙམ་དུ་བསམས་ནས། དེའི་ཕྱིར་ཁྱོད་ཀྱིས་ང་ལ་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་ཏེ། ཁྱོད་ཀྱིས་ང་གསད་པར་མི་ནུས་སོ། །དེ་ནས་བཙུན་མོ་དཔེ་
མེད་དེས་ཚིག་དེ་ཐོས་ནས་ཁ་བུབ་ཏུ་འགྱེལ་ཏེ་ཁྲག་དྲོན་པོ་སྐྱུགས་ནས་ནད་ཚབས་ཆེན་པོས་བཏབ་སྟེ། ནད་དེ་ཉིད་ཀྱིས་ཤི་བའི་དུས་བྱས་སོ། །དེ་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་པར་གྱུར་ཏོ། །ཁྱིམ་བདག་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་པས་
བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། དགེ་སློང་ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་ཏོ། །ཁྱིམ་བདག་དེའི་ཚེ་དེའི་དུས་ན་བཙུན་མོ་དཔེ་མེད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་
ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། བྲམ་ཟེའི་བུ་མོ་གཡོ་མ་དེ་དེའི་ཚེ་དེའི་དུས་ན་བཙུན་མོ་དཔེ་མེད་དུ་གྱུར་ཏོ། །ཁྱིམ་བདག་དེའི་ཚེ་དེའི་དུས་ན་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པའི་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་

ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་ཏོ། །ཁྱིམ་བདག་དེའི་ཚེ་དེའི་དུས་ན་རྨ་བྱ་ལྔ་བརྒྱར་གྱུར་པ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ།
དགེ་སློང་མཆོག་ལྔ་བརྒྱ་པོ་འདི་དག་དེའི་ཚེ་དེའི་དུས་ན་རྨ་བྱ་ལྔ་བརྒྱར་གྱུར་ཏོ། །ཁྱིམ་བདག་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེའི་ཚེ་ཡང་ལུས་ལ་དུག་གིས་མ་ཚུགས་ན། ད་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། ངའི་ལུས་ལ་དུག་གིས་ཚུགས་པར་འགྱུར་
བ་འདི་ནི་གནས་མེད་དོ། །དེ་བས་ན་ཁྱིམ་བདག་ཚིགས་སུ་བཅད་པ་བརྗོད་པ་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་ཀྱིས་ལེགས་པར་རབ་ཏུ་ཟུང་ལ་ཟས་ལ་ལན་གསུམ་བཟླས་པ་གྱིས་ཏེ། དགེ་སློང་གི་དགེ་འདུན་ལ་བྲིམས་ཤིག །འདོད་ཆགས་
ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མེད་པ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་
པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མེད་པ། །དགེ་འདུན་བདེན་པས་དུག་བཅོམ་མོ། །བདེན་པ་གང་གིས་ང་སངས་རྒྱས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་
ཡིས་སུ། །ང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གིས་ང་ཡི་ཆོས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །ང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གིས་ངའི་དགེ་འདུན། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་
ཡིས་སུ། །ང་ལུས་དུག་གིས་མི་ཚུགས་ཤོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་འདོད་ཆགས་དུག་ལས་བྱུང་། །འདོད་ཆགས་འདི་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་

བཅས་པ། །དེ་ཀུན་ཞེ་སྡང་དུག་ལས་བྱུང་། །ཞེ་སྡང་འདི་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་གཏི་མུག་དུག་ལས་བྱུང་། །གཏི་མུག་འདི་ནི་དུག་གི་མཆོག །དྲག་པོའི་དུག་གིས་དུག་བཅོམ་སྟེ། །
བསྲུང་དང་ཡོངས་སུ་གཟུང་བ་བྱས། །སངས་རྒྱས་ཀུན་གྱིས་དུག་བཅོམ་པས། །རྫོགས་སངས་རྒྱས་ལ་སྐྱབས་སུ་དོང་། །དེ་དེ་བཞིན་བགྱིའོ་ཞེས་ཏེ་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་ལེགས་པར་རབ་ཏུ་བླངས་ཏེ། བླངས་ནས་ཟས་དེ་དག་
ལ་ལན་གསུམ་བཟླས་ཏེ། རང་གི་ལག་གིས་ཞལ་ཟས་བསོད་པ་མང་པོ་དགེ་སློང་གི་དགེ་འདུན་ལ་བསྟབས་ཏེ་ཚིམ་པར་བྱས་སོ། །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བཤོས་གསོལ་ཟིན་ཏེ། ཕྱག་བཅབས་ལྷུང་བཟེད་གྱུ་བར་རིག་ནས་སྟན་
ཞིག་བླངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཁྱིམ་བདག་དཔལ་སྦས་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱི་གཏམ་རིམ་གྱིས་མཛད་པ་འདི་ལྟ་སྟེ། གང་འདི་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པའི་ཉེས་དམིགས་དང་། དེའི་
འོག་ཏུ་ཟག་པ་དང་། ཀུན་ནས་ཉོན་མོངས་པ་དང་། མངོན་པར་འབྱུང་བའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་རྒྱ་ཆེར་རབ་ཏུ་བསྟན། རབ་ཏུ་འཇོག །རྣམ་པར་འགྲེལ། རྣམ་པར་འབྱེད། གསལ་བར་མཛད་དོ། །བཅོམ་
ལྡན་འདས་ཀྱིས་གང་གི་ཚེ་ཁྱིམ་བདག་དཔལ་སྦས་སེམས་དགའ་བ་དང་། སེམས་མཉེན་པ་དང་། སེམས་དགེ་བ་དང་། སྒྲིབ་པ་མེད་པའི་སེམས་སུ་གྱུར་པར་མཁྱེན་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་ཕུལ་གྱི་ཆོས་གང་སྟོན་པ་དེ་བཅོམ་ལྡན་འདས་ཀྱིས་ཁྱིམ་
བདག་དཔལ་སྦས་ལ་རྒྱ་ཆེར་རབ་ཏུ་བསྟན། རབ་ཏུ་བཞག །རྣམ་པར་བཀྲོལ། རྣམ་པར་ཕྱེ། གསལ་བར་མཛད། རབ་ཏུ་བཤད་དོ། །དེ་ནས་ཁྱིམ་བདག་དཔལ་སྦས་སྟན་དེ་ལ་འདུག་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། འདི་ལྟ་སྟེ། དཔེར་ན་

རས་ནག་པོའི་བག་མེད་པ། ཁ་བསྒྱུར་བར་འོས་པ་ཚོན་གྱི་ནང་དུ་བཅུག་ན་ཚོན་ལེགས་པར་འཇེན་པ་དེ་བཞིན་དུ་ཁྱིམ་བདག་དཔལ་སྦས་ཀྱང་སྟན་དེ་ལ་འདུག་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་ཆོས་
མཐོང་། ཆོས་ཐོབ། ཆོས་ཡོངས་སུ་བསྐྱེད། མངོན་དུ་ཡང་དག་པར་རྟོགས། ནེམ་ནུར་མེད། ཐེ་ཙོམ་དང་བྲལ། སོམ་ཉི་དང་བྲལ། གཞན་གྱི་དྲིང་མི་འཇོག །སྟོན་པའི་བསྟན་པ་ཀུན་ཏུ་ཤེས། མི་འཇིགས་པ་ཐོབ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བཅོམ་ལྡན་འདས་བདག་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཙུན་པ་བཅོམ་ལྡན་འདས་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ། །དེང་ནས་ཇི་སྲིད་འཚོའི་བར་དུ་བདག་གི་སྐྱབས་ཁྱོད་ལགས་ཏེ་སྐྱབས་སུ་མཆིའོ། །དེ་ནས་དགེ་
སློང་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། འདི་ལྟར་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་མེ་དོང་དུ་བསྲེག་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་དེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་ནས་བཟློག་སྟེ། ཆོས་རྣམས་ལ་ཆོས་
ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའོ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དཔལ་སྦས་ད་ལྟར་འབའ་ཞིག་ང་མེ་དོང་དུ་བསྲེག་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་ལ། ངས་དེ་སེམས་
ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་སྟེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་པར་ཡང་མ་ཟད་དེ། དགེ་སློང་དག་གཞན་གྱི་ཚེ་ཡང་ཁྱིམ་བདག་དཔལ་སྦས་ང་མེ་དོང་དུ་བསྲེག་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་དེ། ངས་དེ་སེམས་ཅན་དམྱལ་བ་
ཆེན་པོ་དེ་ལས་བཟློག་གོ། །དགེ་སློང་དེ་དག་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས། ཁྱིམ་བདག་དཔལ་སྦས་གཞན་གྱི་ཚེ་བཅོམ་ལྡན་འདས་ཞུགས་ཀྱི་དོང་དུ་བསྲེགས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མ་མཆིས་པར་ལྟུང་བར་འཚལ་ལ། བཅོམ་ལྡན་འདས་ཀྱིས་དེ་སེམས་ཅན་

དམྱལ་བ་ཆེན་པོ་དེ་ལས་ཐར་བར་མཛད་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་
པ། དགེ་བའི་ཆོས་ཅན་ཞིག་བྱུང་སྟེ། བྲམ་ཟེའི་ཁྱེའུ་ཆོས་འདོད་ནི་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པའོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་དེ་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས་ཏེ་
མཆོད་ནས་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་བཟང་པོ་མང་པོ་རྙེད་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་ནི་སྟོང་ཕྲག་བརྒྱས་ཚིགས་སུ་བཅད་པ་གཅིག་ཚོལ་ལོ། །དེ་ནས་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱི་རྙེད་པ་དང་། བཀུར་སྟི་དང་། ཚིགས་
སུ་བཅད་པ་མ་བཟོད་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་འདི་སྐད་ཅེས་སྨྲས་སོ། །ངས་བྲམ་ཟེའི་ཁྱེའུ་ཁྱོད་ལ་ལེགས་པར་བཤད་པ་བསྒྲག་པར་བྱའོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྨྲས་པ། འཕགས་པ་ལེགས་པར་བཤད་པ་
བདག་ལ་ལེགས་པར་བསྒྲག་ཏུ་གསོལ། བྲམ་ཟེས་སྨྲས་པ། ཆོས་འདོད་ངས་ཁྱོད་ལ་དེ་བཞིན་དུ་ལེགས་པར་བཤད་པ་བསྒྲག་ཏུ་མི་རུང་ངོ་། །ཆོས་འདོད་ཀྱིས་སྨྲས་པ། འཕགས་པ་འོ་ན་ཁྱོད་ཀྱིས་ལེགས་པར་བཤད་པ་བདག་ལ་ཇི་ལྟར་བསྒྲག་པར་བགྱི། བྲམ་ཟེས་སྨྲས་པ། གལ་ཏེ་
ཆོས་འདོད་ཁྱོད་ཀྱིས་དོང་ཆེན་པོ་རྐོར་བཅུག་ལ། བརྐོས་ནས་མེས་འགེངས་སུ་བཅུག་སྟེ། མེ་མི་འབར་ཞིང་དུ་བ་མི་འཐུལ་བས་བཀང་ནས་མཆོད་སྡོང་མཐོན་པོ་འཛུགས་སུ་ཆུག་ལ། འཛུགས་སུ་བཅུག་ནས་མེ་དོང་དེར་བདག་ཉིད་མཆོངས་ན་དེ་ལྟ་ན་ངས་ཁྱོད་ལ་ལེགས་པར་བཤད་པ་
བསྒྲག་པར་བྱའོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྨྲས་པ། འཕགས་པ་བདག་འདི་ན་ལེགས་པར་བཤད་པ་གང་ཅི་ཚོལ་བ་དེ་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་ལགས་ན། སློབ་དཔོན་བདག་གིས་ལེགས་པར་བཤད་པ་སེམས་ཅན་རྣམས་ལ་མ་བསྒྲགས་པར་ཇི་ལྟར་མེ་དོང་དུ་མཆོང་

