Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ན་དང་མཐུན། །གླང་པོ་མཆོག་གི་རྣམ་འཕྲུལ་ཅི་འདྲ་ལྟོས། །དེ་ནི་འདོད་ཆགས་ཞེ་སྡང་གཏི་
མུག་ཅན། །འོན་ཀྱང་དེ་འདྲའི་རྫུ་འཕྲུལ་སྟོན་བྱེད་ན། །ཤེས་རབ་ཐབས་ཀྱི་སྟོབས་ལ་བྱང་གྱུར་རྣམས། །ཏིང་འཛིན་བརྒྱས་ཀྱང་ཇི་རོབ་འཕྲུལ་མི་བྱེད། །སྒྲ་གཅན་ཅི་དགའི་ཚུལ་དུ་ལུས་རྫུ་ན། །རྡོ་རྗེའི་གཞི་ལ་རྐང་པའི་མཐིལ་བོར་ཞིང་། །རྒྱ་མཚོའི་ཟབ་རིང་

ལྟེ་བར་ཕྱིན་ཙམ་བྱེད། །རི་རབ་རྩེ་དང་ཉིད་ཀྱི་མགོ་ཡང་སྙོམས། །དེ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཅན། །འོན་ཀྱང་དེ་འདྲའི་རྫུ་འཕྲུལ་སྟོན་བྱེད་ན། །འཇིག་རྟེན་སྒྲོན་མ་བདུད་རྣམས་ཡོངས་འདུལ་བ། །རྫུ་འཕྲུལ་མཐའ་ཡས་ཇི་རོབ་སྟོན་མི་བྱེད། །བསམ་
ཡས་བརྒྱ་བྱིན་འཕྲུལ་ལའང་ལྟོས་ཤིག་དང་། །ལྷ་དང་ལྷ་དབང་འཐབ་པར་གྱུར་པའི་ཚེ། །ལྷ་མིན་བྱེ་བ་འཕྱེས་པ་ཇི་སྙེད་པ། །དེ་སྙེད་བརྒྱ་བྱིན་རང་གི་ལུས་འཕྲུལ་བྱེད། །ལྷ་མིན་དབང་པོ་ལྷ་མིན་ཕལ་ཀུན་གྱིས། །བརྒྱ་བྱིན་རང་རང་མདུན་ན་འདུག་པར་ཤེས། །དེ་ནི་རྡོ་རྗེ་འཆང་བས་གཟུང་
འགྱུར་ཅེས། །ལྷ་མིན་དབང་པོ་ཀུན་ཀྱང་མགོ་རྨོངས་སོ། །འཇིགས་པའི་གཟུགས་ཀྱིས་མིག་སྟོང་རབ་བསྟན་ཏེ། །རྡོ་རྗེ་མེ་ལྕེ་འབར་བ་རབ་གཟས་ཤིང་། །ལུས་ལ་གོ་བགོས་གཟི་བརྗིད་ཐུབ་དཀའ་བའི། །བརྒྱ་བྱིན་མཐོང་ནས་ལྷ་མིན་དབང་པོ་འབྱེར། །དེའི་བསོད་ནམས་ཕལ་གྱི་
སྟོབས་དང་མཐུས། །ལྷ་རྒྱལ་དོན་དུ་རྣམ་པར་འཕྲུལ་བྱེད་ན། །འགྲོ་བ་མ་ལུས་ཀུན་གྱི་མགོན་གྱུར་པའི། །བསོད་ནམས་མི་ཟད་རྣམས་ཀོ་ཅིར་མི་འཕྲུལ། །ལྷ་རྣམས་བསྐུལ་བའི་ལྷ་རྫས་རྔ་ཡོད་པ། །ལྷ་ཡི་ལས་རྣམས་རྣམ་པར་སྨིན་པས་བྱུང་། །ལྷ་རྣམས་བག་མེད་སྤྱོད་
པར་ཤེས་གྱུར་ནས། །མཁའ་ལས་རྔ་ཡི་དབྱངས་ཀྱང་རབ་ཏུ་སྒྲོག །འདོད་པ་ཐམས་ཅད་མི་རྟག་མི་བརྟན་ཏེ། །འཇིག་ཅིང་མི་གནས་དབུ་བའི་རང་བཞིན་འདྲ། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་བཞིན། །སྲིད་པ་ཀུན་ཀྱང་རྨི་ལམ་སྤྲིན་གྱི་དངོས། །བག་མེད་ཐམས་ཅད་གཅུགས་ཅན་མྱ་
ངན་ལྡན། །ཚེམས་ཀྱི་ལམ་ཡིན་འཆི་མེད་ལམ་མ་ཡིན། །ཇི་སྙེད་བག་མེད་རྣམ་པར་སྤྱོད་པ་རྣམས། །བདུད་ཀྱི་ཆུ་སྲིན་ཆེན་པོས་ཟོས་པ་ཡིན། །ཡོངས་སུ་འཛིན་པ་ཐམས་ཅད་སྡུག་བསྔལ་རྩ། །སྐྱེ་བ་ཐམས་ཅད་འཕགས་པ་ཀུན་གྱིས་སྨད། །འདོད་པའི་ཡོན་ཏན་
མཐར་ཟད་རང་བཞིན་གྱིས། །ཆོས་ལ་མོས་པས་རྟག་ཏུ་དགའ་བར་གྱིས། །བརྒྱ་བྱིན་ལྷར་བཅས་རྔ་ཡིས་བསྐུལ་བྱས་ནས། །ཀུན་ཀྱང་ཆོས་བཟང་མདུན་སར་དོང་ཕྱིན་ཏེ། །ལྷ་མང་ཀུན་ལ་ཆོས་གཏམ་ཞི་བའི་རྣམས། །འདོད་ཆགས་བྲལ་དང་རྗེས་སུ་མཐུན་པ་

བརྗོད། །རྔ་རབ་དེ་ནི་གཟུགས་མེད་མི་མཐོང་ཡང་། །དོན་ཆེན་རྔ་ཡི་སྒྲ་ནི་སྒྲོག་བྱེད་ན། །བསམ་པའི་ཚུལ་བཞིན་གཟུགས་མང་སྟོན་བྱེད་པ། །འགྲོ་བ་ཀུན་གྱི་དོན་ཆེན་ཅིར་མྱི་བྱེད། །ལྷ་དང་ལྷ་མིན་འཐབ་པར་གྱུར་པའི་ཚེ། །ལྷ་ཡི་བསོད་ནམས་ཁྱད་པར་མཐུ་སྟོབས་ཀྱིས། །ལྷ་
རྣམས་བསྐུལ་བའི་ལྷ་རྫས་རྔ་ཡི་མཆོག །ལྷ་རྣམས་འཇིགས་ས་རེ་ཞེས་སྒྲ་ཡང་སྒྲོག །རྔས་བསྐུལ་ལྷ་རྣམས་ཡོངས་སུ་དགའ་བ་སྐྱེ། །འཇིགས་མེད་སྟོབས་དང་ཤིན་ཏུ་ལྡན་པར་འགྱུར། །ལྷ་མིན་དབང་པོ་འཇིགས་ཤིང་དངངས་གྱུར་ནས། །དེ་མ་ཐག་ཏུ་འཇིགས་ཤིང་ཀུན་ཏུ་
འབྱེར། །དེ་བཞིན་རྔ་འདྲ་འཇིགས་མེད་སྟོབས་པའི་རྣམས། །འགྲོ་བ་ཀུན་གྱི་མགོན་དང་དཔུང་གྱུར་ཏེ། །བདུད་དང་ཉོན་མོངས་བཅོམ་པའི་སྙིང་རྗེ་ཅན། །ཞི་བའི་སྒྲ་སྒྲོག་ཉོན་མོངས་རབ་ཏུ་སེལ། །དབང་པོའི་ལྷ་མོ་དགུ་བཅུ་རྩ་གཉིས་ཏེ། །དབང་པོའི་སྤྲུལ་པས་ཀུན་ཀྱང་དགའ་
བར་འགྱུར། །གཅིག་ཀྱང་བདག་དང་བརྒྱ་བྱིན་རྩེ་བར་ཤེས། །གཅིག་ལྟས་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་ཀྱང་དགའ་བར་གནས་སྣང་ཡང་། །ཆོས་བཟངས་འདུན་ས་ཀུན་ནའང་དེ་བཞིན་འདུག །ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་པར་ཡང་། །བརྒྱ་བྱིན་སྐད་ཅིག་
གཅིག་གིས་རྣམ་པར་འཕྲུལ། །བརྒྱ་བྱིན་འདོད་ཆགས་ཞེ་སྡང་གཏི་མུག་ཅན། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན། །འགྲོ་དོན་མི་སྐྱོ་སྤྱོད་པ་ཅིའི་ཕྱིར། །རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་དགར་མི་བྱེད། །བདུད་ཀྱི་དཀྲུགས་མ་འགྲོ་བའི་དབང་བསྒྱུར་བ། །དེ་ཡི་དབང་
དུ་སེམས་ཅན་འདི་ཀུན་འདོང་། །ལས་དང་ཉོན་མོངས་ཀུན་ཏུ་འཁྲི་ཞགས་ཀྱིས། །སོ་སོའི་སྐྱེ་བོ་བདུད་འཁྲུགས་དེས་ཀྱང་བཅིངས། །དེ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཅན། །འགྲོ་བ་མང་པོ་བདུད་ཀྱི་དབང་བྱེད་ན། །དབང་བཅུའི་དབང་ཐོབ་གྱུར་པ་ཇི་རོབ་སྟེ། །འགྲོ་བ་ཐམས་
ཅད་རང་གི་ཕྱོགས་མི་གཞོག །སྟོང་གསུམ་བདག་པོ་ཚངས་པ་ཆེན་པོ་ཡང་། །སྟོང་གསུམ་ཀུན་གྱི་ཚངས་པའི་གནས་རྣམས་ན། །མ་ལུས་ཀུན་ཏུ་འདུག་པར་རབ་ཏུ་སྣང་། །ཚངས་པའི་སྒྲ་དབྱངས་ཡིད་འོང་རྣམས་ཀྱང་སྒྲོག །དེ་ནི་འཇིག་རྟེན་པ་ཡི་ལམ་གྱིས་ནི། །བསམ་

གཏན་མངོན་པར་ཤེས་པས་རྣམ་པར་འཕྲུལ། །འཇིག་རྟེན་ཡོངས་འདས་བླ་ན་མེད་པ་ཡི། །བསམ་གཏན་རྣམ་ཐར་གནས་པ་ཅིར་མི་འཕྲུལ། །དབང་ཕྱུག་ཆེན་པོའི་ཡེ་ཤེས་རྣམ་འཕྲུལ་ལྟོས། །རྒྱ་མཚོར་སྤྲིན་གྱི་ཆར་རྣམས་རབ་བཀྱེ་
བ། །སྐད་ཅིག་གཅིག་གིས་ཐམས་ཅད་འགྲང་བ་བྱེད། །ཐིགས་འགའི་ཟེར་ཀྱང་མ་ལུས་ངེས་ཤེས་ན། །བསྐལ་པ་བསམ་གྱིས་མྱི་ཁྱབ་ཚུལ་བསླབས་ཏེ། །སངས་རྒྱས་ཡེ་ཤེས་བླ་ན་མེད་ཐོབ་རྣམས། །ཇི་རོབ་འགྲོ་བ་མ་ལུས་ཐམས་ཅད་ཀྱི། །སྐད་ཅིག་གཅིག་ལ་སེམས་བསམ་
ཤེས་མི་འགྱུར། །སེམས་ཅན་ལས་སྨིན་བསམ་གྱིས་མྱི་ཁྱབ་པས། །རླུང་ལས་འཇིག་རྟེན་ཐམས་ཅད་ཡོངས་སུ་བྱུང་། །རྒྱ་མཚོ་རི་དང་ལྷ་ཡི་གཞལ་མེད་དང་། །ས་བོན་རྣམས་མང་ཀུན་ཀྱང་དེ་ལས་བྱུང་། །རླུང་ལས་སྤྲིན་བྱུང་ཆར་པ་ཀུན་ཏུ་འབབ། །སྤྲིན་མང་ཞི་བར་
འགྱུར་བའང་རླུང་གིས་འགྱུར། །ལོ་ཏོག་རྣམ་པར་འཕེལ་བའང་རླུང་གིས་ཏེ། །འཇིག་རྟེན་ཀུན་ལ་རླུང་ནི་བདེ་བ་སྐྱེད། །དེ་ནི་ཕ་རོལ་ཕྱིན་ལ་མ་བསླབས་ཏེ། །སངས་རྒྱས་ཡོན་ཏན་རླུང་གིས་བསླབས་མིན་ནའང་། །འཇིག་རྟེན་རྣམ་གྲུབ་བསམ་ཡས་སྟོན་བྱེད་ན། །
རང་ཉམས་ཐོབ་པ་ཇི་རོབ་སྟོན་མི་བྱེད། །རྒྱ་མཚོའི་འབྲུག་སྒྲའི་སྤྲིན་གྱི་ཆུ་ཚོགས་ནི། །བྱ་སྐད་རྣམས་དང་ཇི་སྙེད་རི་དགས་སྐད། །ཁྱེའུ་དང་བུ་མོ་བུད་མེད་སྐྱེས་པའི་སྐད། །ཐམས་ཅད་སྐད་བཞིན་འགྲོ་ལ་རྣམ་པར་སྒྲོག །དེ་བཞིན་སྒྲ་བརྙན་རང་བཞིན་སྒྲ་ཤེས་
ནས། །བསྒྲིབས་པ་མེད་པའི་སྤོབས་པ་རབ་ལྡན་པས། །འགྲོ་བ་ཀུན་ཏུ་སྒྲ་བརྙན་བརྗོད་བྱས་ཤིང་། །འཇིག་རྟེན་ཐམས་ཅད་ཡིད་འོང་སྒྲས་ཚིམ་བྱེད། །རྒྱ་མཚོ་འདི་ལ་ངོ་མཚར་རྨད་ཀྱི་ཆོས། །འགྲོ་བ་ཐམས་ཅད་རྒྱ་དང་མཉམ་སྣང་ཞིང་། །ཆུ་དང་འབྱུང་པོ་རིན་ཆེན་ཡོངས་མི་
ཟད། །ཆུ་རྣམས་བཟུང་བས་ཡོངས་སུ་ངོམས་པ་མེད། །དེ་བཞིན་དེ་དག་འགྲོ་ཀུན་རྒྱར་སྩལ་ཏེ། །བསོད་ནམས་བསམ་གཏན་རྣམ་ཐར་ཟད་མི་ཤེས། །ཤེས་རབ་ཡེ་ཤེས་ཡོན་ཏན་དེ་བཞིན་ཀུན། །བསོད་ནམས་ཡོན་ཏན་ཚོགས་ཀྱིས་ངོམས་པ་མེད། །རྒྱ་མཚོའི་ཀླུ་ནི་རྣམ་

