Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
ུན་ཀྱང་ཁྱོད་ཀྱི་མདུན་དུ་འདུག་གྱུར་ཏེ། །ཐུབ་པ་ལ་ནི་རེ་རེ་ཞིང་ཡང་ཞུ་བ་བྱེ་བ་ཁྲག་ཁྲིག་ཞུ་བགྱིད་ཀྱང་། །ཁྱོད་ཀྱིས་

སྐད་ཅིག་ཉིད་དུ་དེ་དག་གི་ནི་ཐེ་ཙོམ་མ་ལུས་གཅོད་པར་མཛད། །འཇིག་རྟེན་མགོན་པོ་ཁྱོད་ཀྱིས་འཛུམ་པ་བསྟན་པ་དེ་ཡི་རྒྱུ་ནི་བདག་ལ་གསུངས། །སངས་རྒྱས་གང་དག་འདས་དང་སྟོབས་བཅུ་ལྡན་པའི་རྒྱལ་བ་གང་དག་བཞུགས་པ་དང་། །གང་དག་རྒྱལ་བ་མང་པོ་མ་བྱོན་
རྣམས་དང་སེམས་ཅན་རྣམས་ནི་དཔག་མེད་པ། །ཐམས་ཅད་ཕ་རོལ་ཕྱིན་པ་ཁྱོད་ཀྱིས་དེ་དག་མཁྱེན་ཅིང་གང་ལའང་ཆགས་པ་མེད། །ཅི་ཡི་སླད་དུ་འཛུམ་པ་བསྟན་པ་རྡུལ་དང་བྲལ་བས་བདག་གི་ཐེ་ཙོམ་ཆོད། །ཁྱོད་ཀྱི་འོད་ཀྱིས་ཚངས་པ་དབང་པོ་ཉི་མ་ཟླ་བ་ལྷ་རྣམས་ཟིལ་གྱིས་
མནན། །རི་དང་ཁོར་ཡུག་རྩེ་མོ་དག་ལས་ཐལ་ནས་ཁྱོད་ཀྱི་འོད་ཀྱང་གསལ་བར་གདའ། །རེག་ནས་སེམས་ཅན་བརྒྱ་དག་བདེ་བས་དགའ་ཞིང་ཉོན་མོངས་པ་ཡང་ལྡང་མི་འགྱུར། །ཉོན་མོངས་ཐམས་ཅད་དགྲོལ་བ་ཁྱོད་ཀྱིས་འཛུམ་འདི་ཅི་ཕྱིར་མཛད་པ་བདག་ལ་གསུངས། །
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཁྱོད་ཀྱིས་ཁྱེའུ་ཟླ་བའི་དཔལ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགའ་བོ་ཁྱེའུ་ཟླ་བའི་དཔལ་འདིས་ངའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། དགའ་བོ་ཁྱེའུ་འདིས་རིམ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་ནམ་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པས་བྱང་
ཆུབ་ཐོབ་པར་འགྱུར་བ་དེའི་ཚེ། ཁྱེའུ་ཟླ་བའི་དཔལ་འདི་ཡང་འཇིག་རྟེན་གྱི་ཁམས་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེས་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པ་དགེ་སློང་གི་དགེ་འདུན་དང་བཅས་པ་དེ་ལ་ནམ་འཚོའི་བར་དུ་བཀུར་སྟི་བྱེད་པར་འགྱུར།
བསྟི་སྟང་བྱེད་པར་འགྱུར། རིམ་གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སྐུ་གདུང་ལ་མཆོད་པ་བྱེད་པར་འགྱུར་རོ། །དེ་ནི་དེར་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མྱ་ངན་ལས་འདས། དེ་ནས་

བསྟན་པ་ཡང་ནུབ་ནས་དགའ་ལྡན་དུ་ཚེ་ཟད་པར་བྱས་ཏེ། བསྐལ་པ་དེ་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་
བའི་དཔལ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་དེ་དང་འདྲ་བ། ཚེའི་ཚད་ཀྱང་དེ་དང་མཉམ་པ། ཉན་ཐོས་ཀྱི་དགེ་འདུན་ཡང་དེ་དང་མཉམ་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དེ་དང་མཉམ་པར་འགྱུར་རོ། །དེ་ནས་གང་འཇམ་དཔལ་གཞོན་ནུར་
གྱུར་པ་དང་འགྲོགས་ཏེ། འཇིག་རྟེན་གྱི་ཁམས་གཞན་ནས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བསྟན་པ་འདི་ཐོས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་
གྱུར་པ་གནས་པ་དེ་ན་དེ་བཞིན་གཤེགས་པས་སྟོང་པ་མ་ལགས་ཏེ། དེར་ནི་བཅོམ་ལྡན་འདས་ཀྱིས་དགོངས་པར་བགྱི་མི་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ནི་འགྲོ་བ་ངན་པའི་
འཇིགས་པའམ། མི་ཁོམ་པའི་འཇིགས་པའམ། བདུད་ཀྱི་ལས་ཀྱི་འཇིགས་པའམ། ཉོན་མོངས་པའི་འཇིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་བམ། གཞོངས་སམ། གཞོངས་ཀྱི་ཕྱོགས་སམ། གཙུག་ལག་ཁང་ངམ། དགོན་
པ་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བའི་ས་ཕྱོགས་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྟོང་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེ་ན་དེ་བཞིན་གཤེགས་པ་ཉིད་དུ་བརྩོན་པར་བལྟ་བར་བགྱིའོ། །གང་ན་ཆོས་ཀྱི་རྣམ་གྲངས་
འདི་སྤྱོད་པའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་ཡོངས་སུ་སྤྱད་པར་བལྟ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ། །རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་ན་ཆོས་ཀྱི་རྣམ་

གྲངས་འདི་སྤྱོད་པར་འགྱུར་བའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལུང་བསྟན་པར་གྱུར་ནས། སའི་ཕྱོགས་གང་དུ་ངས་རལ་པ་བཏིང་ཞིང་ངས་བཟོད་
པ་ཐོབ་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ང་བཟོད་པ་ཐོབ་པར་མཁྱེན་ནས། ཁྱེའུ་འདི་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ན་དེ་བཞིན་གཤེགས་པ་མར་མེ་མཛད་དེས། དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་ཁྱེད་སུས་ཀྱང་སའི་ཕྱོགས་འདི་རྐང་པས་མ་བཅག་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཁྱེའུ་
འདིས་རལ་པ་བཏིང་ཞིང་བཟོད་པ་ཐོབ་པ་དེ་ནི་ལྷ་དང་མིའི་འཇིག་རྟེན་དུ་བཅས་པའི་མཆོད་རྟེན་ཡིན་ནོ། །ཡང་སའི་ཕྱོགས་འདིར་མཆོད་རྟེན་བྱེད་པར་སྤྲོ་ཞེས་དེ་སྐད་བཀའ་སྩལ་པ་དང་། རིགས་ཀྱི་བུ་དག་དེ་ན་ལྷ་བྱེ་བ་ཕྲག་བརྒྱད་ཅུས་བཅོམ་ལྡན་འདས་ས་ཕྱོགས་འདིར་མཆོད་
རྟེན་བགྱི་བར་བདག་ཅག་སྤྲོའོ་ཞེས་མགྲིན་གཅིག་ཏུ་ཚིག་སྨྲས་སོ། །དེ་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་ཞིག་འཁོར་དེར་འདུས་པར་གྱུར་པ་དེས་ཀྱང་བཅོམ་ལྡན་འདས་བདག་གིས་ས་ཕྱོགས་འདིར་མཆོད་རྟེན་བགྱི་བར་སྤྲོའོ། །ཞེས་སྨྲས་ཏེ། རིགས་ཀྱི་བུ་དག་ས་ཕྱོགས་
དེར་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེས་མཆོད་རྟེན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱས་སོ། །བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ས་ཕྱོགས་དེར་རིན་པོ་ཆེ་སྣ་
བདུན་ལས་མཆོད་རྟེན་བགྱིས་ན་བཅོམ་ལྡན་འདས་བདག་གིས་བསོད་ནམས་ཇི་ཙམ་ཞིག་བགྱིས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ཁྱིམ་བདག་ལྷ་བཟང་ལ་

སའི་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པའི་ས་ཕྱོགས་དེ་ན་ཤིང་རྟའི་འཁོར་ལོ་ཙམ་གྱི་ས་ཇི་སྙེད་པ་འོག་ཏུ་ཆུའི་ཕུང་པོ་ལ་ཐུག་གི་བར་དུ་ས་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ཏེ། ཁྱིམ་བདག་གང་གིས་
ཆུའི་ཕུང་པོ་ནས་འཁོར་བའི་རྩེ་མོའི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དེ་བཞིན་གཤེགས་པ་ལ་ཕུལ་བ་པས། གང་ཁྱོད་ཀྱིས་མཆོད་རྟེན་བྱས་པ་འདི་དེ་བས་བསོད་ནམས་ཤིན་ཏུ་མང་མོད་ཀྱི། ཁྱིམ་བདག་དགེ་བའི་རྩ་བ་འདིས་ནི་ཇི་ལྟར་ཁྱེའུ་འདི་ངས་ད་ལྟར་ལུང་བསྟན་
པ་དེ་བཞིན་དུ་འདི་བྱང་ཆུབ་ཐོབ་ནས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་དེ་ལྟར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་
གི་བུ་དགའ་བ་སྤྱོད་པ་ཞེས་བྱ་བ་འདི་ཉིད་དེའི་ཚེ་དེའི་དུས་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བར་གྱུར་ཏེ། འདི་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་བལྟ་ན་བཟང་ཞེས་བྱ་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འདུག་ཀྱང་རུང་། འགྲེང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འདྲིའམ། ཀློག་གམ། ཁ་ཏོན་
བྱེད་དམ། ཁ་ཏོན་ཞུའམ། འཆད་ན་འོག་གི་ཆུའི་ཕུང་པོ་ནས་སའི་ཕྱོགས་དེའི་བར་གྱི་རྡུལ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་བཟོད་པ་ཐོབ་པར་འགྱུར་བའོ། །རིགས་ཀྱི་བུ་དག་ཁྱེད་ལ་བསྒོའོ། །ཁྱེད་ཀྱི་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་རྒྱུན་མ་ཆད་ཅིང་ལས་གཞན་མི་བྱེད་པར་ཉིན་ལན་གསུམ་མཚན་ལན་གསུམ་འབུལ་བ་བས་གང་གིས་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་
པ་ཐམས་ཅད་སེལ་བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ལེན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆད་དམ། ཉན་ཏམ། མོས་
པར་བྱེད་དམ། ཆུང་ངུ་ན་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གླེགས་བམ་དུ་བྲིས་ཏེ་འཆང་ན། འདི་ནི་དེ་བས་ཤིན་ཏུ་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་ཚུལ་ཁྲིམས་
སྲུང་ཞིང་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་ཐམས་ཅད་ལ་དགའ་བར་འགྱུར་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པར་བྱེད་ན། འདི་ནི་དེ་བས་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ།
བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བཟོད་པས་སྒྲུབ་ཅིང་སེམས་ཅན་ཐམས་ཅད་ཀྱི་ངན་དུ་སྨྲ་བ་དང་། རྡེག་པར་བྱེད་པ་བཟོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ལ་བཟོད་པ་དེ་ནི་བཟོད་པ་དེ་བས་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མཆོག་ཏུ་འཕེལ་བར་འགྱུར་རོ། །
རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཉོན་མ་མོངས་ཤིང་། ལུས་དང་སྲོག་ལ་མི་ལྟ་བར་བསྙེན་བཀུར་བྱེད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཤིང་ཐེ་ཙོམ་མི་སྐྱེད་ན་བརྩོན་འགྲུས་འདི་ནི་
དེ་བས་ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བསམ་གཏན་དང་། ཏིང་ངེ་འཛིན་དང་མཉམ་པར་བཞག་པ་ལ་གནས་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་རྟོག་ཅིང་སེམས་མ་ཞུམ་པ་འདི་ནི་དེ་བས་

ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་ཤེས་རབ་ཀྱིས་རྟོག་ཅིང་དེའི་ཚུལ་གྱི་རྟོག་པ་དང་ལྡན་པར་གྱུར་པ་བས། གང་གིས་ཤིན་ཏུ་དབེན་པ། རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་རྣམ་གྲངས་
འདི་ལ་ཉན་པར་བྱེད། མོས་པར་བྱེད། ལེན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཁ་ཏོན་དུ་བྱེད། གཞན་ལ་རྒྱ་ཆེར་སྟོན་པར་བྱེད་ན་དེ་བས་འདི་ཉིད་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །མྱུར་དུ་ཐམས་ཅད་མཁྱེན་པར་འགྱུར་བར་ཡང་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྤྱོད་པའི་སངས་རྒྱས་
ཀྱི་ཞིང་དེ་དང་དེ་དག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཕྱིར་ཁྱེད་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དེ་དང་དེ་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཀྱི་བྱ་བ་ལ་མངོན་པར་གནས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་གིས་གང་བར་བྱས་ཏེ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་
འདི་སྐད་ཀྱང་སྨྲའོ། །ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ནི་ཡུན་རིང་དུ་འཛམ་བུའི་གླིང་དུ་གནས་པར་གྱུར་ཅིག །ཀྱེ་མའོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆོས་ཀྱི་སྒྲོན་མ་ཡུན་རིང་དུ་འབར་བར་གྱུར་ཅིག །འཇམ་དཔལ་གཞོན་ནུར་གྱུར་པ་ཡང་ཡུན་རིང་དུ་གནས་པར་
གྱུར་ཅིག །དེ་ལ་གནས་ནས་འདི་ལྟ་བུའི་ཆོས་ཀྱི་ཚུལ་གྱི་རྣམ་པ་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་ཤ་དང་ཁྲག་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨན་ཡོན་ཐོགས་པར་མི་ནུས་ན་མཆོད་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་འཚལ། ཆོས་

ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་མཆི་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ལ་ཡང་ཤ་དང་ཁྲག་གིས་ཀྱང་སྨན་ཡོན་མི་ཐོགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ལྟ་བར་འཚལ་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོས་དེ་དག་ཉིད་ལ་བལྟ་བར་བགྱིའོ། །
དེ་བཞིན་གཤེགས་པ་ལ་མཆོད་པར་འཚལ་བས་དེ་དག་ཉིད་ལ་མཆོད་པར་བགྱིའོ། །བཅོམ་ལྡན་འདས་ལ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་དག་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་སྐད་ཅེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་མཆོད་ནས། སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། བདག་བདག་གི་སངས་རྒྱས་ཀྱི་
ཞིང་དུ་འཁོད་ནས། བདག་བདག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་བླངས་པ་བཞིན་དུ་རྒྱ་ཆེར་བཤད་པ་དང་། དེར་ཡང་སེམས་ཅན་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་
ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་གྱི་ཕྱིར། ཕན་པའི་ཕྱིར། བདེ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་ལོང་ཤིག །ཟུང་ཤིག །ལྷོགས་ཤིག །ཤོད་ཅིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཀྱང་བླངས་ལགས་ཏེ། ད་ཡང་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཏེ། བཅོམ་ལྡན་འདས་

བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ནི་ད་ལྟར་དེ་བཞིན་གཤེགས་པ་བཞུགས་བཞིན་དུ་ཡང་རྒྱས་པར་བགྱིའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདག་དགའ་ལྡན་གྱི་གནས་ན་གནས་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདིའི་དགེ་བའི་རྩ་བ་འབར་ཞིང་
ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ལ་བསྟབས་པར་བགྱིའོ། །བཅོམ་ལྡན་འདས་ཕྱི་མའི་དུས་ཕྱི་མའི་ཚེ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དེ་ནི་ངེས་པར་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱིས་རླབས་
ལགས་པར་རྟོགས་པར་བགྱིའོ། །བདུད་སྡིག་ཅན་དག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་མི་གདའ་བར་བགྱི་བའི་སླད་དུ་བརྟུལ་དུ་ལགས་ཀྱིས་ཀྱང་། བཅོམ་ལྡན་འདས་བདག་གིས་ནི་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཡོངས་སུ་
གཟུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་པ་ཐམས་ཅད་སེལ་བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བར་བྱེད་པ། ཆོས་ཐམས་
ཅད་ཀྱི་མཉམ་པ་ཉིད་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ལྟར་ཁྱོད་གང་གི་ཚེ་ན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་འཇུག་པ་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལ་སོམས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསམས་ན་ལྷ་རྣམས་ནི་
རྒྱལ། ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་རེ་བར་བྱའོ། །ཀཽ་ཤི་ཀ་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་བམ། ལྗོངས་སམ། ཡུལ་ལམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་ཡང་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་
པ་དེ་ན་ཕྱིར་རྒོལ་བའམ། དགྲ་ཀླན་ཀ་ཚོལ་ཞིང་གླགས་ལྟ་བས་གླགས་མི་རྙེད་པར་འགྱུར་རོ། །དེ་བས་ན་ཀཽ་ཤི་ཀ་རྒྱལ་པོའི་ཕོ་བྲང་དུ་སོང་ཡང་རུང་། རྐུན་པོའི་ནང་དུ་སོང་ཡང་རུང་། གཏུམ་པོའི་ནང་དུ་སོང་ཡང་རུང་། དགྲའི་ནང་དུ་སོང་ཡང་རུང་། ཕྱིར་རྒོལ་བའི་ནང་དུ་

སོང་ཡང་རུང་། མེ་དང་། དུག་དང་། མཚོན་དང་། ཆུའི་ནང་དུ་སོང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ལ་བསམ་པར་བྱའོ། །དེ་ལྟར་བྱས་ན་ཀླན་ཀ་ཚོལ་བ་གང་གིས་ཀྱང་གླགས་མི་རྙེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་
སྩལ་པ། དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ལོང་ཤིག །ལྷོགས་ཤིག །ཤོད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལས་ཐོས་ནས་ཐེ་ཙོམ་ཐམས་ཅད་གཅོད་པར་
འགྱུར་རོ། །དེ་དག་གི་ནེམ་ནུར་ཐམས་ཅད་བྱང་བར་འགྱུར་རོ། །འགྱོད་པ་ཐམས་ཅད་བསལ་བར་འགྱུར་རོ། །ལས་ཀྱི་སྒྲིབ་པའམ་ཉོན་མོངས་པའི་སྒྲིབ་པས་གླགས་པར་བྱ་མི་ནུས་པར་འགྱུར་ཏེ། གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ངེས་པར་མཉན་པར་བྱ་བ་དེ་དག་ནི་ཆོས་
ཀྱི་རྣམ་གྲངས་འདི་མ་ཐོས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་འདི་ནི་མ་འདྲེས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཡིན་ཏེ་འདི་ཐོས་མ་ཐག་ཏུ་ཐེ་ཙོམ་ཐམས་ཅད་མེད་པར་འགྱུར་རོ། །དགའ་བོ་ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །
གང་མཚམས་མེད་པ་བྱེད་པས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་འཇུག་ཅིང་མོས་པར་བྱེད་ན་ལས་དེའི་ལས་ཀྱི་སྒྲིབ་པ་ཡོད་པར་ང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་
བདག་མངོན་སུམ་དུ་མཆི་སྟེ། གང་གི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པས་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཏུ་ཟས་འཚལ་ཅིང་མཚམས་མ་མཆིས་པའི་མཉམ་པ་ཉིད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་མ་སྐྱེས་དགྲས་འཐུན་པའི་ཆོས་ལ་བཟོད་པ་ཐོབ་ཅིང་
དེའི་འགྱོད་པ་བྱང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་བདག་འདི་སྙམ་དུ་གྱུར་ཏེ། མཚམས་མ་མཆིས་པ་བགྱིད་པ་ཐམས་ཅད་ཀྱི་ཆོས་ཉིད་ནི་གང་རྒྱལ་པོ་མ་སྐྱེས་དགྲས་རྟོགས་པ་དེ་ཉིད་ལགས་ན་བཅོམ་ལྡན་འདས་བྱིས་པ་ལྟ་བུའི་སོ་སོའི་སྐྱེ་བོ་དག་ནི་དེ་ལྟར་ཆོས་

རང་བཞིན་གྱིས་ཞི་བ་ལ་བདག་དང་བདག་གིར་རྣམ་པར་བརྟགས་ནས་ལྟ་བ་འབྱུང་བར་བགྱིད་ཅིང་། ཅི་ལྟར་རྒྱལ་པོ་མ་སྐྱེས་དགྲས་རྟོགས་པ་བཞིན་དུ་མཚམས་མེད་པ་བགྱིད་པ་ཐམས་ཅད་ཀྱི་རང་བཞིན་དེ་འདྲ་བ་ལགས་པར་ནི་མ་འཚལ་ཏེ། ཕྱིན་ཅི་ལོག་
གིས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། མ་མཆིས་པ་ལ་ཡོངས་སུ་རྟོག་པས་བཏབ་པ་རྣམས་ནི་མ་མཆིས་བཞིན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་བར་གྱུར་ཏེ། བཅོམ་ལྡན་འདས་བདག་ནི་གང་ཆོས་ཀྱི་རྣམ་གྲངས་འདི་
ལ་མོས་པ་དེ་དག་ལ་ལྟུང་བ་མ་མཆིས། ལྟུང་བའི་ཆོས་ཅན་མ་ལགས་སོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །འོད་སྲུང་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཀུན་ནས་
ཉོན་མོངས་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ནས་ཀྱང་ཕྱི་མའི་དུས་ཕྱི་མའི་ཚེ་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་
འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འོད་གང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་གྱུར་པའི་འོད་དེ་ལྟ་བུ་གཡས་ཕྱོགས་དང་། གཡོན་ཕྱོགས་ནས་བཏང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་དེ་སྐད་ཀྱི་སྒྲ་བྱུང་ངོ་། །གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་འགྱུར་བ་དེ་དག་ནི་གལ་ཏེ་རྒྱ་མཚོ་མཆིང་རྣམ་ཆེན་པོའི་ནང་དུ་མཆིས་པར་གྱུར་ཀྱང་རུང་། སྲེག་པའི་བསྐལ་པའི་ནང་དུ་མཆིས་
ཀྱང་རུང་སྟེ། སེམས་ཅན་དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བཞིན་ནོ། །ཇི་ལྟར་སྒྲ་བྱུང་བ་བཞིན་ཏེ། སྐྱེས་བུ་དམ་པ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་གི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཕྱི་