བར་བགྱི། དེ་ནས་བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་ཚིགས་སུ་བཅད་དེ་སྨྲས་པ། སྔགས་ཚོལ་བདེ་བ་ག་ལ་ཡོད། །ག་ལ་བདེ་ཡོད་སྔགས་ཚོལ་བ། །སྔགས་བཙལ་ཕྱིར་ནི་བདེ་བ་འོར། །བདེ་བ་འོར་ཅིག་སྔགས་བཙལ་ཕྱིར། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དེ་ལ་ཚིགས་སུ་
བཅད་དེ་སླར་སྨྲས་པ། བྱང་ཆུབ་ཚོལ་བ་ག་ལ་བདེ། །ག་ལ་བདེ་ཡོད་བྱང་ཆུབ་ཚོལ། །བྱང་ཆུབ་བཙལ་ཕྱིར་བདེ་བ་འོར། །བདེ་འོར་བྱང་ཆུབ་བཙལ་བའི་ཕྱིར། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན་བདག་ལ་ལེགས་པར་བཤད་པ་ལེགས་པར་
བསྒྲགས་སུ་གསོལ། འོན་ཏང་ཁྱོད་གང་བཞེད་པ་དེ་བགྱིའོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་ལེགས་པར་བཤད་པའི་དོན་གྱི་ཕྱིར་བདག་ཉིད་དོར་བར་འདོད་དོ་ཞེས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཐོས་ནས་དེ་དག་ཐམས་ཅད་ངུ་ཞིང་གདོང་ལ་མཆི་མ་ཟག་བཞིན་དུ་བྲམ་ཟེའི་ཁྱེའུ་ཆོས་འདོད་ག་ལ་
བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་འདོད་ཁྱོད་བདག་ཉིད་མ་དོར་ཅིག །ཆོས་འདོད་ཁྱོད་ནི་ཁྱིམ་ན་འདུག་བཞིན་སྦྱིན་པ་སྦྱིན་པ་དང་། བསོད་ནམས་བྱ་བར་ནུས་སོ། །བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དང་ཁྱིམ་བདག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །
བཙུན་པ་དག་དེ་སྐད་མ་གསུང་ཤིག །བདག་གིས་སློབ་དཔོན་གྱི་དགོངས་པ་ངེས་པར་བསྐང་བར་བགྱིའོ། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་མཆོད་སྡོང་ཆེན་པོ་འཛུགས་སུ་བཅུག་སྟེ། མཆོད་སྡོང་ཆེན་པོ་བཙུགས་ནས་དེའི་དྲུང་དུ་དོང་ཆེན་པོ་རྐོར་བཅུག་སྟེ། བརྐོས་ནས་མེས་འགེངས་སུ་བཅུག་གོ། །མེ་
མི་འབར་ཞིང་དུ་བ་མི་འཐུལ་བས་བཀང་ནས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན་བདག་ལ་ལེགས་པར་བཤད་པ་ལེགས་པར་བསྒྲག་ཏུ་གསོལ། དེ་ནས་བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་ཚིགས་སུ་བཅད་པ་འདི་ལྟ་བུ་བསྟན་ཏོ། །སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། །རྟག་
ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད། །བརྩོན་འགྲུས་མཆོག་གི་གནས་ནི་བརྩམ་པར་གྱིས། །ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དེ་ལ་ཚིགས་སུ་བཅད་པ་འདི་ལེགས་པར་རབ་ཏུ་བཟུང་སྟེ། སྐྱེ་བོ་ཕལ་པོ་ཆེ་བསོགས་སོ། །སྐྱེ་བོ་

ཕལ་པོ་ཆེ་བསོགས་ནས་མཆོད་སྡོང་མཐོན་པོའི་ཁར་འཛེགས་ཏེ། སྐྱེ་བོ་ཕལ་པོ་ཆེ་ལ་ཚིགས་སུ་བཅད་པ་འདི་བསྒྲགས་སོ། །སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། །རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད། །བརྩོན་འགྲུས་མཆོག་གི་གནས་ནི་བརྩམ་པར་གྱིས། །ཤེས་
རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་བཅད་པ་འདི་བསྒྲགས་ནས་འདི་ལྟ་བུའི་བདེན་པའི་ཚིག་འདི་བྱེད་དེ། སའི་ཕྱོགས་འདི་ན་ལྷ་རྒྱ་ཆེན་པོ་གང་དག་གནས་པ་རྣམས་བདག་ལ་དགོངས་སུ་གསོལ། ཀླུ་དང་། གནོད་སྦྱིན་
དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱང་བདག་ལ་དགོངས་སུ་གསོལ། བདག་ནི་གཏོང་བ་བགྱིད་དེ། ཤིན་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་ཡོངས་སུ་གཏོང་བ་བགྱིད་དོ། །བདེན་པ་དང་བདེན་
པའི་ཚིག་གང་གིས་བདག་ཡོངས་སུ་གཏོང་བ་བགྱིད་པ་ནི་རྒྱལ་པོའི་སླད་དུ་མ་ལགས། ལོངས་སྤྱོད་ཀྱི་སླད་དུ་མ་ལགས། མཐོ་རིས་ཀྱི་སླད་དུ་མ་ལགས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སླད་དུ་མ་ལགས་ཀྱི། གཞན་དུ་ན་བདག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་སངས་རྒྱས་ནས་སེམས་ཅན་མ་དུལ་བ་རྣམས་གདུལ་བར་བགྱི། མ་རྒལ་བ་རྣམས་བསྒྲལ་བར་བགྱི། མ་གྲོལ་བ་རྣམས་དགྲོལ་བར་བགྱི། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱི་སྙམ་པའི་
སླད་དུ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་བདག་གི་ཡོངས་སུ་གཏོང་བ་འབྲས་བུ་མེད་པར་མ་གྱུར་ཅིག་ཅེས་བྱས་ནས་མེ་དོང་དེར་བདག་ཉིད་མཆོངས་སོ། །དགེ་སློང་དག་བྲམ་ཟེའི་ཁྱེའུ་ཆོས་འདོད་མེ་དོང་དེར་མཆོངས་མ་ཐག་ཏུ་མེ་དོང་དེའི་མེ་ཤི་སྟེ། པད་མའི་རྫིང་དུ་གྱུར་ནས་བུང་བ་སྒྲ་ཟི་ཟི་ཟེར་
བའི་པད་མ་ལ་བྲམ་ཟེའི་ཁྱེའུ་ཆོས་འདོད་འདུག་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏེ། བྲམ་ཟེ་དེ་ནི་ལུས་ཐམས་

ཅད་ནས་མེ་བྱུང་སྟེ་ཚིག་ནས་ཚིག་གོ་ཞེས་སྨྲས་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །དེ་ལ་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན་མ་བསྙེངས་ཤིག །བདག་གིས་ཁྱོད་བསྐྱབ་པར་བགྱིའོ། །དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་དེའི་ཚེ་འདི་ལྟ་བུའི་བདེན་
པའི་ཚིག་འདི་བྱས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་བདག་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ལ་སྤྱོད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བྲམ་ཟེ་འདིའི་ལུས་ཚིག་པ་རབ་ཏུ་ཞི་བར་གྱུར་ཅིག །སེམས་ཅན་དམྱལ་བ་ལས་ཀྱང་ལོག་པར་གྱུར་ཅིག་ཅེས་བྱས་སོ། །བྲམ་ཟེའི་ཁྱེའུ་
ཆོས་འདོད་ཀྱིས་བདེན་པ་དང་བདེན་པའི་ཚིག་བྱས་མ་ཐག་ཏུ་བྲམ་ཟེ་དེ་སེམས་ཅན་དམྱལ་བ་དེ་ནས་ཐར་བར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། དགེ་སློང་དག་
ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། ཁྱིམ་བདག་དཔལ་སྦས་དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་ཡང་ཁྱིམ་
བདག་དཔལ་སྦས་ང་མེ་དོང་དུ་བསྲེགས་ལ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་ལས། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་བཟློག་ཅིང་། འཕགས་པའི་ཆོས་འདུལ་བ་ལ་བཞག་སྟེ་འདི་དང་དེ་ཡང་དེ་བཞིན་དུ་ཟུང་ཤིག །དགེ་སློང་དག་ད་ལྟར་ཡང་དཔལ་སྦས་ང་མེ་དོང་དུ་
བསྲེགས་ལ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་ལས། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་ཅིང་འཕགས་པའི་ཆོས་འདུལ་བ་ལ་བཞག་སྟེ། དེ་དང་འདི་ཡང་དེ་བཞིན་དུ་ཟུང་ཤིག །དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ། །མཁས་པ་རྣམས་ལ་བསྟེན་པ་ཆུད་མི་ཟ། །
འཕགས་པའི་ཚོགས་ཀྱིས་ལེགས་བཤད་ཆུད་མི་ཟ། །བྱས་ལ་བྱས་གཟོ་ནམ་ཡང་ཆུད་མི་ཟ། །ལེགས་པར་བྱས་པ་དགེ་བའི་ལས། །ཉེས་པར་བྱས་པ་མི་དགེ་ཡིན། །དེ་ལའང་རྣམ་པར་སྨིན་ཡོད་དེ། །གདོན་མི་ཟ་བར་འབྲས་བུ་སྨིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་

དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཔལ་སྦས་ཞེས་བྱ་བའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་ཀརྨ་ཨཱ་བ་ར་ཎ་བི་ཤུད་དྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་ཡངས་པ་ཅན་གྱི་ཨ་མྲས་བསྲུངས་པའི་ཚལ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ང་རྒྱལ་རྣམ་པར་འཇོམས་དང་། འོད་ཀྱིས་རྣམ་པར་རྩེ་བ་མངོན་པར་ཤེས་པ་དང་། མེ་ཏོག་དམ་པ་ལྟ་བུ་དང་། འོད་ཟེར་རབ་ཏུ་འགྱེད་པའི་རྒྱལ་པོ་དང་། རྟག་ཏུ་བུ་དོན་ལྟར་བྲིས་པའི་ལུས་ཅན་དང་། སོམ་ཉི་ཐམས་ཅད་མགུ་བྱེད་དང་། རིན་ཆེན་བཀོད་པའི་རྒྱ་མཚོ་བློ་གྲོས་དང་། མེ་ཏོག་སྣ་ཚོགས་
གནས་དང་། སྒྲ་དབྱངས་རྣམ་པར་དག་པའི་རྒྱལ་པོ་དང་། འོད་ཟེར་རྒྱལ་པོའི་སྒྲོན་མ་དང་། དཔལ་གྱི་སྙིང་པོའི་གསེར་འོད་དང་། དབང་པོ་དང་། ཡུལ་ཐམས་ཅད་རབ་ཏུ་འདུལ་བ་དང་། སྒྲ་དབྱངས་མངོན་པར་སྒྲོགས་པའི་རྒྱལ་པོ་དང་། གཟི་བརྗིད་ཡིད་འོང་ཀུན་བསྡུས་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་གོ། །དེ་ནས་དེའི་ཚེ་དགེ་སློང་དྲི་མེད་འོད་ཅེས་བྱ་བ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་རྒྱུ་སྟེ།

མཐར་ཆགས་སུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ཁྱིམ་གྱི་རྒྱུས་མི་ཤེས་པས་སྨད་འཚོང་མའི་ཁྱིམ་ཞིག་ཏུ་སོང་ངོ་། །དགེ་སློང་དེ་སྨད་འཚོང་མའི་ཁྱིམ་གྱི་ནང་དུ་སོང་མ་ཐག་ཏུ་སྨད་འཚོང་མ་དེས་བདག་དགེ་སློང་འདི་དང་མི་ཉལ་དུ་མི་གཏོང་ངོ་། །གལ་ཏེ་མ་གྲུབ་ན་ནི་བདག་འཆི་བར་འགྱུར་
རོ་སྙམ་དུ་དེ་ལ་འདོད་ཆགས་ཀྱི་སེམས་བསྐྱེད་དོ། །དེས་དགེ་སློང་དེ་ནང་དུ་འོངས་མ་ཐག་ཏུ་སྒོ་བཅད་ནས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་དང་ལྷན་ཅིག་ཏུ་མི་ཉལ་དུ་མི་རུང་ངོ་། །གལ་ཏེ་མ་ཉལ་ན་ནི་ཁོ་མོ་འཆི་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་དགེ་སློང་དྲི་མེད་འོད་ཀྱིས་
སྨད་འཚོང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲུ་མོ་ཁོ་བོས་ནི་སངས་རྒྱས་ཀྱི་བསླབ་པ་ཆེན་པོ་བཅས་པ་ལ་བསླབ་དགོས་ཏེ། འཁྲིག་པའི་ཆོས་བྱེད་མི་ཕོད་ཀྱིས་ཐོང་ཤིག །ཁོ་བོ་ནི་ཤི་ཡང་སླའི་འཁྲིག་པའི་ཆོས་ནི་མི་བྱེད་དོ་ཞེས་སྨྲས་སོ། །དེ་ནས་སྨད་འཚོང་མ་དེ་འདི་སྙམ་དུ་སེམས་ཏེ། བདག་
གིས་གསང་སྔགས་དང་། སྨན་གང་གིས་དགེ་སློང་འདི་འདུག་ནས་གདོན་མི་ཟ་བར་བདག་དང་ལྷན་ཅིག་ཏུ་དགའ་བ་ཉམས་སུ་མྱོང་བར་འགྱུར་བའི་གསང་སྔགས་དང་། སྨན་དག་དགེ་སློང་འདི་ལ་སྦྱིན་གོར་མ་ཆག་གོ་སྙམ་མོ། །དེ་ནས་དེས་དགེ་སློང་དེ་ལ་སྨྲས་པ། བདག་ཀྱང་སངས་རྒྱས་ཀྱིས་བཅས་
པའི་བསླབ་པ་གཞིག་པའམ་ཉམས་པར་ནི་བགྱི་བར་མི་འཚལ་གྱིས། ཐུགས་བརྩེ་བའི་སླད་དུ་བསོད་སྙོམས་བཞེས་ཤིག་ཅེས་བྱས་ནས་དེ་ནང་དུ་སོང་སྟེ་རིག་སྔགས་དང་གསང་སྔགས་སྟོབས་བསྐྱེད་པ་དག་གིས་ཟས་དེ་ལ་བསྔགས་ནས་དགེ་སློང་དེའི་ལྷུང་བཟེད་ཀྱི་ནང་དུ་བླུགས་སོ། །ཟས་བླུགས་
མ་ཐག་ཏུ་དགེ་སློང་དེ་དེའི་མོད་ལ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེས་ཏེ། དེ་ཀུན་ཏུ་རྟོག་ཅིང་ཤས་ཆེར་གདུང་བ་སྐྱེད་དོ། །དེ་ནས་སྨད་འཚོང་མ་དེས་དགེ་སློང་དེའི་བཞིན་གྱི་མདོག་གྱུར་པར་མཐོང་ནས་ལག་པ་གཡས་པས་དགེ་སློང་དེ་བཟུང་སྟེ་མལ་དུ་ཁྲིད་ནས་དེ་དང་ལྷན་ཅིག་ཏུ་ཉལ་པོ་
བྱེད་དོ། །དེ་ནས་དགེ་སློང་དེ་སྨད་འཚོང་མ་དེ་དང་ལྷན་ཅིག་ཏུ་དགའ་བའི་རྩེད་མོ་དེ་ཉམས་སུ་མྱོང་ནས་བསོད་སྙོམས་དེ་བླངས་ཏེ། གཙུག་ལག་ཁང་དུ་སོང་ནས། ཀྱེ་མ་བདག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་ལས་ཉམས་པར་གྱུར་གྱིས། བདག་ཚུལ་ཁྲིམས་ཉམས་པས་དད་པས་བྱིན་པ་ལོངས་སྤྱོད་

པའི་འོས་མ་ཡིན་ཏེ། བདག་ནི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ་སྙམ་ནས་དེ་དགེ་སློང་གྲོགས་པོ་རྣམས་ཀྱི་ཐད་དུ་འོངས་ནས་བདག་ནི་ཚུལ་ཁྲིམས་འཆལ་པར་གྱུར་ཏེ། དགེ་སྦྱོང་མ་ཡིན་པར་གྱུར་པས་བདག་ནི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་སྨྲས་
སོ། །དགེ་སློང་གྲོགས་པོ་དེ་དག་གིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅིའི་ཕྱིར་ཚུལ་ཁྲིམས་འཆལ་པར་གྱུར། དེས་ཀྱང་དེ་དག་ལ་ཇི་ལྟར་གྱུར་པ་བཞིན་དུ་བསྙད་དོ། །དེ་ནས་དགེ་སློང་གྲོགས་པོ་དེ་དག་གིས་དགེ་སློང་དྲི་མེད་འོད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དྲི་མེད་འོད་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཉེས་པ་ཐམས་ཅད་ལས་འབྱིན་པ་ལ་མཁས་པ། སྒྲིབ་པ་ཐམས་ཅད་སེལ་བ་ལ་མཁས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། བཅོམ་ལྡན་འདས་ཀྱིས་ཀྱང་བསྟོད་ཅིང་བསྔགས་ལ་སྙན་པར་བརྗོད་པ་ཡོད་ཀྱིས་
ཚེ་དང་ལྡན་པ་ཚུར་ཤོག །འོ་བུ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་འདོང་ངོ་། །དེས་ནི་ཁྱོད་ཀྱི་འགྱོད་པ་དེ་བསལ་ནུས་སོ། །དེ་ནས་དགེ་སློང་དྲི་མེད་འོད་དེ་ཟས་དེ་མ་ཟོས་པར་དགེ་སློང་གྲོགས་པོ་དེ་དག་དང་ལྷན་ཅིག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་དོང་སྟེ་ལྷགས་
ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་མངོན་དུ་ཡང་དག་པར་མགུ་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཇི་ལྟར་གྱུར་པ་དེ་བསྙད་དོ། །དེ་སྐད་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་
དགེ་སློང་དྲི་མེད་འོད་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཟས་འདི་ཇེ་ཟོ་ཤིག་དང་། ཟས་ཟོས་ཟིན་པའི་འོག་ཏུ་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པའི་དོན་བཞིན་དུ་གཟུང་བར་བྱའོ། །དེ་ནས་དགེ་སློང་དྲི་མེད་འོད་དང་། དགེ་སློང་དེ་དག་ཟན་
ཟོས་ཟིན་པའི་འོག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དགེ་སློང་དྲི་མེད་

འོད་ངོ་ཚ་སྟེ་བཅོམ་ལྡན་འདས་ལ་གསོལ་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཇི་
ལྟར་གྱུར་པ་དེ་ཐམས་ཅད་གསོལ་ཏོ། །དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དྲི་མེད་འོད་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱིས་དེ་ལྟ་བུ་བྱས་པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས་དེ་མད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དགེ་སློང་ཁྱོད་ཀྱིས་ཅི་བདག་གིས་འདོད་ཆགས་སྤྱད་དོ་སྙམ་དུ་སྔ་ནས་བསམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདོད་ཆགས་ཡིད་ལ་བྱེད་པ་མ་སྐྱེས་པར་ཁྱོད་ཀྱིས་འདོད་ཆགས་ཇི་ལྟར་སྤྱད། གསོལ་
པ། བཅོམ་ལྡན་འདས་བདག་གི་འདོད་ཆགས་ཀྱི་སེམས་ནི་སླད་ཀྱིས་སྐྱེས་ལགས་སོ། །བཀའ་སྩལ་པ། དགེ་སློང་སེམས་དེས་ཁྱོད་ཀྱི་འདོད་ཆགས་སྤྱད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་སེམས་ཀུན་
ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། སེམས་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་རོ་ཞེས་ངས་ཆོས་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཇི་སྙམ་དུ་སེམས།
ཅི་ཁྱོད་ཀྱིས་གཉིད་ལོག་པའི་རྨི་ལམ་ན་ཀུན་ཏུ་རྟོག་པའི་ཚེ་འདོད་ཆགས་སྤྱད་པ་མྱོང་ངམ། གསོལ་པ། བཅོམ་ལྡན་འདས་མྱོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སེམས་ཀྱིས་འདོད་ཆགས་སྤྱད་པར་ཁྱོད་ཀྱིས་མི་ཤོ་དམ། གསོལ་པ། བཅོམ་ལྡན་འདས་
དེ་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་ཁྱོད་ཀྱིས་རྨི་ལམ་གྱི་སེམས་དང་། གཉིད་མ་ལོག་པའི་སེམས་འདི་ལ་བྱེ་བྲག་དང་ཐ་དད་དུ་བྱ་བ་ཞིག་ཡོད་པར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་རྨི་ལམ་གྱི་སེམས་སམ། གཉིད་མ་ལོག་