པར་རྩེ་བྱེད་ན། །ས་ཡི་གཞི་ནས་དབང་སྒྱུར་གནས་ཀྱི་བར། །གླིང་བཞི་བཅས་པར་སྤྲིན་ཆེན་རྒྱས་པར་འགེངས། །དེ་དག་ཀུན་ཀྱང་རྒྱན་མང་སྣ་ཚོགས་ལྡན། །དེ་ནི་དབང་བསྒྱུར་གནས་སུ་འཛམ་བུ་ཆུ་ཀླུང་གི །གསེར་གྱི་མདོག་དུ་སྤྲིན་མང་རྣམ་པར་བསྒྲུབས། །འཕྲུལ་དགའ་མུ་
ཏིག་དམར་པོའི་མདོག་ལྟ་བུ། །དགའ་ལྡན་གནས་སུ་ཁ་བ་བ་མོའི་མདོག །མཚེ་མར་མཐོན་ཏིང་བཻ་ཌྰུཪྻ་ཡི་མདོག །སུམ་ཅུ་གསུམ་དུ་ཨ་སྨ་གར་བྷ་འདྲ། །རྒྱལ་ཆེན་གནས་སུ་ཤེལ་གྱི་མདོག་ལྟ་བུ། །རྡོ་རྗེ་མི་ཕྱེད་སྲ་མདོག་རྒྱ་མཚོར་རོ། །མི་ཡི་གནས་སུ་སྤོས་མཆོག་འདྲེས་
པར་ཏེ། །ཀླུ་ཡི་གནས་སུ་པད་མོའི་མདོག་ལྟ་བུ། །གནོད་སྦྱིན་གནས་སུ་ངང་པ་ཆུ་སྐྱར་མདོག །རི་ཡི་མདོག་ཏུ་ལྷ་མིན་གནས་སུའོ། །བྱང་དུ་གསེར་གྱི་ཁ་དོག་འོད་སྟོན་ཏེ། །གླིང་རྣམས་གཞན་དུའང་སྣ་ཚོགས་རྒྱན་དུ་སྟོན། །འཛམ་བུའི་གླིང་དུ་རི་གནག་འདྲ་བར་ཏེ། །སྤྲིན་རྣམས་
གང་རྣམས་ཇི་ལྟར་གྲུབ་པ་བཞིན། །དབང་སྒྱུར་གནས་སུ་གསེར་གྱི་སྤྲིན་བསྟན་ནས། །ཉི་མའི་མདོག་འདྲ་གློག་ཀྱང་རབ་ཏུ་འགྱེད། །འཕྲུལ་དགའི་གནས་སུ་ཟླ་འོད་བཟང་འདྲ་དང་། །དགའ་ལྡན་གནས་སུ་འཛམ་བུའི་གསེར་མདོག་སྟོན། །ཁ་བ་བ་མོའི་མདོག་ཏུ་མཚེ་མར་
ཏེ། །སུམ་ཅུ་རྩ་གསུམ་གནས་སུ་གསེར་མདོག་ཏུ། །རྒྱལ་ཆེན་གནས་སུ་དཔལ་གྱི་སྙིང་པོའི་མདོག །མུ་ཏིག་དམར་པོའི་མདོག་ཏུ་རྒྱ་མཚོར་རོ། །མྱི་ཅིའི་གནས་སུ་མཐོན་ཏིང་བཻ་ཌྰུཪྻ། །ཀླུ་ཡི་གནས་སུ་དཔལ་གྱི་སྙིང་པོའི་མདོག །གནོད་སྦྱིན་གནས་སུ་ཤེལ་གྱི་ཁ་དོག་
སྟེ། །ཨ་སྨའི་མདོག་དུ་ལྷ་མིན་གནས་སུའོ། །བྱང་དུ་ངང་གིས་སྣང་བའི་རིན་ཆེན་མདོག །གླིང་རྣམས་གཞན་དུའང་རྣམ་ཕྱེ་གཞན་དང་གཞན། །འཛམ་བུའི་གླིང་དུ་འོད་འཕྲོ་ཨནྡ་རྙིལ། །སྤྲིན་གྱི་མཚན་ཉིད་ཚུལ་མཐུན་ཀློག་ཀྱང་འགྱེད། །དེ་ནི་ཚངས་པའི་དབང་སྒྱུར་གནས་
སུ་ཚངས་དབྱངས་སུ། །འབྲུག་སྒྲ་སྒྲོག་བྱེད་འཕྲུལ་དགར་རྔ་ཡི་དབྱངས། །རོལ་མོའི་སྒྲར་ཡང་དགའ་ལྡན་གནས་སུ་སྟེ། །ལྷ་མོའི་དབྱངས་སུ་མཚེ་མ་དག་ཏུའོ། །སུམ་ཅུ་གསུམ་དུ་མི་ཅིའི་སྐད་དུ་སྟེ། །རྒྱལ་ཆེན་གནས་སུ་དྲི་ཟའི་སྐད་དུའོ། །རི་འཐབ་དབྱངས་

སུ་རྒྱ་མཚོ་ཀུན་ཏུ་སྟེ། །མི་འམ་ཅིའི་གནས་སུ་གླིང་བུའི་སྒྲ། །ཀླུ་ཡི་གནས་སུ་ཐལ་མོ་བརྡབས་པའི་སྒྲ། །གནོད་སྦྱིན་གནས་སུ་ཀླུ་ཡི་བུ་མོའི་སྒྲ། །ལྷ་མིན་གནས་སུ་ལྷ་རྫས་རྔ་ཡི་སྒྲ། །རྒྱ་མཚོའི་ཤུགས་སྒྲས་མི་ཡི་གནས་
སུའོ། །དབང་བསྒྱུར་གནས་སུ་ལྷ་རྫས་བསུང་ཞིམ་པའི། །མེ་ཏོག་སྣ་ཚོགས་རྒྱན་མང་ཆར་ཡང་འབེབས། །ཟླ་བ་བཟང་པོའི་འོད་འདྲ་འཕྲུལ་དགར་ཏེ། །མེ་ཏོག་མནྡ་ར་བའི་ཕྲེང་ཆར་འབེབས། །དགའ་ལྡན་གནས་སུ་རིན་ཆེན་ཆེན་པོའི་ཆར། །རྒྱན་གྱི་
དམ་པ་རིན་ཆེན་སྣ་ཚོགས་དང་། །གཙུག་གི་རིན་ཆེན་ཟླ་བ་འདྲ་བ་དང་། །གསེར་འོད་བཟང་པོའི་ཆར་པ་རབ་ཏུ་འབེབས། །རྒྱལ་མཚན་གདུགས་དང་བ་དན་བཟང་པོ་དང་། །ཕྲེང་བ་བྱུག་པ་རྒྱན་གྱི་དམ་པ་དང་། །མུ་ཏིག་དམར་པོ་ལ་ལྟར་
བཏགས་མདོག་ཏུ། །རོལ་མོ་ཡིད་འོང་ཆར་པ་མཚེ་མར་འབེབས། །སུམ་ཅུ་གསུམ་དུ་རིན་ཆེན་སྣ་ཚོགས་ཏེ། །ཙན་དན་དམ་པའི་སྤོས་དང་ཨ་ག་རུ། །གུར་གུམ་གེ་སར་ལྷ་རྫས་ཏ་མ་ལ། །སྤོས་ཆུའི་རྒྱན་དང་མེ་ཏོག་འདྲེས་པར་འབེབས། །ཉམ་དུ་འགྱུར་བའི་
ཁ་ཟས་སྐོམ་གྱི་རྣམས། །ཁ་དོག་དྲི་ཞིམ་རོ་དང་ལྡན་པ་དང་། །དེ་མིན་རིན་ཆེན་ཆར་འབབ་བསམ་ཡས་ཀྱང་། །རྒྱལ་ཆེན་བཞི་ཡི་གནས་སུ་ཀླུ་དབང་འབེབས། །དེ་ནི་རྒྱ་མཚོ་ཆེན་པོར་རྒྱུན་ཏུ་ཡང་། །ཆར་རྒྱུན་རྒྱུན་མི་འཆད་པ་གཉའ་ཤིང་ཙམ། །མི་ཟད་རིན་ཆེན་
ཤིན་ཏུ་རྣམ་རྒྱལ་བའི། །རིན་ཆེན་ཆར་ནི་མཐའ་ཡས་རྒྱུན་ཏུ་འབབ། །མི་ཅིའི་གནས་སུ་ཕྲེང་བ་སྣ་ཚོགས་དང་། །པདྨོ་ཨུཏྤལ་དངོས་དང་རིན་ཆེན་དང་། །མེ་ཏོག་པར་ཤི་མ་ལའི་ཕྱེ་མ་སྤོས། །པི་ཝང་རྔ་དང་གླིང་བུ་སྙན་པར་རོ། །ཀླུ་ཡི་གནས་སུ་མུ་ཏིག་དམར་པོ་
སྟེ། །གནོད་སྦྱིན་གནས་སུ་རིན་ཆེན་དང་སྣང་བ། །ལྷ་མིན་གནས་སུ་རལ་གྲི་མདེའུ་ཐུང་མདུང་། །དགྲ་འདུལ་གཞུ་དང་སྟེའུ་ཀའི་ཆར་འབེབས་སོ། །བྱང་དུ་དེ་ནི་ཕྲེང་བ་རིན་ཆེན་དང་། །མེ་ཏོག་པར་ཤི་མ་ལི་ཙམ་པ་ཀའི། །ཕྲེང་བ་བཟང་པོ་ཀུན་རན་མུག་ཏ་ཀ། །གླིང་རྣམས་