མའི་དུས་ཕྱི་མའི་ཚེ་ལ་སྤྱོད་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་འབུམ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །སྲོག་ཆགས་འབུམ་ཕྲག་བདུན་ཅུ་རྩ་བརྒྱད་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སྲོག་ཆགས་བརྒྱད་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་
རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཀྱང་ཆོས་ཀྱི་རྣམ་གྲངས་འདིའི་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏེ། སིལ་སྙན་བརྒྱ་སྟོང་དཀྲོལ་བར་བྱེད་ཅིང་གང་དེ་བཞིན་གཤེགས་པས་འདིར་ཆོས་ཀྱི་རྣམ་གྲངས་བསྟན་པ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོག་
ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་ལས་ནི་མུ་སྟེགས་ཅན་གཞན་ཀླན་ཀ་ལ་སྤྱོད་པ། བདུད་ཀྱི་ཡུལ་ལ་གནས་པ་ཐམས་ཅད་ཚར་བཅད་དོ། །ཡང་དག་པའི་ཆོས་ལ་མོས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱིས་ཕྱག་རྒྱ་འདི་བཞག་སྟེ། གང་དག་གིས་ཕྱག་རྒྱ་འདི་ཤེས་པ་དེ་དག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཞེས་དེ་སྐད་ཀྱང་སྨྲའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་བཀའ་སྩལ་པ་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། འཇམ་
དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། འོད་སྲུང་ཆེན་པོ་དང་། དགའ་བོ་དང་། ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་
འཇིག་རྟེན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཨཱ་ཙཱརྱ་མཉྫུ་ཤྲཱི་གརྦྷ་དང་། རཏྣ་རཀྵི་ཏས་ཞུས་ཆེན་བགྱིས།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་གུཔྟ་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་སྦས་ཞེས་བྱ་བའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་
ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། རྒྱལ་པོ་དང་། བློན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་
དང་། མུ་སྟེགས་ཅན་སྣ་ཚོགས་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཅོམ་
ལྡན་འདས་ལ་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོ་བྱས་ཏེ་མཆོད་ནས། བཅོམ་ལྡན་འདས་ཀྱིས་ལྷ་དང་མིའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གསོས་སྨན་དང་། ཡོ་བྱད་བཟང་པོ་མང་པོ་བརྙེས་ལ། པད་མ་ལ་ཆུ་མི་ཆགས་པ་བཞིན་དུ་འདོད་པ་དག་གིས་
ཀྱང་བཅོམ་ལྡན་འདས་ལ་མི་གོས་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་
དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བར་བཅོམ་ལྡན་འདས་ཀྱི་བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་དགེ་བ་འདི་ལྟ་བུ་འདི་མངོན་པར་འཕགས་པར་གྱུར་ཏོ། །དེས་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་
བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུ་རང་གི་མངོན་པར་མཁྱེན་པས་མངོན་དུ་མཛད་དེ་རྫོགས་པར་མཛད་ནས་མཁྱེན་ཏོ། །དེ་ཆོས་ཀྱང་སྟོན་ཏེ་ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ།

དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་སྟོན་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་དཔལ་སྦས་ཞེས་བྱ་བ་ཕྱུག་པ། ནོར་ཆེན་པོ། ལོངས་སྤྱོད་ཆེ་བ། བདག་
དབང་བ་མང་བ། ནོར་དང་ཡོ་བྱད་མང་བ། ནོར་དང་། འབྲུ་དང་། འཚོག་ཆས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་མང་བ། གླང་པོ་ཆེ་དང་། རྟ་ཕོ་རྒོད་དང་། བ་ལང་མང་བ། བྲན་པོ་དང་།
བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། བང་མཛོད་གང་བ་མང་པོ་དང་ལྡན་པ་ཞིག་གནས་ཏེ། ཁྱིམ་བདག་དཔལ་སྦས་དེ་མ་དད་པ། མ་དང་བ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དབང་ཟ་བ། གཅེར་བུ་པའི་ཉན་ཐོས་སུ་གྱུར་པ་གཅེར་བུ་པ་ཉེ་
དུའི་བུ་ཞེས་བྱ་བ་ལ་མངོན་པར་དད་པ་ཞིག་གོ། །དེ་ནས་ཁྱིམ་བདག་དཔལ་སྦས་གཅེར་བུ་པ་ཉེ་དུའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གཅེར་བུ་པ་ཉེ་དུའི་བུའི་རྐང་པ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཁྱིམ་བདག་དཔལ་སྦས་ཕྱོགས་གཅིག་ཏུ་འདུག་ནས་གཅེར་
བུ་པ་ཉེ་དུའི་བུས་ཁྱིམ་བདག་དཔལ་སྦས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་གང་དགེ་སྦྱོང་གཽ་ཏ་མ་ན་ཚོད་ཀྱིས་གཞོན་པ། གསར་དུ་རབ་ཏུ་བྱུང་བ་དེ་ཐམས་ཅད་མཁྱེན་པའི་ང་རྒྱལ་ཅན་ཏེ། ཐམས་ཅད་མཁྱེན་པའི་ང་རྒྱལ་དེས་འཇིག་རྟེན་འདི་ཐམས་ཅད་བསླུས་པར་ཤེས་
པར་གྱིས་ཤིག །དེའི་ཕྱིར་ཁྱིམ་བདག་ཁྱོད་སོང་ལ་དགེ་སྦྱོང་གཽ་ཏ་མ་དེའི་སྲོག་ཆོད་ཅིག །དེ་འཆི་བའི་དུས་བྱས་ཏེ་ཤི་བ་དང་། དགེ་སྦྱོང་གཽ་ཏ་མ་དེ་ཙམ་དུ་རྫུ་འཕྲུལ་ཆེ་བ། དེ་ཙམ་དུ་མཐུ་ཆེ་བ། དེ་ཙམ་དུ་དབང་ཆེ་བར་གྲགས་པ་ཁྱིམ་བདག་དཔལ་སྦས་ཀྱིས་སྲོག་བཅད་དོ་ཞེས་ཁྱོད་
ཀྱི་བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་དགེ་བ་རྒྱ་ཆེན་པོ་འདི་ལྟ་བུ་འདི་མངོན་པར་གྲགས་པར་འགྱུར་རོ། །དཔལ་སྦས་ཀྱིས་སྨྲས་པ། བཙུན་པ་བདག་གིས་དགེ་སྦྱོང་གཽ་ཏ་མ་སྲོག་གཅོད་པར་ཇི་ལྟར་ནུས། གཅེར་བུ་པ་ཉེ་དུའི་བུས་སྨྲས་པ། ཁྱིམ་བདག་ཁྱོད་

སོང་ལ་ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་རྐོས་ཤིག །དོང་ཆེན་པོ་བརྐོས་ནས་མེས་ཁོང་ལ་སྟེང་དུ་ཕྱག་དར་སྲབ་མོས་ཁོབ་ཤིག །ཁྱིམ་གྱི་ནང་དུ་ཟས་དུག་ཅན་སྦྱོར་ལ། ཟས་དུག་ཅན་སྦྱར་ནས་དགེ་སྦྱོང་གཽ་ཏ་མ་དེའི་གན་དུ་སོང་སྟེ་ཟས་ལ་བོས་ཤིག །གལ་ཏེ་དགེ་སྦྱོང་གཽ་ཏ་མ་ཐམས་ཅད་
མཁྱེན་ཅིང་ཐམས་ཅད་གཟིགས་པ་ཡིན་ན་ནི་བཏུབ་པར་མི་འགྱུར་རོ། །ཇི་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་ཐམས་ཅད་གཟིགས་པ་མ་ཡིན་ན་ནི་བཏུབ་པར་འགྱུར་ཏེ། དེ་ཕྱི་སྒོའི་སྒོ་གང་གི་མེ་དོང་དེར་ལྷུང་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་འཆི་བའི་དུས་བྱེད་པར་འགྱུར་རོ། །འོན་ཏང་
རྣམ་གྲངས་ཅི་ཞིག་གིས་ཐར་བར་འགྱུར། ཁྱིམ་གྱི་ནང་དུ་ཟས་དུག་ཅན་ཟོས་ན་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་བཞིན་དུ་བགྱིའོ་ཞེས་ཏེ་ཁྱིམ་བདག་དཔལ་སྦས་ཀྱིས་གཅེར་བུ་པ་ཉེ་དུའི་བུའི་ལྟར་ཉན་ནས་སྟན་ལས་ལངས་ཏེ། གཅེར་བུ་པ་ཉེ་དུའི་བུའི་རྐང་པ་ལ་ཕྱག་
འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། གཅེར་བུ་པ་ཉེ་དུའི་བུའི་གན་ནས་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རང་གི་ཞོ་ཤས་འཚོ་བ་རྣམས་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །ཞོ་ཤས་འཚོ་བ་དག་དེང་ལ་ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་རྐོས་ཤིག །དོང་
ཆེན་པོ་བརྐོས་ནས་མེ་འབར་བ་མ་ཡིན་པ་དུ་བ་མི་འཐུལ་བས་ཁོང་ལ་སྟེང་དུ་ཕྱག་དར་སྲབ་མོས་ཁོབ་ཤིག །ཁྱིམ་གྱི་ནང་དུ་ཟས་དུག་ཅན་སྦྱོར་ཅིག །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་རང་གི་ཞོ་ཤས་འཚོ་བ་རྣམས་བསགས་ནས་རྒྱལ་པོའི་ཁབ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་
པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་སུམ་དུ་དགའ་བར་བྱ་བ་དང་མགུ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཁྱིམ་བདག་དཔལ་སྦས་ཕྱོགས་གཅིག་
ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །དེ་ནས་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་

ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་སང་
གདུགས་ཚོད་སྦྱོར་ན་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་མི་དགེ་བའི་བཤེས་གཉེན་དང་བསྟེན་པའི་དབང་གིས་ང་ལ་རྣམ་པ་འདི་ལྟ་བུ་བྱ་བར་འདོད་ལ། དེ་རིང་པོ་མི་ཐོགས་པར་ཕྱིས་ཆོས་འདུལ་བ་འདི་
ལ་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་སྙམ་སྟེ། དེ་ལྟར་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ལག་པ་བསྒྱུར་ཏེ་
མཛུབ་མོ་བསྒྲེང་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་སེམས་ཀྱང་སེམས་ཀྱིས་མི་ཤེས་ན་ཐམས་ཅད་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་སྦྱོང་གཽ་ཏ་མས་ཐམས་ཅད་མཁྱེན་པའི་ང་རྒྱལ་གྱིས་འཇིག་རྟེན་འདི་དག་ཐམས་ཅད་བསླུས་སོ་སྙམ་མོ། །དེ་ནས་ཁྱིམ་
བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་གན་ནས་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་རྐོར་བཅུག་སྟེ། བརྐོས་ནས་མེ་མི་འབར་ཞིང་དུ་བ་མི་འཐུལ་བས་བཀང་
སྟེ། སྟེང་དུ་ཕྱག་དར་སྲབ་མོས་གཡོགས་སོ། །ཁྱིམ་གྱི་ནང་དུ་ཡང་ཟས་དུག་ཅན་སྦྱོར་དུ་བཅུག་གོ། །དེའི་ཚེ་ཁྱིམ་བདག་དཔལ་སྦས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་ཆུང་མར་བླངས་པར་གྱུར་ཏེ། ཁྱིམ་བདག་དཔལ་སྦས་ཀྱི་ཆུང་མས་ཁྱིམ་བདག་
དཔལ་སྦས་རྣམ་པ་འདི་ལྟ་བུ་བྱེད་པར་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་དཔལ་སྦས་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་བོ་ལ་དགྲ་སུ་ཞིག་མཆིས་ན་དེ་དགུམ་པའི་སླད་དུ་དེ་ལྟར་བརྩོན་པར་མཛད། དེས་སྨྲས་པ། དྲ་མའི་བུ་མོ་ཤེས་པར་གྱིས་ཤིག །དགེ་སྦྱོང་གཽ་ཏ་མ་ན་