པའི་སེམས་ལ་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུའོ་ཞེས་ངས་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་རྨི་ལམ་དེ་ཡང་དག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་རྨི་ལམ་གྱི་སེམས་གང་ཡིན་པ་དང་། གཉིད་
མ་ལོག་པའི་སེམས་གང་ཡིན་པ་འདི་གཉིས་མེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་མཆིས་ལགས་སོ། །བདེ་བར་གཤེགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་མེད་པ་དེ་གང་ཞིག་ན་ཡོད་དམ།
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་མེད་པ་གང་ཡིན་པ་དེ་ལ་སྐྱེ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པ་སྐྱེ་བའམ། འགགས་པའམ། ཀུན་ནས་ཉོན་མོངས་པ་ཅན་ནམ། རྣམ་པར་བྱང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པའི་ཆོས་
རྣམས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ཉིད་ཀྱང་མ་མཆིས་པ་ལགས་ན་ངན་འགྲོར་མཆི་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་ཆོས་ཐམས་ཅད་ནི་དེ་ལྟར་འོད་གསལ་བ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་བརྟགས། ཕྱིན་ཅི་ལོག་ལ་བརྟགས། གསོབ་དང་། གསོག་ལྟ་བུའི་ཆོས་ཐམས་ཅད་ལ་བརྟགས་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་

སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་གཞན་ཡང་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། རྣམ་པར་བསྒྲུབས་ནས་ཉེ་བར་གནས་པའི་མཚན་ཉིད་དོ། །དགེ་སློང་ཆོས་ཐམས་ཅད་ནི་སྦྱར་བ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱང་
བྱིས་པ་སོ་སོའི་སྐྱེ་བོ་དེ་དག་གིས་ཀུན་ནས་བསྐྱེད་པ་ཡིན་ནོ། །དགེ་སློང་ཆོས་ཐམས་ཅད་ནི་བརྟགས་པ་སྟེ། ཕྱིན་ཅི་ལོག་ལས་བྱུང་བ་ཡིན་ནོ། །དགེ་སློང་ཆོས་ཐམས་ཅད་ནི་མེད་པ་སྟེ། སྨིག་རྒྱུ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ། །དགེ་སློང་ཆོས་ཐམས་ཅད་ནི་ཡ་མ་བརླ་སྟེ་ནམ་མཁའ་དང་འདྲའོ། །དགེ་
སློང་ཆོས་ཐམས་ཅད་ནི་དངོས་པོ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་ཟབ་པའི་ཕྱིར་ཟབ་པའོ། །དགེ་སློང་ཆོས་ཐམས་ཅད་ནི་དངོས་པོ་མི་དམིགས་པའི་ཕྱིར་ཡངས་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཤིན་ཏུ་དབེན་པའི་ཕྱིར་མི་གནས་པའོ། །དགེ་
སློང་ཆོས་ཐམས་ཅད་ནི་ཡུལ་ཐམས་ཅད་གསོག་ཡིན་པའི་ཕྱིར་མི་རྟེན་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཤིན་ཏུ་གསོག་ཡིན་པའི་ཕྱིར་རྩ་བ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཉོན་མོངས་པ་མི་དམིགས་པའི་ཕྱིར་ཀུན་ནས་དཀྲིས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་
མ་སྐྱེས་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་དབེན་པའི་ཕྱིར་སྒྲིབ་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ལྡང་བ་མེད་པའི་ཕྱིར་ཞེ་སྡང་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་གཏི་མུག་མེད་པའོ། །དགེ་སློང་ཆོས་
ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ་རྣམ་པར་སྨིན་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ལོག་པར་སྣང་བའི་ཕྱིར་སྒྱུ་མ་ལྟ་བུའོ། །དགེ་སློང་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པའི་ཕྱིར་གནས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མེད་བཞིན་དུ་སྒྲོ་བཏགས་
པའི་ཕྱིར་རྣམ་པར་རྨོངས་པར་བྱེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་རྐྱེན་ཕན་ཚུན་འགལ་བའི་ཕྱིར་སྐྱེ་བ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ལམ་ཆད་པའི་ཕྱིར་ཆགས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཉོན་མོངས་པ་ཡང་དག་པ་མ་ཡིན་པའི་ཕྱིར་ཉོན་མོངས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་

ནི་ནམ་མཁའ་ལྟར་ཡོངས་སུ་དག་པའི་ཕྱིར་དྲི་མ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཅི་ལས་ཀྱང་དབེན་པའི་ཕྱིར་ཅི་ཡང་མ་ཡིན་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་དུལ་བའོ། །དགེ་སློང་ཆོས་ཐམས་
ཅད་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཡོངས་སུ་བཅད་པའི་ཕྱིར་མི་བདེན་པའོ། །དགེ་སློང་ཆོས་ཐམས་ཅད་ནི་གཅིག་ལ་གཅིག་རྒྱུར་འགྱུར་བ་མེད་པའི་ཕྱིར་གྲོལ་བའོ། །དགེ་སློང་ཆོས་ཐམས་ཅད་ནི་རྩྭ་དང་། ཤིང་དང་། རྩིག་པ་
པ་དང་། བོང་བ་དང་འདྲ་བའི་ཕྱིར་བེམས་པོ་ཡིན་ནོ། །དགེ་སློང་ཆོས་ཐམས་ཅད་ནི་ནམ་མཁའ་དང་ཚུལ་འདྲ་བའི་ཕྱིར་ངོ་བོ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཆགས་པ་མེད་པའི་ཕྱིར་མཉམ་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ནམ་མཁའི་ལུས་
དང་། ཆང་པ་སྟོང་པ་དང་འདྲ་བའི་ཕྱིར་གཟུང་དུ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བཙལ་བའི་ཕྱིར་ཐོབ་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་དུས་གསུམ་ཡོངས་སུ་དག་པའི་ཕྱིར་དུས་མེད་པའོ། །
དགེ་སློང་ཆོས་ཐམས་ཅད་ནི་མུན་པར་ཆགས་པ་མེད་པའི་ཕྱིར་སྦྱོར་བ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་སྒྲིབ་པ་ལས་དབེན་པའི་ཕྱིར་ཟུག་རྔུ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཚུངས་པའི་ཕྱིར་བདེ་བའོ། །དགེ་སློང་
ཆོས་ཐམས་ཅད་ནི་འཇིགས་པ་དང་བྲལ་བའི་ཕྱིར་འཇིགས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཚུ་རོལ་མི་དམིགས་པའི་ཕྱིར་ཕ་རོལ་མ་ཡིན་ནོ། །དགེ་སློང་ཆོས་ཐམས་ཅད་ནི་གྲངས་སུ་བགྲང་བ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །དགེ་སློང་ཆོས་
ཐམས་ཅད་ནི་མཚན་མ་གསོབ་ཡིན་པའི་ཕྱིར་མཚན་མ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་སྨོན་པ་ཆད་པའི་ཕྱིར་སྨོན་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་འདུ་བྱེད་བརྫུན་པའི་ཆོས་ཉིད་ཡིན་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པའོ། །དགེ་

སློང་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་ཕྱིར་སྤྲོས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་གནས་དང་བྲལ་བའི་ཕྱིར་གནས་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་རྟག་ཏུ་དང་བའི་ཕྱིར་རྙོག་པ་མེད་པའོ། །དགེ་སློང་ཆོས་ཐམས་ཅད་ནི་
སྐྱེ་བ་མི་དམིགས་པ་དང་། སྐྱེ་བ་གསོབ་ཡིན་པ་དང་། སྐྱེ་བ་གསོག་ཡིན་པ་དང་། སྐྱེ་བ་སྟོང་པ་ཡིན་པ་དང་། སྐྱེ་བཞི་བ་ཡིན་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའོ། །དགེ་སློང་དེའི་ཕྱིར་ཆོས་འདི་དག་ནི་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་ཏེ། དགེ་སློང་ང་བྱང་ཆུབ་
ཀྱི་སྙིང་པོ་ལ་འདུག་པས་ནི་ཆོས་གང་གིས་སྐྱེ་བའམ། འཇིག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། སྒྲིབ་པའམ། ཀུན་ནས་དཀྲིས་པའམ། འགྱོད་པའམ། ཡིད་ལ་གཅགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན།
དགེ་སློང་ཆོས་ཐམས་ཅད་ནི་རྟག་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །དེ་ནས་དགེ་སློང་དྲི་མེད་འོད་ཀྱིས་ཆོས་ཀྱི་རང་བཞིན་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་
ཏེ། སྒྲིབ་པ་མེད་པར་ཤིན་ཏུ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཀྱེ་མ་ཀྱེ་མ་སངས་རྒྱས་མཐུ་ཆེ་བ། །ལྷར་བཅས་འཇིག་རྟེན་སྐྱབས་ནི་ཁྱོད་ལགས་ཏེ། །མ་བསླབས་
བཞིན་དུ་ཡོན་ཏན་ཀུན་གྱིས་འཕགས། །སྡུག་བསྔལ་ཀུན་འགྲེལ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་ཁྱོད་མཛོད། །འདྲེན་པ་མ་མཆིས་རྣམས་ཀྱི་འདྲེན་ཁྱོད་མཛོད། །ཞིར་གྱུར་བདེ་བའི་ལམ་ལ་གནས་པ་པོ། །སངས་རྒྱས་མཐུ་ཆེན་ཁྱོད་
ལ་ཕྱག་འཚལ་ལོ། །ཁྱོད་ནི་འཇིག་རྟེན་ལོང་བའི་སྒྲོན་མ་ལགས། །མིག་མ་མཆིས་པ་རྣམས་ལ་མིག་སྩོལ་ཁྱོད། །སེམས་ཅན་མ་གྲོལ་རབ་ཏུ་གྲོལ་མཛད་ཁྱོད། །དཔའ་བོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཆགས་དང་སྡང་ལ་ཁྱོད་ནི་ཆགས་མི་མངའ། །སྲེད་ལ་