གཞན་དུའང་ཆར་པ་སྣ་ཚོགས་སོ། །འཛམ་བུའི་གླིང་དུ་ཆུ་འདོང་རབ་གསལ་གྱི། །ཆར་རྣམས་སྣ་ཚོགས་ཤིན་ཏུ་ཕྲ་བར་འབེབས། །མེ་ཏོག་འབྲས་བུ་སྨན་དང་སྤོས་དང་ཤིང་། །ལོ་ལས་དེ་བཞིན་འཇིག་རྟེན་བདེ་འཕེལ་བྱེད། །དེ་ལྟར་སྤྲིན་རྣམས་བསམ་གྱིས་མྱི་ཁྱབ་དང་། །
གློག་དང་འབྲུག་དང་ཆར་པ་རྣམས་བྱེད་ཀྱང་། །ཁྱིམ་ནས་མི་གཡོ་རྣམ་པར་རྟོག་པ་མེད། །ཀླུ་ཡི་འཕྲུལ་ཡང་དེ་ལྟར་བསམ་མི་ཁྱབ། །དེ་ལྟར་ཆུ་ཡི་རྒྱ་མཚོ་གནས་པ་ཡང་། །ཀླུ་ཡི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །ཆོས་ཀྱི་རྒྱ་མཚོར་ཞུགས་པའི་ཡོན་ཏན་བདག །
མཐའ་ཡས་རྣམ་འཕྲུལ་མང་པོར་ཅིར་མི་སྟོན། །དཔེར་བྱ་དེ་དག་ཀུན་གྱིས་མགོ་སྨོས་ཙམ། །སྐྱེས་བུ་དེ་དག་བརྗོད་བྱས་ཡངས་པ་སྟེ། །དཔའ་བོ་དེ་དག་དཔེ་དང་རྣམ་པར་བྲལ། །དེ་དག་དེ་འདྲའི་རྣམ་ཐར་དབང་སྒྱུར་རོ། །མཐའ་ཡས་བློ་གྲོས་ཡངས་པའི་བློ་གྲོས་ཅན། །མ་ནོར་བློ་
གྲོས་མཐའ་ཡས་བློ་གྲོས་ཅན། །ཡེ་ཤེས་མཆོག་དང་ཁྱད་པར་བློ་ལྡན་པའི། །རྣམ་ཐར་དམ་པ་དེ་འདྲའི་ཚུལ་དུ་བཤད། །གང་གིས་རྣམ་ཐར་འདི་དག་ཐོས་གྱུར་ནས། །ཡིད་ཆེས་འཛིན་ཅིང་འཇིག་རྟེན་སྒྲོག་པ་ནི། །ངོ་མཚར་རྨད་ཀྱི་ཆོས་དང་དེ་ལྡན་ཏེ། །མི་ཡུལ་ཀུན་ན་དེ་ནི་དགའ་བ་
བྱེད། །འདི་འདྲའི་ཆོས་ལ་ཡིད་ཆེས་དད་བྱེད་པ། །སོ་སོའི་སྐྱེ་བོའི་ཚོགས་ནའང་ཤིན་ཏུ་དཀོན། །དགེ་བསྩགས་བསོད་ནམས་བྱས་པ་དེ་དག་ནི། །རྒྱུ་ཡི་སྟོབས་ཀྱིས་འདི་ལ་ཡིད་ཆེས་འགྱུར། །གང་རྣམས་ཉན་ཐོས་ཐེག་ལའང་ཡིད་ཆེས་པའི། །མི་རྣམས་འཇིག་རྟེན་ཀུན་ན་དཀོན་པ་སྟེ། །
དེ་བས་རང་རྒྱལ་ཐེག་ལ་དད་པ་དཀོན། །ཐེག་ཆེན་དད་བྱེད་དེ་བས་ཤིན་ཏུ་དཀོན། །ཐེག་ཆེན་འདི་ལ་ཞུགས་པ་མེད་པ་སྟེ། །འདི་འདྲའི་ཆོས་ལ་དད་པ་ཤིན་ཏུ་དཀོན། །འཛིན་ཅིང་སྤེལ་བྱེད་སྨོས་ཀྱང་ཅི་དགོས་ཏེ། །ཡང་དག་མ་ནོར་འཇུག་པ་སྨོས་ཅི་དགོས། །ལ་ལ་སྟོང་གསུམ་
རི་དང་རྒྱ་མཚོར་བཅས། །བསྐལ་པར་འཛིན་ཅིང་མགོ་ལ་ཁྱེར་བྱེད་ནའང་། །འདི་འདྲའི་ཆོས་ལ་དད་པར་བྱེད་པ་ལས། །དེ་འདྲ་དཀའ་བར་རྩི་བ་མ་ཡིན་ནོ། །ལ་ལས་སྟོང་གསུམ་རྡུལ་སྙེད་སེམས་ཅན་རྣམས། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ནའང་། །

འདི་འདྲའི་ཆོས་ལ་ཡིད་ཆེས་དད་བྱེད་པའི། །བསོད་ནམས་ཅི་འདྲ་ཐོབ་པ་དེ་ལ་མིན། །ལ་ལ་ཞིང་བཅུ་རི་དང་མཚོར་བཅས་པ། །ལག་པའི་མཐིལ་གྱིས་ནམ་མཁའི་དབྱིངས་འཛིན་ཀྱང་། །འདི་འདྲའི་ཆོས་ལ་ཡིད་ཆེས་དད་བྱེད་པའི། །
དཀའ་བ་དེ་འདྲ་དེ་ལ་ཡོད་པ་མིན། །ལ་ལས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །འདི་འདྲའི་ཆོས་ལ་ཡིད་ཆེས་དད་བྱེད་པའི། །བསོད་ནམས་ཅི་འདྲ་དེ་འདྲ་དེ་ལ་མིན། །ལ་ལས་ཞིང་བཅུའི་རྡུལ་སྙེད་སངས་རྒྱས་རྣམས། །
བསྐལ་པར་བདེ་བ་ཀུན་གྱིས་བསྙེན་བཀུར་ཏེ། །ལ་ལས་ལེའུ་འདི་ཡོངས་སུ་བཟུང་བྱས་ན། །བསོད་ནམས་འདི་ནི་དེ་ལས་ཁྱད་པར་འཕགས། །རྣམ་ཐར་དེ་དག་ཡོངས་སུ་བསྟན་པའི་ཚེ། །ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གཡོས་པར་འགྱུར། །ལྷ་དང་
བདུད་ཀྱི་གནས་རྣམས་ཟིལ་གྱིས་མནན། །འོད་མང་བཀྱེ་བས་ངན་སོང་རབ་ཏུ་ཞི། །ཕྱོགས་བཅུ་ཀུན་གྱི་མི་ཡི་སེང་གེ་རྣམས། །ཐམས་ཅད་ཀུན་གྱིས་མངོན་པར་ཞལ་བསྟན་ཏེ། །ཕྱག་བརྐྱང་མཐའ་ཡས་ཡོན་ཏན་མང་བདོག་པ། །བཟང་པོའི་དཔལ་གྱི་མགོ་ལ་བཞག་
པར་གྱུར། །ཕྱག་གི་མཐིལ་གྱིས་མགོ་ལ་བྱུག་མཛད་དེ། །སངས་རྒྱས་དེ་དག་ཀུན་གྱིས་གསུང་བརྗོད་པ། །རྣམ་ཐར་འདི་དག་ཁྱོད་ཀྱིས་ལེགས་བཤད་ཀྱིས། །ལེགས་པར་བསྟན་ལ་རྗེས་སུ་ངེད་དགྱེས་སོ། །བཟང་པོའི་དཔལ་གྱི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་
པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དགུ་པ། དེ་ནས་སངས་རྒྱས་ཀྱི་མཐུས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་།
བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། །ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གླིང་བཞི་པ་འདི་

ལ་སོགས་པ་གླིང་བཞི་པ་རེ་རེ་ན་ཡང་། དེ་བཞིན་གཤེགས་པ་དེ་དག་དེ་བཞིན་དུ་བཞུགས་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆོས་སྟོན་ཅིང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ན་འཁོད་པར་ཡང་སོ་སོ་ནས་ཤེས་
ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་མ་བརྟུལ་བར་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་རི་རབ་ཀྱི་རྩེ་མོའི་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་པ་རྣམ་པར་རྒྱལ་བ་ག་ལ་བ་དེར་གཤེགས་པར་སྣང་ངོ་། །ཇི་ལྟར་བཅོམ་ལྡན་འདས་གླིང་བཞི་པ་འདིའི།
རི་རབ་ཀྱི་རྩེ་མོར་གཤེགས་པར་སྣང་བ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དག་གི་རི་རབ་ཀྱི་རྩེ་མོར་གཤེགས་པར་སྣང་སྟེ། བྱིན་གྱི་རླབས་སྔ་མ་དག་ཀྱང་མ་ཉམས་པར་སྣང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་རྣམ་
པར་རྒྱལ་བའི་ཁང་པ་ལོགས་སུ་མངོན་པར་གཤེགས་པ་རྒྱང་རིང་པོ་ནས་མཐོང་ནས་རྣམ་པར་རྒྱལ་བའི་ཁང་པའི་ནང་དུ་རིངས་པའི་གཟུགས་སུ་རྫུ་འཕྲུལ་གྱི་རང་བཞིན་སེང་གེའི་གདན་ཕྱོགས་རྣམ་པར་སྣང་བའི་སྙིང་པོ་ཅན་པོག་རེ་སྟོང་ཕྲག་བཅུས་བརྒྱན་པ། གསེར་གྱི་དྲ་བ་སྟོང་
ཕྲག་བཅུ་ཀུན་ཏུ་བྲེས་པ། གནམ་ཡོལ་སྟོང་ཕྲག་བཅུས་བླ་རེར་བྲེས་པ། གདུགས་སྟོང་ཕྲག་བཅུ་ཤིན་ཏུ་བཟུང་བ་དར་གྱི་ལྡ་ལྡི་སྟོང་ཕྲག་བཅུ་རབ་ཏུ་སྤྱངས་པ། མུ་ཏིག་གི་སེ་མོ་དོ་སྟོང་ཕྲག་བཅུ་དགའ་དགའ་ལྟར་བྱས་པ། གོས་སྟོང་ཕྲག་བཅུས་མངོན་པར་བཀབ་
པ། ལྷའི་བུ་མོ་སྟོང་ཕྲག་བཅུས་མདུན་དུ་བྱས་པ། ཚངས་པ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་བ། འོད་ཟེར་སྟོང་ཕྲག་བཅུས་ཤིན་ཏུ་སྣང་བར་གྱུར་པ། བཅོམ་ལྡན་འདས་ཀྱི་གདན་དུ་བཤམས་སོ། །ཇི་ལྟར་གླིང་བཞི་པ་འདིའི་རི་རབ་ཀྱི་རྩེ་མོར་ལྷའི་དབང་པོའི་ཁང་པ་རྣམ་པར་རྒྱལ་བར་ལྷའི་དབང་
པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པའི་གདན་བཤམས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རི་རབ་ཀྱི་རྩེ་མོ་དག་ཏུ་འང་ལྷའི་དབང་པོ་བརྒྱ་བྱིན་དག་གིས་དེ་བཞིན་གཤེགས་པའི་གདན་དག་ཚུལ་དེ་འདྲ་བ་དང་རྒྱན་དེ་འདྲ་བར་བཤམས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་

བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་བཅས་ནས། ཞེ་ས་དང་རིམ་གྲོ་ཆེན་པོས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་སུ་གསོལ། །བདེ་
བར་གཤེགས་པ་གཤེགས་སུ་གསོལ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་སམ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱན་དྲངས་ནས། རྣམ་པར་རྒྱལ་བའི་ཁང་པར་གཤེགས་སོ། །
དེ་ལྟར་བཅོམ་ལྡན་འདས་གཤེགས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷའི་ཁང་པ་དག་ཏུའང་གཤེགས་པར་སྣང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ཀྱི་མཐུས་སུམ་ཅུ་རྩ་གསུམ་གྱི་ཁང་པ་ཐམས་ཅད་དུ་གླུ་དང་རོལ་མོ་དང་། སིལ་སྙན་བརྒྱ་
ཕྲག་མང་པོ་དག་བཏང་སྟེ། ཞི་བར་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྔ་མ་དག་ལས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་རྗེས་སུ་དྲན་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཐུགས་རྗེ་ཆེན་པོ་མངའ་བ་འོད་སྲུངས་རིགས་
སྐྱེས་པ། །རྣམ་པར་རྒྱལ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །གསེར་ཐུབ་བསྒྲིབས་པ་མེད་པར་རབ་ཏུ་གཟིགས་པ་དེ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་
གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བསོད་སྐྱབས་གསེར་གྱི་རི་བོ་འབར་བ་འདྲ་བ་དེ། །རྩེ་མོ་མཆོག་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཐམས་ཅད་མངའ་བ་དགྲ་བཅོམ་དྲི་མ་གསུམ་སེལ་བ། །
མཛོད་སྤུའི་རྩེ་མོར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་གཙུག་ཏོར་དགོངས་པ་ཟིལ་གྱིས་མི་ནོན་པ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་

གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །རྣམ་པར་གཟིགས་པ་སྐྱེས་བུའི་ཟླ་བ་མི་ཡི་མགོན། །རིན་ཆེན་རྒྱན་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཤིན་ཏུ་རྒྱས་པ་དོན་དམ་མཁས་ཤིང་བརྟན་པ་དེ། །
མ་ལ་ཡའི་རྩེ་མོར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་སྟོན་མཆོག་ཐོགས་པ་མི་མངའ་བ། །དྲི་མེད་ཟླ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་
དམ་པ་གང་ཞིག་གིས། །གྲགས་པ་དྲི་མ་མེད་པ་མགོན་པོ་པདྨོའི་བླ། །དྲི་མ་མེད་པར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་མར་མེ་མཛད་པ་འོད་སྣང་མངའ་བ་དེ། །འོད་ཟེར་དྲ་བར་གཤེགས་
གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ཀྱི་མཐུས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུའི་རྒྱལ་བ་གཤེགས་པ་གླུར་བླངས་ཏེ་ཚིགས་སུ་བཅད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་སངས་རྒྱས་ཀྱི་
མཐུས་ལྷའི་དབང་པོ་རྣམས་དེ་བཞིན་གཤེགས་པའི་མཚན་གཞན་དང་གཞན་གྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅུའི་རྒྱལ་བ་གཤེགས་པ་དག་གླུར་ལེན་ཅིང་ཚིགས་སུ་བཅད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་རྒྱལ་བའི་ཁང་པར་གཤེགས་ནས་སྐྱིལ་མོ་ཀྲུང་བཅས་
ཏེ་བཞུགས་སོ། །བཅོམ་ལྡན་འདས་ཇི་ལྟར་བཞུགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་དེ་བཞིན་གཤེགས་པ་དག་གདན་དེ་དག་ལ་བཞུགས་པར་སྣང་ངོ་། །བཅོམ་ལྡན་འདས་དེ་ལྟར་བཞུགས་མ་ཐག་ཏུ་དེའི་ཚེ་སངས་རྒྱས་ཀྱི་མཐུས། རྣམ་པར་རྒྱལ་བའི་
ཁང་པ་དེ་ཡང་སུམ་ཅུ་རྩ་གསུམ་ཐམས་ཅད་ཀྱི་ཁང་པ་དང་། ལྷའི་རིས་ཙམ་དུ་ཆེ་བར་སྣང་བར་གྱུར་ཏེ། འདི་ན་ཇི་ལྟ་བ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ནའང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་རི་རབ་ཀྱི་རྩེར་གཤེགས་པའི་ལེའུ་སྟེ། བཅྭོ་བརྒྱད་པའོ།། །།

དེ་ནས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས་འོངས་པ་ཤ་སྟག་སྟེ། བྱང་
ཆུབ་སེམས་དཔའ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་ཆོས་ཀྱི་བློ་གྲོས་དང་། ཐམས་ཅད་བློ་གྲོས་དང་།
དཔལ་གྱི་བློ་གྲོས་དང་། ཡོན་ཏན་བློ་གྲོས་དང་། བརྩོན་འགྲུས་བློ་གྲོས་དང་། དགེ་བའི་བློ་གྲོས་དང་། ཡེ་ཤེས་བློ་གྲོས་དང་། བདེན་པའི་བློ་གྲོས་དང་། མཆོག་གི་བློ་གྲོས་དང་། དམ་པའི་བློ་གྲོས་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་
ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་དབང་པོའི་མེ་ཏོག་དང་། པད་མོའི་མེ་ཏོག་དང་། རིན་པོ་ཆེའི་མེ་ཏོག་དང་། ཨུཏྤ་ལའི་མེ་ཏོག་དང་། རྡོ་རྗེའི་མེ་ཏོག་དང་། སྤོས་ཀྱི་མེ་ཏོག་དང་། ཡིད་དུ་འོང་བའི་མེ་ཏོག་དང་། འོད་ཟེར་གྱི་མེ་ཏོག་དང་། ལྡུམ་
བུའི་མེ་ཏོག་དང་། ནམ་མཁའི་མེ་ཏོག་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པར་སྤྱོད་པ་དག་སྟེ། འདི་ལྟར་ཟླ་བ་གཞན་མ་ཡིན་པ་དང་། ཟླ་བ་མ་ཉམས་པ་དང་། ཟླ་བ་མི་གཡོ་བ་དང་།
ཟླ་བ་མི་སྒུལ་བ་དང་། ཟླ་བ་ཆུའི་ལྷ་དང་། ཟླ་བ་ཐོགས་པ་མེད་པ་དང་། ཟླ་བའི་འོད་ཟེར་དང་། ཟླ་བ་རྡུལ་མེད་པ་དང་། ཟླ་བ་རྣམ་པར་གྲུབ་པ་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། སངས་རྒྱས་ཀྱི་མཐུས་
ཕྱོགས་བཅུར་རྒྱས་པར་བཀང་ནས་གང་ནས་འོངས་པའི་ཕྱོགས་སུ་བརྟེན་ཏེ། སེང་གེའི་ཁྲི་རྣམ་པར་སྣང་བའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་འདིའི་རི་རབ་ཀྱི་རྩེ་མོ་ལ་བྱང་ཆུབ་སེམས་དཔའ་རྣམས་

ལྷགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཐམས་ཅད་དང་ལྷའི་དབང་པོའི་ཁང་པ་ཀུན་ན་ཡང་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་མིང་དེ་སྐད་ཅེས་བྱ་བ་ཤ་སྟག་གོ །འཇིག་རྟེན་གྱི་ཁམས་ཀྱང་དེ་སྐད་ཅེས་བྱ་བ་ནས་འོངས་པ་ཤ་སྟག་གོ །དེ་བཞིན་
གཤེགས་པ་ཡང་མཚན་དེ་སྐད་ཅེས་བྱ་བའི་ཞམ་རིང་ན་ཚངས་པར་སྤྱོད་པ་ཤ་སྟག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་ཀྱི་མཐེ་བོ་གཉིས་ནས་འོད་ཟེར་བྱེ་བ་ཕྲག་སྟོང་བཀྱེ་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་
བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་གླིང་བཞི་པ་ཐམས་ཅད་དང་། རི་རབ་ཀྱི་རྩེ་མོ་ཐམས་ཅད་ན་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡོད་པ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །དེ་ནས་བྱང་
ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྣང་བ་དྲི་མ་མེད་ལ་ལྟོས། །རི་རབ་རྩེ་མོ་ཐམས་ཅད་ལ། །མགོན་པོ་དག་ནི་རབ་ཏུ་སྣང་། །རྣམ་པར་རྒྱལ་བ་ཀུན་
ན་བཞུགས། །ལྷའི་རྒྱལ་པོ་ཐམས་ཅད་ཀྱིས། །སྤྱན་དྲངས་ཤིང་ནི་གཤེགས་པར་གྱུར། །ཀུན་ཀྱང་སངས་རྒྱས་བཅུ་དག་གི །རབ་ཏུ་གཤེགས་པས་མངོན་པར་བསྟོད། །ཀུན་གྱི་འཁོར་ཀྱང་གཅིག་པ་སྟེ། །བྱང་ཆུབ་སེམས་དཔའ་མང་པོ་ལྷགས། །ཕྱོགས་
བཅུ་དག་ནས་འོངས་གྱུར་ཅིང་། །ཡིད་དུ་འོང་བའི་སྟན་ལ་འཁོད། །ཀུན་གྱི་མིང་ཡང་འདི་ཉིད་དེ། །ཇི་ལྟར་དེད་ལ་བཏགས་པ་བཞིན། །འཇིག་རྟེན་ཁམས་ཀྱི་མིང་དག་ཀྱང་། །དེ་སྐད་དག་ནས་ཀུན་ཀྱང་འོངས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །
དྲང་སྲོང་ཆེན་པོའི་མཚན་ཀྱང་དེ། །དེ་ན་ཚངས་སྤྱོད་བླ་མེད་ལ། །ཐེ་ཙོམ་མེད་པར་དེ་དག་སྤྱོད། །ཀྱེ་མ་རྒྱལ་སྲས་ཁྱེད་ལྟོས་ཤིག །དྲང་སྲོང་ཆེན་པོའི་བྱིན་རླབས་ཀྱིས། །འཛམ་བུའི་གླིང་རྣམས་ཐམས་ཅད་ན། །རྒྱལ་བ་འདི་ན་བཞུགས་སྙམ་བྱེད། །བདག་

ཅག་རྣམས་ནི་འདི་སྙམ་དུ། །རི་རབ་རྩེ་ལ་བདེ་གཤེགས་སྙམ། །འཇིག་རྟེན་ཁམས་ནི་ཀུན་ན་ཡང་། །སངས་རྒྱས་ངོ་མཚར་རྨད་རེ་ཆེ། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །བྱང་ཆུབ་མཆོག་ཏུ་སེམས་བཏང་
ཞིང་། །དེ་དག་སྨོན་ལམ་འདི་བཏབ་སྟེ། །བྱང་ཆུབ་སྤྱོད་པ་རབ་ཏུ་སྤྱོད། །ཁ་དོག་མདོག་ནི་ཚད་མེད་པས། །གང་ཟག་མཆོག་ནི་བསྐྱོད་བྱེད་ཀྱང་། །ཆོས་ཀྱི་དབྱིངས་ལ་མི་ཆགས་ཏེ། །དེ་དག་སུས་ཀྱང་མི་ཤེས་སོ། །གང་གིས་འཇིག་རྟེན་མུན་བསྩལ་ཞིང་། །
ཐམས་ཅད་དུས་སུ་རྣམ་སྣང་བ། །དེ་ལ་འདྲ་བ་གང་ཡང་མེད། །དེ་ནི་ཤེས་པར་ཇི་ལྟར་རུང་། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་བློ་གྲོས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདྲེན་པ་རྣམས་ནི་མཐོང་ནས་
ཀྱང་། །བསྐལ་པ་མང་པོ་འདས་གྱུར་ཏེ། །འཇིག་རྟེན་མགོན་སྐྱོབ་དེ་དག་གིས། །ཆོས་ཉིད་དེ་ནི་ཤེས་པ་མིན། །མཚན་མ་དག་ལ་སྤྱོད་པ་རྣམས། །གཏི་མུག་དྲ་བ་འཕེལ་བར་གྱུར། །སངས་རྒྱས་གང་གིས་མ་མཐོང་བ། །འཁོར་བའི་བཙོན་རར་མདོངས་པ་
ཡིན། །ཆོས་རྣམས་འདི་དག་བརྟག་བྱས་ན། །རང་བཞིན་ཤེས་པར་མི་རུང་སྟེ། །སྐྱེ་དང་ཤི་འཕོས་གྱུར་པ་རྣམས། །མིང་ཙམ་དུ་ནི་བསྟན་པ་ཡིན། །ཆོས་རྣམས་གང་ཡང་འགྲོ་བ་མེད། །གང་ཡང་དེ་བཞིན་སྐྱེ་བ་མེད། །ཆོས་ཉིད་འདི་ནི་ཤེས་གྱུར་ན། །སངས་
རྒྱས་ཀུན་ན་རབ་ཏུ་སྣང་། །གཟུང་དུ་མེད་ཅིང་བལྟར་མེད་ཅིང་། །ཆོས་ཀྱི་རྣམས་ནི་རང་བཞིན་མེད། །དངོས་མེད་པ་ཡི་མཐའ་ཤེས་ན། །སངས་རྒྱས་རྣམས་ལ་ཚད་ཀྱང་མེད། །ཚད་མེད་པ་ཡི་ཆོས་རྣམས་ཀྱི། །རང་བཞིན་གང་གིས་ཡོངས་ཤེས་པ། །དེ་ནི་ཅི་ཞིག་
ཡོད་ཅེས་པར། །མཐོང་བར་གྱུར་པ་གང་ཡང་མེད། །གང་རྣམས་མཚན་མའི་རྗེས་འབྲང་བ། །དེ་དག་བྱིས་པའི་ཆོས་ཉིད་དེ། །དེ་ཕྱིར་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ཀྱང་མི་མཐོང་ངོ་། །དུས་གསུམ་འབྱུང་བའི་ཐུབ་པ་རྣམས། །མཚན་རབ་