ཚོད་ཀྱིས་གཞོན་པ། གསར་དུ་རབ་ཏུ་བྱུང་བ་དེ་ཐམས་ཅད་མཁྱེན་པའི་ང་རྒྱལ་ཅན་ཏེ། ཐམས་ཅད་མཁྱེན་པའི་ང་རྒྱལ་དེས་འཇིག་རྟེན་འདི་ཐམས་ཅད་བསླུས་ཀྱིས། དེ་གསད་པའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དོ། །དེས་སྨྲས་པ། ཇོ་བོ་བཅོམ་ལྡན་འདས་དེ་
བགྲོངས་པར་ཁྱོད་ཀྱིས་མི་སྤྱོད་ཀྱིས་སྐྱོ་བར་གྱུར་ཏ་རེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སླད་དུའོ། །དེ་ནས་ཁྱིམ་བདག་དཔལ་སྦས་འདི་སྙམ་དུ་སེམས་ཏེ། བདག་གི་ཆུང་མ་ཤཱཀྱའི་བྲན་གྱི་བུ་མོ་འདིས་
གསང་འཕེལ་དུ་འོང་ཞེས་དེའི་ཐོར་ཏོ་ནས་བཟུང་སྟེ་ཁྱིམ་དུ་བཅུག་ནས་སྒོ་གཏན་བཅུག་གོ། །སྒོ་གཏན་བཅུག་ནས་བཅོམ་ལྡན་འདས་ལ་གདུགས་ཚོད་ལ་བབ་པ་གསོལ་ཏེ། ཀྱེ་གཽ་ཏ་མ་བཤོས་ལགས་ཀྱི་གདུགས་ཚོད་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་
པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་བསིལ་ཡབ་ཐོགས་ཏེ་གནས་ཁང་ནས་གནས་ཁང་དུ་སོང་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། ངའི་སྔ་རོལ་དུ་དགེ་སློང་གང་ཡང་དཔལ་སྦས་ཀྱི་ཁྱིམ་དུ་མ་འཇུག་ཤིག་ཅེས་དོན་དེ་
བསྒོ་ཤིག །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། བསིལ་ཡབ་ཐོགས་ནས་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། ངའི་
སྔ་རོལ་ཏུ་དགེ་སློང་གང་ཡང་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་དུ་མ་འཇུག་ཤིག་ཅེས་དོན་དེ་བསྒོའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར། དགེ་
སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་སོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་

ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་གཡས་རོལ་ནས་འགྲོའོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་གཡོན་རོལ་ནས་འགྲོའོ། །རྒྱལ་པོ་ཆེན་པོ་བཞི་པོ་རྒྱལ་པོ་ཆེན་པོ་གནས་སྲུང་པོ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ཡང་གནོད་སྦྱིན་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་
ཏེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འགྲོའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ནི་བཅོམ་ལྡན་འདས་ཀྱི་གདུགས་ཐོགས་སོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འགྲོའོ། །རོལ་མོ་མཁན་དུ་གཏོགས་པའི་ལྷ་རྣམས་ནི་མདུན་ནས་འགྲོ་ཞིང་། གར་དང་། གླུ་དང་། རོལ་མོའི་སྒྲ་ཆེན་པོ་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་ནི་ཆར་འབབ། ཕྱི་ནས་ནི་ཉི་མ་
འཆར། བར་ན་ནི་སྤྲིན་ལྡིང་ངོ་། །བཅོམ་ལྡན་འདས་ཀྱི་ཞབས་གང་དང་གང་གོམ་པ་འདོར་བ་དེ་དང་དེར་བཅོམ་ལྡན་འདས་ཀྱི་སྐུ་ལ་ལྷ་རྣམས་ཙན་དན་གྱི་ཕྱེ་མ་དག་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་།
ཀུ་མུ་ད་དང་། པད་མ་དཀར་པོ་དང་། ལྷའི་མེ་ཏོག་མན་དཱ་ར་བ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང་།
འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་འཇུག་པ་དེའི་ཚེ་ཆོ་འཕྲུལ་དང་བཅས་པར་འཇུག་གི །ཆོ་འཕྲུལ་མེད་པར་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སྒོར་སྒོ་གཏན་ལ་

ཐོག་མ་ཉིད་དུ་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་བཞག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོར་སྒོ་གཏན་ལ་བཞག་མ་ཐག་ཏུ། དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་རྣམ་པ་དྲུག་ཏུ་
གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའོ། །
དབུས་མཐོ་ན་མཐའ་དམའོ། །མཐའ་མཐོ་ན་དབུས་དམའོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་སྒོ་གཏན་ལ་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་བཞག་མ་ཐག་ཏུ་ལྷ་རྣམས་ལྷའི་ཙན་དན་གྱི་ཕྱེ་མ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་
ཏུ་འཐོར་རོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ལྷའི་མེ་ཏོག་མན་དཱ་ར་བ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར། ནམ་མཁའ་ལ་ལྷའི་རོལ་མོའི་སྒྲ་འབྱིན་ཏོ། །
ལྷའི་སིལ་སྙན་གྱི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོར་སྒོ་གཏན་ལ་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་བཞག་མ་ཐག་ཏུ་དེའི་ཚེ་ལོང་བ་རྣམས་ནི་མིག་གིས་གཟུགས་མཐོང་བར་གྱུར། འོན་པ་རྣམས་ནི་རྣ་བས་ཐོས་པར་གྱུར།
སྣའི་དབང་པོ་དང་བྲལ་བ་རྣམས་ནི་སྣ་རྣམ་པར་དག་པར་གྱུར། ལྐུགས་པ་རྣམས་ནི་སྨྲ་བར་གྱུར། བརྗེད་བྱེད་ཀྱིས་ཟིན་པ་རྣམས་ནི་བརྗེད་བྱེད་དང་བྲལ་བར་གྱུར། སེམས་ཅན་སྨྱོན་པ་རྣམས་ནི་དྲན་པ་རྙེད་པར་གྱུར། དུག་འཐུངས་པ་རྣམས་ནི་དུག་ལས་གསོས་པར་
གྱུར། སེམས་ཅན་བཙོན་ཆ་དམ་པོས་བསྡམས་པ་རྣམས་ནི་བཙོན་ཆ་ལྷོད་པར་གྱུར། སེམས་ཅན་ཕན་ཚུན་དགྲར་འཛིན་པ་རྣམས་ནི་བྱམས་པའི་སེམས་སུ་གནས་པར་གྱུར། སིལ་སྙན་རྣམས་ནི་མ་བསྐྱོད་པར་སྒྲ་འབྱིན་པར་གྱུར། སྣོད་རྣམས་ནི་མ་དཀྲོལ་བར་སྒྲ་འབྱིན་

པར་གྱུར། ཁྱུ་མཆོག་ཀྱང་སྒྲ་འབྱིན། གླང་པོ་ཡང་སྒྲ་འབྱིན། རྟ་ཡང་སྒྲ་འབྱིན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོ་ན་བྱ་གང་དག་གནས་པ་འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཀུ་ན་ལ་དང་།
ཤང་ཤང་ཏེའུ་དེ་དག་ཀྱང་རང་རང་གི་སྐད་དུ་སྒྲ་སྐད་འབྱིན་ཅིང་རྒྱལ་པོའི་ཁབ་ཀྱི་སྒོའི་ཁོར་ཡུག་ཏུ་སྐོར་བར་བྱེད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། སྟེགས་
བུ་དང་། སྒོ་གང་དང་། སྐར་ཁུང་ནས་ལྟ་ཞིང་འཁོད་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མེ་ཏོག་གི་ཕུར་མ་གཏོར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་ཡང་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། ཡི་རངས་པར་གྱུར་ནས་སྒྲ་གསང་
མཐོན་པོ་དང་། སྒྲ་ཆེན་པོར་ཧི་ཧི་ཞེས་བྱ་བ་དང་། ཧ་ཧ་ཞེས་བྱ་བ་དང་། ཨ་ལ་ལ་ཞེས་བྱ་བ་དང་། ཨའུ་ཞེས་སྒྲ་ཆེན་པོ་འབྱིན་ཏོ། །བཅོམ་ལྡན་འདས་ལ་གོས་ཀྱང་འཐོར་རོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ། ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་ག་ལ་
བ་དེར་གཤེགས་པ་དང་། དགེ་བསྙེན་ཞིག་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་བྱོན་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་འདི་སྙམ་དུ་བསམས་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་བཅོམ་ལྡན་འདས་ལ་རྣམ་པ་འདི་ལྟ་བུ་འདི་བྱེད་པར་འདོད་ན་བཅོམ་ལྡན་འདས་བཀྲོངས་
པར་མི་འགྱུར་གྲང་། འཇིག་རྟེན་གྱི་མིག་ཤིན་ཏུ་མྱུར་དུ་མེད་པར་མི་འགྱུར་གྲང་། འཇིག་རྟེན་དུ་མུན་པ་ཤིན་ཏུ་མྱུར་དུ་མི་འབྱུང་གྲང་། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབས་པའི་སངས་རྒྱས་ཤིན་ཏུ་མྱུར་དུ་ནུབ་པར་མི་འགྱུར་གྲང་། བདག་ཅག་ཆོས་
ཀྱི་ལོངས་སྤྱོད་ལས་ཤིན་ཏུ་མྱུར་དུ་ཉམས་པར་མི་འགྱུར་གྲང་སྙམ་སྟེ། དེ་ནས་དགེ་བསྙེན་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་

ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་དུ་མ་གཤེགས་ཤིག །དེ་ཅིའི་སླད་དུ་ཞེ་ན། བཙུན་
པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་ཀྱིས་ནི་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་བཀྲོངས་པའི་སླད་དུ་ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་རྐོར་སྩལ་ཏེ། དོང་བརྐོས་ནས་ཞུགས་མི་འབར་ཞིང་དུ་བ་མ་མཆིས་པས་གཏམས་ཏེ། སྟེང་དུ་ཕྱག་དར་སྲབ་མོས་གཡོགས་
ཤིང་མཆིས་ན་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་ཆུང་ཟད་གནོད་པར་ལྟ་མི་འགྱུར་རམ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བསྙེན་ཁྱོད་འདི་སྙམ་དུ་མ་སེམས་ཤིག །དགེ་བསྙེན་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ན་
ཡང་ངའི་ལུས་ལ་མེས་མ་ཚུགས་ན། ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་ཅི་སྨོས། ངས་ནི་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་དང་། མེ་གསུམ་བསད་པས་ངའི་ལུས་ལ་མེས་ཚུགས་པར་འགྱུར་བ་འདི་ནི་གནས་
མེད་དོ། །བཙུན་པ་བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ན། ཇི་ལྟར་སྐུ་ལ་ཞུགས་ཀྱིས་མ་ཚུགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བསྙེན་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་ཀ་ལིང་ཀའི་རྒྱལ་པོ་ཞིག་བྱུང་བ་དེའི་ཚེ། ཡུལ་
ཀ་ལིང་ཀའི་རྒྱལ་པོས་གླིང་བེགས་བུར་ཆད་པའི་རི་དགས་རྣམས་གསོད་པའི་ཕྱིར་སྲེག་པའི་མེ་ཆེན་པོ་བཏང་ངོ་། །དེ་ནས་གླིང་བེགས་བུར་ཆད་པ་ནི་རི་དགས་དང་བྱ་གང་དག་གནས་པ། ནམ་མཁའ་ལ་རྒྱུ་བའམ། ཐང་ལ་རྒྱུ་བའམ། ཆུ་ལ་རྒྱུ་བ་དེ་དག་སྲེག་
པའི་མེ་དེས་འཁྲུགས་ནས་དེ་ན་གང་དག་ནམ་མཁའ་ལ་རྒྱུ་བ་དེ་དག་ནི་ནམ་མཁའ་ལ་བྱེར་རོ། །གང་དག་ཆུ་ལ་རྒྱུ་བ་དེ་དག་ནི་ཆུར་ཞུགས་སོ། །གང་དག་ཐང་ལ་རྒྱུ་བ་དེ་དག་ནི་ཕན་ཚུན་འབྱེར་ཞིང་རྒྱུག་སྟེ་འབྲོས་སོ། །གླིང་བེགས་བུར་ཆད་པ་དེ་ན་སྲེག་པའི་ཕྲུ་གུ་

འདབ་གཤོག་མ་སྐྱེས་པ་ཞིག་ཡོད་དེ། དེ་ནས་སྲེག་པ་མ་མོ་དེས་འདབ་མ་ཆུར་བཅུག་སྟེ། སྲེག་པའི་ཕྲུ་གུའི་ཁོར་ཡུག་ཏུ་གཏོར་ཏོ། །གཏོར་ནས་ཀྱང་རྒྱུག་ཅིང་ཡང་དང་ཡང་དེ་ལྟར་བརྩོན་པར་བྱས་སོ། །དེ་ནས་སྲེག་པའི་ཕྲུ་གུ་དེས་མ་འདི་ལྟར་རྩོལ་བ་བྱེད་པ་དེ་མཐོང་ངོ་། །
མཐོང་ནས་ཀྱང་དེས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་ཅིའི་སླད་དུ་འདི་ལྟར་རྩོལ་བར་མཛད། དེས་སྨྲས་པ། བུ་ཤེས་པར་གྱིས་ཤིག །རྒྱལ་པོ་ཡུལ་ཀ་ལིང་ཀའི་རྒྱལ་པོས་གླིང་བེགས་བུར་ཆད་པའི་རི་དགས་གསད་པའི་ཕྱིར་མེ་ཆེན་པོ་བཏང་ངོ་། །དེ་ནས་གླིང་
བེགས་བུར་ཆད་པ་ན་རི་དགས་དང་། བྱ་གང་དག་གནས་པ་ནམ་མཁའ་ལ་རྒྱུ་བ་དང་། ཐང་ལ་རྒྱུ་བ་དང་། ཆུ་ལ་རྒྱུ་བ་དེ་དག་སྲེག་པའི་མེ་ཆེན་པོ་དེས་འཁྲུགས་ནས་དེ་ན་གང་དག་ནམ་མཁའ་ལ་རྒྱུ་བ་དེ་དག་ནི་ནམ་མཁའ་ལ་བྱེར། གང་དག་ཆུ་ལ་རྒྱུ་བ་དེ་དག་ནི་ཆུར་ཞུགས།
གང་དག་ཐང་ལ་རྒྱུ་བ་དེ་དག་ནི་ཕན་ཚུན་འབྱེར་ཞིང་རྒྱུག་སྟེ་བྲོས་སོ། །ང་ནི་འདི་ལྟར་ཁྱོད་ཚིག་ཏུ་འོང་ངོ་ཞེས་ཁྱོད་ཀྱི་ཕྱིར་འདི་ལྟར་རྩོལ་བར་བྱེད་དོ། །དེས་སྨྲས་པ། ཡུམ་ཐོང་ཤིག །ཐོང་ཤིག །ཡུམ་ཁྱོད་ནི་བྱིས་པ་སྟེ། ཁྱོད་ཀྱིས་རྩོལ་བ་འདི་ལྟ་བུས་བདག་སྲེག་པའི་
མེ་འདི་ལས་ཐར་བར་ཡང་མི་སྤྱོད་དོ། །ཡུམ་ཁྱོད་ཀྱིས་བདག་ཉིད་ཀྱི་མཐུ་དང་སྟོབས་བསྐྱེད་དེ། ངན་བུ་ལེགས་པར་ཤིན་ཏུ་བླངས་ལ་གླིང་བེགས་བུར་ཆད་པ་འདིར་ཤིང་ནང་གི་མཐོན་པོའི་ཁར་ངན་བུ་གཞག་པར་སྤྱོད་དམ། དེ་བཞིན་བྱའོ་ཞེས་ཏེ་སྲེག་པ་མ་མོ་དེས་སྲེག་པའི་ཕྲུ་
གུའི་ལྟར་མཉན་ནས་རང་གི་མཐུ་དང་སྟོབས་བསྐྱེད་དེ། སྲེག་པའི་ཕྲུ་གུ་དེ་ཀུན་དུ་ལེགས་པར་བླངས་ནས་གླིང་བེགས་བུར་ཆད་པ་དེའི་ཤིང་ནང་གི་མཐོན་པོའི་ཁར་བཞག་གོ། །དེ་ནས་སྲེག་པའི་ཕྲུ་གུ་དེས་སྲེག་པའི་མེ་ཆེན་པོ་དེ་མཐོང་ནས་བྱམས་པས་ཁྱབ་པར་བྱེད་དོ། །
བྱམས་པས་ཁྱབ་པར་བྱས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྐང་མེད་སེམས་ཅན་རྣམས་ཀྱང་ཡོད། །འདབ་ཆགས་རྐང་བཅས་པའང་ཡོད། །ཕ་མ་དག་གིས་བསྲུངས་ཤིང་འཁོད། །མེ་གདུག་ཚུར་ནི་མ་འོང་ཤིག །དགེ་བསྙེན་སྲེག་པའི་ཕྲུ་

གུ་དེས་ཚིགས་སུ་བཅད་པ་དེ་སྨྲས་མ་ཐག་ཏུ་མེ་ཤི་བར་གྱུར་ཏེ། གང་ནས་བཏང་བ་དེ་ཉིད་དུ་ཤིའོ། །དེ་ལྟར་དེ་ཚུན་ཆད་དེང་སོང་གི་བར་དུ་གླིང་བེགས་བུར་ཆད་པ་དེར་མེ་མ་ཤོར་ཏོ། །དགེ་བསྙེན་དེའི་ཚེ་དེའི་དུས་ན་གླིང་བེགས་བུར་ཆད་པ་ན་སྲེག་པའི་ཕྲུ་གུ་འདབ་གཤོག་མ་སྐྱེས་པ་
དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟའམ། ཡིད་གཉིས་ཟ་ན་དེ་ལྟར་མི་བལྟ་སྟེ། དགེ་བསྙེན་ང་དེའི་ཚེ་དེའི་དུས་ན་སྲེག་པའི་ཕྲུ་གུར་གྱུར་ཏོ། །དགེ་བསྙེན་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེའི་ཚེ་ཡང་ལུས་ལ་མེས་མ་ཚུགས་ན། ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་
རྒྱས་པ་ལ་ལྟ་ཅི་སྨོས་ཏེ། ངའི་ལུས་ལ་མེས་ཚུགས་པར་འགྱུར་བ་འདི་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དེ་དང་། སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་
དགའ་བར་མཛད་དོ། །ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་མདུན་དུ་བཞུད་པ་དང་། དགེ་བསྙེན་ཞིག་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་བྱོན་པ་མཐོང་ངོ་། །མཐོང་
ནས་དེ་འདི་སྙམ་དུ་སེམས་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་བཅོམ་ལྡན་འདས་ལ་རྣམ་པ་འདི་ལྟ་བུ་འདི་བྱེད་པར་འདོད་ན། བཅོམ་ལྡན་འདས་བགྲོངས་པར་མི་འགྱུར་གྲང་། བདེ་བར་གཤེགས་པ་བགྲོངས་པར་མི་འགྱུར་གྲང་། འཇིག་རྟེན་གྱི་མིག་ཤིན་ཏུ་མྱུར་དུ་མེད་པར་མི་འགྱུར་གྲང་། འཇིག་
རྟེན་དུ་མུན་པ་ཤིན་ཏུ་མྱུར་དུ་མི་འབྱུང་གྲང་། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབས་པའི་སངས་རྒྱས་ཤིན་ཏུ་མྱུར་དུ་ནུབ་པར་མི་འགྱུར་གྲང་། བདག་ཅག་ཆོས་ཀྱི་ལོངས་སྤྱོད་ལས་ཤིན་ཏུ་མྱུར་དུ་ཉམས་པར་མི་འགྱུར་གྲང་སྙམ་སྟེ། དེ་ནས་དགེ་བསྙེན་དེ་བཅོམ་ལྡན་
འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་

ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་དུ་མ་གཤེགས་ཤིག །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་ཀྱིས་ནི་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བགྲོངས་པའི་སླད་དུ་ཕྱི་སྒོའི་སྒོ་གང་དུ་དོང་
ཆེན་པོ་རྐོར་སྩལ་ཏོ། །དོང་བརྐོས་ནས་ཞུགས་མི་འབར་ཞིང་དུ་བ་མ་མཆིས་པས་གཏམས་ཏེ། སྟེང་དུ་ཕྱག་དར་སྲབ་མོས་གཡོགས་ཤིང་མཆིས་ན་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་ཆུང་ཟད་གནོད་པར་ལྟ་མི་འགྱུར་རམ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་བསྙེན་ཁྱོད་འདི་སྙམ་དུ་མ་སེམས་ཤིག །དགེ་བསྙེན་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ན་ཡང་ངའི་ལུས་ལ་མེས་མ་ཚུགས་ན། ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་ལ་ཅི་སྨོས། ངས་ནི་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་།
གཏི་མུག་གི་མེ་དང་། མེ་གསུམ་བསད་པས་ངའི་ལུས་ལ་མེས་ཚུགས་པར་འགྱུར་བ་འདི་ནི་གནས་མེད་དོ། །བཙུན་པ་བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ན་ཇི་ལྟར་སྐུ་ལ་ཞུགས་ཀྱིས་མ་ཚུགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བསྙེན་སྔོན་བྱུང་
བ་འདས་པའི་དུས་ན་འཛམ་བུའི་གླིང་འདི་ན་ནགས་སྟུག་པོ་ལོ་མ་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དེའི་ཚེ་ནགས་སྟུག་པོ་དེ་ན་རི་བོང་གི་གྲོགས་དྲང་སྲོང་ཞིག་གནས་ཏེ། རི་བོང་དེ་ནི་མི་
སྐད་སྨྲ་བ་ཞིག་གོ། །དེའི་ཚེ་དུས་གཞན་ཞིག་ན་ནགས་སྟུག་པོ་དེར་ཐན་པ་ཆེན་པོ་བྱུང་སྟེ། དེ་ན་འདབ་མ་དང་ལྡན་པའི་ཤིང་གང་ཡིན་པ་དེ་དག་ནི་སྐམ། མེ་ཏོག་དང་ལྡན་པའི་ཤིང་གང་ཡིན་པ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཀྱང་སྐམ་མོ། །སྐྱེད་མོས་ཚལ་གང་ཡིན་པ་དེ་དག་
ཀྱང་ཡོངས་སུ་སྐམ་མོ། །དེ་ནས་དྲང་སྲོང་དེ་རི་བོང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རི་བོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །རི་བོང་ཤེས་པར་གྱིས་ཤིག །ནགས་སྟུག་པོ་འདིར་ཐན་པ་ཆེན་པོ་བྱུང་སྟེ། འདབ་མ་དང་ལྡན་པའི་ཤིང་གང་ཡིན་པ་དེ་དག་ནི་སྐམ། མེ་ཏོག་དང་ལྡན་པའི་ཤིང་གང་

ཡིན་པ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཀྱང་སྐམ་མོ། །སྐྱེད་མོས་ཚལ་གང་ཡིན་པ་དེ་དག་ཀྱང་ཡོངས་སུ་སྐམ་སྟེ། རི་བོང་བདག་ནི་ནགས་སྟུག་པོ་འདི་ནས་ནགས་སྟུག་པོ་གཞན་དུ་འགྲོ་བར་འདོད་དོ། །རི་བོང་གིས་སྨྲས་པ། དེའི་སླད་དུ་དྲང་སྲོང་དགུང་གཅིག་
ནགས་སྟུག་པོ་འདིར་བཞུགས་ཤིག །བདག་གིས་ཁྱོད་བཤོས་གསོལ་ལོ། །དེ་ནས་དྲང་སྲོང་དེ་གནས་སུ་སོང་སྟེ་མེ་བུས་ནས་སྔགས་ཀྱིས་སྦྱིན་སྲེག་བྱེད་དོ། །དེ་ནས་རི་བོང་དེ་ནགས་དེར་གོམ་པས་འགྲོ་ཞིང་རྣམ་པར་རྒྱུ་ཡང་གང་ནས་ཀྱང་འབྲས་བུའམ། རྩ་བ་མ་རྙེད་ནས། དེ་འདི་
སྙམ་དུ་སེམས་ཏེ། བདག་གིས་དྲང་སྲོང་དེ་ཟས་ལ་མགྲོན་དུ་བོས་ལ། བདག་གིས་ནགས་སྟུག་པོ་འདི་ཐམས་ཅད་དུ་སོན་ཀྱང་། གང་ནས་ཀྱང་འབྲས་བུའམ་རྩ་བ་མ་རྙེད་ཀྱིས། བདག་རང་གི་ཤས་དྲང་སྲོང་དེ་ཚིམ་པར་བྱའོ་སྙམ་སྟེ། དེ་ནས་རི་བོང་དེ་དྲང་སྲོང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་
དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་མཁྱེན་པར་མཛོད་ཅིག །བདག་གིས་ཁྱོད་ལ་བཤོས་གསོལ་བར་སྤྱན་དྲངས་ལ། བདག་གིས་ནགས་སྟུག་པོ་འདི་ཐམས་ཅད་དུ་མཆིས་ཀྱང་གང་ནས་ཀྱང་འབྲས་བུ་དང་རྩ་བ་མ་རྙེད་ནས་བདག་ཞུགས་ཀྱི་དོང་འདིར་བདག་ཉིད་ཀྱིས་མཆོང་གིས།
ཁྱོད་ཀྱིས་བདག་གི་ཤ་དེ་གསོལ་ལ་དགུང་གཅིག་ནགས་སྟུག་པོ་འདི་ན་བཞུགས་ཤིག །དྲང་སྲོང་གིས་སྨྲས་པ། རི་བོང་མ་བྱེད་ཅིག །དེ་སྐད་མ་སྨྲ་ཤིག །ང་ནི་རི་བོང་ཁྱོད་ལ་གནོད་པར་ཡང་མི་འདོད་ན་ང་ཁྱོད་ཀྱི་ཤ་ཟ་བ་ལྟ་ཅི་སྨོས། རི་བོང་གིས་སྨྲས་པ། དྲང་སྲོང་དེ་སྐད་མ་གསུང་ཤིག །
ཁྱོད་ཀྱིས་བདག་གི་བསམ་པ་ངེས་པར་བསྐང་འཚལ་ལོ། །དེ་ནས་རི་བོང་དེ་འདི་ལྟ་བུའི་བདེན་པའི་ཚིག་འདི་སྨྲས་ཏེ། ནགས་སྟུག་པོ་འདིའི་ལྷ་རྒྱ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་
དང་། ལྟོ་འཕྱེ་ཆེན་པོ་གང་དག་གནས་པ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ནི་གཏོང་བ་བགྱིད་དེ། ཤིན་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་གཏོང་བ་བགྱིད་དོ། །བདག་གི་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་ཡོངས་སུ་གཏོང་

བ་ནི་རྒྱལ་པོའི་སླད་དུ་མ་ལགས། ལོངས་སྤྱོད་ཀྱི་སླད་དུ་མ་ལགས། མཐོ་རིས་ཀྱི་སླད་དུ་མ་ལགས། བརྒྱ་བྱིན་ཉིད་ཀྱི་སླད་དུ་མ་ལགས། བདུད་ཀྱི་སླད་དུ་མ་ལགས། ཚངས་པའི་སླད་དུ་མ་ལགས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡུལ་གྱི་སླད་དུ་མ་ལགས་ཏེ། གཞན་དུ་བདག་
ཇི་ལྟར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དང་། སེམས་ཅན་མ་དུལ་བ་གདུལ་བར་བགྱི། མ་གྲོལ་བ་དགྲོལ་བར་བགྱི། དབུགས་མ་ཕྱིན་པ་དབུགས་དབྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་
ངན་ལས་བཟླ་བར་བགྱི་བའི་སླད་དུ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་བདག་ཡོངས་སུ་གཏོང་བ་འབྲས་བུ་མ་མཆིས་པར་མ་གྱུར་ཅིག །ཅེས་སྨྲས་ནས་བདག་ཉིད་མེ་དོང་ཆེན་པོ་དེར་མཆོངས་སོ། །དགེ་བསྙེན་རི་བོང་དེས་མེ་དོང་དེར་མཆོངས་མ་ཐག་ཏུ་མེ་དོང་དེའི་མེ་ཤི་སྟེ་
པད་མ་ཅན་གྱི་རྫིང་དུ་གྱུར་ནས། རི་བོང་དེ་བུང་བ་ཟི་ཟི་ཟེར་བར་གྱུར་པའི་པད་མ་འདབ་མ་སྟོང་ཡོད་པའི་སྟེང་ན་འདུག་ཅིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་
པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ། །དྲང་སྲོང་གིས་དེ་མཐོང་སྟེ། མཐོང་ནས་ཀྱང་དགའ་མགུ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རི་བོང་དེ་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཏོ། །དགེ་བསྙེན་དེའི་ཚེ་དེའི་དུས་ན་ནགས་
སྟུག་པོ་དེ་ན་གནས་པའི་དྲང་སྲོང་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། དགེ་སློང་འོད་སྲུང་དེའི་ཚེ་དེའི་དུས་ན་ནགས་སྟུག་པོའི་དྲང་སྲོང་དུ་གྱུར་ཏོ། །དགེ་བསྙེན་དེའི་ཚེ་དེའི་དུས་ན་ནགས་སྟུག་པོའི་རི་བོང་དུ་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་
ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་ཏོ། །དགེ་བསྙེན་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེའི་ཚེ་ཡང་ངའི་ལུས་ལ་མེས་མ་ཚུགས་ན། ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་ལ་ཅི་སྨོས་ཏེ། ངའི་ལུས་ལ་མེས་ཚུགས་

པར་འགྱུར་བ་འདི་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དེ་དང་། སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་ཀྱི་གཏམ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་
ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་རྣམས་འདི་ཇི་ལྟར་འགྱུར་སྙམ་སྟེ།
ཁྱིམ་བདག་དཔལ་སྦས་ཀྱི་ཕྱི་སྒོའི་སྒོ་གང་ག་ལ་བ་དེར་དོང་ངོ་། །དེ་ནས་བཅོམ་ལྡན་འདས་མེ་དོང་ཆེན་པོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་མེ་དོང་ཆེན་པོ་དེར་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་ཐོག་མར་བཞག་སྟེ། བཅོམ་ལྡན་འདས་ཀྱིས་མེ་དོང་དེར་ཞབས་གཡས་པ་གསེར་
གྱི་ཁ་དོག་ཅན་དེ་བཞག་མ་ཐག་ཏུ་མེ་དོང་དེའི་མེ་ཤི་བར་གྱུར་ཏེ་པད་མའི་རྫིང་བུར་གྱུར་ནས་བུང་བ་ཟི་ཟི་ཟེར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་གསེར་གྱི་ཁ་དོག་ཅན་མེ་དོང་དེར་བཞག་མ་ཐག་ཏུ་ལྷ་རྣམས་ལྷའི་ཙན་དན་གྱི་ཕྱེ་མ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར།
མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ལྷའི་མེ་ཏོག་མན་དཱ་ར་བ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ། །ལྷའི་རོལ་མོའི་སྒྲ་ཡང་
འབྱིན་ཏོ། །སིལ་སྙན་གྱི་སྒྲ་ཡང་འབྱིན་ཏོ། །དུང་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། ཁར་རྔ་ལ་སོགས་པའི་སྒྲ་ཡང་ཕྱུང་ངོ་། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་རྣམས་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་ཏེ། གསང་བསྟོད་ནས་སྒྲ་དྲག་པོ་དང་། སྒྲ་ཆེན་པོར་
ཧ་ཧ་ཞེས་བྱ་བ་དང་། ཧི་ཧི་ཞེས་བྱ་བ་དང་། ཅ་ཅོ་དང་ག་ཞ་འཐོན་ཏོ། །བཅོམ་ལྡན་འདས་ལ་གོས་ཀྱང་འཐོར་རོ། །དེའི་ཚེ་ཁྱིམ་བདག་དཔལ་སྦས་ནི་གཅེར་བུ་པ་ཉེ་དུའི་བུ་དང་ལྷན་ཅིག་ཏུ་ཁང་སྟེང་ན་འདུག་གོ། །ཁྱིམ་བདག་དཔལ་སྦས་ཀྱི་ཆུང་མ་ཁྱིམ་གྱི་ནང་ན་འདུག་པས་རྒྱལ་པོའི་ཁབ་ཏུ་