ཆགས་རྣམས་སྡུག་བསྔལ་འགྲེལ་པ་ཁྱོད། །འཁོར་བའི་འཁོར་ལོ་མི་བདེན་ཐུགས་སུ་ཆུད། །ཡེ་ཤེས་སྟོབས་འཕགས་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་དང་རྣམ་རྟོག་རྣམས་ཀྱིས་རྟག་མི་ཆགས། །ཡེ་ཤེས་བསམ་མི་ཁྱབ་པས་གྲོལ་བ་པོ། །འཇིག་རྟེན་
གསུམ་མཆོག་དྲི་མེད་ཉོན་མོངས་གྲོལ། །དྲི་མེད་དག་པའི་སེམས་ཅན་ཁྱོད་ཕྱག་འཚལ། །བྱང་ཆུབ་ལ་ནི་བདག་ཀྱང་ཞུགས་བགྱིས་ལ། །སེམས་ཅན་སྡུག་བསྔལ་སྐྱབས་མ་མཆིས་རྣམས་དགྲོལ། །འདི་འདྲའི་ཡེ་ཤེས་བདག་གིས་ཐོབ་གྱུར་ཅིང་། །ཐེག་པ་དམན་པས་ཟག་པ་
བས་མ་གྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་ཀྱིས། །སྡུག་བསྔལ་བས་བགྱི་བྱང་ཆུབ་ཡོང་མི་སྤོང་། །སྐར་མའི་ཚོགས་ཀྱི་ནང་ན་དགུང་ཟླ་ལྟར། །འཇིག་རྟེན་མགོན་པོ་བདག་གིས་དེ་འདྲར་མཐོང་། །ཇི་ལྟར་བསམ་པ་དམན་པའི་མི་འགའ་ཞིག །རྒྱ་མཚོ་ཆེན་པོའི་
ནང་དུ་ཕྱིན་གྱུར་ཀྱང་། །རིན་ཆེན་མང་པོ་མི་ལེན་སྤོང་བགྱིད་ཅིང་། །མཆིང་བུའི་ནོར་བུ་བླངས་ནས་མཆི་བར་བགྱིད། །དེ་བཞིན་གང་དག་སངས་རྒྱས་རྣམ་འཕྲུལ་སྟོབས། །ཐོས་ཀྱང་འདིར་ནི་བྱང་ཆུབ་སེམས་མི་སྐྱེད། །བྱང་ཆུབ་སྤངས་ནས་ཉན་ཐོས་འཚལ་བ་གང་། །དེ་དག་
ཡེ་ཤེས་ཡངས་ལ་འཇུག་མི་འགྱུར། །འདིར་ནི་མི་ཞིག་བྱིས་པའི་རང་བཞིན་ཅན། །རྒྱལ་པོ་འབངས་ཀྱིས་བསྐོར་བ་མཐོང་གྱུར་ཀྱང་། །དེ་ནི་བློན་པོའི་ཐབས་ལ་སེམས་བསྐྱེད་ན། །དེ་ཡི་ཤེས་པ་ཡངས་པར་མི་འཇུག་ལྟར། །དེ་ལྟར་སངས་རྒྱས་ཡོན་ཏན་ཆེ་ཉིད་དང་། །ཡེ་ཤེས་
རྣམ་པར་འཕྲུལ་པ་ཐོས་གྱུར་ཀྱང་། །ཤེས་པ་དམན་པ་ལ་ནི་འདུན་སྐྱེད་པ། །དེ་ནི་ལེ་ལོ་ཅན་ཏེ་སེམས་ཀྱང་ཞུམ། །ཐེག་པ་དམན་པས་འཇིག་རྟེན་མ་ཆགས་པ། །མཚན་མོ་སྲིན་བུ་མེ་ཁྱེར་སྣང་བ་འདྲ། །ཉི་མའི་གཟི་བརྗིད་ཀྱིས་ནི་ལས་བགྱིད་པ། །སྣང་བ་ཐོབ་ནས་མུན་དང་
བྲལ་བར་འགྱུར། །སངས་རྒྱས་སྒྲས་ནི་མཐོ་རིས་མཆི་བར་འགྱུར། །སངས་རྒྱས་སྒྲས་ནི་བཟང་འགྲོར་མཆི་བར་འགྱུར། །འཇིག་རྟེན་འདི་ན་སངས་རྒྱས་སྒྲོན་མའི་མཆོག །ལྷར་བཅས་འཇིག་རྟེན་འདི་ནི་སྣང་བར་མཛད། །ཝ་ཡི་ཁྲོད་ན་སེང་གེ་མཐོང་གྱུར་ན། །ཝ་ཡི་སྐད་ལ་འདུན་

པ་སྐྱེད་པ་དང་། །སེང་གེ་རྣམ་པར་འཕྲུལ་བ་སྤོང་བགྱིད་ཅིང་། །ཝ་ཡི་ཆོས་ཀྱི་དགའ་བ་སྐྱེད་པ་ལྟར། །དེ་བཞིན་གང་དག་ཉན་ཐོས་ཁྲོད་དག་ཏུ། །སྐྱེས་བུ་ཁྱུ་མཆོག་སེང་གེ་རྣམ་འཕྲུལ་མཐོང་། །ཐེག་པ་དམན་ལ་དགའ་བ་སྐྱེད་པ་ནི། །དེ་དག་ཕྱོགས་གཅིག་པ་ཡི་རྫུ་འཕྲུལ་
ལགས། །ཡེ་ཤེས་འཚལ་བའི་མིས་ནི་དུས་ཀུན་ཏུ། །འཇིག་རྟེན་ཀུན་ཏུ་སྡུག་བསྔལ་མང་འགྲེལ་བ། །ཉན་ཐོས་མང་པོའི་ས་མིན་གང་ལགས་པ། །ཡེ་ཤེས་དམ་པ་མཆོག་ནི་བཙལ་བར་བགྱི། །དེ་ནས་དགེ་སློང་དྲི་མེད་འོད་ཀྱི་ཚིགས་སུ་བཅད་པ་སྤོབས་པ་སྨྲས་པ་འདི་ཐོས་ནས།
ལྷའི་བུ་བཞི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་དག་གིས་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དགེ་སློང་དྲི་མེད་འོད་ལ་མེ་ཏོག་མན་དཱ་ར་བ་དག་གིས་གཏོར་ཏེ། ཚིག་འདི་སྐད་ཅེས་སྨྲས་སོ། །དགེ་སློང་
ལེགས་སོ་ལེགས་སོ། །འདི་ལྟར་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་འཛིན་པ་འདི་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། ནམ་འཛུམ་པ་མཛད་
པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་
མུ་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཉི་མ་དང་ཟླ་བའི་འོད་ཀྱང་མོག་མོག་པོར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་
ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དྲི་མེད་འོད་འདིས་ལྷག་པའི་བསམ་པ་དེ་ལྟ་བུས་
བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་ཕྱིར་ངས་དགེ་སློང་དྲི་མེད་འོད་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱ་སྟེ། ཀུན་དགའ་བོ་དགེ་སློང་དྲི་མེད་འོད་འདི་ནི་མ་འོངས་པའི་དུས་བསྐལ་པ་བཅུ་འདས་པ་ན་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་ལ་མཆོད་པ་བྱེད་པར་འགྱུར་ཏེ། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཡང་མཆོད་པ་བྱེད་པར་འགྱུར་ཏེ། དེའི་འོག་ཏུ་མངོན་པར་བྱུང་ནས་དེ་བཞིན་གཤེགས་པ་ཡོན་ཏན་པད་མ་
རྣམ་པར་གྲགས་སྤྱོད་སེང་གེའི་སྒྲ་སྒྲོགས་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་པད་མ་རྣམ་པར་གྲགས་སྤྱོད་སེང་གེའི་སྒྲ་སྒྲོགས་དེའི་སངས་རྒྱས་ཀྱི་ཞིང་ཡང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་འགྱུར་ལ། ཉན་ཐོས་
དང་རང་སངས་རྒྱས་མེད་དེ། བྱང་ཆུབ་སེམས་དཔའ་འབའ་ཞིག་འདུ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་ཡང་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་ཆོས་བསྟན་པར་འགྱུར་རོ། །དེ་དག་ཀྱང་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡོངས་སུ་སྦྱང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ཡང་རྣམ་གྲགས་མཐའ་ཡས་ལྡན་ཞེས་བྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་
ཉི་མ་ཤར་བ་ན་མུན་པ་ཐམས་ཅད་མེད་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་གིས་ཀུན་ནས་སྣང་བ་ཐོབ་པར་འགྱུར་ཏེ། ཆོས་ཐམས་ཅད་ལ་ཡང་སྒྲིབ་པ་མེད་པ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་སྒྲིབ་པ་དང་། སྒྲིབ་པ་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཐོང་ཤིག་གནས་འདི་འདྲི་བས་ཁྱོད་ལ་ཅི་ཞིག་བྱ། ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པས་སྒྲིབ་པ་དང་སྒྲིབ་པ་མེད་པ་
ཐམས་ཅད་བཤད་དུ་ཟིན་ན་ལྷར་བཅས་པའི་འཇིག་རྟེན་རྨོངས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྒྲིབ་པ་དང་། སྒྲིབ་པ་མ་མཆིས་པ་གང་ཐོས་ན། བྱང་ཆུབ་སེམས་དཔའ་རྣམས་ལྔ་བརྒྱ་པ་ཐ་མ་ལ་བབ་པའི་
ཚེ། འཇིག་རྟེན་པའི་ཆོས་རྣམས་ལ་འདོད་པ་སྐྱེད་པ་མི་འགྱུར་བར་དེ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་ལ་འདོད་ཆགས་ནི་སྒྲིབ་པའོ། །ཞེ་སྡང་ནི་སྒྲིབ་པའོ། །གཏི་མུག་ནི་སྒྲིབ་པའོ། །སྦྱིན་པ་ནི་སྒྲིབ་པའོ། །ཚུལ་ཁྲིམས་
ནི་སྒྲིབ་པའོ། །བཟོད་པ་ནི་སྒྲིབ་པའོ། །བརྩོན་འགྲུས་ནི་སྒྲིབ་པའོ། །བསམ་གཏན་ནི་སྒྲིབ་པའོ། །ཤེས་རབ་ནི་སྒྲིབ་པའོ། །སངས་རྒྱས་སུ་འདུ་ཤེས་པ་ནི་སྒྲིབ་པའོ། །ཆོས་སུ་འདུ་ཤེས་པ་ནི་སྒྲིབ་པའོ། །དགེ་འདུན་དུ་འདུ་ཤེས་པ་ནི་སྒྲིབ་པའོ། །སྟོང་པ་ཉིད་དུ་འདུ་ཤེས་པ་ནི་སྒྲིབ་པའོ། །མཚན་
མ་མེད་པར་འདུ་ཤེས་པ་ནི་སྒྲིབ་པའོ། །སྨོན་པ་མེད་པར་འདུ་ཤེས་པ་ནི་སྒྲིབ་པའོ། །མངོན་པར་འདུ་བྱེད་པ་མེད་པར་འདུ་ཤེས་པ་ནི་སྒྲིབ་པའོ། །སྐྱེ་བ་མེད་པར་འདུ་ཤེས་པ་ནི་སྒྲིབ་པའོ། །བྱང་ཆུབ་ཏུ་འདུ་ཤེས་པ་ནི་སྒྲིབ་པའོ། །འཇམ་དཔལ་མདོར་ན་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་དམིགས་
པ་དེ་དག་ཐམས་ཅད་ནི་དེའི་སྒྲིབ་པ་ཡིན་པར་བལྟ་བར་བྱའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ཇི་ལྟར་སྒྲིབ་པ་ལགས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཇི་ལྟར་སྒྲིབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ལ་ནི་སྒྲིབ་པ་མེད་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་རྟོག་པས་སྦྱིན་པ་ཡང་སྒྲིབ་པའི་བྱ་བ་བྱེད་དོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱང་སྒྲིབ་པའི་བྱ་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།

འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྦྱིན་པ་སྦྱིན་པ་ན། སེམས་ཅན་སེར་སྣ་ཅན་རྣམས་ལ་མ་དད་པར་བྱེད་དེ། དེ་དག་མ་དད་པ་དེས་ཁོང་ཁྲོ་བ་དང་། ཐ་བའི་ཉེས་པ་སྐྱེད་པར་བྱེད་དོ། །ཁོང་ཁྲོ་བ་དང་། ཐ་བའི་ཉེས་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་
དག་ཚུལ་ཁྲིམས་སྲུང་བ་ན་ཚུལ་ཁྲིམས་འཆལ་པ་ལ་སྨོད་ཅིད་བརྙས་པར་བྱེད་ལ་བསྔགས་པ་མ་ཡིན་པ་རྗོད་དོ། །དེ་དག་ལས་དེ་དག་གི་བསྔགས་པ་མ་ཡིན་པ་ཐོས་པས་སོ་སོའི་སྐྱེ་བོ་མང་པོ་དག་མ་དད་པར་བྱེད་དེ། དེ་དག་མ་དད་པ་དེས་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་དག་བཟོད་པ་སྒོམ་པ་ན་
བདག་ཅག་ནི་བཟོད་པར་སྨྲ་བ་ཡིན་གྱི་གཞན་འདི་དག་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ་ཞེས་བཟོད་པའི་རྒྱགས་པས་མྱོས་པ་དེ་དག་བག་མེད་པའི་གཞི་ལས་བྱུང་བའི་སྡུག་བསྔལ་རྣམས་སྐྱེད་པར་འགྱུར་རོ། །དེ་དག་བརྩོན་འགྲུས་རྩོམ་པ་ན་བདག་སྒྲོགས་ཤིང་དགེ་སློང་འདི་དག་ནི་ལེ་ལོ་ཅན་
དུ་གནས་པ་ཡིན་ཏེ། བརྩོན་པ་མེད་པར་དད་པས་བྱིན་པ་ལོངས་སྤྱོད་པར་བྱེད་དོ། །དེ་དག་གིས་ནི་ཆུ་རའི་ཆུ་ཡང་ལོངས་སྤྱོད་པར་མི་འོས་སོ་སྙམ་སྟེ། དེ་དག་བརྩོན་འགྲུས་རྩོམ་པས་བདག་ལ་ནི་སྟོད་པར་བྱེད། གཞན་ལ་ནི་སྨོད་པར་བྱེད་དེ། དེ་དག་ནི་བྱིས་པ་ཡིན་ཞེས་ང་སྨྲའོ། །དེ་དག་བསམ་
གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་གྱི་དགའ་བ་དེ་ལ་ཆགས་པ་སྐྱེད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་མཉམ་པར་བཞག་པས་གནས་པ་ཡིན་གྱི། དགེ་སློང་གཞན་འདི་དག་ནི་སེམས་གཡེངས་པས་གནས་པ་ཡིན་ཏེ། འདུ་འཛི་ལ་དགའ་བས་གནས་པ་
ཡིན་ནོ། །འདུ་འཛི་ལ་དགའ་བས་འདི་དག་སངས་རྒྱས་སུ་ག་ལ་འགྱུར་ཏེ། འདི་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་རིང་ངོ་སྙམ་མོ། །དེ་དག་འདུ་ཤེས་ཡིད་ལ་བྱེད་པ་དེས་ཇི་ཙམ་དུ་བརྙས་པར་གྱུར་པའི་སེམས་སྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ། །ཕྱིས་
དེ་དག་གིས་གང་དུ་བྱང་ཆུབ་ལ་སྤྱོད་པ་ན་གལ་ཏེ་དེ་དག་མང་དུ་ཐོས་པ་ཡིན་དུ་ཟིན་ཀྱང་དེ་དག་གིས་ཆོས་ཐམས་ཅད་ཡི་གེ་མེད་པ་ལ་རྣམ་པར་ཤེས་པ་ཡོད་པར་བརྟགས་ཏེ། ཤེས་རབ་ཏུ་དམིགས་ནས་ཕ་རོལ་ཁྱད་དུ་གསོད་པར་བྱེད་པ་དེ་དག་ནི་མི་ཤེས་པའོ་ཞེས་ང་སྨྲའོ། །མི་ཤེས་བཞིན་དུ་སྨྲའོ་ཞེས་ང་

སྨྲའོ། །སྐྱེས་བུ་དམ་པ་མ་ཡིན་པའོ་ཞེས་ང་སྨྲའོ། །རྣམ་པར་རྟོག་པས་ཉམས་པའོ་ཞེས་ང་སྨྲའོ། །གལ་ཏེ་དེ་དག་ཐེག་པ་ཆེན་པོ་ལ་ཞུགས་པར་གྱུར་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་འཇིག་རྟེན་ན་གཙོ་བོ་ཡིན་ནོ། །བདག་ཅག་ནི་འཇིག་རྟེན་ན་ཕུལ་ཡིན་ནོ། །བདག་ཅག་ནི་
འཇིག་རྟེན་ན་མཆོག་ཡིན་ནོ་སྙམ་མོ། །གལ་ཏེ་དེ་དག་གིས་ཉན་ཐོས་ཀྱི་ཐེག་པ་པ་དག་མཐོང་ན། དེ་དག་ལ་མ་དད་པ་སྐྱེད་ཅིང་སྨོད་པ་དང་། འཕྱ་བ་དང་། བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དེ། བསམ་པ་ངན་པ་དང་། ཉེས་པར་བརྗོད་པ་དེས་ན་ངན་འགྲོར་འགྲོ་བ་ཐོབ་པར་འགྱུར་རོ། །དེ་ནས་
བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་བསྔགས་པ་བརྗོད་པར་མི་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་
སེམས་དཔའ་སེམས་ཅན་ཐམས་ཅད་ལ་དགའ་བཞིན་དུ་བལྟ་བ་དང་། ཕན་པའི་དངོས་པོའི་རང་བཞིན་བསྐྱེད་པར་མི་བྱའམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་
སེམས་དཔའ་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། ཐེག་པ་ཆེན་པོ་པ་འགའ་ཙམ་ཡང་ཡོངས་སུ་སྤངས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ལགས་པས་བྱང་ཆུབ་
སེམས་དཔའ་ནི་སེམས་ཅན་འགའ་ཡང་ཡོངས་སུ་མ་བཏང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྨན་པས་ནི་རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གམ། མི་དབུལ་པོའམ། སེམས་ཅན་འགའ་ཙམ་ཡང་ཡོངས་སུ་སྤངས་པ་མེད་དོ། །སྨན་
པ་དེ་ནི་འདི་ལྟར་སེམས་སྙོམས་པས་ཉེ་བར་གནས་པ་ཡིན་ཏེ། ཇི་ལྟར་བྱས་ན་སེམས་ཅན་འདི་དག་ནད་དང་བྲལ་བར་འགྱུར་ཞིག་གུ་སྙམ་མོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་འཇུག་ཅིང་སེམས་སྙོམས་པས་ཉེ་བར་གནས་པ་

ཡིན་ཏེ། འདི་སྙམ་དུ་སེམས་ཅན་འདི་དག་ཐམས་ཅད་ཇི་ལྟར་བྱས་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ངེས་པར་འབྱུང་བར་འགྱུར་ཞིག་གུ་སྙམ་མོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྨན་པ་ནི་སྨན་དཔྱད་ཀྱི་རྒྱུད་རྒྱུན་མ་ཆད་ན། དགའ་ཞིང་མགུ་ལ་ཡི་རངས་པར་འགྱུར་རོ། །འཇམ་
དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་གདུང་རྒྱུད་མ་ཆད་ན་དགའ་ཞིང་མགུ་ལ་ཡི་རངས་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ནི་སྨན་པ་དང་འདྲ་བ་མ་ཡིན་ནོ། །འཇམ་དཔལ་གསོ་བར་བྱེད་པའི་སྨན་པ་ནི་དཀོན་ནོ། །འཇམ་དཔལ་དེ་བཞིན་དུ་སེམས་
ཅན་ཐམས་ཅད་ནི་སངས་རྒྱས་དང་འདྲ་བ་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ནི་དཀོན་ནོ། །བྱང་ཆུབ་ཀྱི་ཕྱིར་གོ་ཆ་བགོ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་མི་བཟོད་དོ། །དཔེར་ན་ལེ་ལོ་ཅན་རྣམས་ནི་བདག་གིས་སྨན་པ་བྱའོ་སྙམ་དུ་སྨན་པའི་ཆོས་རྣམས་ལ་ལྷག་པར་དམིགས་པ་མེད་དོ། །དེ་བཞིན་དུ་
སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་ཏེ། ལེ་ལོས་བདག་ཉིད་ནད་པར་བྱེད་དོ། །འཇམ་དཔལ་རང་བྱུང་ནི་དཀོན་ནོ། །གཞན་ལ་རག་ལས་པ་མ་ཡིན་པའི་ཡེ་ཤེས་ནི་དཀོན་ནོ། །སེམས་རྒྱ་ཆེ་བ་ནི་དཀོན་ནོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ལྷག་པར་དམིགས་པ་ནི་དཀོན་
ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྒྲིབ་པ་མ་མཆིས་པར་རྣམ་པར་དག་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་
དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་འདོད་ཆགས་ཀྱི་ཆོས་སུ་མཐོང་བ་གང་ཡིན་པ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ཞེ་སྡང་གི་ཆོས་སུ་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་
རྣམ་པར་དག་པ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་གཏི་མུག་གི་ཆོས་སུ་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མངོན་པར་དགའ་ཞིང་མི་གཏོང་མི་སྤོང་ལ། སངས་རྒྱས་