ཀུན་དང་ལྡན་པ་སྟེ། །མི་གནས་ཚུལ་དུ་བཞུགས་པ་ཡིན། །ཆོས་ཀྱི་དབྱིངས་ལ་གཡོ་བ་མེད། །ལ་ལ་དག་གི་ཆོས་ཉིད་ཤེས། །ལ་ལ་དག་ནི་ཆོས་ཀྱང་བརྗོད། །གང་ལ་ཐེ་ཙོམ་མི་མངའ་བའི། །ཡང་དག་སངས་རྒྱས་དེ་རིང་མཐོང་། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་
འདི། །ཆོས་ཀྱི་བློ་གྲོས་འདི་བརྗོད་དོ། །དེ་ཐོས་ནས་ཀྱང་བདག་ཅག་གིས། །སངས་རྒྱས་བྱང་ཆུབ་བསམ་ཡས་ཤེས། དེ་ནས་བྱང་ཆུབ་སེམས་དཔའ་དཔལ་གྱི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་
བཅད་པ་འདི་དག་སྨྲས་སོ། །ཀྱེ་མ་སངས་རྒྱས་དཔལ་མངའ་བའི། །ཡེ་ཤེས་ཤེས་རབ་ཤིན་ཏུ་ཆེ། །དེ་ལ་འཇིག་རྟེན་ཤིན་ཏུ་རྨོངས། །སངས་རྒྱས་ཆོས་ནི་བསམ་མི་ཁྱབ། །ཚུལ་བཞིན་མ་ཡིན་འདུ་ཤེས་ཀྱིས། །བྱིས་པ་རྣམས་ནི་སེམས་བྱེད་པས། །དེ་ཕྱིར་
འདུ་ཤེས་ཀུན་སྦྱངས་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཤེས་རབ་ཆུང་བ་ཐམས་ཅད་ནི། །ཕུང་པོའི་འདུ་ཤེས་རྣམས་ལ་གནས། །ཕུང་པོ་རྣམ་པར་མ་བསྒོམས་པས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །དངོས་མེད་དངོས་སུ་བཤད་པ་ནི། །བདག་གི་དངོས་
ཤེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་ཤེས་གྱིས་ཤིང་། །རྒྱལ་བ་རྣམ་པར་སྣང་མཛད་ལྟོས། །སྔོན་ཆད་ཕུང་པོའི་ཚུལ་བཞིན་དུ། །མ་འོངས་རྣམས་ཀྱང་སུས་མཐོང་བ། །མ་འོངས་པ་ཡི་ཚུལ་ཤེས་པས། །སངས་རྒྱས་བསམ་གྱིས་མི་ཁྱབ་ལྟོས། །ཇི་ལྟར་སྣང་བ་མེད་པ་ཡི། །མུན་པའི་ནང་ན་
གཟུགས་མི་སྣང་། །དེ་བཞིན་ཆོས་རྣམས་བཤད་པ་ནི། །མཁས་ཀྱང་ཤེས་པར་མི་རུང་ངོ་། །ཇི་ལྟར་དྲི་མ་ལྡན་མིག་གིས། །གསལ་བའི་གཟུགས་ཀྱང་མི་མཐོང་བ། །དེ་བཞིན་སེམས་ནི་མ་སྦྱངས་པས། །སངས་རྒྱས་ཆོས་ནི་མི་མཐོང་ངོ་། །ཇི་ལྟར་ཉི་མ་
བསྒྲིབས་མེད་པ། །རབ་རིབ་ཅན་གྱི་མི་མཐོང་བ། །དེ་བཞིན་ཕུག་ན་གནས་སེམས་ཀྱིས། །སངས་རྒྱས་དག་ནི་མི་མཐོང་ངོ་། །དེ་བས་མིག་ནི་རྣམ་པར་སྦྱོངས། །གཟུགས་ཀྱི་འདུ་ཤེས་རྣམ་པར་བསྒོམས། །ཆོས་རྣམས་མཐོང་བ་མེད་པ་ཡིས། །འོད་མཛད་

རབ་ཏུ་མཐོང་མ་ཡིན། །ཇི་ལྟར་སྔོན་བློས་ཀུན་བཤད་ཅིང་། །བདག་གིས་ཇི་ལྟར་ཐོས་པ་བཞིན། །སངས་རྒྱས་བྱང་ཆུབ་མི་བསྙེངས་པ། །རྣམ་པར་སྣང་མཛད་རབ་ཏུ་མཐོང་། །དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་བློ་གྲོས་ཀྱིས་སངས་རྒྱས་
ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གནས་མེད་པ་ཡི་ཆོས་རྣམས་ལ། །གནས་ནི་ཡོངས་སུ་བརྟགས་པས་ན། །དེ་ཕྱིར་སྲིད་པའི་བཙོན་ར་ན། །བྱིས་པ་རྣམས་ནི་རབ་ཏུ་འཁོར། །བརྗོད་པས་བརྗོད་དུ་མི་
རུང་ཆོས། །བློ་ཞན་རྣམས་ཀྱིས་རྣམ་པར་བརྟགས། །དེས་ནི་ཡོངས་སུ་བསྒྲིབས་བྱས་པས། །བདག་གི་སེམས་ཀྱང་རབ་རྨོངས་བྱས། །ཤེས་རབ་ཆུང་ལ་ལམ་ནོར་ཅིང་། །བདག་གི་སེམས་ལ་མི་མཁས་པ། །ཕྱིན་ཅི་ལོག་གི་བློ་དག་གིས། །མི་བཟད་ལུས་ནི་
འཕེལ་བར་བྱེད། །གང་གིས་སྟོང་པ་མ་མཐོང་བ། །དེ་དག་འཁོར་ཞིང་ཉམ་ཡང་ང་། །ཆོས་མིག་བསམ་གྱིས་མི་ཁྱབ་པའི། །མིག་ཀྱང་དེ་ལ་ཡོད་པ་མིན། །དེ་བས་མིག་ནི་སྦྱང་བར་གྱིས། །བསམ་པ་རྣམས་ཀྱང་རྣམ་པར་སེམས། །གང་ཕྱིར་བདག་ཅག་
སྔོན་ཅད་དུ། །བདེ་གཤེགས་མ་མཐོང་ཆུད་ཀྱང་ཟོས། །ཡང་དག་སངས་རྒྱས་མཐོང་དེ་འང་། །གང་གི་སེམས་ལ་ཆགས་མེད་པ། །དེས་ནི་སངས་རྒྱས་ཅིས་བྱུང་བའི། །ཆོས་རྣམས་དེ་དག་རབ་ཏུ་མཐོང་། །གང་གིས་ཤེས་རབ་ཆེ་མངའ་བ། །ཆོས་སུ་བདེ་གཤེགས་
མཐོང་བ་རྣམས། །དེ་དག་འཇིག་རྟེན་མིག་ཅན་ཏེ། །གང་གིས་མཐོང་བ་མཐོང་ཞེས་བྱ། །ལྷག་མཐོང་མེད་པར་མཐོང་བ་ནི། །ཆོས་རྣམས་ངན་པར་མཐོང་བ་སྟེ། །ལྷག་མཐོང་གིས་ནི་མཐོང་གྱུར་ན། །ཐམས་ཅད་མཐོང་བ་མེད་པ་ཡིན། །ཀྱེ་མ་ཆོས་ཀྱི་
ཆོས་ཉིད་ནི། །ཡང་དག་སངས་རྒྱས་རྣམས་ཀྱིས་བཤད། །དེ་ནི་རང་བཞིན་ཐམས་ཅད་དུ། །ཤི་བ་མེད་ཅིང་འཚོ་བ་མེད། །སངས་རྒྱས་བྱང་ཆུབ་ཅི་འདྲ་བ། །དཔལ་གྱི་བློས་ནི་སྔོན་བསྟན་ཏེ། །དེ་ལས་བདག་གིས་ཐོས་ནས་ཀྱང་། །སངས་རྒྱས་ཆོས་ཉིད་ཤེས་མ་གྱུར། །

དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་པར་རྟོག་པ་སྤྱོད་པ་ཡི། །མིག་ནི་ཤིན་ཏུ་འཁྲུལ་བ་ཡིན། །འཁྲུལ་པར་མཐོང་བ་ལོག་པ་སྟེ། །སངས་རྒྱས་ལ་ནི་ལོག་
མི་མངའ། །གང་གིས་ལོག་པར་ཤེས་གྱུར་ཏེ། །ཡང་དག་ཇི་བཞིན་མ་ནོར་ལ། །ཡང་དག་མ་ཡིན་བདེན་ཤེས་ན། །སངས་རྒྱས་དྲི་མེད་མཐོང་བ་ཡིན། །མཐོང་བ་དག་གིས་དྲི་མར་འགྱུར། །རྣམ་པར་མཐོང་ན་དེ་མེད་དེ། །སངས་རྒྱས་རྣམས་ནི་མཐོང་དང་བྲལ། །དེ་
བས་རྣམ་པར་གཟིགས་ཤེས་བྱ། །དེ་ནི་འཇིག་རྟེན་སྤྱོད་པ་སྟེ། །འཇིག་རྟེན་དེ་ཡང་རྣམ་པར་བརྟགས། །འཇིག་རྟེན་འཇིག་པ་ཤེས་གྱུར་ན། །སྣང་བ་དག་ནི་སྐྱེ་བར་འགྱུར། །འཇིག་རྟེན་རྣམས་ཀྱི་སྣང་བ་ནི། །འཇིག་རྟེན་མཚན་ཉིད་སྣང་བ་སྟེ། །ཡང་དག་ཇི་བཞིན་བསམ་
བྱས་ཤིང་། །དེ་ལྟར་མཐོང་བ་མཐོང་བའོ། །དེ་ལྟར་མཐོང་བ་ཉོན་མོངས་མེད། །དབང་དུ་གྱུར་ཅིང་ཟག་པ་མེད། །གང་གིས་ཐ་དད་མེད་མཐོང་བ། །དངོས་པོར་བརྟགས་པ་མ་ཡིན་ནོ། །རྟོག་དང་རྣམ་པར་རྟོག་པ་ནི། །སངས་རྒྱས་ཆོས་རྣམས་བརྗོད་པ་སྟེ། །དེ་དག་ཡོད་པ་མ་ཡིན་
པས། །རང་བཞིན་དེ་ཕྱིར་སྦྱངས་པ་ཡིན། །དེ་དག་རང་བཞིན་རྣམ་པར་དག །ནམ་མཁའ་བཞིན་དུ་མཚན་ཉིད་མེད། །དེ་དག་ལ་ནི་སྟོན་པ་མེད། །མཁས་པ་རྣམས་ཀྱིས་དེ་ལྟར་ལྟོས། །ཆོས་རྣམས་ལ་ནི་མོས་མྱེད་དེ། །ཆོས་ཀྱི་འདུ་ཤེས་རྣམ་བསྒོམས་ཤིང་། །
ཤེས་པ་དེ་ཡང་མ་བསྒོམས་པ། །དེས་ནི་ཐུབ་ཆེན་མཐོང་བ་ཡིན། །ཇི་ལྟར་ཡོན་ཏན་བློས་བརྗོད་པ། །དེ་ལྟར་ཡང་དག་སངས་རྒྱས་མཐོང་། །དེ་མཐོང་བས་ན་འདུ་བྱེད་ཀུན། །རང་བཞིན་གྱིས་ནི་རྣམ་པར་ཞི། །དེ་ནས་བྱང་ཆུབ་སེམས་དཔའ་དགེ་བའི་བློ་གྲོས་ཀྱིས་
སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀྱེ་མ་སངས་རྒྱས་དཔལ་ཆེན་རྣམས། །དེ་བཞིན་གཤེགས་པ་ཚད་མེད་དོ། །རྣམ་གྲོལ་ཐུགས་ནི་སྡིག་མི་མངའ། །འཇིག་རྟེན་མཐར་ཕྱིན་བརྒལ་བའོ། །