སྒྲ་དྲག་པོ་དང་། སྒྲ་ཆེན་པོ་ཕྱུང་བ་ཐོས་སོ། །ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར་སྒྲ་མཐོན་པོ་དང་། སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་བ་ལས་བཅོམ་ལྡན་འདས་མེ་དོང་ཆེན་པོ་དེར་ལྷུང་སྟེ་གྲོངས་པར་མ་གྱུར་གྲང་། བདེ་བར་
གཤེགས་པ་གྲོངས་པར་མ་གྱུར་གྲང་སྙམ་ནས་བསྒྲིམས་ཏེ་སྟོབས་གཏུགས་ནས་སྒོ་ཕྱེ་སྟེ། བང་ཐག་པར་སྒོ་ཁང་ག་ལ་བ་དེར་སོང་བ་དང་། ཁྱིམ་བདག་དཔལ་སྦས་ཀྱི་ཆུང་མ་དེས་མེ་དོང་དེའི་མེ་ཤི་སྟེ་པད་མའི་རྫིང་དུ་གྱུར་ནས་བུང་བ་ཟི་ཟི་ཟེར་བའི་པད་མ་ལ་བཅོམ་ལྡན་འདས་ཀྱི་
ཞབས་བཞག་སྟེ་དཔལ་སྦས་ཀྱི་ཁྱིམ་དུ་གཤེགས་པ་མཐོང་ངོ་། །མཐོང་ནས་དགའ་མགུ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཁྱིམ་བདག་དཔལ་སྦས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། ཁྱིམ་བདག་དཔལ་སྦས་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་བོ་
ཞུགས་དོང་གི་ཞུགས་གུམ་ནས་པད་མའི་རྫིང་བུར་གྱུར་ཏེ་བུང་བ་ཟི་ཟི་མཆི་བའི་པད་མ་ལ་བཅོམ་ལྡན་འདས་ཀྱི་ཞབས་བཞག་ནས་ཁྱོད་ཀྱི་ཁྱིམ་དུ་བྱོན་པ་ལ་གཟིགས་ཤིག །གཟིགས་ཤིག །དེ་ནས་ཁྱིམ་བདག་དཔལ་སྦས་འཇིགས། དངངས། སྐྲག་སྟེ་སྤུ་ཟིང་ཞེས་བྱེད་ནས་རིངས་
ཤིང་མྱུར་བར་ལ་གོར་དུ་ཁང་སྟེང་ནས་བབས་ཏེ་སྒོ་གང་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་བདག་གིས་ནོངས། བདེ་བར་གཤེགས་པ་བདག་གིས་ནོངས་ཏེ་སླར་
འཆགས་སོ། །བྱིས་པ་ཇི་ལྟ་བ་དང་། རྨོངས་པ་ཇི་ལྟ་བ་དང་། མི་མཁས་པ་ཇི་ལྟ་བ་བཞིན་དུ་བདག་མི་དགེ་བའི་བཤེས་གཉེན་དང་བསྟེན་པའི་དབང་གིས་བཅོམ་ལྡན་འདས་ལ་རྣམ་པ་འདི་ལྟ་བུ་བགྱི་བར་བསམས་ན། བཅོམ་ལྡན་འདས་བདག་ནོངས་པས་ནོངས་པ་ཅན་དུ་གཟུང་
དུ་གསོལ། སླན་ཆད་ཀྱང་སྡོམ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཁྱིམ་བདག་ཁྱོད་བྱིས་པ་ཇི་ལྟ་བ་དང་། རྨོངས་པ་ཇི་ལྟ་བ་དང་། མི་མཁས་པ་ཇི་ལྟ་བ་བཞིན་དུ་མི་དགེ་བའི་བཤེས་གཉེན་དང་བསྟེན་པའི་དབང་གིས་ཁྱོད་ཀྱིས་རྣམ་པ་འདི་ལྟ་བུ་འདི་བྱས་

པ་ཉེས་པས་ཉེས་པ་ཅན་དུ་རྟོགས་ཤིག །ཁྱིམ་བདག་ཁྱོད་གང་གི་ཚེ་ཉེས་པས་ཉེས་པ་ཅན་དུ་མཐོང་ལ། ཉེས་པས་ཉེས་པ་ཅན་དུ་མཐོང་ནས་འཆགས། མཐོལ། ཕྱིན་ཆད་ཀྱང་སྡོམ་ན་དེའི་ཕྱིར་ངས་ཁྱོད་ལ་ཉེས་པས་ཉེས་པ་ཅན་དུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་
བདག་ཆོས་འདུལ་བ་འདི་ལ་འདི་ནི་འཕེལ་བ་སྟེ། ཉེས་པས་ཉེས་པ་ཅན་དུ་མཐོང་ནས་འཆགས་ཤིང་མཐོལ་ཏེ་ཕྱིན་ཆད་ཀྱང་སྡོམ་པའོ། །ཁྱིམ་བདག་ཁྱོད་ལོངས། འདི་ལྟར་འདིར་སེམས་དད་པས་མཆོད་པ་བྱས་སོ། །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ནས་མདུན་དུ་བདར་ཏོ། །དེ་ནས་བཅོམ་ལྡན་འདས་སྟེང་གི་ཁང་བཟངས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་
གི་དགེ་འདུན་བཞུགས་པར་རིག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དོ། །ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བཅོམ་ལྡན་འདས་ཆུང་ཟད་ཅིག་གཞེས་སུ་གསོལ། བདག་གིས་བཅོམ་ལྡན་འདས་ཀྱི་སླད་དུ་བཤོས་གཙང་གཞན་བགྱིད་དུ་སྩལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་མི་དགེ་བའི་བཤེས་གཉེན་དང་བསྟེན་པའི་དབང་གིས་བདག་གིས་བཤོས་གཙང་ཅི་སྦྱར་བ་དེ་ཐམས་
ཅད་ཀྱི་ནང་དུ་དུག་དྲག་པོ་སྩལ་བས། དེས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་ཆུང་ཟད་གནོད་པར་འགྱུར་དུ་གློ་བ་ཆུད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་སྙམ་དུ་མ་སེམས་ཤིག །ཁྱིམ་བདག་ང་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་ཚེ་
ཡང་ལུས་ལ་དུག་གིས་མ་ཚུགས་ན། ད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་ལ་ཅི་སྨོས་ཏེ། ངའི་ལུས་ལ་དུག་གིས་ཚུགས་པར་འགྱུར་བ་འདི་ནི་གནས་མེད་དོ། །བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ན་ཇི་ལྟར་སྐུ་ལ་དུག་གིས་མ་ཚུགས་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ་ནས། བང་མཛོད་ཡོངས་སུ་གང་བའི་བར་དང་ལྡན་པ་ཞིག་བྱུང་ངོ་། །ཁྱིམ་བདག་རྒྱལ་པོ་ཚངས་པས་བྱིན་ལ་
བཙུན་མོ་དཔེ་མེད་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དོ། །བཙུན་མོ་དཔེ་མེད་ནི་རྒྱལ་པོ་ཚངས་པས་བྱིན་ལ་སྡུག་པ། མངོས་པ། ཕངས་པ། ཡིད་དུ་འོང་བ། འདོད་པ། བལྟ་བ་དང་འཐུན་པའོ། །
ཁྱིམ་བདག་དེའི་ཚེ་ན་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་འཁོར་ལྔ་བརྒྱ་དང་ལྡན་པ། ཡན་ལག་བཀྲ་བ། ལུས་བཀྲ་བ། རིན་པོ་ཆེའི་མཆུ་ཅན་ཞིག་གནས་ཏེ། དེ་གང་དང་གང་དུ་འགྲོ་ཡང་རྨ་བྱ་དེ་དག་ཐམས་ཅད་ཀྱི་ཐོག་མ་ཉིད་
ལ་འགྲོའོ། །དེའི་ཚེ་དུས་གཞན་ཞིག་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ནམ་ཕྱེད་ཀྱི་དུས་ནམ་གྱི་གུང་ཐུན་ལ་གྲོང་ཁྱེར་བཱ་རཱ་ཎ་སཱིའི་སྟེང་དུ་སྐད་ཕྱུང་སྟེ། སྐད་དེས་གྲོང་ཁྱེར་དེ་ཁྱབ་པར་གྲག་གོ། །དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་བཙུན་མོ་དཔེ་མེད་དང་ཁང་སྟེང་ན་འདུག་པར་གྱུར་
ཏོ། །དེ་ནས་བཙུན་མོ་དཔེ་མེད་ཀྱིས་སྒྲ་དེ་ཐོས་ནས་རྒྱལ་པོ་ཚངས་པས་བྱིན་དེ་ལ་དྲིས་པ། ལྷ་འདི་ལྟར་ཆགས་པར་བགྱིད་པ། འདི་ལྟར་འདོད་པར་བགྱིད་པ། འདི་ལྟར་དྲེགས་པར་བགྱིད་པ། འདི་ལྟར་ཞེན་པར་བགྱིད་པ། འདི་ལྟར་འཆིང་བར་བགྱིད་པ། འདི་ལྟར་དགའ་བར་
བགྱིད་པ། འདི་ལྟར་རོ་མྱང་བར་འོས་པ། འདི་ལྟར་སྙན་ཅིང་ཡིད་དུ་མཆི་ལ་མཉན་པར་འོས་པའི་སྒྲ་གདའ་བ་འདི་སུའི་ལགས། རྒྱལ་པོས་སྨྲས་པ། ལྷ་མོ་ངས་ཀྱང་མ་མཐོང་སྟེ། གཏམ་དུ་ཐོས་ན་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཡན་ལག་
བཀྲ་བ། ལུས་བཀྲ་བ། རིན་པོ་ཆེའི་མཆུ་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ། དེ་གང་དང་གང་དུ་འགྲོ་ཡང་རྨ་བྱ་དེ་དག་ཐམས་ཅད་ཀྱི་ཐོག་མ་ཉིད་ལ་འགྲོ་སྟེ་ལྷ་མོ་དེའི་སྒྲ་ནི་འདི་ལྟར་ཆགས་པར་བྱེད་པ། འདི་ལྟར་འདོད་པར་བྱེད་པ། འདི་ལྟར་དྲེགས་པར་བྱེད་པ། འདི་ལྟར་ཞེན་