ཀྱི་ཆོས་རྣམས་ཀྱང་འདོད་པའི་ངོ་བོ་ཉིད་དུ་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་ལྔ་པོ་དག་གིས་བྱང་ཆུབ་ཚོལ་བར་བྱེད་དེ། ཚོལ་བ་དང་བྱང་ཆུབ་ཀྱང་འཐོབ་པ་མེད་ཅིང་སྒྲིབ་པ་རྣམས་ཀྱང་མེད་པ་དེས་ནི་
ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཀུན་ནས་མནར་སེམས་ཀྱི་གཞི་དགུ་པོ་དག་ལ་བྱམས་པ་ཐོབ་པར་འགྱུར་ལ། གང་ལ་དེའི་ཀུན་ནས་མནར་སེམས་ཀྱི་གཞི་སྐྱེ་བར་འགྱུར་བ་དེ་དང་དེ་ལ་ཚུལ་བཞིན་དུ་སོ་སོར་རྟོག་པར་
བྱེད་ཅིང་བདག་ཉིད་ཀྱང་མི་དམིགས། གཞན་ཡང་མི་དམིགས། བྱམས་པ་ཡང་མི་དམིགས་ཏེ། འདི་ལྟར་ཆོས་ཐམས་ཅད་མི་དམིགས་པ་དེ་ནི་བྱམས་པའི་མཆོག་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པ་ནི་སྒྲིབ་པ་མེད་པ་ཉིད་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་
ཡང་བྱང་ཆུབ་སེམས་དཔའ་གང་ལྟུང་བ་ལ་ལྟུང་བ་མེད་པར་མཐོང་བ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བར་མཐོང་བ་དང་། ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་མཐོང་བ་དང་། འཁོར་བའི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་
རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་འདོད་ཆགས་ཀྱི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དང་། ཞེ་སྡང་གི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དང་། གཏི་མུག་གི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ནི་ལས་
ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སུ་ཡང་དག་པར་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་
དཔའ་གང་ཆོས་ཐམས་ཅད་ནམ་མཁའི་གཞི་ལས་བྱུང་བར་མཐོང་བ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་སེར་སྣའི་ཆོས་རྣམས་དང་། སྦྱིན་པའི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་དང་། འཆལ་པའི་ཚུལ་

ཁྲིམས་ཀྱི་ཆོས་རྣམས་དང་། ཚུལ་ཁྲིམས་ཀྱི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་དང་། གནོད་སེམས་ཀྱི་ཆོས་རྣམས་དང་། བཟོད་པའི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་དང་། ལེ་ལོའི་ཆོས་རྣམས་དང་། བརྩོན་འགྲུས་ཀྱི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་
དང་། རྣམ་པར་གཡེངས་པའི་ཆོས་རྣམས་དང་། བསམ་གཏན་གྱི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་དང་། འཆལ་པའི་ཤེས་རབ་ཀྱི་ཆོས་རྣམས་དང་། ཤེས་རབ་ཀྱི་ཆོས་རྣམས་ལ་གཉིས་སུ་མི་འབྱེད་པ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། འཇམ་དཔལ་
གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་སུ་མོས་པ་དེས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་ཇི་ལྟར་ཉོན་མོངས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་འཇུག་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཆོས་འགའ་ཙམ་ཡང་ཆོས་འགའ་ཙམ་ལ་ཀུན་ནས་ཉོན་མོངས་པའི་བྱ་བ་བྱེད་དམ། གསོལ་པ། བཅོམ་
ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཆོས་འགའ་ཙམ་ཡང་ཆོས་འགའ་ཙམ་ལ་རྣམ་པར་བྱང་བའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཇི་ལྟར་ཐོབ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་ཉོན་མོངས་པ་ཐམས་ཅད་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉོན་མོངས་པ་ཐམས་
ཅད་ནི་ནམ་མཁའི་གཞི་ལས་བྱུང་བའི་སླད་དུ་སྟེ། བཅོམ་ལྡན་འདས་བདག་གིས་ནི་ཆོས་འགའ་ཙམ་ཡང་ཡོངས་སུ་མ་འཚལ་ཅིང་མ་སྤངས་ལ། མ་བསྒོམས་ཤིང་མངོན་སུམ་དུ་མ་བགྱིས་ལགས་སོ། །བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་

བྲལ་བ་ཡང་མ་ལགས། རྟོགས་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་ཉོན་མོངས་པ་སྤང་བའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་དམིགས་པ་དེ་དག་ནི་ཕོངས་པར་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།
འཇམ་དཔལ་གཉིས་སུ་མེད་པའི་ཆོས་ལ་གནས་པ་བསྟན་པ་འདི་ནི་ལེགས་སོ། །ལེགས་སོ། །འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་གཞལ་དུ་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པའི་ཕ་རོལ་བས་ཀྱང་ཆེས་ཕ་རོལ་དུ་གྱུར་པ་དེའི་
ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་ཤིན་ཏུ་དྲི་ལྡན་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་
སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཉི་མའི་སྙིང་པོ་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་སྙིང་པོ་འོད་ཟེར་དྲི་མ་མེད་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་དགུ་སྟོང་ཐུབ་པར་གྱུར་ཏོ། །
འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་གང་ཡིན་པ་དེ་དག་ནི་དམན་པ་ལ་མོས་པར་གྱུར་ཏེ། རྒྱ་ཆེན་པོ་ལ་མོས་པ་ནི་ཉུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་པར་གྱུར་ཏོ། །དེའི་སྐུ་གདུང་རྣམས་ཀྱང་འདི་ལྟ་སྟེ་དཔེར་ན་
ངའི་སྐུ་གདུང་ཇི་ལྟར་རྒྱས་པར་འགྱུར་བ་བཞིན་དུ་རྒྱས་པར་གྱུར་ཏོ། །འཇམ་དཔལ་དེའི་ཚེ་དགེ་སློང་དཔས་བྱིན་ཞེས་བྱ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ། ངོ་ཚ་ཤེས་ཤིང་བསླབ་པ་འདོད་པ། མང་དུ་ཐོས་པ་ཞིག་བྱུང་སྟེ། དགེ་སློང་དེ་མཛེས་ཤིང་བལྟ་ན་སྡུག་ལ། ཁ་དོག་བཟང་
པོ་རྒྱས་པ་མཆོག་དང་ལྡན་ནོ། །དེ་ནང་པར་སྨད་གཡོགས་བགོས་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། གྲོང་ཁྱེར་ཆེན་པོ་རྣམ་པར་རྒྱལ་བར་བསོད་སྙོམས་ཀྱི་ཕྱིར་སོང་ངོ་། །དེ་གྲོང་ཁྱེར་དེ་ན་བསོད་སྙོམས་ཀྱི་ཕྱིར་རྒྱུ་ཞིང་ཚོང་དཔོན་གྱི་ཁྱིམ་ཞིག་ཏུ་སོང་བ་དང་། ཚོང་དཔོན་གྱི་ཁྱིམ་དེ་ན་

ཡང་ཚོང་དཔོན་གྱི་བུ་མོ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་མི་ལ་མ་བཏང་བ་ཞིག་ཡོད་དོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་དགེ་སློང་དཔས་བྱིན་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་ཏེ་དེ་འདི་སྙམ་དུ་སེམས་སོ། །གལ་ཏེ་བདག་གིས་དགེ་སློང་དཔས་བྱིན་འདི་བདག་གི་
ཁྱིམ་ཐབ་ཏུ་མ་ཐོབ་ན་ནི་བདག་འཆི་བར་འགྱུར་རོ་སྙམ་ནས་སུ་ལ་ཡང་བསྙད་མ་ནུས་ཏེ། དེ་འདོད་ཆགས་ཀྱིས་ཡོངས་སུ་གདུངས་པ་དེ་ཉིད་ཀྱིས་ནད་ཞུགས་པར་གྱུར་ཏོ། །དེ་ནས་དགེ་སློང་དཔས་བྱིན་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་བྱས་ནས་གཙུག་ལག་ཁང་དུ་སོང་ངོ་། །བུ་མོ་དེའི་ཕ་ཡང་འཆི་
བའི་དུས་བྱས་སོ། །དེ་ནས་བུ་མོ་དེའི་མས་བུ་མོ་དེ་ལ་ཁྱོད་ཅིའི་ཕྱིར་འདི་ལྟར་ན་བར་གྱུར་ཅེས་སྨྲས་ན། དེ་ཅང་མི་སྨྲ་ཞིང་ཁ་ཟས་མི་ཟ་བར་འདུག་གོ། །དེ་ནས་བུ་མོ་དེའི་ནེའུ་ལྡངས་བདེ་བ་དང་སྡུག་བསྔལ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བུ་མོ་དེ་ལ་ཁྱོད་ཅིའི་ཕྱིར་འདི་ལྟར་ན་བར་གྱུར་ཅེས་དྲིས་
སོ། །དེས་སྨྲས་པ། བདག་གིས་དགེ་སློང་ཆེ་གེ་མོ་ཞིག་མཐོང་ནས། དེ་ལ་འདུན་པའི་འདོད་ཆགས་སྐྱེས་ཏེ། བདག་དགེ་སློང་དེ་དང་ཕྲད་ན་ནི་ནད་འདི་ལས་སོས་པར་འགྱུར་རོ། །ཅི་སྟེ་ཕྲད་པར་མ་གྱུར་ན་ནི་འཆི་བར་འགྱུར་རོ། །དེ་ནས་བུ་མོ་དེ་དག་གིས་བུ་མོ་དེ་ལས་ཐོས་ནས་དེའི་མ་ལ་
བསྙད་དོ། །དེ་ནས་དེའི་མ་འདི་སྙམ་དུ་སེམས་ཏེ། གལ་ཏེ་དགེ་སློང་དཔས་བྱིན་དང་ཕྲད་པར་མ་གྱུར་ན་ནི་ཅི་བྱར་ཡང་མེད་ཀྱིས་བུ་མོ་འདི་ནི་འཆི་བར་འགྱུར་རོ་སྙམ་མོ། །ཡང་འདི་སྙམ་དུ་བསམས་ཏེ། བདག་གིས་བུ་མོ་འདི་དགེ་སློང་དཔས་བྱིན་ལས་ལུང་ནོད་དུ་གཞུག་གོར་མ་ཆག་
གོ། །འོན་ཏང་དགེ་སློང་དཔས་བྱིན་དེ་ཁྱིམ་འདིར་རྟག་ཏུ་འོང་བར་འགྱུར་རོ་སྙམ་མོ། །དེ་ནས་དགེ་སློང་དཔས་བྱིན་ཡང་གྲོང་ཁྱེར་རྣམ་པར་རྒྱལ་བར་བསོད་སྙོམས་ཀྱི་ཕྱིར་རྒྱུ་ཞིང་ཚོང་དཔོན་གྱི་ཁྱིམ་དེར་ཡང་བསོད་སྙོམས་ཀྱི་ཕྱིར་སོང་སྟེ། དེ་ནང་དུ་ཞུགས་པ་དང་། ཚོང་དཔོན་གྱི་བུ་མོ་ཉམ་
ཆུང་བར་གྱུར་པ་མཐོང་ནས། དེས་བུ་མོ་འདི་ཅིའི་ཕྱིར་ཉམ་ཆུང་ཞིང་ན་བར་གྱུར་ཅེས་སྨྲས་སོ། །བུ་མོ་དེའི་མས་སྨྲས་པ། བུ་མོ་འདིས་ཆོས་ཉན་པར་འདོད་པ་ལས་བདག་གིས་བགེགས་བྱས་ནས་དེའི་ཕྱིར་འདི་ན་བར་གྱུར་ཏོ། །དེ་སྐད་ཅེས་སྨྲས་ནས། དགེ་སློང་དཔས་བྱིན་དེས་བུ་མོ་དེའི་མ་

ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བུ་མོ་འདི་ཆོས་ཉན་པ་ལ་བགེགས་མ་བྱེད་ཅིག། དེས་སྨྲས་པ། གལ་ཏེ་སློབ་དཔོན་གྱིས་བུ་མོ་འདི་ལ་ལུང་དབོག་ན་ནི་བདག་བུ་མོ་འདི་ཆོས་ཉན་པ་ལ་བགེགས་མི་བགྱིད་དོ། །དགེ་སློང་དཔས་བྱིན་གྱིས་སྨྲས་པ། བུ་མོ་འདི་ལ་བདག་གིས་ལུང་དཔོག་པར་བྱའོ། །
བུ་མོའི་མས་སྨྲས་པ། སློབ་དཔོན་རྟག་ཏུ་ཁྱིམ་འདིར་གཤེགས་ཤིག །དཔས་བྱིན་གྱིས་སྨྲས་པ། འོང་བར་བྱའོ། །དེ་ནས་བུ་མོ་དེས་དགེ་སློང་གི་ཚིག་ཐོས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལས་རྩེ་ཞིལ་བར་གྱུར་ཏེ། བདག་གིས་ཀྱང་ཅི་ནས་བདག་འདོད་པ་བཞིན་བྱེད་པར་འགྱུར་བར་
ཆགས་པར་འགྱུར་བར་བྱའོ་སྙམ་མོ། །དེ་ནས་བུ་མོ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་སློབ་དཔོན་ཁྱིམ་འདིར་གཤེགས་པར་གསོལ་ལོ། །དེ་ནས་དགེ་སློང་དཔས་བྱིན་དེས་ཅང་མི་སྨྲ་བས་ཁས་བླངས་ནས་བསོད་སྙོམས་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ངོ་། །དེ་ནས་བུ་མོ་དེའི་
མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ད་ཕྱིན་ཅད་རྒྱན་གྱིས་བརྒྱན་པར་གྱིས་ལ། ཙན་དན་གྱིས་ལུས་བྱུག་པ་དང་། གོས་ཁ་དོག་སྣ་ཚོགས་བགོ་བར་གྱིས་ལ་ཅི་ནས་ཁྱོད་ཀྱི་དབང་དུ་འགྱུར་བ་དེ་བཞིན་དུ་ཁྱོད་ཀྱིས་ནན་ཏན་བྱོས་ཤིག། དེས་ཀྱང་དེ་བཞིན་དུ་ནན་ཏན་བྱས་སོ། །དེ་ནས་
དགེ་སློང་དཔས་བྱིན་ཡང་དང་ཡང་དུ་ཁྱིམ་དེར་འོང་ཞིང་ཡིད་བརྟན་པར་གྱུར་ཏོ། །དེས་རྟག་ཏུ་མཐོང་བས་བུ་མོ་དེ་ལ་འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཡིད་ལ་བྱེད་པ་དེ་དང་ལྷན་ཅིག་གནས་ནས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཏོ། །དེ་བུ་མོ་དེ་དང་ལྷན་ཅིག་ཏུ་
ཤིན་ཏུ་འདྲེས་པར་གནས་ཤིང་འདུག་པར་གྱུར་ཏེ། དེ་འདྲེས་ཤིང་དེར་མངོན་པར་དགའ་ནས་ཡང་དང་ཡང་དུ་གནས་པར་གྱུར་ཏོ། །དེ་ནས་དགེ་སློང་དཔས་བྱིན་དེ་བུ་མོ་དང་ལྷན་ཅིག་ཏུ་འདུ་ཞིང་འདུག་འདུག་པ་སྔོན་བུ་མོ་དེ་གང་གིས་བསླངས་པའི་ཁྱིམ་ཐབ་དེས་ཐོས་སོ། །དགེ་སློང་དཔས་བྱིན་
དེ་བུ་མོ་དེ་དང་ལྷན་ཅིག་ཏུ་ཡང་དང་ཡང་དུ་འདུག་པ་དང་། དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་དཔས་བྱིན་འདི་བདག་གིས་ཐབས་ཀྱིས་བཟུང་སྟེ་གསད་དོ་སྙམ་མོ། །དགེ་སློང་དཔས་བྱིན་དེས་ཀྱང་བུ་མོ་དེའི་ཁྱིམ་ཐབ་ཀྱིས་བདག་གསད་པར་བྱས་ཞེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ།

བདག་གིས་བུ་མོ་འདིའི་ལག་ཏུ་གང་གིས་ཚོང་དཔོན་གྱི་བུ་དེ་འཆི་བར་འགྱུར་བའི་དུག་བསྐུར་གོར་མ་ཆག་སྙམ་མོ། །དེ་ནས་དགེ་སློང་དཔས་བྱིན་དེས་བུ་མོ་དེའི་ལག་ཏུ་དུག་བྱིན་ཏེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཁྱོད་ཀྱི་སྙིང་དུ་སྡུག་ན་ནི་དུག་འདིས་ཁྱིམ་ཐབ་
འདི་གསོད་ཅིག །དེ་ནས་བུ་མོ་དེས་དགེ་སློང་དེ་ལས་དུག་དེ་བླངས་ནས་ཁ་ཟས་དང་སྦྱར་ཏེ་བྲན་མོའི་ལག་ཏུ་བསྐུར་ནས་ཁྱོད་སོང་ལ་ངའི་ཁྱིམ་ཐབ་དེ་ལ་འདི་བྱིན་ཅིག་ཅེས་བྱས་སོ། །དེ་ནས་བྲན་མོ་དེས་དུག་དང་སྦྱར་བའི་ཁ་ཟས་དེ་ཚོང་དཔོན་གྱི་བུ་དེ་ལ་བྱིན་ནོ། །དེ་ནས་ཚོང་དཔོན་གྱི་བུ་དེས་ཁ་
ཟས་དུག་དང་སྦྱར་བ་དེ་ཟོས་ནས་ཤིའོ། །དེ་ནས་དགེ་སློང་དཔས་བྱིན་དེས་ཚོང་དཔོན་གྱི་བུ་དེ་ཤིའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། བདག་གིས་ནི་འཇིགས་སུ་རུང་བའི་ལས་བྱས་སོ། །བདག་གིས་ནི་ལས་མི་ཟད་པ་བྱས་ཏེ། འདི་ལྟར་བདག་གིས་འདོད་པ་ཡང་ཡོངས་
སུ་སྤྱད་ལ། མི་ཡང་གསོད་དུ་བཅུག་ན། བདག་གི་འགྲོ་བ་ནི་གང་ཡིན། བདག་གི་ཚེ་ཕྱི་མ་ནི་གང་ཡིན་ཞིག་གུ། བདག་ནི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་སྙམ་ནས་དེའི་ལུས་ཡོངས་སུ་གདུང་བར་གྱུར་ཏེ། བདག་ནི་ཤི་ནས་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་
རོ་སྙམ་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་སྡུག་བསྔལ་འདི་ལས་ཐར་པར་བྱེད་ནུས་པ་སུ་ཞིག་ཡོད་སྙམ་མོ། །དེ་གཙུག་ལག་ཁང་ནས་གཙུག་ལག་ཁང་དུ་འགྲོ་ཞིང་རྒྱུ་སྟེ། ཤིང་བཅད་པ་བཞིན་དུ་ས་ལ་སྒྱེལ་ནས། ཀྱི་ཧུད་ཀྱི་ཧུད་བདག་ནི་སེམས་ཅན་དམྱལ་བ་པར་གྱུར་ཏོ་ཞེས་ཚིག་ཏུ་སྨྲའོ། །
དེའི་ཚེ་གཙུག་ལག་ཁང་གངས་ཞེས་བྱ་བ་ཞིག་ཡོད་དེ། དེ་གཙུག་ལག་ཁང་དེ་ག་ལ་བར་སོང་སྟེ་ཕྱིན་ནས། གཙུག་ལག་ཁང་གི་སྒོར་སོང་སྟེ། ས་ལ་སྒྱེལ་ནས་ཀྱི་ཧུད་ཀྱི་ཧུད་བདག་ནི་སེམས་ཅན་དམྱལ་བ་པར་གྱུར་ཏོ་ཞེས་ཚིག་ཏུ་སྨྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
འཇིགས་སྒྲོལ་གཙུག་ལག་ཁང་དེའི་ནང་དུ་འགྲོ་བས་དགེ་སློང་དེ་ས་ལ་སྒྱེལ་བ་མཐོང་ནས་དེས་དེ་ལ་སྨྲས་པ། དགེ་སློང་ཁྱོད་ཅིའི་ཕྱིར་ས་ལ་སྒྱེལ། དེས་དེ་ལ་སྨྲས་པ། བདག་ནི་སེམས་ཅན་དམྱལ་བ་པར་གྱུར་ཏོ། །བདག་གིས་ནི་འཇིགས་སུ་རུང་བའི་ལས་བྱས་ཏེ། བདག་གིས་འཁྲིག་

པ་ཡང་བྱས་ལ། མི་ཡང་བསད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་གྱིས་དགེ་སློང་དཔས་བྱིན་དེ་ལ་སྨྲས་པ། དགེ་སློང་མ་འཇིགས་ཤིག་དང་། ངས་ཁྱོད་འཇིགས་པ་མེད་པར་བྱའོ། །དེ་ནས་དགེ་སློང་དཔས་བྱིན་དེས་འཇིགས་པ་མེད་པའི་སྒྲ་ཐོས་ནས། དགའ་ཞིང་མགུ་ལ་ཡི་རངས་
པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་གྱིས་དགེ་སློང་དཔས་བྱིན་དེ་ས་ལས་བསླངས་ནས་ལག་པ་གཡས་པ་ནས་བཟུང་ནས་ནགས་སྟུག་པོ་ཞིག་གི་ནང་དུ་སོང་ནས། དེ་ནགས་སྟུག་པོ་དེར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་སྒྲོལ་ཏ་ལའི་སྲིད་
ཙམ་གྱི་ནམ་མཁའ་ལ་འདུག་ནས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ང་ལ་ཡིད་ཆེས་སམ། དེ་ནས་དགེ་སློང་དེས་ཐལ་མོ་སྦྱར་ནས་ཚིག་ཏུ་སྨྲས་པ། བདག་ནི་བཅོམ་ལྡན་འདས་དང་མཇལ་ཏོ། །བདག་ནི་བདེ་བར་གཤེགས་པ་དང་མཇལ་ཏོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཇིགས་སྒྲོལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེའི་ལུས་ལས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་
ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ་དེ་དག་ཕྱུང་ངོ་། །དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་ཀྱང་ནགས་སྟུགས་པོ་དེ་དག་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་གསུང་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་རྣམས་འདི་དག་
གཟུགས་བརྙན་འདྲ་བ་སྟེ། །ཆུ་ནང་ཟླ་བ་སྣང་ལ་མེད་པ་བཞིན། །བྱིས་པའི་སེམས་ནི་རྨོངས་ཤིང་སྐྲག་གྱུར་ནས། །འདོད་ཆགས་དུག་དང་དེ་བཞིན་ཞེ་སྡང་རྟོག