ཡང་དག་ཇི་བཞིན་མ་ནོར་བར། །བསྐལ་པ་རྣམས་ནི་ཚད་མེད་པས། །ཇི་ལྟར་མཁས་པས་མཐོང་བ་བཞིན། །འཇིག་རྟེན་སྒྲོན་མས་རབ་ཏུ་གཟིགས། །འདུ་བྱེད་ཐམས་ཅད་སྐད་ཅིག་མ། །སོ་སོའི་སྐྱེ་བོ་དེ་དག་འགེངས། །ནམ་མཁའི་ཁམས་ནི་
གཟུང་བྱས་ཤིང་། །དེ་དག་དེ་ཕྱིར་ཁོམ་པ་མེད། །ཁོམ་པ་མེད་ཅེས་བྱ་བ་ནི། །ཅི་ཡང་བརྗོད་པ་མེད་པ་སྟེ། །ཁོམ་པ་མེད་པའི་རང་བཞིན་གྱིས། །ཁོམ་པ་བསམ་གྱིས་མྱི་ཁྱབ་ཐོབ། །གང་ལ་དངོས་པོ་མེད་པ་ཡི། །མི་ཟད་ཁོམ་པ་མེད་པར་བཤད། །ཡོད་པའི་རང་བཞིན་ཤེས་གྱུར་ན། །
དེས་ནི་གྲགས་ཆེན་མཐོང་བ་ཡིན། །མཐོང་བ་མེད་པ་མཐོང་ཞེས་བྱ། །ཡོད་པ་མེད་པའང་ཡོད་ཅེས་བྱ། །མཐོང་བ་དག་གམ་ཡོད་པ་ནི། །མ་བསྒོམས་ན་ནི་རྣམ་པར་བསྒོམས། །ཇི་ལྟར་ལྟ་བ་སུས་མཐོང་བ། །དེ་དག་གིས་ནི་ལྟ་བ་བཤིག །གང་ལས་སངས་རྒྱས་སྨོས་པ་ཡི། །དེ་དག་ཆོས་
རྣམས་ཞིག་པ་མེད། །ཇི་ལྟར་ཐུབ་པས་བསྟན་པ་བཞིན། །སངས་རྒྱས་ཡོངས་སུ་སུས་མཐོང་བ། །དེ་ནི་འཇིག་རྟེན་སྣང་བར་བྱེད། །རྒྱལ་བ་རྣམ་པར་སྣང་མཛད་བཞིན། །ཆོས་རྣམས་ཀྱི་ནི་སྣང་བ་གཅིག །དེ་བཞིན་གཤེགས་པས་རབ་ཏུ་བསྟན། །དེས་ནི་བརྩོན་བློ་བརྟན་པ་དེ། །
ཆོས་མང་བྱེ་བ་རབ་ཏུ་སྟོན། །ཡོད་དང་མེད་པ་ཤེས་བྱ་སྟེ། །གང་གིས་འདུ་ཤེས་རྣམ་བསྒོམས་པ། །དེས་ནི་སངས་རྒྱས་མཐོང་བ་སྟེ། །ཡང་དག་མཐའ་ལ་རབ་ཏུ་གནས། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བློ་གྲོས་ཀྱིས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་
བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བའི་བསྟན་པ་འདི་ཐོས་པས། །སྣང་བ་བདག་ཅག་ཤེས་པར་གྱུར། །ཕྱོགས་བཅུ་ཀུན་ཏུ་སྣང་བ་ཡི། །ཡང་དག་སངས་རྒྱས་དེས་ཀྱང་མཐོང་། །སེམས་ཅན་རང་བཞིན་ཡོད་གྱུར་པ། །དེ་ནི་སེམས་ཅན་གཡང་ས་
སྟེ། །འདི་ལ་ཅི་ཡང་ཡོད་པ་མིན། །ཚིག་གི་ལམ་རྣམས་བསྡུས་པའོ། །བྱིས་པ་འཛིན་དང་བཅས་པ་རྣམས། །བདག་ལུས་ཡང་དག་འཛིན་པ་ལ། །སངས་རྒྱས་སྣང་བར་མི་འགྱུར་ཏེ། །དེ་བཞིན་གཤེགས་པ་གཟུང་བ་མེད། །ཡང་དག་སངས་རྒྱས་མ་མཐོང་ཞིང་། །གང་རྣམས་མིག་

ཡོད་མ་ཡིན་པ། །དེ་དག་བསྐལ་བ་གྲངས་མེད་དུ། །སྲིད་པའི་གང་ཆེན་མཚོ་ན་འཁོར། །ཉོན་མོངས་ཅན་ནི་འཁོར་བར་བཤད། །ཉོན་མོངས་མེད་པ་མྱ་ངན་འདས། །མྱ་ངན་འདས་དང་འཁོར་བ་ཡང་། །རང་བཞིན་རྙེད་པར་མི་རུང་ངོ་། །འཁོར་ཞེས་བྱ་བ་བརྡ་ཡིན་ཏེ། །མྱ་ངན་འདས་
པ་བརྗོད་པ་ཡིན། །འཕགས་པའི་ཆོས་རྣམས་མ་སྐྱེས་པ། །བླ་མ་དག་ནི་མི་ཤེས་སོ། །འདི་ནི་སངས་རྒྱས་རྒྱལ་བ་འདི། །འདི་ཡིན་འདི་འདྲའི་འདུ་ཤེས་ཅན། །དེ་དག་སངས་རྒྱས་མི་མཐོང་སྟེ། །ཚུལ་བཞིན་མ་ཡིན་ཕྱིན་ཅི་ལོག །ཞི་བའི་རང་བཞིན་ཇི་ལྟ་བར། །གང་གིས་ཞི་བ་
ཤེས་གྱུར་པ། །དེས་ནི་ཚིག་གི་ལམ་འདས་པའི། །ཡང་དག་སངས་རྒྱས་རབ་ཏུ་མཐོང་། །ཆོས་རྣམས་ཀུན་གྱི་སྤྱོད་པ་ཡིན། །རབ་ཏུ་བརྗོད་པ་བསྟན་པ་མེད། །འོན་ཀྱང་མཉམ་པ་ཉིད་དུ་ལྟ། །རྒྱལ་བ་ཆོས་རྣམས་ཀུན་དང་མཉམ། །ཡང་དག་སངས་རྒྱས་མཐའ་དབུས་མེད། །
ཐོག་མ་དག་དང་ཐ་མར་ཡང་། །འགལ་མེད་རྩ་བ་མེད་པས་ན། །དེ་ནི་སངས་རྒྱས་དེ་ཕྱིར་བརྗོད། །དེ་ནས་བྱང་ཆུབ་སེམས་དཔའ་བདེན་པའི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་
རྒྱས་རྣམས་ནི་མཉམ་པའི་ཕྱིར། །བསྐལ་པ་བསམ་གྱིས་མྱི་ཁྱབ་པར། །སེམས་ཅན་དམྱལ་བར་གནས་ཀྱང་བླ། །དེ་ནི་བདེ་བ་བསམ་མི་ཁྱབ། །ཅི་ཕྱིར་ཞེ་ན་བསྐལ་པ་རྣམས། །གྲངས་མེད་སྡུག་བསྔལ་སྔན་ཅད་བྱུང་། །འོན་ཀྱང་བདེ་གཤེགས་མ་ཐོས་པས། །བདག་ཅག་
འཁོར་ལས་མ་གྲོལ་ལོ། །དེ་བཞིན་མ་ནོར་ཆོས་ཀྱི་རྣམས། །ཡང་དག་ཉིད་དུ་རྟོགས་གྱུར་ཏེ། །གང་ལ་འགྲོགས་པ་མེད་པ་རྣམས། །དེ་དག་བྱང་ཆུབ་བླ་ན་མེད། །སངས་རྒྱས་རྣམས་དང་མངོན་སུམ་པ། །སྔོན་ཅད་མ་བྱུང་འབྱུང་མི་འགྱུར། །གང་ཕྱིར་སངས་རྒྱས་བརྗོད་པའི་ཆོས། །
དེ་དག་མཚན་ཉིད་མེད་པའོ། །ཆོས་རྣམས་བལྟ་དཀའ་ཇི་བཞིན་དུ། །གང་ཞིག་དེ་ལྟར་རྟོགས་པ་ནི། །དེ་དག་སངས་རྒྱས་ཀུན་གཟིགས་པ། །ཡང་དག་བལྟ་བས་ཤིན་ཏུ་མཐོང་། །ཡང་དག་ལ་ནི་ཡང་དག་གཟིགས། །ཡང་དག་མིན་པར་ཡང་དག་མིན། །

འདི་ཡི་མཐའ་ནི་སྟོན་པས་ན། །སངས་རྒྱས་སངས་རྒྱས་ཞེས་ཀྱང་བྱ། །ཁོང་དུ་མ་ཆུད་ཆོས་བསྟན་ཏེ། །སངས་རྒྱས་ཆོས་རྣམས་རབ་ཏུ་བརྗོད། །འདི་ནི་སངས་རྒྱས་བསྒོམ་པ་སྟེ། །གཅིག་ཏུ་དམིགས་པ་མ་ཡིན་ནོ། །དེ་ལྟར་མང་དང་གཅིག་གནས་པ། །མང་པོ་
དག་ཏུ་རྣམ་པར་ཤེས། །གནས་པ་མེད་པའི་ཆོས་རྣམས་ཀྱིས། །བསྩགས་པ་དག་ཀྱང་རབ་ཏུ་བྱས། །བྱས་པ་མེད་ཅིང་བྱེད་པ་མེད། །ལས་ཀྱི་འདུ་ཤེས་རྣམ་བསྒོམས་ཤིང་། །ལས་འདི་ཅི་བཞིན་ཤེས་བྱས་ན། །རྣམ་པར་དག་ཀྱང་མི་དམིགས་སོ། །གང་ལ་སངས་རྒྱས་བཞུགས་པ་ཡི། །ངེས་པའི་
གནས་ནི་དམིགས་མེད་པས། །གནས་པ་མེད་པའི་ཆོས་རྣམས་ཀྱིས། །སངས་རྒྱས་གཡོ་བ་གང་ཡང་མེད། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་
ཆེན་པོ་བླ་ན་མེད། །སེམས་ཅན་འདུ་ཤེས་རྣམ་པར་བསྒོམས། །འཇུག་པར་བྱ་བ་གང་ཡང་མེད། །དེ་བས་བླ་ན་མེད་ཅེས་བྱ། །གང་ལ་ཕྲ་བ་ཡོད་མིན་པ། །དེ་ལ་སྦོམ་པའང་ཡོད་པ་མིན། །དེ་ནི་སངས་རྒྱས་རྣམས་ཀྱིས་བརྙེས། །རྣམ་པར་མི་རྟོག་འདུས་མ་བྱས། །གང་ཞིག་སངས་རྒྱས་སྤྱོད་ཡུལ་བ། །དེ་ལ་
བགྲང་བ་ཡོད་པ་མིན། །ཡང་དག་སངས་རྒྱས་བགྲང་དང་བྲལ། །དེ་ནི་སངས་རྒྱས་ཆོས་ཉིད་དོ། །མུན་པ་རྣམས་ནི་རྣམ་བསལ་ཅིང་། །དེ་བཞིན་གཤེགས་པ་རྣམ་པར་སྣང་། །དེ་ལ་སྣང་བ་གང་ཡང་མེད། །མི་སྣང་བ་ཡང་ཅི་ཡང་མེད། །ཐམས་ཅད་ཆོས་ལ་ཀུན་ནས་དགའ། །སྐྱེས་པ་མེད་ཅིང་གནས་པ་མེད། །འདོད་ཆགས་མེད་ཅིང་རྟེན་པ་མེད། །ཆོས་
ཉིད་དེ་ཡང་སྦེད་པ་མེད། །གང་ལ་གཉིས་སུ་བགྲང་མེད་ཅིང་། །གཅིག་ཀྱང་ཡོད་པ་མ་ཡིན་པས། །ཇི་བཞིན་རབ་ཏུ་གནས་པ་ཡི། །ཤེས་རབ་ཆེན་པོས་ལེགས་པར་མཐོང་། །མི་གཉིས་པ་ལ་གཉིས་པ་མེད། །གཉིས་པ་མེད་པ་སྟོང་པ་སྟེ། །སྟོང་པ་དེ་ཡང་ཁམས་གསུམ་ཀུན། །དེ་ནི་སངས་རྒྱས་
མཐོང་བའོ། །བྱིས་པས་བྱང་ཆུབ་མི་ཤེས་ཀྱང་། །དེ་དག་དེ་ལ་རབ་ཏུ་གནས། །གནས་པ་མེད་པའི་ཆོས་རྣམས་ཀྱིས། །རང་གི་ལུས་ནི་རྗེས་སུ་བལྟ། །ལུས་མེད་པ་ནི་ལུས་སུ་བཤད། །འབྱུང་བ་མེད་ཅིང་བསྟན་དུ་མེད། །འཇིག་ཚོགས་མང་པོ་བལྟར་མེད་པ། །སངས་རྒྱས་སྐུ་ནི་བླ་ན་མེད། །སངས་