པར་བྱེད་པ། འདི་ལྟར་འཆིང་བར་བྱེད་པ། འདི་ལྟར་དགའ་བར་བྱེད་པ། འདི་ལྟར་རོ་མྱང་བར་འོས་པ། འདི་ལྟར་སྙན་ཅིང་ཡིད་དུ་འོང་ལ་མཉན་པར་འོས་པར་གྲག་ཅེའོ། །བཙུན་མོ་དཔེ་མེད་ཀྱིས་སྨྲས་པ། ལྷ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་མྱུར་དུ་འདིར་བླང་བར་གསོལ།
རྒྱལ་པོ་ཚངས་པས་བྱིན་གྱིས་སྨྲས་པ། ལྷ་མོ་ནམ་མཁའ་ལ་རྒྱུ་བ་འདི་ལྟ་བུ་ངས་ཀྱང་མཐོང་བར་ག་ལ་ནུས། བཙུན་མོ་དཔེ་མེད་ཀྱིས་སྨྲས་པ། ལྷ་གལ་ཏེ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་མ་མཐོང་དུ་ལགས་ན་བདག་འགུམ་པར་འགྱུར་རོ། །རྒྱལ་པོ་ཚངས་པས་བྱིན་བཙུན་མོ་དཔེ་མེད་ལ་
ཀུན་ཏུ་ཆགས་པའི་སེམས་སུ་གྱུར་ཏེ། སེམས་ཞེན་པས་རྒྱལ་པོ་ཚངས་པས་བྱིན་གྱིས་སྨྲས་པ། ལྷ་མོ་ངས་རྔོན་པ་དང་བྱ་བ་དགྱེས་རེ་ཞིག་སྡོད་ཅིག །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྔོན་པ་དང་བྱ་བའི་མི་རྣམས་བོས་ཏེ་འདི་སྐད་སྨྲས་སོ། །མཆོག་རྣམས་རིའི་རྒྱལ་པོ་གངས་རིའི་ལྷོ་
ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཡན་ལག་བཀྲ་བ། ལུས་བཀྲ་བ། གསེར་གྱི་མཆུ་ཅན་ཞིག་གནས་ཞེས་གྲག་གིས། ཁྱེད་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་བྱ་རྒྱ་དང་རྙིས་ཟུང་ལ་འདིར་འོན་ཅིག །གལ་ཏེ་འདིར་བླང་ནུས་ན་དེ་ལྟ་ན་ནི་ལེགས་སོ། །ཇི་སྟེ་མི་
ནུས་ན་ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ། །དེ་ནས་རྔོན་པ་དང་བྱ་པའི་མི་རྣམས་སྲོག་གིས་འཇིགས་སྐྲག །འཆི་བས་འཇིགས་སྐྲག་སྟེ། བྱ་རྒྱ་དང་རྙི་རྣམས་ཐོགས་ནས་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་གང་ན་གནས་
པའི་ཕྱོགས་དེར་རྒྱ་བྲེས་རྙི་བཙུགས་པ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་གང་དང་གང་དུ་ལྟ་བ་དེ་དང་དེར་རྒྱ་རལ་རྙི་ཆད་དེ། ཕྱོགས་དེར་ཞག་བདུན་གྱི་བར་དུ་ཤ་ཐང་ཡང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་བྱ་རྒྱ་དང་རྙིས་གཟུང་བར་མ་ནུས་པ་དང་། རྨ་བྱའི་རྒྱལ་པོ་དེས་སྙིང་རྗེ་ཉེ་བར་བཞག་ནས་
རྔོན་པ་དང་བྱ་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཞོ་ཤས་འཚོ་བ་ཁྱེད་རྣམས་ཅིའི་ཕྱིར་ཕྱོགས་འདི་ན་ཤ་ཐང་ཞིང་འཁོད། དེ་དག་གིས་སྨྲས་པ། རྨ་བྱའི་རྒྱལ་པོ་ཤེས་པར་གྱིས་ཤིག །རྒྱལ་པོ་ཚངས་པས་བྱིན་དེས་བསྒོ་བ། མཆོག་རྣམས་ཤེས་པར་གྱིས་ཤིག །རིའི་རྒྱལ་པོ་གངས་རིའི་

ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཡན་ལག་བཀྲ་བ། ལུས་བཀྲ་བ། རིན་པོ་ཆེའི་མཆུ་ཅན། འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཀྱིས། དེ་ཁྱེད་ཀྱིས་བྱ་རྒྱ་དང་རྙིས་ཟུང་ལ་འདིར་འོན་ཅིག །གལ་ཏེ་འདིར་བླང་བར་ནུས་ན་ནི་ཤིན་ཏུ་ལེགས་སོ། །ཇི་སྟེ་མ་ནུས་ན་
ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ། །ཞེས་བསྒོ་སྟེ། བདག་ཅག་སྲོག་གིས་འཇིགས་སྐྲག་ནས་ཁྱོད་ཀྱི་ཕྱིར་འདི་ལྟ་བུར་འབད་པར་བྱེད་དོ། །རྨ་བྱའི་རྒྱལ་པོ་དེས་སྨྲས་པ། ཞོ་ཤས་འཚོ་བ་དག་ཁྱེད་ཀྱིས་རྙི་དང་བྱ་རྒྱས་ང་གཟུང་བ་ནི་མི་ནུས་སོ། །ཞོ་ཤས་འཚོ་བ་དག་གལ་ཏེ་རྒྱལ་པོ་ཚངས་པས་
བྱིན་ང་བལྟ་བར་འདོད་ན་གྲོང་ཁྱེར་བཱ་རཱ་ཎ་སཱིའི་ནང་ཤིན་ཏུ་ཕྱག་དར་བྱོས་ཏེ། སྤོས་ཆུས་ཆག་ཆག་ཐོབ་ལ་མེ་ཏོག་སིལ་མ་ཁྲོམ་སྟེ། གདུགས་དང་བ་དན་བྲེས་ཤིག །རྒྱལ་མཚན་སྒྲེང་ལ། པོག་ཕོར་ནས་བདུག་པས་བདུགས་ལ་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་གྱིས་ཏེ། ཞག་བདུན་གྱི་ཉིན་པར་དཔུང་
གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འདིར་ཤོག་ཤིག་དང་། ང་ཉིད་དེར་འགྲོ་བར་བྱའོ། །དེ་ལྟར་བྱའོ་ཞེས་ཏེ། རྔོན་པ་དང་བྱ་པའི་མི་དག་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བའི་ལྟར་མཉན་ནས་མཐར་གྱིས་གྲོང་ཁྱེར་བཱ་རཱ་ཎ་སཱི་དེར་རྒྱལ་པོ་ཚངས་པས་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་
ཚངས་པས་བྱིན་ལ་འདི་སྐད་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། བདག་ཅག་འདི་ནས་བྱ་རྒྱ་དང་རྙི་ཐོགས་ཏེ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ་དེར་མཆིས་པ་དང་། ཕྱོགས་གང་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་གནས་པའི་ཕྱོགས་དེར་རྙི་བཙུགས། རྒྱ་བྲེས་ན། རྨ་
བྱའི་རྒྱལ་པོ་གསེར་དུ་སྣང་བ་གང་དང་གང་དུ་ལྟ་བ་དེ་དང་དེར་རྒྱ་རལ་རྙི་ཆད་དེ། བདག་ཅག་ཕྱོགས་དེ་ན་དགུང་བདུན་གྱི་བར་དུ་ཤ་ཐང་ཡང་རྨ་བྱའི་རྒྱལ་པོ་དེ་རྒྱ་དང་རྙིས་བཟུང་བའི་རྔོ་མ་ཐོགས་པ་དང་། རྨ་བྱའི་རྒྱལ་པོ་དེས་སྙིང་རྗེ་ཉེ་བར་བཞག་སྟེ་བདག་ཅག་ལ་འདི་སྐད་ཅེས་མཆིའོ། །ཀྱེ་མི་དག་
ཅིའི་ཕྱིར་ཕྱོགས་འདི་ན་ཤ་ཐང་ཞིང་འཁོད། བདག་ཅག་གིས་སྨྲས་པ། རྨ་བྱའི་རྒྱལ་པོ་ཤེས་པར་གྱིས་ཤིག །རྒྱལ་པོ་ཚངས་པས་བྱིན་གྱིས་བདག་ཅག་ལ་བསྒོ་བ། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཡན་ལག་བཀྲ་བ། ལུས་བཀྲ་བ།

རིན་པོ་ཆེའི་མཆུ་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་དེ་གང་དང་གང་དུ་འགྲོ་བར་རྨ་བྱ་དེ་དག་ཐམས་ཅད་ཀྱི་དང་པོ་ལ་འགྲོ་བ་ཞིག་གནས་ཞེས་གྲག་གིས། ཁྱེད་ཀྱིས་བྱ་རྒྱ་དང་རྙིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཟུང་ལ་འོན་ཅིག །གལ་ཏེ་རྨ་བྱའི་རྒྱལ་པོ་དེ་འདིར་བླང་ནུས་ན་དེ་ལྟ་ན་ནི་
ལེགས་སོ། །ཇི་སྟེ་མ་ནུས་ན་ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ་ཞེས་བསྒོ་སྟེ། བདག་ཅག་སྲོག་གིས་འཇིགས་སྐྲག །འཆི་བས་འཇིགས་སྐྲག་ནས་ཁྱོད་ཀྱི་ཕྱིར་འདི་ལྟར་འབད་པར་བྱེད་དོ། །དེས་སྨྲས་པ། ཀྱེ་ཞོ་ཤས་འཚོ་བ་དག་ཁྱེད་ཀྱིས་བྱ་རྒྱ་དང་རྙིས་བཟུང་བར་ནི་མི་ནུས་སོ། །ཞོ་
ཤས་འཚོ་བ་དག་གལ་ཏེ་རྒྱལ་པོ་ཚངས་པས་བྱིན་ང་མཐོང་བར་འདོད་ན་གྲོང་ཁྱེར་བཱ་རཱ་ཎ་སཱིའི་ནང་ཤིན་ཏུ་ཕྱག་དར་བྱོས་ཏེ། སྤོས་ཆུས་ཆག་ཆག་ཐོབ་ལ་མེ་ཏོག་སིལ་མ་ཁྲོམ་སྟེ། གདུགས་དང་བ་དན་བྲེས་ཤིག །རྒྱལ་མཚན་སྒྲེང་ལ། པོག་ཕོར་ནས་བདུག་པས་བདུགས་ལ་རིན་པོ་ཆེ་
སྣ་བདུན་གྱི་ཤིང་རྟ་གྱིས་ཏེ། ཞག་བདུན་གྱི་ཉིན་པར་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འདིར་ཤོག་ཤིག་དང་། ང་ཉིད་དེར་འགྲོ་བར་བྱའོ་ཞེས་མཆིའོ། །དེ་ལྟར་བྱའོ་ཞེས་ཏེ་རྒྱལ་པོ་ཚངས་པས་བྱིན་གྱིས་རྔོན་པ་དང་བྱ་པ་དེ་དག་གི་ལྟར་མཉན་ནས། གྲོང་ཁྱེར་བཱ་རཱ་ཎ་སཱིའི་ནང་
ཤིན་ཏུ་ཕྱག་དར་བྱེད་དུ་བཅུག །སྤོས་ཆུས་ཆག་ཆག་འདེབས་སུ་བཅུག །མེ་ཏོག་སིལ་མ་འགྲེམས་སུ་བཅུག །གདུགས་དང་བ་དན་འབྲེར་བཅུག །རྒྱལ་མཚན་སྒྲེང་དུ་བཅུག །པོག་ཕོར་ནས་བདུག་པས་བདུག་ཏུ་བཅུག །རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་བྱེད་དུ་བཅུག་ནས་ཞག་བདུན་
འདས་པ་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་གྱོན་དུ་བཅུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བགོས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་དྲངས་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ་དེར་སོང་བ་དང་། རྨ་བྱའི་རྒྱལ་པོ་
གསེར་དུ་སྣང་བ་དེ་བདག་ཉིད་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ་སྐད་ཕྱུང་བ་དང་། དེའི་སྐད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱབ་པར་གྲག་ནས། རྒྱལ་པོ་ཚངས་པས་བྱིན་དགའ་མགུ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་རྨ་