Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
ས་པ་ཐམས་ཅད་ཀྱི་གཟུགས་བརྙན་འབྱུང་བ་རྣམས་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོར་བཞག་གོ །འདིར་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ ཅད་དང་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་ན་ཡོད་པ་ཐམས་ཅད་དུ་ཡང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དག་ཏུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོ་ལ་ཕྱག་རྒྱ་མཚོའི་སྤྲིན་རྣམས་རབ་ཏུ་བཞག་གོ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སངས་ རྒྱས་བཅོམ་ལྡན་འདས་དེ་དག་གིས། རེག་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཏིང་ངེ་འཛིན་དེ་ལས་ལྡང་བའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད། དུས་གསུམ་ཐམས་ཅད་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ། ཏིང་ངེ་འཛིན་ལས་ལྡང་བའི་ཡེ་ ཤེས་མ་འདྲེས་པ་ལ་མཁས་པ་དང་ཏིང་ངེ་འཛིན་ལས་ལྡང་བའི་བྱིན་གྱིས་རླབས་ཀྱི་སྒོ་ཆོས་ཀྱི་དབྱིངས་དང་། དུས་གསུམ་མཉམ་པ་ཐམས་ཅད་ཀྱི་སྒོ་དང་། སངས་རྒྱས་ཀྱི་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་སྒོ་དང་། སེམས་ ཅན་མ་ལུས་པའི་གནས་ཐམས་ཅད་དང་། མཉམ་ཞིང་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ལ་འཇུག་པའི་སྒོ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་དང་། མིང་གི་འཁོར་ལོ་ལས་ལྡང་བའི་སྒོ་དང་། ཕྱོགས་དང་མཚམས་ཐམས་ཅད་དུ་ཆོས་ ཀྱི་དབྱིངས་རྣམ་པར་འབྱེད་པའི་སྒོ་དང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུའི་སྤྲིན་མཐའ་དང་དབུས་མྱེད་པར་འབྱམ་ཀླས་པའི་སྒོ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྟན་པའི་སྒོ་དག་ནས་ལངས་པར་གྱུར་ཏེ། བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོ་ཏིང་ངེ་འཛིན་དེ་ལས་ལངས་མ་ཐག་ཏུ། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སོ་སོ་རེ་རེ་ཞིང་ཏིང་ངེ་འཛིན་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །གཟུངས་ རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །ཆོས་ཀྱི་ཚུལ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །ཐ་དད་པ་ཡང་དག་པར་ཤེས་པའི་ཚུལ་ རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །སྤྱོད་པ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །ཆོས་ཀྱི་དབྱིངས་ཀྱི་ཕྱོགས་སུ་རྣམ་པར་སྣང་ ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྣང་བ་ཡོན་ཏན་གྱི་སྙིང་པོ་ཅན་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྟོབས་དང་ཡེ་ཤེས་མ་འདྲེས་པའི་ཚུལ་རྒྱ་མཚོའི་ སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་རྩེ་མོ་ཐམས་ཅད་ལ་ཞིང་གཞན་དང་གཞན་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ ཏུ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེ་ཞིང་དགའ་ལྡན་གྱི་གནས་ནས་འཕོ་བ་དང་འབྱུང་བ་དང་། བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། མྱ་ངན་ལས་འདས་པ་བསྟན་པ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་ རབ་ཏུ་ཞུགས་པར་གྱུར་ཏོ། །འདིར་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཐམས་ཅད་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་རྒྱ་མཚོ་རྣམས་དང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་ཁོངས་ན་ཡོད་པ་ཀུན་ཏུ་ཡང་བྱང་ཆུབ་སེམས་དཔའ་རྒྱ་ མཚོ་རྣམས་རབ་ཏུ་ཞུགས་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་རབ་ཏུ་ཐོབ་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་མ་ལུས་པར་བག་ལངས་པ་ཙམ་དུ་གཡོས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་གནས་ཤིང་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་སྒྲ་ཡང་ཤིན་ཏུ་གྲགས་པར་གྱུར་ཏེ། དེ་བཞིན་གཤེགས་པའི་འཁོར་རྒྱ་མཚོ་ཐམས་ཅད་དུ་ཡང་། ནོར་བུའི་རྒྱལ་པོ་ཆེན་པོ་བཅུའི་སྤྲིན་གྱི་ཆར་མངོན་པར་ བབ་པར་གྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་མཚན་དང་ལྡན་པའི་གསེར་དཔལ་གྱི་རྒྱལ་མཚན་གྱི་དཔལ་གྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་འོད་ཀྱིས་རྣམ་པར་གསལ་བར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་ སྟེ་ནོར་བུའི་རྒྱལ་པོ་ཕྱོགས་བཅུར་རིན་པོ་ཆེའི་འཁོར་ལོ་རབ་ཏུ་འགྲེམས་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རིན་པོ་ཆེའི་སྙིང་པོའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་སངས་རྒྱས་ཐམས་ ཅད་ཀྱི་མཚན་གྱི་ཁམས་རབ་ཏུ་སྒྲོག་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་ཞིང་རྣམ་པར་སྣང་བར་བྱེད་ཅིང་སྙིང་པོ་བྱང་ཆུབ་ཏུ་དཔལ་རབ་ཏུ་འབར་བའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་ཕྱོགས་བཅུར་སྣང་བའི་སྤྲུལ་པ་འགྱེད་ པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་འཁོར་ལོ་དང་མཐུ་རབ་ཏུ་གྲགས་པར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་ཉི་མའི་དཔལ་གྱི་གཟི་བརྗིད་ཀྱི་སྤྲིན་གྱི་ཆར་མངོན་ པར་བབ་པོ། །འདི་ལྟ་སྟེ་ནོར་བུའི་རྒྱལ་པོ་རོལ་མོའི་སྒྲ་ཡིད་དུ་འོང་བས་ཕྱོགས་ཐམས་ཅད་ཁྱབ་པར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་སྟེ། ནོར་བུའི་རྒྱལ་པོའི་སྤྲིན་གྱི་ཆར་བཅུ་པོ་འདི་དག་མངོན་པར་བབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་ སྒོ་ཐམས་ཅད་དང་འོད་ཟེར་གྱི་སྒོ་ཐམས་ཅད་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་བྱུང་བར་གྱུར་ཏོ། །ཞིང་རྣམས་འབྱམ་ཀླས་ཀུན་ན་ཀུན་ཏུ་བཟང་པོ་དེ། །དབང་པོ་ཡིད་དུ་འོང་ལ་རབ་ཏུ་འཇུག་པ་མཐོང་། །ཀུན་ཏུ་རྣམ་འཕྲུལ་རྣམ་པར་འདི་འདྲ་སྟོན་པར་བྱེད། ། ཏིང་འཛིན་ཡུལ་ལ་འཇུག་པ་མཐའ་དང་དབུས་མྱེད་དོ། །ལུས་རྣམས་ཐམས་ཅད་ནས་ཀྱང་ཀུན་ཏུ་བཟང་པོ་དེ། །སྤྲུལ་པ་རབ་ཏུ་འགྱེད་ཅིང་ཆོས་དབྱིངས་རྟག་པར་འགེངས། །ཏིང་འཛིན་ཀུན་གྱི་ཚུལ་དང་མྱིང་དང་རྣམ་འཕྲུལ་པ། །ཐམས་ཅད་དབྱངས་ཀྱིས་ཆགས་ པ་མྱེད་པར་རྒྱ་ཆེ་སྒྲོག །ཏིང་འཛིན་ཐམས་ཅད་གཞན་དང་གཞན་གྱི་རྣམ་འཕྲུལ་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཞབས་ཀྱི་དྲུང་དག་ཏུ། །རྒྱལ་བ་ཀུན་གྱི་སྤྱོད་ཡུལ་ཡངས་པ་གང་བྱས་ཏེ། །ཞིང་རྣམས་ཀུན་ཏུ་རྣམ་པར་འཕྲུལ་པ་མང་པོ་སྟོན། ། ཞིང་ཀུན་རྒྱལ་བ་ཀུན་གྱི་ཞབས་དྲུང་ཇི་བཞིན་ཏུ། །དེ་ལྟར་ཞིང་ཀུན་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ལ། །ཏིང་འཛིན་རྣམ་པར་འཕྲུལ་པ་ཐམས་ཅད་མ་ལུས་སྟོན། །རྣམ་པར་སྣང་མཛད་སྨོན་ལམ་དབྱིངས་ལ་རབ་ཏུ་ཞུགས། །ཀུན་ཏུ་བཟང་པོའི་ལུས་ནི་ནམ་ མཁའི་མཚན་ཉིད་དོ། །ཐམས་ཅད་ཞིང་ལ་མི་གནས་དེ་བཞིན་ཉིད་ལ་གནས། །ལུས་ཀྱི་སྤྲིན་ནི་འགྲོ་བ་ཀུན་དང་མཉམ་པར་ཀུན་བཀྱེ་ཞིང་། །སེམས་ཅན་ཀུན་ལ་བསམ་པ་བཞིན་དུ་དེ་དག་སྟོན། །སངས་རྒྱས་སྐུ་རྣམས་ཀུན་ལ་ཞིང་རྣམས་གང་ཡོད་པ། ། མཐའ་དང་དབུས་མྱེད་ཀུན་ལ་རབ་ཏུ་ཞུགས་པ་རྣམས། །ཀུན་ཏུ་བཟང་པོའི་སྨོན་ལམ་གནས་པ་དག་ལ་བསྟན། །རྣམ་པར་འཕྲུལ་པ་འདི་འདྲ་དམ་པ་ཚད་ཀྱང་མེད། །འཁོར་རྣམས་རྒྱ་མཚོ་རྡུལ་ཕྲན་མཐའ་དང་དབུས་མྱེད་པ། །ཚད་མྱེད་ཐམས་ ཅད་ལུས་ཀྱི་ནང་དུ་ཀུན་ཚུད་ཅིང་། །དབྱིངས་ལ་ཞིང་མང་དྲ་བར་རྣམ་འཚང་རྒྱ་བ་སྟོན། །སྐད་ཅིག་སེམས་ལ་བསྐལ་པ་མང་པོ་དེ་བཞིན་སྟོན། །ཞིང་རྣམས་ཐམས་ཅད་འབྱམ་ཀླས་པ་ན་རྣམ་གྲགས་ཤིང་། །རྣམ་པར་འཕྲུལ་པ་དམ་པ་སྟོན་པར་རབ་ ཏུ་སྣང་། །ཕྱོགས་རྣམས་ཀུན་གྱི་ཞིང་གི་དབྱིངས་རྣམས་མ་ལུས་སྤྱོད། །ཀུན་ཏུ་བཟང་པོ་དེ་ལ་རྣམ་ལྟ་ཀུན་ཀྱང་མཐོང་། །རྒྱལ་བ་ཀུན་གྱི་ཡོན་ཏན་ཡེ་ཤེས་སྟོབས་ལ་ཞུགས། །ཏིང་འཛིན་ས་ནི་ཚུལ་རྣམས་ཀུན་གྱིས་རབ་ཏུ་མནན། །ཆོས་རྣམས་ འབྱམ་ཀླས་གཞན་དང་གཞན་ལ་རབ་ཏུ་ཞུགས། །རང་གི་བྱང་ཆུབ་སྤྱོད་པས་སྔོན་ཅད་སྤྱད་པ་སྟོན། །དེ་ལྟར་ཞིང་རྣམས་ཀུན་ཏུ་བསམ་ཡས་རྣམ་འཕྲུལ་པ། །ཕྱོགས་རྣམས་རྒྱ་ཆེ་ཀུན་ཏུ་བཀང་སྟེ་རབ་ཏུ་བསྟན། །ཏིང་འཛིན་ རྣམས་ལ་འཇུག་པ་རབ་ཏུ་བསྟན་པའི་ཕྱིར། །རྒྱལ་བའི་འོད་ཟེར་སྤྲིན་ལས་ཡོན་ཏན་ལེགས་སྒྲ་འབྱུང་། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ཡོད་པ་ཐམས་ཅད་སངས་རྒྱས་ཀྱི་མཐུས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ལྟ་ཞིང་དབྱངས་ཀྱི་ང་ རོ་གཅིག་ཏུ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་ཐམས་ཅད་ཆོས་ལས་སྐྱེས་པ་སྟེ། །སྨོན་ལམ་ཀུན་གྱིས་སངས་རྒྱས་རབ་ཏུ་བྱུང་། །དེ་བཞིན་ཉིད་མཉམ་ནམ་མཁའི་སྙིང་པོ་སྟེ། །ཆོས་ཀྱི་སྐུ་ཡིས་རྣམ་པར་རབ་ཏུ་མཛེས། །ཞིང་ རྣམས་འབྱམ་ཀླས་ཀུན་ལ་བཞུགས་མྱེད་ཀྱང་། །ཀུན་ཏུ་བཟང་པོའི་འཁོར་རྣམས་ཀུན་ན་སྣང་། །ཕྱོགས་བཅུ་ཀུན་ཏུ་ཡོན་ཏན་གྲག་པས་ཁྱབ། །ཡེ་ཤེས་རྒྱ་མཚོ་རབ་ཏུ་སྣང་བ་མངའ། །རྒྱལ་བ་ཐམས་ཅད་སྐུ་ཐོབ་ཕྱིར་སྤྱོད་པ། །ཕྱོགས་ བཅུའི་ཡོན་ཏན་རྒྱ་མཚོ་ཡོད་པའི་རྣམས། །རྡུལ་སྦུབས་ཀུན་ཏུ་དེ་དག་ཆུད་བྱས་ཤིང་། །ཞིང་རྣམས་ཀུན་ཏུ་རྣམ་པར་རབ་ཏུ་མཛེས། །ཞིང་རྣམས་ཀུན་གྱི་རྒྱལ་བའི་ཞབས་དྲུང་ན། །རྒྱལ་སྲས་ཏིང་ངེ་འཛིན་དང་སྤྱད་པ་དང་། །ཆོས་རྣམས་ཀུན་ལ་སྤྱོད་ ཅིང་གནས་པའི་རྣམས། །རྡུལ་དང་མཉམ་པའི་བསྐལ་པར་ཀུན་ཀྱང་སྣང་། །ཆོས་ཀྱི་དབྱིངས་རྣམས་ལུས་ཀྱིས་ཁྱབ་བྱས་ཤིང་། །ཞིང་རྣམས་འབྱམ་ཀླས་ཀུན་ལ་ཤིན་ཏུ་ཞུགས། །སེམས་ཅན་རྒྱ་མཚོའི་དོན་དུ་དེ་སྤྱོད་ཅིང་། །རྡུལ་ཕྲན་ཀུན་ལ་ཆོས་ ཀྱི་དབྱིངས་སུ་ཞུགས། །ཆོས་ཀྱི་དབྱིངས་ལ་དེ་ལྟར་ཞུགས་ནས་ཀྱང་། །རྡུལ་ཕྲན་ཀུན་ལ་མི་ཟད་ཐ་མི་དད། །ནམ་མཁའི་དབྱིངས་ནི་ལུས་ཀྱིས་གང་བྱས་ཤིང་། །རྒྱལ་བའི་ཆོས་རྣམས་ཡངས་པ་རབ་ཏུ་སྟོན། །ཡོན་ཏན་རྒྱ་མཚོ་འོད་ཀུན་གཞལ་དུ་མེད། ། རྣམ་ཡངས་སྟོབས་ཆེན་འོད་ཟེར་ཡོན་ཏན་སྤྲིན། །འགྲོ་བ་རྒྱ་མཚོའི་དོན་དུ་སྤྱོད་བྱེད་ཅིང་། །རྒྱལ་བའི་སྤྱོད་ལམ་གཞལ་དུ་མེད་པ་སྟོན། །གང་གི་དོན་ཏུ་བསྐལ་པ་རྒྱ་མཚོ་དག །མཐའ་ཡས་པར་ནི་བཟང་པོའི་སྤྱོད་སྤྱད་པ། །དེ་དག་ཆོས་ཀྱི་དབྱིངས་རྣམས་ གང་བྱས་ནས། །ཐམས་ཅད་ཆོས་ཀྱི་སྤྲིན་ལས་རབ་ཏུ་བརྗོད། །ཞིང་རྣམས་ཇི་ལྟར་འབྱུང་བར་འགྱུར་བ་དང་། །སྟོབས་བཅུ་རྣམས་ཀྱང་ཇི་ལྟར་འབྱུང་འགྱུར་དང་། །སེམས་ཅན་རྒྱ་མཚོ་ཇི་ལྟར་འབྱུང་འགྱུར་བ། །སེམས་ཅན་རྣམས་ལ་སྒྲ་དབྱངས་ གཏོང་ཞིང་སྟོན། །འཁོར་རྣམས་ཡོངས་པ་འདི་དག་ཐམས་ཅད་ཀྱང་། །ཀུན་ཏུ་བཟང་པོ་ཁྱོད་ལ་མངོན་སུམ་གནས། །སངས་རྒྱས་ཀུན་གྱིས་གནང་བར་འགྱུར་བ་ཡིན། །ཆོས་ཀྱི་འཁོར་ལོ་དེ་རིང་ཁྱོད་ཀྱིས་བསྐོར། །ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་ དང་རྣམ་པར་འཕྲུལ་པ་རབ་ཏུ་བྱུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པར་བལྟས། སེམས་ཅན་གྱི་ཁམས་རྒྱ་མཚོ་ལ་རྣམ་པར་ བལྟས། ཆོས་ཀྱི་དབྱིངས་རྒྱ་མཚོ་ལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱ་མཚོ་ལ་རྣམ་པར་ བལྟས། དུས་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་འབྱུང་བའི་སྨོན་ལམ་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་རྣམ་པར་བལྟས་ནས། བྱང་ཆུབ་སེམས་དཔའ་ འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུ་ཞིང་འཇིག་པ་ཡོངས་སུ་དག་པ་འབྱུང་བའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལས་འབྱུང་བ་རྒྱ་མཚོ་མཁྱེན་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་གནས་པའི་ཡེ་ ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་རྒྱ་མཚོ་ཐམས་ཅད་མཐའ་དང་དབུས་མྱེད་པར་བསྟན་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ ལས་རྒྱ་མཚོ་རྣམ་པར་དགོད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསམ་པ་དང་། དད་པ་དང་དབང་པོ་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ ཐུགས་ཀྱིས་སྐད་ཅིག་གཅིག་ལ་དུས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ཡང་དག་པར་བསྟན་པའི་ཡེ་ ཤེས་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་དགོད་པ་རབ་ཏུ་བསྟན་པ་རྒྱ་མཚོ་ནི་བསམ་གྱིས་མྱི་ཁྱབ་པོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྐུ་རབ་ཏུ་བསྟན་པ་ཡོངས་སུ་དག་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་རྒྱ་མཚོ་མཐའ་དང་དབུས་མྱེད་པས་རྣམ་པར་སྣང་བ་ནི་ བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་དག་པ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་མཐའ་ཡས་པ་ནི་བསམ་ གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཟེར་རྒྱ་མཚོ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་རབ་ཏུ་དགྱེ་བ་མཛད་པ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་དཔལ་རིན་པོ་ཆེ་འཕྲོ་བའི་རྒྱ་མཚོ་རྣམ་པར་རྒྱུ་བ་ནི་ བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་གསུང་དང་དབྱངས་རྒྱ་མཚོ་རབ་ཏུ་འགྲུབ་པ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་ཡོངས་སུ་བསྟན་པས་སེམས་ཅན་རྒྱ་ མཚོ་ཡོངས་སུ་སྨིན་པར་མཛད་པ་དང་། འདུལ་བ་མཛད་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གདུལ་བ་རྒྱ་མཚོ་ཐམས་ཅད་ལ་བརྩོན་པ་དོན་ཡོད་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་ རྒྱས་ཀྱི་ས་ལ་རབ་ཏུ་བཞུགས་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱི་རླབས་ཀྱི་མཐུ་ནི་བསམ་གྱིས་མི་ ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་རྒྱུ་བ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་ལ་ཐུབ་པ་མྱེད་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་མི་བསྙེངས་པ་ཟིལ་གྱིས་མི་ནོན་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐ་མི་དད་པར་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་ པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མངའ་བ་ཆེན་པོའི་ཡེ་ཤེས་རྣམ་པར་དག་པ་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མི་འཕྲོགས་ པ་ནི་བསམ་གྱིས་མི་ཁྱབ་སྟེ། །དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་མཚོ་ལ་གཟུང་བ་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་རབ་ཏུ་དགོད་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། བསྐལ་པ་རྒྱ་མཚོ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་གདུང་རྗེས་སུ་ བསྩབ་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་ཆོས་ཀྱི་རང་བཞིན་གྱིས་དཀྱིལ་འཁོར་རབ་ཏུ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དད་པ་རྒྱ་མཚོ་ཐ་དད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ལ་ སངས་རྒྱས་ཀྱི་ཆོས་ཚུལ་ཀུན་ཏུ་སྣང་བ་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྒྱ་མཚོའི་སྒྲིབ་པའི་རི་ཐམས་ཅད་རྣམ་པར་གཞོམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྒྱ་མཚོ་ལ་འབྱུང་བའི་ལམ་རྣམ་ པར་སྦྱང་བ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོ་ལ་རབ་ཏུ་དགོད་པའི་ཕྱིར་ཡང་དག་པར་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་རྣམས་དེ་བས་ཀྱང་ ཤིན་ཏུ་དགའ་བར་བྱ་བ་དང་། ཆོས་ལ་དགའ་བའི་ཤུགས་ཐམས་ཅད་རྣམ་པར་འཕེལ་བར་བྱ་བ་དང་། མོས་པའི་ཚུལ་ཡངས་པ་རྒྱ་མཚོ་ཡང་དག་པར་འབྱུང་བར་བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་སྙིང་པོ་སྒོ་ཀུན་དང་ལྡན་པ་རྣམ་པར་དག་པར་བྱ་བ་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་མཚོ་ལ་རབ་ཏུ་དགོད་པར་བྱ་བ་དང་། ཡེ་ཤེས་ཀྱི་མྱིག་དུས་གསུམ་གྱི་རྗེས་སུ་སོང་བ་ཡོངས་སུ་སྦྱང་བ་དང་། འཇིག་རྟེན་ཐམས་ཅད་ཀུན་ནས་སྣང་བར་བྱེད་པའི་སྙིང་པོ་ཤེས་རབ་ཆེན་པོའི་རྒྱ་མཚོ་རྣམ་པར་འཕེལ་བར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོངས་སུ་བཟུང་བའི་ཕྱིར། གཟུངས་ཀྱི་སྟོབས་ཡང་དག་པར་བསྐྱེད་པ་དང་། སྙིང་པོ་བྱང་ཆུབ་ཐམས་ཅད་དུ་སངས་རྒྱས་ཀྱི་ཡུལ་ཐམས་ཅད། རབ་ཏུ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་ ཚུལ་སྣང་བའི་འོད་ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་དགའ་བའི་ཤུགས་རྒྱ་མཚོ་རྣམ་པར་འཕེལ་བར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། །སངས་རྒྱས་རྨད་ག་ཅད་ཅེས་ བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བདུན་པ། ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡེ་ཤེས་ཟབ། །མཐའ་དང་དབུས་མེད་དེས་ནི་ཞིང་རྣམས་ཁྱབ། །སེམས་ཅན་བསམ་ལ་སྦྱོར་བ་ཅི་བཞིན་སྣང་། །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའོ། ། བསམ་གྱིས་མི་ཁྱབ་རྒྱ་མཚོའི་ཞིང་ཡོད་པ། །བསྐལ་པ་རྒྱ་མཚོར་རྒྱལ་བས་རྣམ་སྦྱངས་པས། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་བྱའི་ཕྱིར། །སེམས་ཅན་ནང་ན་རྒྱལ་བ་རྣམ་པར་མཛེས། །སེམས་ཅན་རྒྱ་མཚོ་འབྱུང་བ་བསམ་མི་ཁྱབ། །སངས་ རྒྱས་ཡུལ་ལ་འཇུག་པ་ཤིན་ཏུ་ཟབ། །སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མྱི་ནུས་སོ། །གཞན་དུ་གང་རྣམས་ཤིན་ཏུ་སེམས་བརྟན་ཅིང་། །དགེ་བའི་བཤེས་ཀྱིས་ཡོངས་སུ་བཟུང་བ་དང་། །སངས་རྒྱས་ ཀུན་གྱི་བྱིན་གྱིས་རླབས་པ་དག །སངས་རྒྱས་ཡེ་ཤེས་འདི་ལ་རབ་ཏུ་འཇུག །གང་རྣམས་སེམས་དག་གཡོ་མེད་སྒྱུ་མྱེད་ཅིང་། །སྙིང་རྗེའི་སེམས་ཅན་ཁོང་ནས་བྱམས་དགའ་དང་། །དད་པ་ཆེ་ཞིང་རླབས་ཆེན་དེ་དག་ནི། །འདི་དག་ ཐོས་ཤིང་དགའ་བ་ཐོབ་པར་འགྱུར། །ཀུན་ཏུ་བཟང་པོའི་སྨོན་ལམ་ས་དག་དང་། །ཆོས་དབྱིངས་ནམ་མཁའི་དབྱིངས་སུ་ཁྱབ་པ་ལ། །གནས་ཤིང་སྤྱད་པ་རབ་ཏུ་སུས་སྤྱོད་པ། །དེ་དག་རྒྱལ་བའི་སྤྱོད་ཡུལ་དེ་ཤེས་སོ། །གང་གིས་རྒྱལ་བའི་ རྣམ་འཕྲུལ་འདི་མཐོང་བའི། །བྱང་ཆུབ་སེམས་དཔའ་ཐོབ་བྱ་ལེགས་པར་ཐོབ། །གཞན་གྱི་ཡུལ་གྱིས་ཤེས་པར་མྱི་ནུས་ཏེ། །འདི་ནི་ཀུན་ཏུ་བཟང་པོས་རྟོགས་པའོ། །དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་བརླབས་ཤིང་། ། འགྲོ་བ་མཐའ་དང་དབུས་མེད་འདི་དག་ན། །ཀུན་ཏུ་ཆོས་ཀྱི་འཁོར་ལོ་རབ་ཏུ་འཁོར། །རྣམ་པར་སྣང་མཛད་ཡུལ་དང་མཐུ་ཡིན་ནོ། །བདག་གི་ལུས་སུ་ཞིང་རྣམས་ཐམས་ཅད་ཀྱང་། །རབ་ཏུ་ཞུགས་ཤིང་དེ་ཞུགས་ཞིང་རྣམས་ཀུན། །དེ་དག་སྤུ་རྩེ་ཀུན་ཏུ་བལྟ་ བར་གྱིས། །རྒྱལ་བའི་སྤྱོད་ཡུལ་ཤིན་ཏུ་བཤད་པར་བྱ། །ཀུན་ཏུ་བཟང་པོའི་སྨོན་ལམ་སྤྱོད་པ་རྣམས། །མཐའ་དང་དབུས་མེད་མངོན་པར་བསྒྲུབ་པ་དང་། །ཀུན་ཏུ་མྱིག་གི་ཡུལ་དང་ལུས་ལྡན་པ། །དེ་དག་མགོན་པོའི་སྤྱོད་ཡུལ་འདི་ཉིད་དོ། ། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་བསྟན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་ གྱི་ཁམས་ཡོངས་སུ་འབྱུང་བའི་ཚོགས་ཀྱི་རྒྱུ་རྐྱེན་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གནས་པ་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་དབྱིབས་དང་རྣམ་པ་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ལྷུན་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཡོངས་སུ་དག་པར་བྱ་བའི་ཚུལ་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་སངས་རྒྱས་འབྱུང་བ་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པའི་བྱིན་གྱི་རླབས་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་བསྐལ་པ་མཐའ་ཡས་པའི་རྒྱུད་རྒྱ་མཚོ་ཤིན་ཏུ་བསྟན་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐ་མི་དད་པ་ཤིན་ཏུ་བསྟན་པའོ། །ཀྱེ་རྒྱལ་ བའི་སྲས་དག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུ་པོ་འདི་དག་ལ་སོགས་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་བསྟན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་ བ་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་དམིགས་པའི་སྒོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྲག་བཅུས་བྱུང་ངོ་། །འབྱུང་ངོ་འབྱུང་བར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། ཆོས་ཉིད་རབ་ཏུ་ཐོབ་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་ཚོགས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་སྒྲུབ་པའི་ཆོས་ཉིད་དང་། སེམས་ཅན་ རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་དག་དང་། བསོད་ནམས་ཀྱི་རྩ་བ་སྐལ་བ་མཐུན་པ་བསགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པའི་སྨོན་ལམ་གྱི་ཁྱད་པར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པས། རྣམ་པར་བསྒྲུབས་ པའི་སྨོན་ལམ་གྱིས་མངོན་པར་བསྒྲུབས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་དབང་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་རྩ་བ་འགེངས་པ་འཇིག་རྟེན་ལས་འདས་པ་དང་། རྒྱུ་འཐུན་པས་མངོན་པར་འཚང་རྒྱ་ཞིང་སངས་རྒྱས་ ཀྱི་རྣམ་པར་འཕྲུལ་པ་ཁྱུ་མཆོག་གི་མཐུ་དབྱུང་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་འཕྲུལ་པའི་སྒོའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་རྒྱུ་དང་རྐྱེན་ལ་དམྱིགས་པའི་སྒོ་བཅུ་པོ་འདི་དག་ལ་སྩོགས་པ་རྒྱུ་དང་རྐྱེན་ལ་ དམྱིགས་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་བྱུང་ངོ་། །འབྱུང་ངོ་འབྱུང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱུང་བ་ཤིན་ཏུ་ བསྟན་པ་འདི་ཉིད་གསལ་བར་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཡེ་ཤེས་ཡུལ་ནི་བསམ་ཡས་པས། །བྱིན་རླབས་རྣམ་འཕྲུལ་དེ་དག་འདི་ལྟ་བུ། ། ཞིང་རྣམས་རྒྱ་མཚོ་བསྟན་པ་མཐའ་དབུས་མེད། །རྣམ་པར་སྣང་མཛད་ཆོས་ཀྱི་ཡོངས་སུ་སྦྱངས། །བྱང་ཆུབ་སེམས་ནི་ཀུན་གྱི་བསམ་པ་བཞིན། །སྨོན་ལམ་རྒྱ་མཚོ་བསམ་ཡས་རྣམ་སྦྱངས་ཤིང་། །སེམས་ཅན་ལས་རྣམས་རྒྱ་མཚོ་བསམ་ཡས་པས། ། ཕྱོགས་ཀུན་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང་། །བྱང་ཆུབ་སེམས་དཔའ་ཀུན་གྱི་རྣམ་འཕྲུལ་དང་། །ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྒོས། །སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་བསྒྲུབས་ཤིང་། །ནམ་མཁའི་དབྱིངས་ལ་འབྱམ་ཀླས་ཞིང་ འབྱུང་ངོ་། །སྤྱོད་པ་རྒྱ་མཚོ་མཐའ་དང་དབུས་མྱེད་རྣམས། །སྤྱོད་ཅིང་ཚད་མེད་བདེ་གཤེགས་ཡུལ་ལ་འཇུག །ཕྱོགས་ཀྱི་ཞིང་རྣམས་རྒྱ་མཚོ་ཀུན་སྦྱོང་ཞིང་། །བསྐལ་པ་མཐའ་ཡས་ཞིང་རྣམས་རེ་རེར་སྤྱོད། །སེམས་ཅན་བསམ་དབྱིངས་ བསམ་གྱིས་མི་ཁྱབ་པའི། །ལས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་བྱུང་། །ཉོན་མོངས་ལས་ཀྱིས་དེ་དག་ཉོན་མོངས་བཅས། །མོས་དང་བསམ་པས་རྣམ་པ་སྣ་ཚོགས་གཟུགས། །ཞིང་རྣམས་རྒྱ་མཚོ་རྣམ་དག་རྒྱན་ཅན་རྣམས། །རིན་ ཆེན་རྒྱུས་བྱུང་སྣ་ཚོགས་དྲི་མེད་པ། །དད་པ་རྒྱ་མཚོ་རྣམ་པར་སྤེལ་བའི་ཕྱིར། །རྒྱལ་སྲས་རྣམས་ནི་ཕྱོགས་བཅུའི་ཞིང་རྣམས་སྤྱོད། །ཆོས་དབྱིངས་རྡུལ་གྱི་ཁོངས་སུ་རྒྱལ་སྲས་རྣམས། །ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པ་དག །རྡུལ་གྱི་ཁོངས་ སུ་མཐའ་ཡས་ཞིང་སྟོན་ཏེ། །རྣམ་དག་མཁའ་བཞིན་མཐའ་དང་དབུས་ཡང་མྱེད། །ནམ་མཁའི་དབྱིངས་འདྲའི་རྣམ་འཕྲུལ་འདི་འདྲ་སྟེ། །སྙིང་པོ་བྱང་ཆུབ་རྒྱལ་བའི་ཞབས་དྲུང་ན། །པདྨོའི་སྟན་འཁོད་ཁ་དོག་མཐའ་ཡས་ཀུན། །དེ་དག་ཞིང་ བཅས་ལུས་ཀྱི་ནང་ན་འཁོད། །སྐད་ཅིག་སེམས་ཀྱིས་དུས་གསུམ་བྱུང་བ་ཡི། །ཞིང་འབྱུང་ཚུལ་དང་འཇུག་པ་ཀུན་ཀྱང་སྟོན། །སངས་རྒྱས་རྣམས་ཀྱིས་དུས་གསུམ་ཞིང་བསྟན་པ། །རྣམ་པར་སྣང་མཛད་རྒྱ་མཚོའི་ཞིང་མྱི་ཟད། །ཚུལ་གྱི་ཁྱད་པར་མཐའ་ ཡས་སྣ་ཚོགས་པས། །རྡུལ་རྣམས་ཀུན་ལ་མཐའ་ཡས་རྒྱན་གྱི་རྣམས། །སངས་རྒྱས་སྐད་ཅིག་གཅིག་ལ་བྱིན་གྱིས་རློབ། །རྒྱན་གྱི་རྣམ་པ་ཚུལ་ཀུན་རབ་ཏུ་མཁྱེན། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་གནས་པ་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་ རྒྱ་མཚོ་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ། འདི་ལྟར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རྒྱན་ཐམས་ཅད་ཀྱི་རྒྱ་མཚོ་ཀུན་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནམ་མཁའི་དབྱིངས་ཀྱི་གནས་ལ་རབ་ཏུ་གནས་སོ། ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ ཆེ་ཐམས་ཅད་ཀྱི་ཁ་དོག་གི་མདོག་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སྒྱུ་མ་ལྟ་བུའི་ལས་ཀྱི་བྱུང་བ་ལྷ་མ་ཡིན་དང་མཐུ་བོ་ཆེ་ལྟ་བུའི་ ལག་ན་རྡོ་རྗེ་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་འཇིག་རྟེན་གྱི་ཁམས་དབང་པོ་ཐམས་ཅད་ཀྱི་ལུས་ཀྱི་གཟུགས་བརྙན་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་བྱུང་བའི་རྒྱན་རྣམ་པ་ཐམས་ཅད་དང་ལྡན་པ་རྒྱ་མཚོ་ལ་རབ་ཏུ་གནས་ཏེ། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རབ་ཏུ་གནས་པ་ཤིན་ཏུ་བསྟན་པ་ ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོ་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རབ་ཏུ་གནས་པ་ཤིན་ཏུ་བསྟན་པའི་དོན་འདི་ཉིད་ཡོངས་སུ་བསྟན་ པའི་ཕྱིར། སངས་རྒྱས་ཀྱི་མཐུས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀུན་ཀྱང་ཞིང་རྣམས་རྒྱ་མཚོ་འདི་དག་རིན་ཆེན་རང་བཞིན་དྲི་མྱེད་པ། །རྣམ་དག་སྣ་ཚོགས་ནོར་བུ་ཀུན་འབར་འོད་ཟེར་རྒྱ་མཚོའི་འོད་ལྡན་ལྟོས། །འདི་དག་རྒྱལ་བའི་བྱིན་རླབས་ རྒྱུ་ཡིས་དབྱིངས་ལེགས་འཁོར་བར་རྣམ་པར་སྣང་། །དེ་དག་གིས་ནི་ཕྱོགས་བཅུ་ནམ་མཁའི་དབྱིངས་རྣམས་གཞི་ཀུན་རབ་ཏུ་ཁྱབ། །ཞིང་རྣམས་རྒྱ་མཚོ་ལ་ལ་དྲི་མྱེད་འོད་ཅན་ནམ་མཁའི་དབྱིངས་ལ་གནས། །སྣང་བའི་སྙིང་པོ་འོད་ཅན་ནོར་བུའི་རྒྱ་མཚོ་དག་ལ་ལེགས་ པར་གནས། །འགྲོ་བ་དེ་དབུས་རྒྱལ་བ་འཁོར་ལ་ཆོས་ཀྱི་འཁོར་ལོ་བཟང་པོ་བསྐོར། །འདི་ནི་སངས་རྒྱས་ཡུལ་ཡིན་སེམས་ཅན་རྒྱ་ཆེན་ཤིན་ཏུ་མགུ་བ་བྱེད་པའོ། །ལ་ལ་མེ་ཏོག་སྒྲོན་མ་ཀུན་ཏུ་རྒྱས་པའི་མུ་ཏིག་ནོར་བུས་བརྒྱན། །འོད་ཟེར་དྲ་བའི་ཀུན་ནས་ སྤྲིན་འབར་སྤོས་འཕྲོ་སྤྲིན་གྱི་འོད་ཅན་ཏེ། །ཞིང་མང་མཐའ་དང་དབུས་མེད་རྒྱ་ཆེན་པདྨོའི་རྒྱ་མཚོ་དག་ལ་གནས། །སངས་རྒྱས་རྣམས་ཀྱིས་རབ་བརྒྱན་ཞིང་རྣམས་འབྱམ་ཀླས་ཀུན་ཀྱང་རབ་ཏུ་མཛེས། །ཞིང་རྣམས་རྒྱ་མཚོ་དཀྱིལ་འཁོར་དབྱིངས་རྣམས་ལ་ལ་སངས་ རྒྱས་བྱིན་ལ་གནས། །ཡངས་ཤིང་རིན་ཆེན་མང་ལྡན་རྒྱ་ཆེན་དེ་དག་བྱང་ཆུབ་སེམས་དཔས་གང་། །ལག་ན་རྡོ་རྗེ་རྒྱ་མཚོ་མང་ཚོགས་ལྷ་དབང་ལུས་ལ་དེ་བཞིན་གནས། །དེ་ནས་བཅོམ་ལྡན་རྣམ་པར་སྣང་བ་མཛད་ཀྱི་འཁོར་ལོ་རྟག་ཏུ་འཁོར། ། ནོར་བུའི་ཤིང་དང་སྤོས་ཀྱི་འོད་འཕྲོའི་སྤྲིན་རྣམས་མཉམ་པའི་དབྱིངས་ལ་གནས། །ཆུ་ཡི་ཕུང་པོ་དག་དང་རྡོ་རྗེའི་རྒྱ་མཚོ་བརྟན་ལའང་དེ་བཞིན་གནས། །ལ་ལ་གོས་དང་བྲག་དང་རྒྱལ་མཚན་མེ་ཏོག་རྒྱ་ཆེན་དག་ལ་གནས། །ཀུན་ནའང་རྣམ་འཕྲུལ་འདི་ དག་རྒྱ་ཆེན་རྣམ་པར་སྣང་མཛད་སྟོན་པ་མཛད། །ཞིང་རྣམས་རིང་དང་ཐུང་དང་གླིང་གི་གཟུགས་དང་རྣམ་པ་སྣ་ཚོགས་ཏེ། །སྣ་ཚོགས་རྒྱན་ཅན་སྙིང་པོ་དྲི་མ་བྲལ་བ་ཡོངས་དག་དྲི་མེད་སྣང་། །རྣམ་པ་སྣ་ཚོགས་དེ་དག་སྨོན་ལམ་རྒྱ་མཚོའི་དབྱིངས་ལ་རབ་ཏུ་གནས། ། སངས་རྒྱས་སྤྲིན་གྱིས་ཀུན་ནས་ཡོག་པར་རྟག་ཏུ་ནམ་མཁའི་དབྱིངས་ལ་གནས། །ཞིང་རྣམས་རྒྱ་མཚོ་འབྱམ་ཀླས་ལ་ལ་སྤྱིའུ་ཚུགས་ཡོད་དང་མེད་ལ་གནས། །བྱང་ཆུབ་སེམས་དཔའི་ཅོད་པན་རིན་ཆེན་འཁོར་ལོས་བཟུང་བས་དག་པར་གནས། །དེ་ན་སངས་ རྒྱས་རྣམ་འཕྲུལ་རྒྱ་ཆེན་ཐམས་ཅད་ཀུན་ནས་རབ་ཏུ་སྣང་། །རིན་ཆེན་སངས་རྒྱས་གསུང་རྣམས་ཀུན་ཏུ་གཏོང་ལྡན་ལས་ཀྱིས་དེ་དག་སྤྲུལ། །ཆོས་ཀྱི་དབྱིངས་མཉམ་ཞིང་རྣམས་འབྱམ་ཀླས་མིག་ཡོར་སྒྱུ་མ་དང་ཡང་འདྲ། །མིག་འཕྲུལ་རྣམ་ཕྱེ་རྣམ་དག་དྲི་ མེད་སེམས་ཀྱིས་ཤིན་དུ་བསྐྱེད་པ་སྟེ། །ནམ་མཁའི་དབྱིངས་རྣམས་སྣ་ཚོགས་རྒྱན་གྱི་སྙིང་པོ་གནས་འགྱུར་འདི་ལ་སྣང་། །ལས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་འདི་དག་བདེ་བར་གཤེགས་པས་བསྟན། །སྐད་ཅིག་སེམས་ཀྱིས་ཞིང་རྣམས་འབྱམ་ཀླས་འགྲོ་ བའི་ཀུན་དང་མཉམ་པའི་རྣམས། །ཞིང་རྡུལ་ཀུན་ལ་ཀུན་ཏུ་བཟང་པོ་རྟག་པར་རབ་ཏུ་སྒྲུབ་བྱེད་ཅིང་། །དེ་ན་བསྐལ་པ་རྒྱ་མཚོར་འགྲོ་བ་སྨིན་པར་བྱ་ཕྱིར་སྤྱད་པ་སྤྱོད། །ཆོས་དབྱིངས་རྒྱས་པར་བཀང་སྟེ་དེ་དག་ཀུན་ཏུ་རྣམ་འཕྲུལ་རྒྱ་ཆེན་སྟོན། །རྡུལ་རྣམས་ ཀུན་ན་ཆོས་དབྱིངས་ཡངས་པའི་ཞིང་རྣམས་རྒྱ་མཚོ་ཀུན་ཀྱང་གནས། །སངས་རྒྱས་སྤྲིན་གྱིས་བྱིན་གྱིས་བརླབས་པས་ཀུན་ཀྱང་ཡོག་ཅིང་ཡོངས་སུ་རྒྱས། །ཇི་ལྟར་རྡུལ་ཕྲན་གཅིག་ལ་རྣམ་འཕྲུལ་དེ་བཞིན་འགྲོ་བ་ཀུན་ནའོ། །རྣམ་པར་སྣང་བའི་སངས་རྒྱས་ རྣམ་འཕྲུལ་རྒྱ་ཆེན་རབ་ཏུ་སྟོན་པ་མཛད། །ཞིང་རྣམས་འབྱམ་ཀླས་ཐམས་ཅད་མིག་ཡོར་ལྟ་བུ་སྒྱུ་མ་སྨྱིག་རྒྱུ་འདྲ། །སྣང་བ་མེད་ཅིང་འབྱུང་མེད་ཕྱོགས་བཅུ་དག་ན་འགྲོ་དང་འོང་བ་མེད། །མཁའ་ལ་གནས་པ་དེ་དག་རྟག་པར་འབྱུང་ཞིང་འཇིག་པར་དེ་བཞིན་ འགྱུར། །ཤིན་ཏུ་ཡངས་པ་དེ་དག་སྨོན་ལམ་རྣམ་སྦྱངས་ལས་ཀྱིས་ཡོངས་སུ་བཟུང་། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་ཀྱི་དབྱིབས་ནི་རྣམ་པ་སྣ་ཚོགས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ ཀླས་པ་ལ་ལ་ནི་ཀུན་ནས་ཟླུམ་པོའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་ཀུན་ནས་གྲུ་བཞིའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་ནམ་མཁའི་རྣམ་པ་དུ་མར་རྣམ་པར་ཕྱེ་བའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་ པ་ལ་ལ་ནི་ཀུན་ནས་འཁྱིལ་བའི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་འོད་འཕྲོ་བའི་རིའི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་ཤིང་སྣ་ཚོགས་ཀྱི་ལྷུན་གྱི་དབྱིབས་སུ་འདུག་གོ །འཇིག་ རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་མེ་ཏོག་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་ཁྱིམ་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་སེམས་ཅན་སྣ་ ཚོགས་ཀྱི་ལུས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་མཚན་སྣ་ཚོགས་ཀྱི་དབྱིབས་སུ་འདུག་སྟེ། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་ཀྱི་དབྱིབས་ཤིན་ཏུ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་དབྱིབས་ཀྱི་ཚུལ་རྒྱ་མཚོ་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་པ་ སྣ་ཚོགས་རྒྱ་མཚོའི་ཞིང་ལ་ལྟོས། །རྣམ་ཕྱེ་སྣ་ཚོགས་མཐའ་ཡས་དབྱིབས་སུ་གནས། །དབྱིབས་ཀྱིས་རྣམ་པར་ཕྱེ་བ་སྣ་ཚོགས་ཏེ། །ཕྱོགས་རྣམས་ཀུན་ནས་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ ལ་ལ་ཕྱོགས་ནང་གྲུ་བཞིར་གནས། །ནོར་བུ་པདྨོ་འཁོར་ལོའི་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །རྡུལ་མེད་འོད་ཀྱི་དབྱིབས་དང་ཚུལ་འཛིན་ཅིང་། །གསེར་ལས་གྲུབ་པ་རྣམ་ཕྱེ་སྣ་ཚོགས་ཏེ། །སྒོ་མང་མཐའ་ཡས་པ་ནས་ རྒྱུ་ཞིང་འཇུག །ལས་རྣམས་རྒྱ་མཚོ་བསམ་པ་དག་པས་གནས། །ཞིང་རྣམས་རྒྱ་མཚོ་སྣ་ཚོགས་སྙིང་པོ་ཅན། །ནམ་མཁའ་འདི་ལ་ཇི་ལྟར་སྤྲིན་གནས་བཞིན། །དེ་དག་རིན་ཆེན་མང་ཞིང་རྣམ་པར་ཕྱེ། །དེ་དག་ཀུན་ན་སངས་རྒྱས་རྣམ་པར་ མཛེས། །ཞིང་རྣམས་འདི་ཀུན་སེམས་ཀྱིས་རྣམ་པར་བརྟགས། །སྣ་ཚོགས་རྒྱན་དང་སྣང་བས་ཀུན་ནས་གནས། །རྣམ་པར་འཕྲུལ་པ་གཞན་དང་གཞན་དག་གིས། །ཞིང་རྣམས་རྒྱ་མཚོ་སངས་རྒྱས་སྟོན་པ་མཛད། །བདེ་དང་སྡུག་བསྔལ་མྱོང་བར་ གྱུར་པ་ནི། །རྣམ་པར་དག་དང་ཉོན་མོངས་ཚུལ་བཞིན་ཏེ། །ཆོས་ཉིད་འདི་ནི་རྟག་ཏུ་ཡོད་པ་ཡིན། །དེ་ལྟར་ལས་རྣམས་རྒྱ་མཚོ་བསམ་མི་ཁྱབ། །སྐྲ་གཅིག་རྩེ་ལ་བསམ་གྱིས་མི་ཁྱབ་ཅིང་། །ཐམས་ཅད་རྡུལ་མེད་སྣ་ཚོགས་དབྱིབས་སུ་གནས། ། ཀུན་ནས་སངས་རྒྱས་རྣམ་པར་སྣང་མཛད་བཞུགས། །འཁོར་རྣམས་རྒྱ་མཚོར་ཆོས་རྣམས་རབ་ཏུ་སྟོན། །རྡུལ་གཅིག་རྩེ་ལ་ཕྲ་དང་ཡངས་པའི་རྣམས། །ཐམས་ཅད་རྡུལ་སྙེད་ཁ་དོག་ཀུན་དང་ལྡན། །ཁ་དོག་དབྱིབས་རྣམས་ཀུན་ཀྱང་རྣམ་པར་ བརྟགས། །དེ་དག་ཀུན་ན་རྒྱལ་བའི་འཁོར་ལོ་འཁོར། །རྡུལ་རྣམས་ཀུན་ལ་རབ་ཏུ་ཞིང་བསྟན་པ། །དེ་དག་སྨོན་ལམ་རྣམ་པར་འཕྲུལ་པ་ཡིན། །ནམ་མཁའི་དབྱིངས་སུ་ལས་ཀྱིས་སྤྲུལ་པ་ནི། །སྣ་ཚོགས་སེམས་དང་བསམ་པས་རྣམ་པར་བརྟགས། སེམས་ཅན་ཀུན་མཉམ་རྡུལ་རྣམས་ཐམས་ཅད་ལ། །སངས་རྒྱས་རྣམ་པར་འཕྲུལ་པ་སྤྲུལ་པ་དག །རྣམ་པར་སྣང་མཛད་ཆོས་ཉིད་དེ་ཡིན་ཏེ། །རྡུལ་ཕྲན་ཀུན་ལ་ཞིང་རྣམས་ཤིན་ཏུ་གནས། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་ མཚོའི་ལྷུན་དག་ནི་གཞན་དང་གཞན་དུ་ཤེས་པར་བྱ་སྟེ། །འདི་ལྟར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེའི་རྒྱུན་ཐམས་ཅད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་གཅིག་ལས་རྣམ་པ་སྣ་ཚོགས་སུ་བཀོད་པའི་ རྒྱན་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་འོད་ཁ་དོག་སྣ་ཚོགས་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རྒྱན་ཐམས་ཅད་ཀྱི་མདོག་གི་ ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རྡོ་རྗེའི་གཞི་མི་ཤིགས་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་བྱིན་གྱི་བརླབས་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེའི་མཚན་ ཉིད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སངས་རྒྱས་ཀྱི་སྤྲུལ་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཉི་མའི་ནོར་བུའི་དཀྱིལ་འཁོར་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཤིན་ཏུ་ཕྲ་བ་འཛིན་པའི་ ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སྣང་བའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་འོད་འཕྲོ་བའི་རྣམ་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་དྲི་དང་ཁ་དོག་སྣ་ཚོགས་ཀྱི་ སྤོས་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་ཅོད་པན་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རྒྱན་ཐམས་ ཅད་ཤིན་ཏུ་བསྟན་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་གཅིག་གིས་དམྱིགས་པ་ཐམས་ཅད་ཡོངས་སུ་བསྟན་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་རིན་ པོ་ཆེའི་དབྱིབས་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་ཟེ་བའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་རྣམ་པར་དམིགས་པའི་ལྷུན་ཅན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ལྷུན་ཤིན་ཏུ་བསྟན་པ་རྒྱ་མཚོ་འདི་ཉིད་ལ་རབ་ཏུ་གཟུད་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ སྨྲས་སོ། །ཞིང་གི་རྒྱ་མཚོ་རྣམས་ལ་ནི། །རིན་ཆེན་རང་བཞིན་ཀུན་ནས་གནས། །རྡོ་རྗེ་བཞིན་དུ་མི་ཤིགས་སྲ། །རིན་ཆེན་པདྨོ་རྣམས་ལ་གནས། །ལ་ལ་འོད་ཟེར་རང་བཞིན་ཏེ། །དག་ཅིང་གཟུང་མེད་འོད་ཟེར་འབྱུང་། །རྒྱན་རྣམས་ཀུན་གྱི་འོད་ ཟེར་གྱིས། །སྣ་ཚོགས་མཁའ་བཞིན་དྲི་མ་མེད། །ལ་ལ་འོད་ཀྱི་རང་བཞིན་ཏེ། །དག་ཅིང་འོད་གསལ་གཟེར་ལ་གནས། །འོད་ཀྱི་སྤྲིན་ཅན་སྣ་ཚོགས་འོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཞིང་རྣམས་རྒྱ་མཚོ་ལ་ལ་ནི། ། མིག་ཡོར་ལྟ་བུར་གནས་པ་སྟེ། །བརྗོད་དུ་མེད་ཅིང་གཟུང་དུ་མེད། །སྨོན་ལམ་དབང་གིས་རབ་ཏུ་བྱུང་། །ལ་ལ་ནོར་བུ་མུ་ཏིག་རྒྱུ། །སྙིང་པོ་ཐམས་ཅད་རྣམ་པར་འབར། །མུ་ཏིག་འཁོར་ལོའི་གཞི་དག་ལ། །བྱང་ཆུབ་སེམས་དཔའ་ཡོངས་སུ་གང་། ། རིན་ཆེན་འོད་འཕྲོ་བྱུང་བའི་ཞིང་། །འོད་འཕྲོའི་སྤྲིན་གྱིས་མངོན་ཁེབས་ཤིང་། །རིན་ཆེན་ཐམས་ཅད་སྣ་ཚོགས་ལྡན། །ཐམས་ཅད་ལས་ཀྱི་སྤྲུལ་པ་ཡིན། །ལ་ལ་མཚན་ལས་བྱུང་བ་སྟེ། །གཞི་ཀུན་མཚན་གྱིས་ཀུན་ཏུ་བྲིས། །ཅོད་ པན་རྣམ་པ་སྣ་ཚོགས་བཀོད། །སངས་རྒྱས་ཀུན་གྱིས་མངོན་པར་སྤྲུལ། །རྒྱ་མཚོའི་སེམས་ལས་བྱུང་བ་ཡི། །ཞིང་རྣམས་མོས་པ་ཉིད་ལ་གནས། །ཡུལ་ན་མི་གནས་སྒྱུ་མ་བཞིན། །ཡོངས་སུ་རྟོག་པས་ཡང་དག་བསྐྱེད། །སངས་ རྒྱས་སྐུ་ཡི་འོད་ཟེར་གྱིས། །ནོར་བུ་སྣ་ཚོགས་ཀུན་ཏུ་གནས། །སངས་རྒྱས་སྤྲིན་རྣམས་རྣམ་པར་སྣང་། །སངས་རྒྱས་ཀུན་གྱིས་རབ་སྤྲུལ་ནས། །ལ་ལ་ཀུན་ཏུ་བཟང་པོ་ཡིས། །ཞིང་རྣམས་རྒྱ་མཚོ་ཤིན་ཏུ་སྤྲུལ། ། ནམ་མཁའི་རྒྱན་རྣམས་ཐམས་ཅད་དང་། །སྨོན་ལམ་རྣམས་ཀྱིས་རྣམ་པར་བྲིས། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱ་སྟེ། འདི་ལྟར་དམྱིགས་ པའི་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་སྤྲིན་རབ་ཏུ་འཕྲོས་པའི་རྒྱན་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་འཁོར་ལོ་རྗེས་སུ་བརྗོད་ཅིང་རབ་ཏུ་བྱུང་བའི་རྒྱན་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ ཀྱི་རྣམ་པར་སྨིན་པ་རྒྱ་མཚོ་ལས་རབ་ཏུ་བྱུང་བའི་རྒྱན་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོའི་གློང་ཡོངས་སུ་སྟོན་པའི་རྒྱན་དང་། འདི་ལྟ་སྟེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཟུགས་བརྙན་སྣ་ཚོགས་རྣམ་པར་ དམིགས་པའི་རྒྱན་དང་། འདི་ལྟ་སྟེ་སེམས་ཀྱི་སྐད་ཅིག་ལ་བསྐལ་པ་མཐའ་ཡས་པར་རྣམ་པར་འཕྲུལ་པའི་ཡུལ་ཡོངས་སུ་སྟོན་པའི་རྒྱན་དང་། འདི་ལྟ་སྟེ་རྒྱན་གྱི་དམིགས་པ་ཐམས་ཅད་ལས་སངས་རྒྱས་ཀྱི་སྐུ་རབ་ཏུ་བྱུང་བའི་རྒྱན་དང་། འདི་ལྟ་སྟེ་རིན་ པོ་ཆེ་དང་སྤོས་ཐམས་ཅད་ཀྱི་སྤྲིན་རབ་ཏུ་འབྱུང་བའི་རྒྱན་དང་། འདི་ལྟ་སྟེ་སྙིང་པོ་བྱང་ཆུབ་ཀྱི་རྒྱན་དང་། འོད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་སྟོན་པའི་རྒྱན་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་། སྤྱོད་པ་ཡོངས་སུ་སྟོན་ པའི་རྒྱན་དག་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སྩོགས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ ཁམས་རྒྱ་མཚོའི་རྒྱན་ཤིན་ཏུ་བསྟན་པ་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་རྒྱ་མཚོ་རྒྱ་ཆེ་མཐའ་ཡས་ཏེ། །རྣམ་ དག་ལས་ཀྱིས་རྣམ་པ་སྣ་ཚོགས་གནས། །ཕྱོགས་བཞི་ཞིང་རྣམས་རྒྱ་མཚོ་རྣམས་ཀུན་ཀྱང་། །སྣ་ཚོགས་རྒྱན་ཅན་ཡངས་པར་ཀུན་ནས་གནས། །ཁ་དོག་སྣ་ཚོགས་ཡངས་པའི་ཞིང་གི་རྣམས། །རྒྱ་མཚོ་རྟག་པར་ཕྱོགས་རྣམས་ཀུན་ཏུ་འབྱུང་། ། རྒྱན་དང་རིན་ཆེན་འོད་འཕྲོ་སྣ་ཚོགས་སྤྲིན། །སྒྲ་འབྱིན་ཞིང་གི་དབྱིངས་རྣམས་ཁེབས་པར་བྱེད། །བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་མཚོ་རྣམས། །དེ་དག་ཀུན་ཀྱང་རྒྱ་མཚོའི་ཞིང་ན་གྲགས། །སྣ་ཚོགས་རྒྱན་དང་སྨོན་ལམ་སྤྲིན་གྱི་རྣམས། ། དེ་དག་ཞིང་མང་རྒྱ་མཚོར་སྒྲ་ཡང་འབྱིན། །འགྲོ་བའི་ལས་རྣམས་རྒྱ་མཚོ་ཡངས་པ་དག །རྒྱན་གྱི་སྤྲིན་རྣམས་ཀུན་ནས་སྒྲར་འབྱིན་ཏེ། །སེམས་ཅན་དེ་དག་རྣམ་སྨྱིན་ཅི་འདྲ་བ། །སངས་རྒྱས་བྱིན་གྱིས་ཀུན་ནས་སྒྲ་ཡང་སྒྲོག །དུས་གསུམ་འབྱུང་ བའི་དེ་བཞིན་གཤེགས་པ་ཡིས། །རྣམ་འཕྲུལ་ཞིང་རྣམས་རྒྱ་མཚོ་ཀུན་ན་སྣང་། །དམིགས་པ་རེ་རེ་ལ་ཡང་སངས་རྒྱས་ཀུན། །དེ་འདྲའི་ཞིང་མང་རྒྱ་མཚོའི་རྒྱན་ལ་ལྟོས། །འདས་པའི་བསྐལ་པ་དེ་བཞིན་མ་འོངས་དང་། །ཕྱོགས་བཅུའི་ད་ ལྟར་འབྱུང་བ་ཇི་སྙེད་པའི། །བསྐལ་པ་དེ་དག་རྒྱན་མང་ཡངས་པ་ཡང་། །ཞིང་རྣམས་རྒྱ་མཚོ་རེ་རེ་དག་ན་སྣང་། །དམིགས་པ་ཀུན་ལ་སངས་རྒྱས་སྤྲིན་གྱི་རྣམས། །འགྲོ་དང་མཉམ་པས་འཇིག་རྟེན་ཀུན་ཏུ་འགེངས། །རྣམ་པར་འཕྲུལ་ ཞིང་སེམས་ཅན་རྣམ་པར་འདུལ། །འདི་ནི་ཞིང་རྣམས་རྒྱ་མཚོའི་རྣམ་ཐར་ཏོ། །སྤོས་འོད་སྤྲིན་དང་དེ་བཞིན་མེ་ཏོག་ཀླུང་། །རྒྱན་རྣམས་སྣ་ཚོགས་ཐམས་ཅད་ཀུན་ནས་ཀྱང་། །རྟག་པར་ཀུན་ཏུ་ཁྱབ་པར་རབ་ཏུ་འབྱུང་། །འདི་ནི་ཞིང་རྣམས་རྒྱ་ མཚོའི་རྣམ་ཐར་ཏོ། །ཕྱོགས་བཅུ་ཀུན་གྱི་སྙིང་པོ་བྱང་ཆུབ་རྣམས། །སྣ་ཚོགས་རྒྱན་ཅན་ཀུན་ཀྱང་མ་ལུས་པར། །ཐམས་ཅད་རྒྱ་མཚོའི་ཞིང་འདི་དབྱིངས་དག་ན། །ནམ་མཁའི་སྤྲིན་བཞིན་རྣམ་པར་སྟོན་པ་སྣང་། །རྒྱལ་ སྲས་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི། །ཞིང་རྣམས་མཐའ་ཡས་འབྱམ་ཀླས་རྒྱན་གྱི་རྣམས། །འགྲོ་བའི་གྲངས་སྙེད་བསྐལ་པ་རྒྱ་མཚོར་རྣམ་སྦྱངས་པ། །ཞིང་རྣམས་རྒྱ་མཚོ་ཀུན་ན་རབ་ཏུ་སྣང་། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་རྒྱ་ མཚོ་ཡོངས་སུ་དག་པར་བྱ་བའི་ཚུལ་རྒྱ་མཚོ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསྟེན་པའི་དགེ་བའི་རྩ་བས་སྐལ་བ་མཉམ་པ་དང་། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་བསོད་ནམས་རྒྱ་ཆེན་པོའི་སྤྲིན་རྣམ་པར་འཕེལ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་དཀྱིལ་འཁོར་རྒྱ་ཆེན་པོ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ ཐམས་ཅད་རབ་ཏུ་བརྟན་པའི་ཡུལ་ལ་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། ཡོངས་སུ་སྦྱངས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་ ཐམས་ཅད་ཀྱི་དབྱིངས་ལ་རབ་ཏུ་འགོད་ཅིང་གཟུད་པའི་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་། འབྱུང་བ་རྒྱ་མཚོ་ལ་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་པར་བསྒྲུབ་ པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་རྒྱ་མཚོ་ཐམས་ཅད་མངོན་པར་བསྒྲུབ་པ་རྣམ་པར་དག་པ་ལ་རབ་ཏུ་འཇུག་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཚུལ་ཡང་དག་པར་བསྒྲུབ་པ་རྣམ་པར་དག་པ་དང་། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཡོངས་སུ་དག་པར་བྱ་བའི་ཚུལ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཡོངས་སུ་དག་པར་ བྱ་བའི་ཚུལ་རྒྱ་མཚོ་འདི་ཉིད་རྣམ་པར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་རྒྱ་མཚོ་ཐམས་ཅད་སྣ་ཚོགས་རྒྱན། །སྨོན་ལམ་ཚུལ་རྣམས་རྒྱ་མཚོ་ཀུན་ གྱིས་བྱུང་། །ཁ་དོག་མཐའ་ཡས་ལས་ཀྱི་རྒྱ་མཚོ་དག །ཞིང་རྣམས་རྒྱ་མཚོ་རྟག་ཏུ་འོད་མང་འགྱེད། །སྔན་ཅད་དགེ་བའི་བཤེས་གཉེན་བསྙེན་བཀུར་ཅིང་། །བསྐལ་པ་མཉམ་པའི་ལས་དགེ་ཡོངས་སྦྱངས་ཏེ། །སྙིང་རྗེ་བྱམས་པས་དགོངས་ཡངས་ ཀུན་བཀང་ཞིང་། །ཞིང་རྣམས་རྒྱ་མཚོ་ཡངས་པ་འདི་ཀུན་སྦྱངས། །ཆོས་སྒོ་ཀུན་ཏུ་ཏིང་འཛིན་ས་ཀུན་གྱིས། །སངས་རྒྱས་ཡོན་ཏན་རྒྱ་མཚོ་ཡངས་སྦྱངས་ཏེ། །བསམ་གཏན་ཚུལ་དང་རྣམ་ཐར་ས་སྦྱང་ཞིང་། །ཞིང་རྣམས་རྒྱ་མཚོ་སྣ་ཚོགས་ཡངས་པ་བྱུང་། ། མོས་པའི་དཀྱིལ་འཁོར་མཐའ་ཡས་སྟོབས་བསྐྱེད་ཅིང་། །རྒྱལ་བའི་མཉམ་ཉིད་མ་ནོར་རྟོགས་བྱས་ནས། །བཟོད་པ་རྒྱ་མཚོའི་ཚུལ་རྣམས་ཡོངས་སྦྱངས་ཤིང་། །རྣམ་དག་ཁ་དོག་མཐའ་ཡས་ཞིང་རྣམས་བྱུང་། །བསོད་ནམས་སྤྲིན་ནི་ནམ་མཁའ་མཉམ་ བསྐྱེད་ཅིང་། །འགྲོ་བ་ཀུན་ཕན་བདེ་དོན་སྤྱོད་སྤྱད་དེ། །བསོད་ནམས་རྒྱ་མཚོ་སེམས་ཅན་ཀུན་བསྟན་པས། །འཇིག་རྟེན་ཁམས་རྣམས་རྒྱ་མཚོ་ཀུན་ཀྱང་འབྱུང་། །ཞིང་རྣམས་རྒྱ་མཚོའི་རྡུལ་སྙེད་ཚད་མེད་པའི། །ཕ་རོལ་ཕྱིན་པ་མ་ལུས་ཀུན་སྦྱངས་ཏེ། ། སྨོན་ལམ་མཐར་ཕྱིན་མི་ཟད་གོམས་བྱས་པས། །དྲི་མེད་རྒྱ་མཚོའི་ཞིང་རྣམས་ཡངས་པ་འབྱུང་། །འབྱུང་བའི་སྤྱོད་པ་གང་ཡོད་ཚད་མེད་དང་། །ཆོས་རྣམས་ཐམས་ཅད་ཡངས་པ་ཡོངས་སྦྱངས་ཏེ། །སྣ་ཚོགས་ཐབས་སྒོས་སེམས་ཅན་སྦྱངས་པས་ན། །འདི་ འདྲ་ཡིད་འོང་རྒྱ་མཚོའི་ཞིང་རྣམས་འབྱུང་། །རྒྱན་རྣམས་ཀུན་གྱི་ཚུལ་དང་ས་སྦྱངས་ཤིང་། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཀུན་ཞུགས་ནས། །འགྲོ་བ་ཀུན་གྱི་སྡུག་བསྔལ་མཚོ་བསྐམས་པས། །ཞིང་གི་མཚོ་ཡངས་འདི་ཀུན་དག་ པར་འགྱུར། །སྟོབས་རྣམས་རྒྱ་མཚོ་གཞལ་མེད་ཡོངས་སྦྱངས་ཤིང་། །འགྲོ་བ་འདི་འདྲ་ཚད་མེད་རྣམས་སྦྱངས་ཏེ། །སངས་རྒྱས་རྒྱ་མཚོ་ཡངས་ཀུན་བསྙེན་བཀུར་བས། །ཞིང་རྣམས་རྒྱ་མཚོ་རྣམ་མང་རྣམ་པར་དག །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་ རྟེན་གྱི་ཁམས་རྒྱ་མཚོ་རེ་རེར་སངས་རྒྱས་འབྱུང་བའི་ཚུལ་རྒྱ་མཚོ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱ་སྟེ། འདི་ལྟར་སངས་རྒྱས་འབྱུང་བ་ལ་ལ་ནི་སྐུ་ཆུང་ངུར་ཀུན་ཏུ་སྟོན་ཏོ། །འདི་ལྟ་སྟེ་སངས་རྒྱས་འབྱུང་བ་ལ་ལ་ནི་ཆོས་ཀྱི་ དབྱིངས་ཐམས་ཅད་གཟུགས་ཀྱི་སྐུས་གང་བར་སྟོན་ཏོ། །སངས་རྒྱས་འབྱུང་བ་ལ་ལ་ནི་སྐུ་ཚེའི་ཚད་མི་རིང་ངོ་། །སངས་རྒྱས་འབྱུང་བ་ལ་ལ་ནི་སྐུ་ཚེའི་ཚད་རིང་ངོ་། །སངས་རྒྱས་འབྱུང་བ་ལ་ལ་ནི་སངས་རྒྱས་ཀྱི་ཞིང་གཅིག་ཡོངས་སུ་དག་པར་བྱིན་གྱིས་རློབ་པོ། ། སངས་རྒྱས་འབྱུང་བ་ལ་ལ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་པར་བྱིན་གྱིས་རློབ་པོ། །སངས་རྒྱས་འབྱུང་བ་ལ་ལ་ནི་ཚུལ་གཅིག་གིས་བསྟན་པའི་ཆོས་ཀྱི་འཁོར་ལོ་བྱིན་གྱིས་རློབ་པོ། །སངས་རྒྱས་འབྱུང་བ་ལ་ལ་ནི་ཚུལ་བསམ་གྱིས་མི་ཁྱབ་ པར་བསྟན་པའི་ཆོས་ཀྱི་འཁོར་ལོ་བྱིན་གྱིས་རློབ་པོ། །སངས་རྒྱས་འབྱུང་བ་ལ་ལ་ནི་སེམས་ཅན་གྱི་ཁམས་ཉུང་ངུ་རྣམ་པར་གདུལ་བ་བྱིན་གྱིས་རློབ་པོ། །སངས་རྒྱས་འབྱུང་བ་ལ་ལ་ནི་སེམས་ཅན་རྒྱ་མཚོ་མཐའ་ཡས་པ་རྣམ་པར་གདུལ་བ་བྱིན་གྱིས་རློབ་སྟེ། ། དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རེ་རེར་སངས་རྒྱས་འབྱུང་བའི་ཚུལ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་སངས་རྒྱས་འབྱུང་བའི་ཚུལ་རྒྱ་མཚོའི་ཕྱོགས་འདི་ ཉིད་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་འབྱུང་བ་ཐབས་རྣམས་སྣ་ཚོགས་ཀྱི། །སྒོ་ནས་ཞིང་རྣམས་རྒྱ་མཚོར་རབ་ཏུ་འབྱུང་། །དེ་དག་སེམས་ཅན་བསམ་པ་ ཇི་བཞིན་མཁྱེན། །སངས་རྒྱས་ཐབས་ཀྱི་སྒོ་མང་རྒྱ་མཚོའོ། །སངས་རྒྱས་ཆོས་སྐུ་བསམ་གྱིས་མྱི་ཁྱབ་སྟེ། །མིག་ཡོར་མ་ཡིན་མཚན་ཉིད་མེད་པའི་གཟུགས། །གཟུགས་ཀྱི་ཁྱད་པར་འགྲོ་བ་འདི་དག་ཏུ། །སེམས་ཅན་བསམ་པའི་ཕྱོགས་བཞིན་ སྟོན་ལ་ལྟོས། །སྐུ་ཚེ་ཐུང་བར་ལ་ལ་རྣམ་པར་སྟོན། །ལ་ལ་བསྐལ་པ་བསམ་ཡས་བྱིན་གྱིས་རློབ། །ཆོས་ཀྱི་སྐུ་ནི་ཕྱོགས་རྣམས་ཀུན་གྱི་སྒོ། །རབ་ཏུ་མཛེས་པར་འགྲོ་བ་འདི་ན་བཞུགས། །ལ་ལ་ཞིང་རྣམས་རྒྱ་མཚོ་བསམ་ཡས་དག །སྦྱོང་ ཞིང་འབྱམ་ཀླས་ཕྱོགས་བཅུ་ཀུན་ན་ཡང་། །ལ་ལ་ཞིང་གཅིག་རྣམ་པར་སྦྱོང་བ་མཛད། །སྨོན་ལམ་མ་ལུས་ཀུན་ཀྱང་ཚུལ་གཅིག་གོ །ལ་ལ་བསམ་གྱིས་མི་ཁྱབ་ཐེག་པའི་རྒྱན། །སེམས་ཅན་ཡིད་བཞིན་སངས་རྒྱས་སྟོན་པ་མཛད། །ལ་ལ་ཐེག་ པ་གཅིག་ཀྱང་རབ་སྟོན་ཏེ། །རྒྱལ་བའི་ཐབས་ནི་གཅིག་ཀྱང་མཐའ་ཡས་སོ། །རང་བྱུང་ལ་ལ་བྱང་ཆུབ་སངས་རྒྱས་ནས། །སེམས་ཅན་མི་མང་ལམ་ལ་གཞོག་པ་མཛད། །ལ་ལ་སྐད་ཅིག་གཅིག་གིས་སེམས་ཅན་རྣམས། །རྒྱ་མཚོ་བསམ་ ཡས་བྱང་ཆུབ་དོན་དུ་འདུལ། །ལ་ལ་སྤུ་ཡི་སྒོ་ནས་བསམ་ཡས་པའི། །སངས་རྒྱས་སྤྲུལ་པའི་སྤྲིན་རྣམས་རབ་ཏུ་འགྱེད། །འགྲོ་བ་ཀུན་ཏུ་དེ་དག་མངོན་བཀང་ཞིང་། །ཐབས་ཀྱི་སྒོ་ནས་སེམས་ཅན་འདུལ་བ་མཛད། །ལ་ལ་སངས་རྒྱས་གསུང་གིས་ ཀུན་བཀང་ཞིང་། །ཞིང་དུ་སེམས་ཅན་ཡིད་བཞིན་རབ་ཏུ་སྒྲོག །བསམ་ཡས་བསྐལ་པར་དེ་དག་གསུང་སྒྲོག་ཅིང་། །སེམས་ཅན་རྒྱ་མཚོ་མཐའ་ཡས་རྣམ་པར་འདུལ། །ལ་ལ་ཞིང་རྒྱན་བསམ་གྱིས་མི་ཁྱབ་སྟེ། །འཁོར་རྣམས་ཡང་དག་ཀུན་ ནས་འཁོད་བཅས་པས། །ཞིང་མང་རྒྱ་མཚོ་ཕྱོགས་སུ་གང་བྱས་ཤིང་། །སངས་རྒྱས་མཁའ་ལ་སྤྲིན་ལྟར་ཁྱབ་པར་བཞུགས། །དེ་ལྟར་སངས་རྒྱས་ཐབས་ནི་བསམ་མི་ཁྱབ། །ཞིང་རྣམས་རྒྱ་མཚོ་ཀུན་ཏུ་རྒྱས་བཀང་ཞིང་། ། འགྲོ་བ་ཀུན་ལ་སངས་རྒྱས་མངོན་སུམ་སྟེ། །སྣ་ཚོགས་རྒྱན་མང་དུ་མའི་ཚུལ་དང་ལྡན། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པའི་བྱིན་གྱི་རླབས་ཀྱི་ཚུལ་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་ སྙེད་དུ་ཤེས་པར་བྱ་སྟེ། འདི་ལྟར་ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་གྲངས་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་ཚད་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་དཔག་ཏུ་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་ མཚོ་ལ་ལ་ནི་བསྐལ་པ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་མཚུངས་པ་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་ཀུན་ནས་མཐའ་ཡས་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་ ཀུན་ནས་མུ་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་གཞལ་དུ་མེད་པར་བྱིན་གྱིས་བརླབས་པའོ། །ཞིང་རྒྱ་མཚོ་ལ་ལ་ནི་བསྐལ་པ་བརྗོད་དུ་མེད་པར་བྱིན་གྱིས་བརླབས་པ་སྟེ། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པ་བྱིན་ གྱིས་རླབས་ཀྱི་ཚུལ་ཤིན་ཏུ་བསྟན་པ་རྒྱ་མཚོ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པའི་བྱིན་གྱིས་རླབས་ཀྱི་ཚུལ་ཤིན་ཏུ་བསྟན་པ་འདི་ཉིད་ཡོངས་སུ་བསྟན་ པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་རྒྱ་མཚོའི་བསྐལ་པ་ཐ་དད་དེ། །སྣ་ཚོགས་ཚུལ་འཇུག་རྒྱན་རྣམས་གཞན་དང་གཞན། །ཕྱོགས་བཅུའི་ ཞིང་རྣམས་རྒྱ་མཚོ་ཀུན་ན་སྣང་། །བསྐལ་པའི་ཚུལ་ནི་རྒྱ་མཚོ་གྲངས་ཀྱང་མེད། །བསྐལ་པ་མི་མཐུན་འགྲོ་བ་ཀུན་དང་མཉམ། །ཕྱོགས་དབྱིངས་འཇིག་རྟེན་རྒྱ་མཚོའི་ཁམས་ན་སྣང་། །བསྐལ་པ་མཐའ་ཡས་ལ་ལ་རིང་དང་ཐུང་། །བསྐལ་པ་ སྣ་ཚོགས་རྒྱལ་བའི་སྒྲས་ཀྱང་བསྒྲགས། །རྒྱ་མཚོའི་ཞིང་རྣམས་འདི་དག་ཕྱོགས་དབྱིངས་སྣང་། །བྱིན་རླབས་བསྐལ་པ་ཞིང་རྡུལ་སྙེད་དང་ལྡན། །ལ་ལ་གཞན་རྣམས་བསྐལ་པ་གཅིག་གིས་འཇུག །ལ་ལ་བསྐལ་གྲངས་སྨོན་ལམ་དུ་མས་བྱུང་། ། བསྐལ་པ་ལ་ལ་དྲི་མེད་ལ་ལ་ཉོན་མོངས་ཅན། །ལ་ལ་རྣམ་དག་ལ་ལ་ཉོན་མོངས་རྣམ་པར་དག །བསྐལ་པའི་མིང་ནི་སྨོན་ལམ་རྒྱ་མཚོའི་ཚུལ་གྱིས་བྱུང་། །སེམས་ཅན་འདུ་ཤེས་རྣམ་པས་ཐ་དད་ཚུལ་ལ་འཇུག །བསྐལ་པ་ཞིང་གི་རྡུལ་སྙེད་སྔོན་ཅད་སྤྱོད་སྤྱད་པས། །འཇིག་ རྟེན་ཁམས་རྣམས་རྒྱ་མཚོ་ཤིན་ཏུ་ཡངས་ཤིང་དག །དེ་དག་ཀུན་ནས་སངས་རྒྱས་ཡུལ་རྒྱན་ཚད་ཀྱང་མེད། །འདི་དག་རྒྱ་ཆེན་བསྐལ་པའི་འཇིག་རྟེན་རྒྱ་མཚོའི་ཁམས། །བསྐལ་པའི་འོད་དང་འོད་ཟེར་རིན་ཆེན་མིང་སྣ་ཚོགས། །བཅོམ་ལྡན་དབྱངས་དང་ འོད་མཉམ་འོད་འཕྲོའི་མིག་སྣང་བ། །སྣང་དང་དྲི་མེད་བཟང་པོ་བསྐལ་པའི་མིང་ལ་འཇུག། །བསྐལ་པ་འདི་དག་རྣམ་དག་བསྐལ་པ་ཀུན་ལས་བྱུང་། །དྲི་མེད་བསྐལ་པ་ལ་ལར་སངས་རྒྱས་གཅིག་སྐྱེའོ། །བསྐལ་པ་ལ་ལར་མི་ཡི་གཙོ་བོ་མཐའ་ཡས་ འབྱུང་། །བསྐལ་པའི་ཚུལ་རྣམས་ཐམས་ཅད་ས་ཚུལ་ཟད་མི་ཤེས། །སྨོན་ལམ་སྟོབས་མཐུས་བསྐལ་པ་སྣ་ཚོགས་འཇུག་པར་འགྱུར། །བསྐལ་པ་ལ་ལ་མཐའ་ཡས་རྣམས་ཀྱང་བསྐལ་པ་གཅིག་ཏུ་འདུས། །བསྐལ་པ་ལ་ལ་གཅིག་ཀྱང་བསྐལ་པ་བྱེ་བའི་མཐུ། ། བསྐལ་པ་རྒྱ་མཚོ་ཀུན་ཀྱང་སྣ་ཚོགས་སྒོ་ནས་འཇུག། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་ནང་ནས་སྒྲ་ཡང་འབྱིན། །བསྐལ་པ་ལ་ལར་བསྐལ་པ་ཀུན་གྱི་རྐྱེན་ཀྱང་འབྱུང་། །མིང་གི་རྒྱན་རྣམས་རྣམ་པར་དག་པའང་དེ་ལ་ཡོད། །བསྐལ་པ་ལ་ལ་སངས་རྒྱས་རྫུ་ འཕྲུལ་མཐུ་ཡིས་འབྱུང་། །བསྐལ་པའི་ཚུལ་རྣམས་ཀུན་གྱི་འདི་ནི་རྒྱན་ཡངས་ཡིན། །ཞིང་དང་བསྐལ་པ་རྒྱ་མཚོ་ཚུལ་ནི་གཅིག་གིས་དག །ཞིང་གི་རྡུལ་རྣམས་ཀུན་ཀྱང་ཚད་མེད་གཞལ་དུ་མེད། །སྐད་ཅིག་ཡུད་ཙམ་ཉི་མའི་གྲངས་ ཀྱིས་བསྐལ་པར་འགྱུར། །འདི་དག་ཐམས་ཅད་སེམས་ཅན་འདུ་ཤེས་རྣམ་པར་བྱུང་། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པ་མཐའ་ཡས་པའི་རྒྱུད་ཀྱི་ཚུལ་རྒྱ་མཚོ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱ་སྟེ། འདི་ལྟར་ཆོས་ཉིད་རབ་ཏུ་ཐོབ་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་བསྐལ་པས་འཇིག་ཅིང་འདུ་བ་ལ་རབ་ཏུ་འཇུག་པར་གནས་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོར་གཏོགས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པས་བསྐལ་པ་མཐའ་ཡས་པ་ཀུན་ནས་གནས་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོར་གཏོགས་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་རྒྱ་མཚོ་རྒྱ་ཆེན་པོ་སྩོགས་པ་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཀུན་ནས་ཉོན་མོངས་ལ་རྣམ་པར་དག་པར་གནས་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་མོས་པ་སྣ་ ཚོགས་ཀྱི་སྤྱོད་པ་རྣམས་སྐྱེ་བས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམ་པར་དག་ལ་ཀུན་ནས་ཉོན་མོངས་པར་གནས་པ་དང་། འདི་ལྟ་སྟེ་སེམས་ཅན་རྒྱ་མཚོ་རྒྱ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལ་གནས་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་དུ་དག་པར་གནས་པ་དང་། འདི་ལྟ་ སྟེ་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་འདོད་པས་བསྐལ་པ་རྒྱན་ཐ་དད་པའི་ཚུལ་དུ་གནས་པ་དང་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་རྒྱ་མཚོར་འདུས་པས་བསྐལ་པ་མཐའ་ཡས་པ་རྒྱན་ཤིན་ཏུ་ མང་པོར་ཀུན་ནས་གནས་པ་དང་། འདི་ལྟ་སྟེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་གི་རྒྱན་ནུབ་པར་འགྱུར་བ་དང་། འདི་ལྟ་སྟེ་སངས་རྒྱས་འབྱུང་བའི་ཚེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་རྒྱན་གྱིས་ བརྒྱན་པར་ཀུན་ནས་གནས་པ་དང་། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པ་མཐའ་ཡས་པ་ཡོངས་སུ་དག་པར་གནས་པ་དང་། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པ་རྒྱ་མཚོ་མཐའ་ཡས་པའི་ རྒྱུད་ཀྱི་ཚུལ་རྒྱ་མཚོ་ཀུན་ནས་གནས་པའི་ཚུལ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བསྐལ་པ་མཐའ་ཡས་པའི་ཚུལ་རྒྱ་མཚོ་འདི་ཉིད་ཡོངས་ སུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་རྒྱ་མཚོའི་ཆོས་ཉིད་འདི་དག་ལྟོས། །ཆོས་ཀྱིས་བྱུང་སྟེ་ཇི་ལྟར་གནས་པ་ལྟར། །དེ་དག་འབྱུང་ཞིང་འཇིག་ པར་འགྱུར་བ་ཡང་། །ཞིང་རྣམས་རྒྱ་མཚོ་ཐམས་ཅད་རབ་ཏུ་སྣང་། །སེམས་ཅན་ཉོན་མོངས་མི་ཟད་ལྡན་པ་དང་། །ལས་དང་ཉོན་མོངས་ངན་པས་བསྒྲིབས་པའི་རྣམས། །དེ་དག་བསམ་ལ་ཞིང་གི་རྒྱ་མཚོ་རྣམས། །ཀུན་ནས་ཉོན་མོངས་ལྡན་པར་གྱུར་པ་ཡིན། ། སེམས་ཅན་རྣམ་དག་བསམ་པ་ལྡན་རྣམས་དང་། །བསོད་ནམས་བརྟན་དང་རྣམ་དག་སྤྱོད་ཡུལ་ཅན། །རྣམ་དག་ཡུལ་ལ་ཉོན་མོངས་ལྡན་གྱུར་རྣམས། །དེ་དག་མོས་པ་སྣ་ཚོགས་སྤྱོད་ཡུལ་གྱི། །བྱང་ཆུབ་སེམས་དཔའ་སྐྱེ་བའི་དུས་དག་ན། །བསྐལ་ པ་དེ་ནི་རྣམ་པར་དག་པར་སྣང་། །སེམས་ཅན་ཉོན་མོངས་ལྡན་པར་གྱུར་པ་ཡང་། །དེ་ཡི་ཆོས་ཉིད་བསམ་ཡས་ཡངས་པ་ཡི། །བྱང་ཆུབ་བསམ་པ་ཇི་ལྟར་བསྐྱེད་པ་དང་། །དེ་དག་བསམ་པ་ཇི་ལྟར་རྣམ་འཕེལ་བས། །དེ་བཞིན་བསྐལ་པ་རྒྱ་མཚོ་མང་ པོ་དག །བསམ་གྱིས་མི་ཁྱབ་ཞིང་རྒྱན་ཡོངས་སུ་སྦྱོང་། །བྱེ་བ་མང་པོ་མཐའ་ཡས་མི་ཟད་པའི། །བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ཀུན་རྒྱུ་ཡང་། །རྒྱན་ལ་རྣམ་པ་ཐ་དད་ཡོད་པ་མིན། །བསྐལ་པ་ཐ་དད་ཚུལ་གྱི་བྱེ་བྲག་སྣང་། །རྡུལ་རྣམས་རེ་རེ་ སྦུབས་སུ་དུས་ཀུན་ཏུ། །སངས་རྒྱས་ཞིང་གི་རྡུལ་དང་མཉམ་པ་ཡི། །རྒྱལ་སྲས་ཇི་ཚུལ་འདོད་པ་དེ་བཞིན་དུ། །ཞིང་རྣམས་རྒྱ་མཚོ་དེ་ཚུལ་དག་པར་འགྱུར། །གལ་ཏེ་རྒྱལ་བ་རྣམས་ནི་སྐྱེར་འགྱུར་ན། །ཞིང་རྣམས་རྒྱན་གྱིས་ཤིན་ཏུ་བརྒྱན་ པར་འགྱུར། །བསམ་པ་ཡོངས་སུ་དག་བཞིན་རྒྱས་འགྱུར་ཏེ། །འདི་ན་ཞིང་རྒྱན་ཕུན་སུམ་ཚོགས་པའོ། །གལ་ཏེ་རྒྱལ་བ་མྱ་ངན་འདས་གྱུར་ན། །དེ་ཚེ་དེ་ཞིང་རྒྱན་རྣམས་འགྲིབ་པར་འགྱུར། །སེམས་ཅན་རྣམས་ཀྱང་སྣོད་དུ་རུང་བ་མིན། །ཞིང་གི་རྒྱ་མཚོ་དེ་ཡང་ཉོན་མོངས་ ལྡན། །སངས་རྒྱས་རྫུ་འཕྲུལ་རྣམ་འཕྲུལ་ཡངས་པ་དག །བསམ་གྱིས་མི་ཁྱབ་གང་ཚེ་སྟོན་པ་ན། །དེ་ཚེ་ཞིང་རྣམས་རྒྱ་མཚོ་མང་པོ་དག །ཀུན་ཀྱང་རྒྱན་གྱིས་རྣམ་པར་བརྒྱན་པར་འགྱུར། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐ་མྱི་དད་པའི་ཚུལ་ ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱ་སྟེ། །དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །དེ་ནི་ འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཅིག་ཏུ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐ་མི་དད་པ་དང་། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་སངས་རྒྱས་སྐྱེ་ཞིང་འབྱུང་བ་ཐ་མི་དད་པ་དང་འདི་ལྟ་སྟེ། འཇིག་རྟེན་གྱི་ ཁམས་རྒྱ་མཚོ་དག་གི་སྙིང་པོ་བྱང་ཆུབ་ཐམས་ཅད་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་རྒྱས་པར་འགེངས་པ་ཐ་མི་དད་པ་དང་འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཐ་མི་དད་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ ཁམས་རྒྱ་མཚོ་དག་གི་སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཐ་མི་དད་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་དང་། མཚན་གྱི་འཁོར་ལོ་ཐ་མི་དད་པ་དང་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་སངས་རྒྱས་ཐམས་ཅད་ཀྱི་དབྱངས་ཀྱི་དཀྱིལ་འཁོར་བསྐལ་པ་མཐའ་ཡས་པར་བརྗོད་ཅིང་རྒྱས་པར་བྱ་བའི་བྱིན་གྱི་རླབས་ཐ་མི་དད་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་ཆོས་ཀྱི་འཁོར་ལོའི་ཚུལ་ཐ་མི་དད་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཡོངས་སུ་འདུ་བ་ཐ་མི་དད་པ་དང་། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་རྡུལ་འབྱམ་ཀླས་པ་ཐམས་ཅད་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུལ་ རྒྱ་ཆེན་པོ་སྟོན་ཅིང་བརྗོད་པ་ཐ་མི་དད་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐ་མི་དད་པའི་ཚུལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ ཁམས་རྒྱ་མཚོ་ཐ་མི་དད་པའི་ཚུལ་རྒྱ་མཚོ་ཤིན་ཏུ་བསྟན་པ་འདི་ཉིད་གསལ་བར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྡུལ་གཅིག་སྟེང་ན་ཞིང་མང་རྒྱ་མཚོ་སྟེ། །ཀུན་ན་རྒྱན་མང་ རྣམ་དག་ཀུན་ཡོད་ཀྱང་། །གནོད་པ་མེད་ཅིང་འདྲ་བ་གང་ཡང་མེད། །འཇུག་པ་བསམ་གྱིས་མི་ཁྱབ་འདི་ལ་ལྟོས། །རྡུལ་རྣམས་ཀུན་ལ་བསམ་ཡས་སངས་རྒྱས་བཞུགས། །སེམས་ཅན་ཀུན་གྱི་བསམ་པ་ཡིད་བཞིན་དུ། །ཞིང་རྣམས་རྒྱ་མཚོ་ ཐམས་ཅད་ཁྱབ་བྱས་ཀྱང་། །དེ་དག་ཐབས་ལ་ཐ་དད་གང་ཡང་མེད། །རྡུལ་རྣམས་ཀུན་ལ་ཤིང་དབང་མཐའ་ཡས་པ། །སྣ་ཚོགས་རྒྱན་ཕྱུང་ཀུན་ནས་བྲེས་སྦྱངས་ཏེ། །ཕྱོགས་རྣམས་ཀུན་གྱི་ཞིང་དུ་མངོན་བཀང་ཡང་། །དེ་དག་ཐ་དད་འགྱུར་བ་ ནམ་ཡང་མེད། །རྡུལ་ཕྲན་རྒྱ་མཚོ་རྡུལ་ཕྲན་རེ་རེ་ལ། །མི་ཡི་གཙོ་བོ་འཁོར་རྣམས་ཀུན་བསྐོར་ཅིང་། །འཇིག་རྟེན་ཀུན་ཏུ་བཀང་སྟེ་འཕགས་བཞུགས་ཀྱང་། །གནོད་པ་དག་དང་འདྲ་བའི་ཉེས་པ་མེད། །རྡུལ་གཅིག་ལ་ནི་མཐའ་ཡས་འོད་ཀྱི་སྤྲིན། ། ཕྱོགས་བཅུའི་ཞིང་རྣམས་རྒྱ་མཚོ་ཀུན་བཀང་ཞིང་། །བདེ་གཤེགས་རྣམས་ཀྱི་བྱང་ཆུབ་སྤྱོད་བསྟན་ཀྱང་། །རྒྱ་མཚོའི་ཞིང་རྣམས་ཐ་དད་གང་ཡང་མེད། །རྡུལ་རྣམས་ཀུན་ལ་ཁ་དོག་བསམ་མི་ཁྱབ། །སྤྲུལ་པའི་སྤྲིན་གྱིས་ཀུན་ཏུ་གང་ བྱས་ཏེ། །སངས་རྒྱས་སྤྲུལ་པས་སེམས་ཅན་རྣམ་འདུལ་ཡང་། །འབྱམ་ཀླས་ཕྱོགས་ན་ཐ་དད་གང་ཡང་མེད། །རྡུལ་རྣམས་ཀུན་ལ་རྒྱ་མཚོའི་ཆོས་བརྗོད་དེ། །དེ་དག་འཁོར་ལོ་ཚུལ་བཞིན་འཁོར་མཛད་ཅིང་། །ཐབས་དང་མཐུ་ཡི་སྒོ་མོ་སྣ་ཚོགས་ཀྱིས། ། ཐམས་ཅད་བརྗོད་ཀྱང་དེ་ལ་ཐ་དད་མེད། །རྡུལ་གཅིག་ལ་ནི་རྒྱལ་བ་ཀུན་གྱི་གསུང་། །འགྲོ་བ་སྣོད་དུ་གྱུར་ལ་དེ་དག་བརྗོད་བྱས་ཏེ། །རྒྱ་མཚོའི་ཞིང་དུ་བསྐལ་པར་བྱིན་བརླབས་ཀྱང་། །དེ་དག་གསུང་གི་ཡན་ལག་ཐ་མི་དད། །ཞིང་རྣམས་རྒྱ་མཚོ་མཐའ་ཡས་ རྒྱན་གྱི་རྣམས། །ཐམས་ཅད་རྡུལ་སྦུབས་གཅིག་ཏུ་རབ་ཏུ་འཛུད། །རྒྱལ་བ་རྣམས་ཀྱི་རྫུ་འཕྲུལ་མཐུ་ལ་ལྟོས། །ལས་ཀྱི་དངོས་ལས་དེ་དག་སྐྱེས་པ་མིན། །རྡུལ་གཅིག་ལ་ནི་དུས་གསུམ་རྒྱལ་བ་དག །ཇི་ལྟར་བྱུང་བ་དེ་དག་ཐམས་ཅད་སྣང་། །དེ་དག་ གཤེགས་དང་བྱོན་པ་གང་ཡང་མེད། །འགྲོ་བ་ཀུན་ནས་སངས་རྒྱས་རྣམ་པར་འཕྲུལ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་བསྟན་པའི་ཕྱོགས་གསལ་བར་བྱ་བ་ཡང་དག་པར་བསྒྲུབས་པ་ཞེས་བྱ་སྟེ་ལེའུ་བཞི་པའོ།། །།སངས་རྒྱས་ རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྔོན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཡོངས་སུ་དག་པར་བྱས་ཏེ། བསྐལ་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞབས་ཀྱི་དྲུང་དུ། སྨོན་ལམ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཡོངས་སུ་དག་པར་བྱས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་དེ་ནི་རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཤིན་ཏུ་ བཟུང་བ་སྟེ། དེ་ལ་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱི་འོག་མ་ནི་གཞི་ཀུན་ནས་རྟོན་པ་ཞེས་བྱ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་བས་བརྒྱན་པའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་འབྱུང་བ་ཞེས་བྱ་བ་ཡོད་དེ། ནོར་བུའི་རྒྱལ་པོ་འོད་རྣམ་པར་དག་པའི་རྒྱལ་མཚན་གྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེའི་མཐུ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་འོད་འཕྲོ་བ་མཉམ་པར་སྟོན་པ་ཞེས་བྱ་བ་ ཡོད་དེ། ནོར་བུའི་རྒྱལ་པོ་ཉི་མ་སྣང་བའི་རྒྱལ་མཚན་གྱི་འཁོར་ལོའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རྒྱན་ཀུན་ནས་རྣམ་པར་བྲེས་པ་ཞེས་བྱ་བ་ཡོད་དེ། འོད་ཟེར་གྱི་འོད་ཀྱི་དཀྱིལ་འཁོར་གྱི་མེ་ཏོག་གི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་ འཁོར་གཞི་ཀུན་ནས་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཞེས་བྱ་བ་ཡོད་དེ། མེ་ཏོག་ཐམས་ཅད་འོད་འཕྲོ་བའི་སེང་གེའི་ཁྲིའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་ཕྱོགས་སུ་སྒྲ་སྒྲོག་ཅིང་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ཡོད་དེ། མུ་ཏིག་དང་མན་ཤེལ་གྱི་རྒྱལ་ མཚན་སྣ་ཚོགས་ཀྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེ་ཐམས་ཅད་འཛིན་པ་ཞེས་བྱ་བ་ཡོད་དེ། ནོར་བུའི་རྒྱལ་པོའི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་གློང་གི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་ཀུན་ནས་འཛིན་པའི་ཤུགས་ ཤེས་བྱ་བ་ཡོད་དེ། སྤོས་ཀྱི་ནོར་བུ་ཐམས་ཅད་ཀྱི་རི་རབ་ཀྱི་སྤྲིན་གྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་གྱི་ཁྱིམ་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་གཞིས་རྟོན་ཏོ། །ཀྱེ་རྒྱལ་ བའི་སྲས་དག་རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་ཐམས་ཅད་ཀྱི་སྟེང་མ་ནི་རླུང་གི་དཀྱིལ་འཁོར་གཟི་བརྗིད་བཟང་པོ་དཔལ་གྱི་སྙིང་པོ་ཞེས་བྱ་སྟེ། ནོར་བུ་ཀུན་ནས་སྣང་བའི་རྒྱན་དང་ལྡན་པའི་སྤོས་ཀྱི་ཆུ་རྒྱ་མཚོའི་གཞིས་རྟོན་ཏོ། ། སྤོས་ཀྱི་ཆུ་རྒྱ་མཚོ་ནོར་བུ་ཀུན་ནས་སྣང་བའི་གཞིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་དེ་ལས་པདྨོ་ཆེན་པོ་སྤོས་ཀྱི་རྒྱལ་མཚན་ཁྱེར་བའི་འོད་ཟེར་དང་ཟེ་བ་སྣ་ཚོགས་ཤེས་བྱ་བ་མངོན་པར་བྱུང་སྟེ། པདྨོ་ཆེན་པོ་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མ