རྒྱས་ཆོས་ཀྱི་རང་བཞིན་ཉིད། །དེ་སྐད་བདེན་པའི་བློས་སྨྲས་ཏེ། །དེ་ཐོས་པས་ནི་མིག་ཀྱང་སྦྱངས། །ཤིན་ཏུ་འོད་ཀྱང་དང་ཞིང་སྣང་། །དེ་ནས་བྱང་ཆུབ་སེམས་དཔའ་དམ་པའི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དྲིན་གཟོ་
མེད་པའི་སེམས་ཅན་ཕྱིར། །སྐྱེས་བུ་དྲང་སྲོང་མཆོག་གི་རྣམས། །དཔའ་ཆེན་སེམས་ཅན་གཙོ་བོ་དང་། །འོད་མཛད་པ་ནི་རབ་ཏུ་བྱུང་། །ཐུགས་རྗེ་ཆེན་པོ་བསྐྱེད་མཛད་དེ། །སེམས་ཅན་ཁམས་ལ་རྣམ་གཟིགས་ཀྱང་། །སྲིད་པས་བཅིངས་པའི་སྡུག་བསྔལ་བའི། །སེམས་ཅན་རྣམས་ནི་དེ་
ནས་གཟིགས། །འཇིག་རྟེན་ལྷ་དང་བཅས་པ་ན། །ཡང་དག་སངས་རྒྱས་དཔལ་མངའ་བ། །སེམས་ཅན་གཙོ་བོ་མ་གཏོགས་པར། །སྐྱོབ་པ་གཞན་ནི་གང་ཡང་མེད། །གལ་ཏེ་སངས་རྒྱས་མ་སྐྱེས་ལ། །བྱང་ཆུབ་སེམས་དཔའ་འདི་འདྲ་དག །མེད་ན་འཇིག་རྟེན་ཁམས་ཀུན་ན། །སེམས་ཅན་བདེ་བ་
གཅིག་མི་འབྱུང་། །སེམས་ཅན་གཙོ་བོ་འདྲེན་མཛད་པ། །དེ་བཞིན་གཤེགས་པ་སྐྱེས་པ་དང་། །བྱང་ཆུབ་སེམས་དཔའ་འདི་འདྲ་དག །འབྱུང་བ་འཇིག་རྟེན་བདེ་བའི་རྒྱུ། །གང་གིས་དེ་བཞིན་གཤེགས་མཐོང་བ། །དེ་དག་འཐོབ་པ་ལེགས་པར་འཐོབ། །གང་གིས་ཐོས་ཤིང་དད་འགྱུར་བ། །
དེ་ཡང་འཇིག་རྟེན་མཆོད་རྟེན་ནོ། །གང་གིས་སངས་རྒྱས་མཐོང་གྱུར་པ། །བདག་ཅག་རྣམས་ཀྱིས་འཐོབ་ལེགས་ཐོབ། །འདི་འདྲ་བ་ཡི་ཚུལ་ཐོས་པས། །ཀུན་ཀྱང་ཡང་དག་སངས་རྒྱས་འགྱུར། །འདས་པའི་དུས་ནའང་དཔལ་འདི་ཡོད། །བྱང་ཆུབ་སེམས་དཔའ་ཐམས་
ཅད་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །སྤྱོད་ཡུལ་འདི་དག་མཐོང་བར་འགྱུར། །རྣམ་པར་སྣང་མཛད་ཐུབ་མཐོང་ནས། །ད་དུང་ཕྱིར་ཞིང་དད་པ་སྐྱེ། །དེ་ཡི་ཡེ་ཤེས་མཐའ་ཡས་པས། །ད་དུང་བརྗོད་དུ་ཡོད་པ་མིན། །གང་ཞིག་མཆོག་གི་བློས་སྨྲས་པ། །རྒྱལ་སྲས་གཞན་གྱིས་
བཤད་པ་རྣམས། །དེ་དག་ད་རུང་བདག་གིས་ཀྱང་། །བསྐལ་པ་བསམ་ཡས་བཤད་པར་བྱ། །རི་རབ་ཀྱི་རྩེ་མོར་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ཚིགས་སུ་བཅད་པའི་ལེའུ་སྟེ། བཅུ་དགུ་པའོ།། །།

སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་པ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དེའི་ཚེ། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས། སྦྱོང་བ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་
འཛིན་ལ་མཉམ་པར་གཞག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོང་བ་མཐའ་ཡས་པ་ཞེས་བྱ་བ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེའི་མོད་ལ་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་
སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་ཆོས་ཀྱི་བློ་གྲོས་ཞེས་བྱ་བར་མཚན་མཐུན་པ་ཤ་སྟག་གིས་ཞལ་མངོན་པར་བསྟན་པ་མཐོང་བར་གྱུར་ཏེ། སངས་རྒྱས་བཅོམ་
ལྡན་འདས་དེ་དག་གིས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །ཆོས་ཀྱི་བློ་གྲོས་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོང་བ་མཐའ་ཡས་པ་ལ་མཉམ་པར་གཞོག་པ་ལེགས་སོ། །ལེགས་སོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ལ་ཕྱོགས་བཅུ་ནས་དེ་བཞིན་གཤེགས་
པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་མཚན་མཐུན་པ་ཤ་སྟག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་དང་། ཁྱོད་བདག་གི་དགེ་བའི་རྩ་བས་ཉེ་བར་བརྟེན་པས་འདི་ལྟ་སྟེ། ཆོས་ཐམས་ཅད་བསྟན་པར་བྱ་བ་
དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་འཕེལ་བར་བྱ་བ་དང་། ཆོས་ཀྱི་དབྱིངས་སུ་ཆུད་པར་བྱ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་བསྒོམ་པ་དང་། ཆགས་པ་མྱེད་པ་ཉིད་དུ་ཆུད་པར་བྱ་བ་དང་། བསྒྲིབས་པ་མེད་པའི་སྤྱོད་ཡུལ་ཐོབ་པར་བྱ་བ་དང་། ཀུན་ནས་སྦྱོར་
བ་ཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་བྱ་བ་དང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། དབང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་བསྟན་པ་ཐམས་ཅད་ཡོངས་སུ་གཟུང་བ་དང་། འདི་ལྟ་སྟེ། བྱང་ཆུབ་

སེམས་དཔའི་རྣམ་པར་དགོད་པ་བཅུ་ལ་རྩོམ་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་མཛད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་བསྟན་པ་འདི་ལ་སྤོབས་པ་བསྐྱེད་ཅིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་
གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཆགས་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཐོགས་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །མཆོད་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །རྨོངས་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཐ་དད་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་
དོ། །ཁ་ན་མ་ཐོ་བ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དཔག་ཏུ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཞུམ་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །འཕྲོགས་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །
དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱི་སྤྱི་བོ་ལ་ཕྱག་གཡས་པས་བྱུག་པ་མཛད་དེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཕྱག་གིས་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཏིང་ངེ་འཛིན་དེ་ལས་
ལངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཤེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐསགཏུགས་པས་ཤིན་ཏུ་ཡངས་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པའི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་བརྩོན་
པར་བྱེད་པ་གང་ལས་བསམས་ཏེ། དེ་སྐད་དུ་སྨྲས་པ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་།

གསུང་བ་དང་། གསུང་བར་འགྱུར་བ་དག་གོ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྣལ་འབྱོར་ལ་སྤྱོད་པའི་བྱང་
ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ཚེ་ར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་།
ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་
རྒྱལ་བའི་སྲས་དག་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་སྟེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་
དག་དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས། མཛེས་པ་དང་བཟང་བ་དང་། མྱིག་ཏུ་འོང་བ་དང་། ཁ་དོག་རྒྱས་པ་དང་། ཐུབ་པར་དཀའ་
བ་དང་། མཐུ་ཆེ་བར་མཐོང་བ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། ཡོངས་སུ་བསྟན་པའི་རྣམ་པར་འཕྲུལ་པ་དང་། རྗེས་སུ་བསྟན་པའི་རྣམ་པར་འཕྲུལ་པ་མཐོང་བའམ། སེམས་ཅན་སྡུག་བསྔལ་བ་མཐོང་བའམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་གཤེགས་པའི་ཆོས་རྒྱ་ཆེན་པོ་ཐོས་པར་གྱུར་ནས། ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ཅིང་སྔ་ཕྱི་མྱེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་པ་དང་པོ་དེས་ནི་ཐུབ་པར་དཀའ་བའི་གནས་བཅུ་ཡོངས་སུ་བཟུང་བར་འགྱུར་

ཏེ། བཅུ་གང་ཞེ་ན། འདི་ལྟར་གནས་དང་གནས་མ་ཡིན་པ་ཤེས་པ་དང་། ལས་ཀྱི་རྣམ་པར་སྨྱིན་པ་ཤེས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་དང་། དབང་པོ་དང་བརྩོན་འགྲུས་རྣམ་པ་ཐ་དད་པ་ཡོངས་སུ་རྫོགས་པ་མཆོག་དང་ཐ་མ་ཤེས་པ་དང་།
མོས་པ་ཐ་དད་པ་དང་། མོས་པ་དུ་མ་ཤེས་པ་དང་། ཁམས་ཐ་དད་པ་དང་ཁམས་དུ་མ་ཤེས་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་།
རྣམ་པར་བྱང་བ་དང་། རྗེས་སུ་བསྒྲིབས་པ་མེད་པ་ཤེས་པ་དང་། ཆགས་པ་མྱེད་པའི་ལྷའི་མྱིག་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཟག་པ་མྱེད་པ་ཤེས་པའོ། །ཐུབ་པར་དཀའ་བའི་གནས་བཅུ་པོ་དེ་དག་ཡོངས་སུ་ཟིན་པར་གྱུར་ཏེ། དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་
ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ་ནི་སངས་རྒྱས་མཆོད་པ་ལ་སྦྱར་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་བསྟེན་པར་བདེ་བ་ཡང་དེ་ལ་བརྗོད་པར་བྱའོ། །འཇིག་རྟེན་གྱི་ནང་ན་གཙོ་བོར་གྱུར་པ་ཡང་དེ་ལ་
བརྗོད་པར་བྱའོ། །ཕུལ་དུ་ཕྱིན་པ་ཡང་དེ་ལ་བརྗོད་པར་བྱའོ། །ཟིལ་གྱིས་མྱི་ནོན་པའི་གནས་ཀྱང་དེ་ལ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་བདག་ཉིད་ཆེ་བའང་དེ་ལ་བསྟན་པར་བྱའོ། །སངས་རྒྱས་ཚད་མེད་པ་དང་འཕྲད་པར་འགྱུར་བ་ཡང་དེ་ལ་བསྟན་པར་བྱའོ། །རབ་ཏུ་
ཞི་བའི་ཏིང་ངེ་འཛིན་གྱི་སྦྱོར་བ་ཡང་དེ་ལ་བརྗོད་པར་བྱའོ། །འཁོར་བའི་འཁོར་ལོ་ལས་ལྡོག་པར་འགྱུར་བ་ཡང་དེ་ལ་བརྗོད་པར་བྱའོ། །སེམས་ཅན་སྡུག་བསྔལ་བ་ཡོངས་སུ་བསྐྱབ་པ་ཡང་དེ་ལ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དེ་
བས་ཀྱང་ཤས་ཆེར་སེམས་སྐྱེ་བར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་

དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ་རྣམ་པ་བཅུར་སེམས་ཉེ་བར་གཞོག་སྟེ། བཅུ་
གང་ཞེ་ན། འདི་ལྟ་སྟེ། ཕན་པའི་སེམས་ཉེ་བར་གཞོག་གོ །སྙིང་བརྩེ་བའི་སེམས་དང་། བདེ་བའི་སེམས་དང་། གནས་པའི་སེམས་དང་། བྱམས་པའི་སེམས་དང་། ཕན་འདོགས་པའི་སེམས་དང་། ཡོངས་སུ་བསྲུང་བའི་སེམས་དང་། མཉམ་པའི་སེམས་དང་།
སློབ་དཔོན་གྱི་སེམས་དང་། སྟོན་པའི་སེམས་ཉེ་བར་གཞོག་གོ །རྣམ་པ་བཅུ་པོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་སེམས་ཉེ་བར་གཞོག་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའ་
ལས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་ཡོངས་སུ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་སུ་འགྱུར་བར་ཡོངས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་
ད་ལོ་བདེ་བ་ལ་ཡོངས་སུ་བསྐུལ་བར་བྱའོ། ད་ལོ་བདེ་བར་གྱུར་ནས་དུས་ཤེས་ལ་ཡོངས་སུ་བསྐུལ་བར་བྱའོ། །དུས་ཤེས་ནས་མི་འཇིགས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་
ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བར་གྱུར་ནས་རྨོངས་པ་མེད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་
ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སྙིང་རྗེ་ཆེན་པོ་མངོན་དུ་གཞོག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མྱི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་

སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པའི་རྣམ་པ་བཅུས་ཆོས་ཐམས་ཅད་ལ་བརྩོན་པར་བྱེད་དེ། བཅུ་གང་ཞེ་ན།
འདི་ལྟར་ཆོས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བདག་མྱེད་པ་དང་། ཆོས་ཐམས་ཅད་བྱེད་པ་མྱེད་པ་དང་། ཆོས་ཐམས་ཅད་མྱོང་བ་མྱེད་པ་དང་། ཆོས་ཐམས་ཅད་བརྡ་མྱེད་པ་
དང་། ཆོས་ཐམས་ཅད་གནས་མྱེད་པ་དང་། ཆོས་ཐམས་ཅད་རྣམ་པར་རྟོག་པ་མྱེད་པ་དང་། ཆོས་ཐམས་ཅད་ཆེད་དུ་བྱེད་པ་མྱེད་པ་སྟེ། དམྱིགས་པའི་རྣམ་པ་བཅུ་པོ་དེ་དག་གིས་ཆོས་ཀྱི་རྗེས་སུ་འབྲང་བའི་ཚུལ་དུ་བརྩོན་པར་མཛད་དེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་རྣལ་
འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འཇིག་
རྟེན་གྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །སའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆུའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མྱེའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རླུང་གི་ཁམས་བརྟག་པ་ལ་
ཡོངས་སུ་བསྐུལ་བར་བྱའོ། །འདོད་པའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །གཟུགས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །གཟུགས་མྱེད་པའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་
ཀྱང་ཆོས་ལ་སྣང་བ་འབྱུང་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མི་འགྱུར་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །

ཀྱེ་རྒྱལ་བའི་སྲས་དག་དེ་ལ་ཆེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་འཕགས་པའི་གསུང་རབ་ལ་ཡོངས་སུ་སྨྱིན་པ་བཅུས་སྐྱེས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པ་དང་།
སངས་རྒྱས་ལ་ཤེས་པས་མོས་པའི་མཐར་ཕྱིན་པ་དང་། ཆོས་ངེས་པར་རྟོགས་པ་དང་། སེམས་ཅན་རྣམ་པར་བསྒོམས་པ་དང་། ཞིང་རྣམ་པར་བསྒོམས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་བསྒོམས་པ་དང་། ལས་རྣམ་པར་བསྒོམས་པ་དང་། རྣམ་པར་སྨྱིན་པ་
རྣམ་པར་བསྒོམས་པ་དང་། འཁོར་བ་རྣམ་པར་བསྒོམས་པ་དང་། མྱ་ངན་ལས་འདས་པ་རྣམ་པར་བསྒོམས་པ་སྟེ། ཡོངས་སུ་སྨྱིན་པ་བཅུ་པོ་འདི་དག་གིས་འཕགས་པའི་གསུང་རབ་ལས་སྐྱེས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཚེར་སྐྱེས་པའི་བྱང་ཆུབ་སེམས་དཔའོ། །
དེ་ལྟར་ཚེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཆོས་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་བསྒོམ་
པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པ་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པར་བྱ་བ་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ད་ལྟར་
བྱུང་བའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པ་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པར་བྱ་བ་རྣམ་པར་བསྒོམ་པ་
ལ་ཡོངས་སུ་བསྐུལ་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །སངས་རྒྱས་མཉམ་པ་ཉིད་རྣམ་པར་བསྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དུས་གསུམ་མཉམ་པ་ཉིད་

ལ་དེ་བས་ཀྱང་སེམས་འཇུག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བ་དང་། བདག་ཉིད་གཞན་གྱི་དྲིང་ལ་འཇོག་པར་མི་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཚེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་
ལ་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་ཕན་
པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བར་བྱ་བའི་
ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་གནོད་པ་མྱེད་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དྲང་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དང་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་རྩོམ་མོ། །སེམས་ཅན་
ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྩོམ་མོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་སྟེ། སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་སེམས་ཅན་མཐའ་ཡས་པ་བརྗོད་པར་བྱའོ། །སེམས་
ཅན་ཚད་མེད་པ་བརྗོད་པར་བྱའོ། །སེམས་ཅན་གྲངས་མེད་པ་བརྗོད་པར་བྱའོ། །སེམས་ཅན་བསམ་གྱིས་མྱི་ཁྱབ་པ་བརྗོད་པར་བྱའོ། །སེམས་ཅན་གཟུགས་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་དཔག་ཏུ་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་སྟོང་པ་
བརྗོད་པར་བྱའོ། །སེམས་ཅན་བྱེད་པ་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་དངོས་པོ་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་རང་བཞིན་མྱེད་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སེམས་དེ་བས་ཀྱང་ཤས་ཆེར་མངོན་པར་ཞེན་པ་ལ་མི་གནས་པར་བྱ་བ་

དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་མྱི་འཇོག་པར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་
སྲས་དག་དེ་ལ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་བཅུ་ཉན་ན། བསམ་པ་ངེས་པ་རབ་ཏུ་འཐོབ་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ལ་སྙན་པའམ། མི་སྙན་
པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ལ་སྙན་པའམ་མ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའ་ལ་སྙན་པའམ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྙན་པའམ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཆུང་བ་དང་། སེམས་ཅན་གྱི་ཁམས་ཆེ་བ་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཀུན་ནས་
ཉོན་མོངས་པ་དང་། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་མེད་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་སྐྱོ་བར་སླ་བ་དང་། སེམས་ཅན་གྱི་ཁམས་སྐྱོ་བར་དཀའ་བ་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་
ཆུང་བའམ། ཆོས་ཀྱི་དབྱིངས་ཆེ་བ་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་འགྲུབ་པའམ། ཆོས་ཀྱི་དབྱིངས་འཇིག་པར་བརྗོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་ཡོད་པའམ། ཆོས་ཀྱི་
དབྱིངས་མེད་པར་བརྗོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་དེ་ནི་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་དག་སྟེ། དེ་ལྟར་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་ལ་འཇུག་པ་བཅུ་བརྗོད་

པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མཚན་མ་མེད་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། ཆོས་ཐམས་ཅད་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་དང་། ཆོས་ཐམས་ཅད་བརྫུན་པ་དང་། ཆོས་ཐམས་ཅད་དབེན་
པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། ཆོས་ཐམས་ཅད་རྟོག་པ་མེད་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་བསམ་པ་དེ་བས་ཀྱང་ཤས་ཆེར་མི་འཕྲོགས་པ་ལ་
རྣམ་པར་བསྒྲུབ་པར་བྱ་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཛོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་
རྒྱལ་བའི་སྲས་དག་དེ་ལ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པ་བཅུ་ཉན་པའི་ཚེ་བརྟན་པ་རབ་ཏུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཡོད་ཅེའམ་སངས་རྒྱས་མྱེད་
ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ །ཆོས་ཡོད་ཅེའམ་ཆོས་མྱེད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་ཅེ་འམ། བྱང་ཆུབ་སེམས་དཔའི་སྤྱོད་པ་མྱེད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་
ལྡོག་གོ །བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འབྱུང་ཞེའམ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་འབྱུང་ཞེ་ན་ཡང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་གོ །དེ་བཞིན་གཤེགས་པ་འདས་ཞེའམ།
དེ་བཞིན་གཤེགས་པ་མ་འདས་ཞེན་ཡང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ །དེ་བཞིན་གཤེགས་པ་བྱོན་ཅེའམ། དེ་བཞིན་གཤེགས་པ་བྱོན་པ་མ་ཡིན་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །སངས་རྒྱས་ད་ལྟར་བྱུང་

ཞེའམ། སངས་རྒྱས་ད་ལྟར་བྱུང་བ་མ་ཡིན་ཞེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་གོ །སངས་རྒྱས་ཀྱི་ཡེ་ཤེས་ཟད་མྱི་ཤེས་སོ་ཞེའམ། སངས་རྒྱས་ཀྱི་ཡེ་ཤེས་ཟད་ཤེས་སོ་ཞེས་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ །དུས་
གསུམ་མཚན་ཉིད་གཅིག་ཅེ་འམ་དུས་གསུམ་མཚན་ཉིད་ཐ་དད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་གོ །ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཆོས་འབྱམ་ཀླས་པ་བཅུ་བརྗོད་
པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་གཅིག་ལས་རྣམ་པ་ཐ་དད་པར་འགྱུར་བ་བརྗོད་པར་བྱའོ། །མང་པོ་ལས་ཐ་མི་དད་པར་བརྗོད་པར་བྱའོ། །དོན་དང་མཐུན་པའི་ཡི་གེ་བརྗོད་པར་བྱའོ། །ཡི་གེ་དང་མཐུན་པའི་དོན་བརྗོད་པར་བྱའོ། །དངོས་པོ་ཡོད་པ་
དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །དངོས་པོ་ཡོད་པ་མེད་པ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་མ་མྱེད་པ་མཚན་མ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་མ་མཚན་མ་མྱེད་པ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་ཉིད་
མྱེད་པ་མཚན་ཉིད་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་ཉིད་མཚན་ཉིད་མེད་པ་དང་། མཉམ་པ་ཉིད་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ནས་ཀྱང་དེ་བས་ཀྱང་ཤས་ཆེར་མཁས་པ་ཐམས་ཅད་ལ་ཡོངས་སུ་བྱང་བ་འབྱུང་བ་དང་། གནས་གང་
ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་མི་འཇོག་པར་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་གཞོན་ནུར་གྱུར་པའི་བྱང་
ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ལས་བཅུ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ལུས་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། ངག་གི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན།

སེམས་བསྐྱེད་པ་ཙམ་གྱིས་སྐྱེ་བ་བསྒྲུབ་པ་ཡིན། སེམས་ཅན་གཞན་གྱི་བསམ་པ་ཤེས་པ་ཡིན། གང་ཟག་གཞན་གྱི་མོས་པ་རྟོགས་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། ལས་ཀྱི་བྱིན་གྱི་རླབས་ཐ་དད་པ་རབ་ཏུ་རྟོགས་པ་ཡིན། འཇིག་རྟེན་གྱི་ཁམས་འགྲུབ་པ་དང་། འཇིག་པ་ཡོངས་
སུ་འཇལ་བ་ཡིན། གར་དགའ་བར་འགྲོ་བ་ལ་མྱུར་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཆོས་མངོན་པར་བསྒྲུབ་པ་བཅུ་བརྗོད་
པར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་རབ་ཏུ་བསྐྱེད་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་བྱིན་གྱི་རླབས་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་དུ་རྣམ་པར་རྒྱུ་བ་བརྗོད་པར་
བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་གནན་པ་བརྗོད་པར་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་འགྲོ་བ་བརྗོད་པར་བྱའོ། །ཆོས་གྲངས་མྱེད་པ་ཡོངས་སུ་དྲི་བ་བརྗོད་པར་བྱའོ། །ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་བསྒྲུབ་པ་བརྗོད་པར་
བྱའོ། །དབྱངས་ཀྱི་སྦྱོར་བ་རབ་ཏུ་དགྱེ་བ་བརྗོད་པར་བྱའོ། །སེམས་བསྐྱེད་པ་གཅིག་ལས་སངས་རྒྱས་གྲངས་མེད་པ་བསྙེན་བཀུར་བར་བྱ་བ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་ཀྱང་ཤས་ཆེར་ཆོས་ཐམས་ཅད་ལ་མངོན་པར་བསྒྲུབ་པའི་མཁས་པ་
འབྱུང་བར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་
བའི་སྲས་དག་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའི་ཆོས་བཅུ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་སྐྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན།

ཉོན་མོངས་པའི་རྒྱུད་རྟོགས་པར་བྱ་བ་ལ་མཁས་པ་ཡིན། བག་ཆགས་ཀྱི་མཚམས་འབྲེལ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྤྱོད་ཡུལ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཆོས་སྣ་ཚོགས་རྟོགས་པར་བྱ་བ་ལ་མཁས་པ་ཡིན།
སྤྱད་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཤེས་པར་རྟོགས་པར་བྱ་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་བརྟག་པ་རྟོགས་པར་བྱ་བ་ལ་མཁས་
པ་ཡིན། དོན་དམ་པའི་བདེན་པ་བརྟག་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དེ་ལ་ནི་གནས་བཅུ་བརྗོད་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།
རྒྱལ་པོའི་གནས་ལ་མཁས་པ་བརྗོད་པར་བྱའོ། །རྒྱལ་པོའི་གནས་ཀྱི་ཚུལ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་གནས་པ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་འགྲོ་བ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་སྤྱོད་པ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོར་དབང་
བསྐུར་བ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་བྱིན་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་མཐུ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་ལ་གནས་པ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་བསྔགས་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་དེའི་
སེམས་བསྒྲིབས་པ་མེད་པ་མངོན་པར་བསྒྲུབ་པ་ལ་དེ་བས་ཀྱང་ཤས་ཆེར་གནས་པར་བྱ་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མི་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་
དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་རྣམ་པར་སྤྱོད་པ་བཅུ་དང་ལྡན་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་

གྲངས་མེད་པ་ཡོངས་སུ་བསྐྱེད་པའི་སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱ་བའི་སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱིན་གྱིས་བརླབ་པའི་སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདའ་བར་