Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ
Văn bản gốc(Tây Tạng)
Trang 2 / 23 (50.000 ký tự/trang)
ྲུལ་དགའི་སྤྱོད་ཡུལ་འདི་ཡིན་ནོ། །བདེ་གཤེགས་སྐུ་དང་ཡེ་ཤེས་རྣམ་ པ་དང་། །དེ་བཞིན་དབྱངས་ཀྱི་དཀྱིལ་འཁོར་མཐའ་མེད་དེ། །ཆགས་མེད་སེམས་ཅན་སངས་རྒྱས་མངོན་དུ་བལྟ། །འོད་ཟེར་ཡིད་འོང་རྣམ་ཐར་འདི་ལ་འཇུག །ཆོས་རྗེ་ཆོས་ཀྱི་གཞལ་མེད་ཁང་བཞུགས་ཤིང་། །ཆོས་ཀྱི་སྐུ་ཡི་སངས་རྒྱས་རབ་ཏུ་སྣང་། ། ཆོས་ཀྱི་རང་བཞིན་གཞལ་ཡས་མཚན་ཉིད་མེད། །རྣམ་ཐར་འདི་ལ་རྒྱ་མཚོའི་འོད་འཇུག་གོ །དེ་ལ་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་རྣམ་པར་ཐར་པ་ནི། མཐའ་ཡས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒོ་ཡི་དབང་དང་སྤྱོད་པའི་སྙིང་པོ་ཞེས་བྱའོ། ། ལྷའི་བུ་མིག་བཟང་པོའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་དགའ་བ་དང་བདེ་བ་ལ་རྣམ་པར་ལྟ་བ་འཕགས་པའི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ལྷའི་བུ་ཅོད་པན་སྣ་ཚོགས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ ཅད་ཀྱི་འབྱུང་བ་སྣ་ཚོགས་དོན་ཐ་དད་པའི་དབྱིངས་སུ་ཡང་དག་གཞོལ་བ་ཞེས་བྱའོ། །ལྷའི་བུ་གོ་འཕང་རྣམ་པར་གནོན་པའི་སྒྲ་དབྱངས་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་སྒོ་རྗེས་སུ་དྲན་ཞིང་རང་གི་ཡུལ་ལ་རྣམ་པར་ལྟ་བ་ཞེས་བྱའོ། ། ལྷའི་བུ་འོད་ཡིད་དུ་འོང་བའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ང་རྒྱལ་གྱི་རྒྱལ་མཚན་རབ་ཏུ་བསྙལ་བ་དང་། སྙིང་རྗེ་ཆེན་པོའི་སྒོ་ནས་རབ་ཏུ་ཞི་བ་འབྱུང་བ་ཞེས་བྱའོ། །ལྷའི་བུ་སྤྱོད་ཡུལ་ཞི་བའི་སྒོའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ཁོང་ཁྲོ་བ་ཡང་དག་པར་འདུལ་བ་ རབ་ཏུ་བརྗོད་པ་ཞེས་བྱའོ། །ལྷའི་བུ་འཁོར་ལོ་རི་མོ་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུའི་མཐའ་ཡས་པའི་སངས་རྒྱས་ཡིད་ལ་བྱ་བ་མུ་མེད་པར་ཁེབས་པར་འགེངས་པ་ཞེས་བྱའོ། །ལྷའི་བུ་མེ་ཏོག་བློ་གྲོས་སེང་གེའི་དབང་ཕྱུག་གི་རྣམ་པར་ཐར་ པ་ནི། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ། རྣམ་པ་ཐམས་ཅད་རྗེས་སུ་དྲན་པ་མངོན་པར་འཚང་རྒྱ་བས་རྒྱས་པར་བྱེད་པ་ཞེས་བྱའོ། །ལྷའི་བུ་དབང་པོའི་སྟོབས་རི་མོ་བཟང་པོའི་འོད་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་ ཆོས་ཉིད་ལ་ཡང་དག་པར་གཞོལ་བའི་བྱིན་རླབས་ཀྱི་ཁྱད་པར་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་དབང་བྱེད་ཀྱིས་སངས་རྒྱས་ཀྱི་མཐུས། ལྷའི་བུ་དབང་བྱེད་ཀྱི་རིས་སུ་གཏོགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་ འདི་དག་སྨྲས་སོ། །ཆོས་དབྱིངས་མཐར་ཐུག་བདེ་བར་གཤེགས་པའི་སྐུ། །འགྲོ་བ་ཀུན་ན་མངོན་པར་རབ་ཏུ་སྣང་། །འབྱམ་ཀླས་ཐམས་ཅད་ཆོས་ཀྱིས་སེམས་ཅན་འདུལ། །ཆོས་ཀྱི་མངའ་བདག་རྒྱལ་བ་འགྲོ་ལ་སྟོན། །འཇིག་རྟེན་བདེ་བ་སྣ་ཚོགས་མ་ལུས་པ། ། ཇི་སྙེད་དེ་ནང་འཕགས་པ་དེ་མཆོག་ཡིན། །ཆོས་ཉིད་ཡངས་པ་རྒྱལ་བའི་གནས་ཡིན་ཏེ། །མིག་བཟང་བདག་པོ་འདི་ལ་རྣམ་པར་ལྟ། །འཇིག་རྟེན་ཕྱོགས་རྣམས་བཀང་ཞིང་སངས་རྒྱས་ཀྱིས། །བསམ་པའི་དབྱངས་ཀྱི་ཚུལ་བཞིན་ཆོས་སྟོན་པས། །སེམས་ཅན་ཀུན་ གྱི་ནེམ་ནུར་དོགས་པ་གཅོད། །ཅོད་པན་སྣ་ཚོགས་རྒྱལ་མཚན་རྣམ་ཐར་ཏོ། །རྒྱལ་བའི་གསུང་གཅིག་མ་ལུས་གསུང་བ་ནི། །བསྐལ་པ་རྒྱ་མཚོར་ཡངས་པའི་ཆོས་སྒྲོག་སྟེ། །འགྲོ་བ་བཀང་ཞིང་སངས་རྒྱས་གསུང་བརྗོད་པ། །འདི་ནི་བརྩོན་པའི་ བློ་གྲོས་རྣམ་ཐར་ཏོ། །འཇིག་རྟེན་བྱམས་པ་འབྱམ་ཀླས་རྒྱ་ཆེན་ཀུན། །བདེ་གཤེགས་བ་སྤུ་གཅིག་གི་དཔེར་མི་རུང་། །རྒྱལ་བའི་བྱམས་པ་མཁའ་བཞིན་ཟད་མི་ཤེས། །བཤད་པ་སྣ་ཚོགས་བློ་གྲོས་རྣམ་ཐར་ཏོ། །ང་རྒྱལ་རི་དང་མུན་སྤྲིན་སྒོ་འཇོམས་ཤིང་། ། སྟོབས་བཅུ་འགྲོ་བ་ཀུན་ཏུ་ཁྱབ་བྱས་ནས། །རྒྱལ་བའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འགྱེད། །རྣམ་ཐར་འདི་ནི་འོད་བཟང་རྒྱལ་མཚན་གྱིའོ། །བདེ་གཤེགས་མཐོང་བས་གཏི་མུག་རབ་ཏུ་འཇོམས། །འགྲོ་ལ་ཤེས་རབ་དཀྱིལ་འཁོར་དགེ་བ་སྟོན། །དེ་དག་ངན་ འགྲོའི་ཚུལ་རྣམས་རྣམ་འདུལ་ཏེ། །ཞི་བ་སྤྱོད་ཡུལ་སྒོ་ཡི་རྣམ་ཐར་ཏོ། །སངས་རྒྱས་སྤུ་ཡི་ཁུང་ནས་འོད་བརྗོད་པ། །སེམས་ཅན་ཀུན་དང་མཐུན་པར་བདེ་གཤེགས་མཚན། །དེ་དག་བསམ་པ་ཇི་བཞིན་མཚན་ཀྱང་ཐོས། །འཁོར་ལོ་སྣ་ཚོགས་རྒྱལ་ མཚན་རྣམ་ཐར་ཡིན། །རྒྱལ་བའི་རྣམ་པར་འཕྲུལ་པ་ཚད་མེད་པ། །དེ་དག་ཐམས་ཅད་འཁོར་འདིར་ཕྱིན་སྣང་ཞིང་། །ཆོས་དབྱིངས་ནམ་མཁའ་རྒྱལ་བས་རབ་རྒྱས་པ། །མེ་ཏོག་སེང་གེ་དཔལ་གྱི་རྣམ་ཐར་ཏོ། །བསྐལ་པ་རྒྱ་མཚོ་མང་པོ་ཚད་མེད་པར། །ཞིང་ རྣམས་ཀུན་ཏུ་རྒྱལ་བའི་ཡུལ་བརྗོད་ཀྱང་། །སངས་རྒྱས་གཤེགས་དང་བཞུད་པར་གྱུར་པ་མེད། །དབང་པོ་དཔལ་ཐོབ་རྣམ་ཐར་འདི་ཡིན་ནོ། །དེ་ལ་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་རྣམ་པར་ཐར་པ་ནི། ཆོས་ཀྱི་རང་བཞིན་སྤྲུལ་པར་རྣམ་ པར་སྒོམ་པའི་སྦྱོར་བ་ཞེས་བྱའོ། །ལྷའི་བུ་སྒྲས་ཞི་བའི་འོད་ཀྱི་རྣམ་པར་ཐར་པ་ནི། འཇིགས་པ་ཐམས་ཅད་རྣམ་པར་སྒོམ་པའི་རང་བཞིན་གྱི་སྦྱོར་བ་ཞེས་བྱའོ། །ལྷའི་བུ་སྟོབས་ཀྱིས་འཕྲུལ་པའི་སྒྲའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་ གིས་ཡོངས་སུ་མི་ཟད་ཅིང་རྨོངས་པ་མེད་པའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་དབང་ཆེན་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་ཡང་དག་པར་འཇུག་ཅིང་དགའ་བ་ཚད་མེད་པས་རྣམ་པར་སྨིན་པ་ཞེས་བྱའོ། །ལྷའི་བུ་དྲན་པའི་འོད་ཀྱི་ རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་དང་། བསོད་ནམས་ཀྱི་ཚོགས་ལ་འཇུག་པ་ཟད་མི་ཤེས་པ་ཤིན་ཏུ་བསྟན་པ་ཞེས་བྱའོ། །ལྷའི་བུ་སྤྲིན་སྒྲ་ཤིན་ཏུ་འཕགས་པའི་རྣམ་པར་ཐར་པ་ནི། འདས་པའི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་ པ་རྗེས་སུ་དྲན་ཞིང་སྤྱོད་པའི་བློ་གྲོས་ཞེས་བྱའོ། །ལྷའི་བུ་སྣང་བའི་སྤྱོད་པའི་དཔལ་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཚད་དང་བྲལ་བ་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་གཙུག་ཕུད་ཡིད་དུ་འོང་ བའི་འོད་ཀྱི་རྣམ་པར་ཐར་པ་ནི། ནམ་མཁའི་དབྱིངས་ཀྱི་མཐར་ཉི་མའི་ཤུགས་ཀྱི་རྒྱུ་བས་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ལྷའི་བུ་དགའ་བའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། བརྩམ་པ་ཐམས་ཅད་ཟད་མི་ཤེས་པ་ལ་བརྩོན་འགྲུས་ཀྱི་སྟོབས་ཡང་དག་པར་འབྱུང་བ་ཞེས་ བྱའོ། །ལྷའི་བུ་མེ་ཏོག་འོད་ཀྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་ལ་ལྟ་ཞིང་བདེ་བ་དང་། སྡུག་བསྔལ་བས་ཀུན་ཏུ་རྣམ་པར་ལྟ་བ་ཞེས་བྱའོ། །ལྷའི་བུ་ཕྱོགས་ཤིན་ཏུ་སྣང་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་ཚོགས་ བསམ་གྱིས་མི་ཁྱབ་པའི་རྣམ་པར་སྒྲུབ་པ་སྣ་ཚོགས་ཀྱི་དྲན་པས་མངོན་ཏུ་སྒྲུབ་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་སངས་རྒྱས་ཀྱི་མཐུས་འཕྲུལ་དགའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། འཇིག་རྟེན་ལས་ཀྱི་རང་བཞིན་བསམ་མི་ཁྱབ། །ཐམས་ཅད་འགྲོ་བ་འདིར་ཡང་ཤིན་ཏུ་བསྟན། །རྒྱུ་དང་རང་བཞིན་རྒྱལ་བ་སེམས་ཅན་ཚུལ། །འཇིག་རྟེན་འདི་ཀུན་ལས་ཀྱིས་རྣམ་པར་བྲིས། །ཐམས་ཅད་ཚུལ་དུ་རང་བྱུང་དངོས་པོ་མེད། །ཕྱོགས་རྣམས་ ཀུན་ནའང་བཟུང་བ་ཡོད་པ་མིན། །ཆོས་ཀྱི་སྐུ་ལ་དངོས་མེད་དེ་ཡང་བསྟན། །སྒྲ་ཞི་འོད་ཀྱིས་རྣམ་ཐར་འདི་ཡང་མཐོང་། །རྒྱལ་བས་བསྐལ་པ་རྒྱ་མཚོར་སྤྱད་པའི་ཚེ། །འཇིག་རྟེན་གཏི་མུག་མུན་པ་རྣམ་པར་ཟློག །དེ་བས་སངས་རྒྱས་ཤིན་ཏུ་དྲི་མེད་སྣང་། ། རྣམ་ཐར་འདི་ནི་སྟོབས་ཀྱི་འོད་ཀྱིས་ཤེས། །ཇི་སྙེད་འཇིག་རྟེན་སྒྲ་དབྱངས་ཞི་བའི་རྣམས། །ཀུན་ཀྱང་སངས་རྒྱས་སྒྲ་ལས་ཉེ་བར་འབྱུང་། །ཕྱོགས་རྣམས་ཞིང་དབྱིངས་སྣ་ཚོགས་རྣམ་པར་སྒྲོག །འདི་ནི་སྣ་ཚོགས་དབང་གི་རྣམ་ཐར་ཏོ། །འགྲོ་བའི་བསོད་ནམས་ མཐུ་རྣམས་ཀུན་བསྩོགས་ཀྱང་། །རྒྱལ་བའི་མཚན་རབ་གཅིག་ཏུ་མི་འགྱུར་ཏེ། །རྒྱལ་བའི་བསོད་ནམས་ནམ་མཁའི་དཔེ་ལྟ་བུ། །དྲན་པའི་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །དུས་གསུམ་བསྐལ་པ་མཐའ་དང་མུ་མེད་པ། །སྤུ་གཅིག་རྩེ་ལ་རང་བྱུང་རྣམས་ སྟོན་ཏོ། །དེ་དག་འབྱུང་འཇིག་ཇི་ལྟ་བ་ཡང་སྟོན། །འདི་ནི་འཕགས་པའི་དབྱངས་ཀྱིས་རབ་ཏུ་ཤེས། །ཕྱོགས་རྣམས་ནམ་མཁའི་མཐའ་ནི་རྙེད་པར་རུང་། །རྒྱལ་བའི་སྤུ་གཅིག་མཐའ་ནི་ཐུག་པ་མེད། །དེ་ལྟར་སངས་རྒྱས་ཆགས་མེད་བསམ་མི་ཁྱབ། ། ཡིད་འོང་འོད་ཀྱི་གཙུག་གིས་དེ་མཐོང་ངོ་། །སྔོན་གྱི་རྒྱལ་བས་བསྐལ་པ་བསམ་ཡས་པར། །མི་སྐྱོའི་ཐུགས་ཀྱིས་བརྩོན་འགྲུས་རབ་བསྐྱེད་དེ། །ཕ་རོལ་ཕྱིན་པ་རྒྱ་ཆེན་རབ་ཏུ་བསྐང་། །དེ་ནི་དགའ་དང་ལྡན་པའི་རྣམ་ཐར་ཏོ། །འགྲོ་བ་རྣམས་ཀྱི་ལས་ཀྱི་རང་ བཞིན་རྒྱུ། །བསམ་གྱིས་མི་ཁྱབ་སངས་རྒྱས་མ་ལུས་གསུང་། །དྲི་མེད་རྣམ་དག་ཆོས་ཉིད་དེ་ཡང་སྟོན། །དེ་ལ་མེ་ཏོག་འོད་ཀྱི་གཙུག་ཕུད་འཇུག །རྒྱལ་བའི་སྤུ་གཅིག་རྩེ་ལ་འགྲོ་བ་རྣམས། །ཐམས་ཅད་སྙེད་ཀྱི་གཟུགས་ཀྱི་སྒོ་ལ་ལྟོས། ། འོན་ཀྱང་འགྲོ་ཞིང་འོང་བ་དེ་ལ་མེད། །རྣམ་ཐར་དེ་ནི་ཕྱོགས་སུ་སྣང་བས་མཐོང་། །དེ་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་ཕུན་སུམ་ཚོགས་པ་མངོན་པར་བསྒྲུབ་པ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་ དགའ་བ་རྒྱ་མཚོའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། ནམ་མཁའི་དབྱིངས་དྲི་མ་མེད་པའི་འོད་ཅེས་བྱའོ། །ལྷའི་བུ་ཡོན་ཏན་མཆོག་གི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སྨོན་ལམ་རྒྱ་མཚོ་དྲི་མ་མེད་པས་འགྲོ་བ་རབ་ཏུ་ཞི་བ་བྱེད་པ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་ འོད་ཟེར་ཞི་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་རྗེས་སུ་བསྲུང་བའི་སྒོ་ཀུན་ཏུ་བསྟན་པས་སྣང་བ་ཞེས་བྱའོ། །ལྷའི་བུ་རབ་ཏུ་དགའ་བའི་མིག་གི་རྣམ་པར་ཐར་པ་ནི། ཀུན་ནས་ཉོན་མོངས་པའི་ཁམས་ནམ་མཁའི་དབྱིངས་ལྟར་དྲི་མ་མེད་པར་ཡོངས་སུ་སྦྱོང་བ་ཞེས་བྱའོ། ། ལྷའི་བུ་རིན་ཆེན་འོད་ཟེར་ཟླ་བའི་རྣམ་པར་ཐར་པ་ནི། འགྲོ་བ་རྣམ་པར་གདུལ་བ་ཟད་མི་ཤེས་པ་མངོན་པར་བསྒྲུབ་པའི་སྙིང་པོ་ཞེས་བྱའོ། །ལྷའི་བུ་རྣམ་པར་གནོན་པས་རབ་ཏུ་བརྩོན་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་བརྩོན་ཞིང་ཡང་དག་པར་ བྱང་ཆུབ་མངོན་པར་བསྒྲུབ་པ་ཞེས་བྱའོ། །ལྷའི་བུ་རྡོ་རྗེ་མདོག་གི་འོད་བཟང་པོའི་རྣམ་པར་ཐར་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་མི་ཤིགས་པར་བརྟན་པའི་རྒྱུན་ཐམས་ཅད་དགའ་བས་ཡང་དག་པར་སྡུད་པ་ཞེས་བྱའོ། །ལྷའི་བུ་སྐར་མས་བརྒྱན་པའི་དཔལ་གྱི་ རྣམ་པར་ཐར་པ་ནི། སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་ཕྱོགས་བཅུའི་སེམས་ཅན་རྩལ་གྱིས་རྣམ་པར་གནོན་པའི་འདུལ་བ་ཞེས་བྱའོ། །ལྷའི་བུ་དགའ་བ་བཟང་པོ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། བསམ་པ་རྒྱ་མཚོ་མཐའ་དང་དབུས་མེད་པ་སེམས་ སྐད་ཅིག་གིས་ཡོངས་སུ་བསྟན་པ་ལ་མངོན་པར་ཕྱོགས་པའི་སྣོད་ཡང་དག་པར་སྟོན་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་སངས་རྒྱས་ཀྱི་མཐུས་དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུའི་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་སྨྲས་སོ། །ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །སེམས་ཅན་ཀུན་དང་མཉམ་ཉིད་མཉམ་པར་འགྱུར། །བསམ་པ་སྣ་ཚོགས་རྒྱལ་བའི་ཆོས་ཉིད་དེ། །དྲི་མེད་བསམ་གྱིས་མི་ཁྱབ་རབ་ཏུ་འཇུག །སངས་རྒྱས་སྐུ་ནི་ཕྱོགས་ལ་ཐོགས་ པ་མེད། །གཟུང་བ་མེད་ཅིང་ཆགས་པ་གང་ཡང་མེད། །འགྲོ་བའི་གཟུགས་ཀྱི་སྒོ་རྣམས་ཀུན་ལ་སྣང་། །རྣམ་ཐར་དེ་ལ་དགའ་བའི་གཙུག་ཕུད་འཇུག །སྨོན་ལམ་རྒྱ་མཚོས་ཇི་ལྟར་རྣམ་སྦྱངས་པའི། །སྔོན་གྱི་རྒྱལ་བའི་སྤྱོད་པ་རྣམས་ལ་ལྟོས། །ཐམས་ཅད་ ཆོས་ཀྱི་དཀྱིལ་འཁོར་ཡོངས་སུ་རྒྱས། །དེ་ཡི་ཚུལ་ལ་ཡོན་ཏན་རྒྱ་མཚོ་འཇུག །བདེ་གཤེགས་ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་དབྱིངས་ནི་མིག་ཡོར་མཚན་ཉིད་དོ། །ཐམས་ཅད་ཆོས་ཀྱི་འོད་ཟེར་སྣང་བ་གཏོང་། །ཞི་བའི་འོད་ཟེར་སྣང་བས་འདི་ ལྟར་མཐོང་། །འགྲོ་བ་ཉོན་མོངས་ལས་ཀྱི་མུན་པས་བསྒྲིབས། །འཇིགས་དོགས་བག་མེད་དྲེགས་པའི་ཡུལ་ཅན་ལ། །རྒྱལ་བ་ཞི་བའི་ཆོས་ཉིད་རབ་ཏུ་སྟོན། །དགའ་བ་བཟང་པོའི་མིག་གིས་དགའ་བར་མཐོང་། །མགོན་པོ་འཇིག་རྟེན་ཐམས་ཅད་སྐྱབས་གྱུར་ཅིང་། ། གནས་དང་མགོན་དུ་གྱུར་པ་རབ་འབྱུང་སྟེ། །རྒྱལ་བ་སེམས་ཅན་ཀུན་ལ་བདེ་བ་སྟོན། །དེ་ཡི་ཚུལ་ལ་རྩེ་མོའི་ཟླ་བ་འཇུག །སངས་རྒྱས་ཐམས་ཅད་སྤྱོད་ཡུལ་བསམ་མི་ཁྱབ། །ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །ཐམས་ཅད་ཆོས་དབྱིངས་ ཕ་རོལ་ཕྱིན་པ་བརྙེས། །དེ་ནི་བརྩོན་པའི་བློ་གྲོས་དགའ་བའོ། །ཕྱོགས་བཅུ་དག་ན་སེམས་ཅན་སྣོད་གྱུར་ཅིང་། །བསོད་ནམས་རྒྱ་མཚོས་རྣམ་དག་སྤྱོད་ཡུལ་ཅན། །སངས་རྒྱས་ཡོན་ཏན་ཐོས་ཤིང་བྱང་ཆུབ་འཇུག །རྡོ་རྗེ་རྡུལ་གྱི་འོད་ནི་འདི་ལྟར་སེམས། །ཞིང་ རྣམས་རྒྱ་མཚོའི་རྡུལ་དང་མཉམ་པ་ཡི། །ཕྱོགས་བཅུའི་རྒྱལ་སྲས་རྟག་ཏུ་ཀུན་འདུ་ཞིང་། །རྒྱལ་བ་མཆོད་ཅིང་ཆོས་ཉིད་ཉན་པར་བྱེད། །བརྒྱན་པའི་དཔལ་ནི་རྣམ་ཐར་འདི་ལ་འཇུག །འགྲོ་བ་རྒྱ་མཚོའི་སེམས་ནི་བསམ་མི་ཁྱབ། ། གནས་མེད་གཡོ་བ་མེད་ཅིང་རྟེན་པ་མེད། །ཐམས་ཅད་སྐད་ཅིག་གཅིག་ལ་རྒྱལ་བས་མཁྱེན། །དགའ་བ་སྣ་ཚོགས་དགའ་བར་འདི་མཐོང་ངོ་། །དེ་ལ་ལྷའི་རྒྱལ་པོ་རབ་མཚེ་མའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་མྱ་ངན་བསལ་བ་དགེ་བའི་སྒོ་ཡང་ དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་དགའ་བ་བདེ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། དམིགས་པ་ཐམས་ཅད་ཁྱབ་པར་བྱེད་པའི་ཡུལ་ཞེས་བྱའོ། །ལྷའི་བུ་བློ་གྲོས་མི་ཟད་པའི་ཡོན་ཏན་དཔལ་གྱི་རྣམ་པར་ཐར་པ་ནི། ནད་ཐམས་ཅད་རྣམ་པར་སེལ་ཅིང་ཕན་པར་སྙིང་ རྗེ་བའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་འཕྲུལ་པ་བཟང་ཞིང་དགེ་བའི་རྣམ་པར་ཐར་པ་ནི། བུད་མེད་ཐམས་ཅད་འདུལ་བའི་བསམ་པ་རྗེས་སུ་རྟོགས་པའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་ས་དང་རི་བོའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་གཟུང་བ་ལ་ རྨོངས་པ་མེད་པའི་གཟུངས་ཀྱི་སྒོ་བདེ་བར་སྣང་བ་ཞེས་བྱའོ། །ལྷའི་བུ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། དམིགས་པའི་ཡུལ་ཐམས་ཅད་ལས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་འཁོར་ལོའི་གཙུག་ གི་རྣམ་པར་ཐར་པ་ནི། ཆོས་ཀྱི་འཁོར་ལོའི་ཤུགས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་བགྲང་བའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་གཟི་བརྗིད་འོད་འཕྲོའི་རྣམ་པར་ཐར་པ་ནི། ཁམས་ཐམས་ཅད་ཀྱི་མཐར་འགྲོ་བས་མིག་ཤིན་ཏུ་ཡངས་པའི་དཀྱིལ་ འཁོར་གྱིས་ཀུན་ཏུ་བལྟ་བ་ཞེས་བྱའོ། །ལྷའི་བུ་འོད་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། ལས་ཀྱི་དམིགས་པ་དང་འགྲོགས་པའི་བདུད་ཀྱི་ལས་ཐམས་ཅད་ཟློག་པ་ཞེས་བྱའོ། །ལྷའི་བུ་གྲགས་པའི་ཕྱོགས་སུ་རྣམ་པར་ལྟ་བའི་རྣམ་པར་ཐར་པ་ནི། ལྷའི་གནས་ ཐམས་ཅད་ཀྱི་འཁོར་དུ་དགོས་པ་མྱོང་བར་བྱ་བ་ལ་སེམས་རབ་ཏུ་དང་བ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས་སངས་རྒྱས་ཀྱི་མཐུས་རབ་མཚེ་མའི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་རྒྱ་མཚོ་ ཡངས་པ་རྒྱ་ཆེན་དུ། །འགྲོ་བའི་ཉོན་མོངས་རྒྱ་མཚོ་ཡོངས་སྦྱངས་པའི། །དྲི་མེད་ལམ་ནི་ཡེ་ཤེས་དཀྱིལ་འཁོར་རྣམས། །ཡང་དག་བརྙེས་པའི་སྒྲོན་མས་རབ་ཏུ་བསྟན། །རྒྱལ་བའི་སྐུ་ནི་མཐའ་ཡས་རྒྱ་ཆེ་སྟེ། །ཕྱོགས་བཅུར་མུ་མཐའ་རྙེད་པར་ཡོངས་མི་རུང་། ། ཚུལ་རྣམས་ཀུན་གྱིས་སངས་རྒྱས་ཚད་མེད་དེ། །དེ་ལ་དགའ་བ་བདེ་བའི་འོད་འཇུག་གོ །ནད་དང་རྒ་བ་འཆི་བ་མྱ་ངན་གྱིས། །འཇིག་རྟེན་གཙེས་ཤིང་རབ་ཏུ་གདུང་བ་རྣམས། །དེ་དག་ཀུན་ལ་ཐུགས་རྗེའི་དཀྱིལ་འཁོར་ཅན། །སངས་རྒྱས་བློ་གྲོས་ཟད་པ་མེད་པས་ མཐོང་། །ཡེ་ཤེས་སྒྱུ་མ་སངས་རྒྱས་ཐུགས་སུ་ཆུད། །དུས་གསུམ་ཀུན་ལ་ཆགས་པ་མི་མངའ་སྟེ། །འགྲོ་བ་ཐམས་ཅད་སྤྱོད་པ་རབ་ཏུ་མཁྱེན། །འདི་ནི་འཕྲུལ་པ་དགེ་བའི་སྤྱོད་ཡུལ་ལོ། །སངས་རྒྱས་དབུས་དང་མཐའ་མེད་གཟུགས་རྣམས་དང་། ། ཐ་དད་ཡང་དག་ཤེས་པ་རྒྱ་མཚོ་གསུང་། །ཆོས་ཀྱི་འཁོར་ལོ་ཡང་དག་རབ་ཏུ་བསྐོར། །འདི་ནི་ས་ཡི་རི་འོད་རྣམ་ཐར་ཏོ། །སངས་རྒྱས་ཆོས་ཀྱི་རང་བཞིན་རྒྱ་ཆེན་སྟོན། །ཆོས་རྣམས་ཐུགས་སུ་ཆུད་པས་རྣམ་པར་དག །ཐམས་ཅད་ཆོས་ཀྱི་ཡུལ་ནི་བསམ་ ཡས་ཏེ། །བློ་གྲོས་བསམ་ཡས་ཚུལ་ལས་འདི་ཡིན་ནོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བྱེད་པའི། །བསམ་གྱིས་མི་ཁྱབ་ཚུལ་གྱི་འཁོར་ལོ་བསྐོར། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་རྣམས་ཀྱང་སྟོན། །འཁོར་ལོ་ལྟ་བ་འདི་ཡི་ས་ལ་འཇུག །རྒྱལ་ བའི་སྐུ་ནི་སེམས་ཅན་གྲངས་བཞིན་དུ། །སྤྲུལ་པས་འཇིག་རྟེན་ཡོངས་སུ་ཁྱབ་མཛད་དེ། །འགྲོ་བ་ཀུན་ལ་མངོན་པར་ཀུན་ན་གནས། །གཟི་བརྗིད་འོད་འཕྲོའི་སྤྱོད་ཡུལ་འདི་ཡིན་ནོ། །སངས་རྒྱས་མཐོང་བ་ཙམ་གྱིས་འགྲོ་བ་ཡི། །ལས་ཀྱི་སྒྲིབ་པ་ཐམས་ཅད་ བཟློག་པར་འགྱུར། །བདུད་ཀྱི་ལས་རྣམས་ཀུན་ཀྱང་དེ་བཞིན་སྤོང་། །རྣམ་སྣང་འོད་ཀྱི་སྤྱོད་ཡུལ་འདི་ཡིན་ནོ། །རྒྱ་མཚོའི་འཁོར་རྣམས་ཐམས་ཅད་ཀུན་ཏུ་ཡང་། །རྒྱལ་བ་བཞུགས་པས་མངོན་པར་རབ་ཏུ་མཛེས། །ཆོས་ ཀྱི་སྤྲིན་ཆེན་ཆར་ཡང་རབ་འབེབས་ཏེ། །གྲགས་པ་ཀུན་ཏུ་གྲགས་པའི་རྣམ་ཐར་ཏོ། །དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་ཐར་པ་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་དང་། རྣམ་པར་འཇིག་པ་རྒྱ་ཆེན་པོ་རྗེས་སུ་དྲན་པ་ ཡིད་ལ་བྱ་བ་དགའ་བ་ཆེན་པོའི་ཤུགས་ཤེས་བྱའོ། །ལྷའི་བུ་སྒྲ་ཀུན་ཏུ་གྲགས་པའི་དབང་ཕྱུག་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཟུགས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་ཡོན་ཏན་ཏུ་ཡོངས་སུ་སྤྱོད་པའི་ཤུགས་ཀྱི་སྙིང་པོ་ཞེས་ བྱའོ། །ལྷའི་བུ་བྱམས་པར་ལྟ་བའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། བྱམས་པའི་སྤྲིན་གྱིས་ཀུན་ཏུ་ཁེབས་པར་བྱེད་པའི་བྱིན་གྱི་རླབས་ཀྱིས་ཁྱབ་པར་བྱེད་པ་ཞེས་བྱའོ། །ལྷའི་བུ་རིན་པོ་ཆེའི་འོད་ཀུན་ཏུ་གྲགས་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འཇིག་ རྟེན་ཐམས་ཅད་ཀྱི་ཡོན་ཏན་དང་། མཐུ་དང་སེམས་ཅན་གྱི་རྣམ་པ་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཀུན་ནས་འཇུག་པ་ཞེས་བྱའོ། །ལྷའི་བུ་དགའ་བདེ་འབྱུང་བའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་གཞལ་མེད་ཁང་རྣམ་པར་བལྟ་བའི་བསོད་ ནམས་ཡང་དག་པར་འབྱུང་བའི་བྱིན་གྱིས་རླབས་ཤེས་བྱའོ། །ལྷའི་བུ་དྲན་པ་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། སངས་རྒྱས་སྐྱེ་བ་འབྱུང་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྗེས་སུ་དྲན་པ་རྣམ་པར་སྒོམ་པ་ཞེས་བྱའོ། །ལྷའི་བུ་རི་བོའི་སྒྲའི་དཔལ་གྱི་ རྣམ་པར་ཐར་པ་ནི། འཇིག་རྟེན་འཇིག་པ་དང་། འདུ་བ་དང་བསྐལ་པའི་མེ་ཡོངས་སུ་འཕོ་བའི་ཡེ་ཤེས་ཀྱི་རྒྱན་ཅེས་བྱའོ། །ལྷའི་བུ་དྲན་པ་དང་ལྡན་པའི་རྣམ་པར་ཐར་པ་ནི། མ་འོངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འབྱུང་བ་སེམས་ཅན་གདུལ་བའི་རྒྱུ་དྲན་པའི་རིམ་ པ་ཞེས་བྱའོ། །ལྷའི་བུ་མེ་ཏོག་དྲི་མ་མེད་ཅིང་ཡིད་དུ་འོང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ལྷའི་བུ་དགའ་བ་ཐམས་ཅད་ལ་རྩེ་བ་རྗེས་སུ་དྲན་པའི་རིམ་པ་ཞེས་བྱའོ། །ལྷའི་བུ་ཡེ་ཤེས་ཉི་མའི་མིག་གི་རྣམ་པར་ཐར་པ་ནི། ལྷའི་བུ་ཐམས་ཅད་སྐྱེ་བར་རབ་ཏུ་བརྗོད་པའི་དགེ་བ་ ལ་རྨོངས་པ་མེད་པ་ཞེས་བྱའོ། །ལྷའི་བུ་ཡང་དག་པར་བསྐུལ་བའི་འོད་ཀྱི་དབང་ཕྱུག་གི་རྣམ་པར་ཐར་པ་ནི། ལྷའི་འཁོར་ཐམས་ཅད་ཡང་དག་པར་བསྐུལ་ཞིང་ཕན་ཚུན་དོགས་པའི་ཐེ་ཙོམ་རྣམ་པར་གདོན་མི་ཟ་བར་གཅོད་པ་ཞེས་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ སངས་རྒྱས་ཀྱི་མཐུས་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་དང་། །དེ་དག་སྤྱོད་ཡུལ་རྒྱ་ཆེན་དེ་དག་དང་། །དེ་ དག་ཞིང་འབྱུང་འཇིག་པ་ཇི་བཞིན་དྲན། །རྒྱལ་བའི་མཐུ་ཡིས་དེ་དག་དྲི་མེད་སྣང་། །སངས་རྒྱས་སྐུ་མང་ཕྱོགས་སུ་རྒྱས་བྱས་ཤིང་། །མཉམ་མེད་གཟུགས་ཀུན་འགྲོ་ལ་ཕན་པའི་ཕྱིར། །རྒྱལ་བ་ཀུན་ནས་ལྷམ་མེ་ལྷང་ངེ་སྟེ། །གྲགས་པའི་དཀྱིལ་འཁོར་འོད་ ཀྱིས་འདི་མཐོང་ངོ་། །བྱམས་པ་རྒྱ་མཚོའི་ཚུལ་ནི་རྒྱ་ཆེ་ཞིང་། །ཤིན་ཏུ་ཡངས་པས་འགྲོ་བ་ཀུན་བཀང་ནས། །སྔོན་བསྒོམས་སེམས་ཅན་མཐའ་ཡས་ཁམས་ཀྱང་བཏུལ། །དྲི་མེད་མིག་གི་གཙུག་ཕུད་འདི་མཐོང་ངོ་། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་དེ་ དྲན་པས། །བདག་གི་དགའ་བ་ཡང་དག་འབྱུང་སྐྱེས་ཏེ། །སངས་རྒྱས་འཇིག་རྟེན་ཀུན་ན་མཉམ་མེད་མཆོག །འདི་ནི་གྲགས་རྒྱལ་དྲི་མེད་རྣམ་ཐར་ཏོ། །ལས་དགེ་རྒྱ་མཚོས་འགྲོ་བ་ཀུན་བཀང་ཞིང་། །དྲི་མེད་མ་ལུས་རྒྱལ་བས་བསྟན་པ་མཛད། །དེ་ལས་ བསོད་ནམས་ཡངས་པ་ཀུན་བྱུང་སྟེ། །དགའ་བདེ་གཙུག་ཕུད་ཚུལ་ནི་འདི་ཡིན་ནོ། །སངས་རྒྱས་སྐྱེ་བ་ཡངས་པས་ཕྱོགས་བཀང་ཞིང་། །བདེ་གཤེགས་འགྲོ་བ་རྒྱས་པས་མངོན་ཏུ་འགྱུར། །དེ་དག་རྒྱ་ཆེན་སེམས་ཅན་འདུལ་ལ་ལྟོས། །དེ་ཡི་ཚུལ་ལ་དྲན་པའི་རྒྱན་ འཇུག་གོ །བདེ་གཤེགས་ཡེ་ཤེས་སྐུ་མངའ་སྤྱན་ཡངས་པ། །འབྱམ་ཀླས་ཞིང་རྣམས་ཐམས་ཅད་ཀུན་བཞུགས་པ། །འབྱམ་ཀླས་ཞིང་གི་རྡུལ་ལ་ཀུན་ཀྱང་བསྟན། །རྣམ་ཐར་འདི་ལ་སྤྲིན་གྱི་དབྱངས་འཇུག་གོ །རྒྱལ་བའི་སྲས་ཀྱི་ བྱང་ཆུབ་སྤྱོད་པ་དག །ཇི་བཞིན་ཡངས་པ་སྤུ་ཡི་རྩེ་མོ་ལ། །རྒྱལ་བས་དེ་དག་ཚད་མེད་ཕུན་སུམ་བསྟན། །དྲན་པའི་བློ་གྲོས་འདི་ཡི་ཚུལ་མཐོང་ངོ་། །འགྲོ་བ་འདི་ན་རྩེ་དགའ་གང་བདེ་བ། །དེ་དག་ཐམས་ཅད་རྒྱལ་བའི་མཐུ་ཡིས་བྱུང་། །བསོད་ནམས་ མཉམ་མེད་རྒྱལ་བ་བྱུང་ལ་ལྟོས། །འདི་ནི་མེ་ཏོག་སྣ་ཚོགས་དྲི་མེད་ཀྱིའོ། །སེམས་གཅིག་རྒྱུད་ལ་རྒྱལ་བའི་ཡོན་ཏན་གྱི། །བདེ་གཤེགས་ཤིན་ཏུ་རྒྱ་ཆེན་སུས་དྲན་པ། །དེ་ལ་ངན་སོང་ཀུན་གྱི་འཇིགས་པ་མེད། །ཡེ་ཤེས་ཉི་མའི་མིག་གི་རྣམ་ཐར་ཏོ། ། རྒྱལ་བའི་རྫུ་འཕྲུལ་ཆོས་ཉིད་རྒྱ་ཆེ་ཞིང་། །བསམ་པའི་ལས་རྣམས་ཐམས་ཅད་ཀུན་ནས་གནས། །དེ་དག་ཐེ་ཙོམ་ནེམ་ནུར་ཐམས་ཅད་སེལ། །རྣམ་ཐར་འདི་ནི་བརྗོད་དབང་བློ་གྲོས་ཀྱིའོ། །དེ་ལ་ལྷའི་བུ་ཟླ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ ཅད་བསྡུ་ཞིང་རྣམ་པར་གདུལ་བའི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ནས་དྲི་མ་མེད་པའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་འོད་ཀྱི་མེ་ཏོག་རྒྱལ་པོའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཡུལ་རྣམ་པར་ལྟ་བ་དང་། མཐའ་ཡས་པའི་ཆོས་ འབྱམ་ཀླས་པ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་དཔལ་གྱི་ཚོགས་སྣ་ཚོགས་ཀྱི་རྒྱན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ཡོངས་སུ་བཟློག་ཅིང་ཕན་ཚུན་གྱི་ཡུལ་དང་དམིགས་པ་ལ་ཡང་དག་པར་སྤྱོད་པ་ཞེས་བྱའོ། །ལྷའི་བུ་ འཇིག་རྟེན་པའི་བདེ་བ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་། དགའ་བ་དང་རངས་པ་རྒྱ་ཆེན་པོ་སྐྱེད་པ་ཞེས་བྱའོ། །ལྷའི་བུ་ཤིང་གི་དབང་པོའི་མིག་གི་འོད་ཀྱི་རྣམ་པར་ཐར་པ་ནི། ལོ་ཏོག་ཐམས་ཅད་ཀྱི་མྱུ་གུ་ དང་ས་བོན་སྲུང་བ་དང་། དུས་ཡོངས་སུ་བསྒྱུར་བ་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྷའི་བུ་འོད་བཟང་པོ་སྟོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་བྱམས་པ་དང་། སྙིང་རྗེའི་སྒོས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། ། ལྷའི་བུ་ཀུན་ནས་སྤྱོད་པ་མི་སྒུལ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ཟླ་བ་དྲི་མ་མེད་པ་འཛིན་ཅིང་སྤྱོད་པས་ཕྱོགས་ཡོངས་སུ་འདུས་པ་ཞེས་བྱའོ། །ལྷའི་བུ་སྐར་མའི་རྒྱལ་པོའི་བདག་པོའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ནམ་མཁའི་རང་བཞིན་ལྟར་དངོས་པོ་ མེད་པ་མཚན་ཉིད་མེད་པ་ཞེས་བྱའོ། །ལྷའི་བུ་བློ་དྲི་མ་མེད་པའི་ཟླ་བའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ཀུན་ཀྱང་ལས་ཀྱི་རང་བཞིན་དུ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་གཟི་བརྗིད་ཆེན་པོའི་འོད་ཟེར་མཛེས་པའི་རྣམ་པར་ཐར་པ་ནི། ལྷའི་ དགོས་པ་ཐམས་ཅད་ལ་ཐེ་ཙོམ་ཡང་དག་པར་གཅོད་པ་བརྗོད་པ་ལ་འཇུག་པ་ཞེས་བྱའོ། །དེ་ནས་ལྷའི་བུ་ཟླ་བས་སངས་རྒྱས་ཀྱི་མཐུས་ཟླ་བའི་གཞལ་མེད་ཁང་དུ་གཏོགས་པའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ སྨྲས་སོ། །འགྲོ་བ་ཐམས་ཅད་ཀུན་ཏུ་འོད་བཀྱེ་ཞིང་། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཏུ་སངས་རྒྱས་སྣང་། །མུན་པ་ཆེན་པོས་རྨོངས་པའི་འཇིག་རྟེན་དུ། །བསམ་ཡས་རྒྱ་ཆེན་ཆོས་ཀྱི་སྣང་བ་འགྱེད། །སངས་རྒྱས་ཡུལ་ནི་མི་ཟད་མཐའ་ཡས་ཏེ། །འགྲོ་ བ་འདིར་ནི་མཚུངས་མེད་བསྐལ་པར་འཇུག །རང་བྱུང་དེ་དག་སེམས་ཅན་ཀུན་ལ་མངོན། །རྒྱལ་བ་དེ་ལྟར་སྣང་བའི་གཙུག་གིས་མཐོང་། །རྒྱལ་བའི་ཡེ་ཤེས་རྒྱ་ཆེན་དེ་ལ་ལྟོས། །སེམས་ཀྱི་རྒྱ་མཚོ་ཚད་མེད་སྐད་ཅིག་ལ། །ཆོས་ཀྱི་འཁོར་ལོས་ཐམས་ཅད་ཚིམ་ པར་མཛད། །ཆུ་བོ་དཔལ་གྱི་རྣམ་ཐར་འདི་ཡིན་ནོ། །འཕགས་པའི་བདེ་བ་མེད་པའི་འཇིག་རྟེན་རྣམས། །མཐའ་ཡས་སྡུག་བསྔལ་ཉམ་ངས་རྨོངས་པ་ལ། །རྒྱལ་བ་ཆོས་ཉིད་རྣམ་པར་དག་པ་སྟོན། །དགའ་བདེ་སེམས་དཔས་རྣམ་ཐར་འདི་མཐོང་ངོ་། །རྒྱལ་ བའི་ཐུགས་རྗེ་རྣམ་དག་ངོ་མཚར་ཆེ། །སྲིད་པའི་རྒྱུད་དུ་འགྲོ་ལ་ཕན་ཕྱིར་འཁོད། །དགེ་བ་རྣམ་པར་མི་འཇིག་སྟོན་མཛད་དེ། །ཤིང་གི་མིག་གི་འོད་ཀྱིས་འདི་མཐོང་ངོ་། །རྒྱལ་བའི་ཆོས་ཀྱིས་འོད་རྣམས་རབ་བཀྱེ་བ། །འཇིག་རྟེན་ལས་ཀྱི་ རང་བཞིན་རྣམ་པར་འབྱེད། །དགེ་དང་མི་དགེའི་ལས་རྣམས་འཇིག་པ་མྱེད། །འོད་བཟང་མཐོང་བ་རྣམ་ཐར་འདི་ལ་འཇུག །འཇིག་རྟེན་ཀུན་ཏུ་རང་བྱུང་ས་ལྟ་བུ། །སེམས་ཅན་ཐམས་ཅད་བསོད་ནམས་གཞིས་བཟུང་ཞིང་། །ཆོས་ཀྱི་ཕྱོགས་རྣམས་མྱ་ངན་མེད་པ་ སྟོན། །སྤྱོད་པ་མི་སྒུལ་ཚུལ་ནི་འདི་ཡིན་ནོ། །ཆོས་དབྱིངས་ཐུག་པ་མེད་པར་རྒྱལ་བས་ཁྱབ། །འགྲོ་དང་མཉམ་པར་བསམ་ཡས་སྐུ་བཀྱེ་སྟེ། །ཆོས་ཀྱི་ཚུལ་ནི་སེམས་ཅན་ཀུན་ལ་སྟོན། །དེ་ཡི་ཚུལ་ལ་གཟི་བརྗིད་བདག་པོ་འཇུག །ནམ་མཁའི་དངོས་ལྟར་ དངོས་མེད་འགྲོ་བ་ན། །གཟུགས་བརྙན་མཉམ་པའི་སངས་རྒྱས་རྣམས་སྣང་བ། །འགྲོ་བ་ཀུན་ལ་ཕན་པའི་དོན་ཏུ་བྱུང་། །དགེ་བའི་དཔལ་གྱིས་རྣམ་ཐར་འདི་མཐོང་ངོ་། །སངས་རྒྱས་སྐུ་ཡི་སྤུ་རྩེ་ཀུན་ནས་ཀྱང་། །འགྲོ་བ་ཀུན་ལ་ཆོས་སྤྲིན་མ་ལུས་གསུང་། ། ཐོས་ནས་དགའ་བ་རྒྱ་ཆེན་རབ་ཏུ་བསྐྱེད། རྣམ་ཐར་འདི་ལ་དག་པའི་སེམས་འཇུག་གོ །དེ་ལ་ལྷའི་བུ་ཉི་མའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་དགོས་པ་ཐམས་ཅད་ལ་ཕྱི་མའི་མཐར་ཐུག་པའི་བསྐལ་པ་དྲི་མ་མྱེད་པའི་སྣང་བས་ཕྱོགས་བཅུ་རྒྱས་པར་བྱེད་པའི་རྒྱན་ ཅེས་བྱའོ། །ལྷའི་བུ་གཟི་བརྗིད་ཀྱི་འོད་ཟེར་འབར་བའི་མིག་གི་རྣམ་པར་ཐར་པ་ནི། སེམས་ཅན་ཀུན་ལ་དབང་བསྒྱུར་བ། རྗེས་སུ་བསྙགས་པའི་ཡོངས་སུ་སྦྱངས་པས། ཤིན་ཏུ་འཕགས་པ་ཞེས་བྱའོ། །ལྷའི་བུ་རི་བོའི་རྒྱལ་མཚན་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་དབང་བསྒྱུར་བའི་ཡོན་ཏན་མཐའ་ཡས་པ་ཡོངས་སུ་སྦྱོང་བས་ཤིན་ཏུ་འཕགས་པ་ཞེས་བྱའོ། །ལྷའི་བུ་རིན་ཆེན་དྲི་མེད་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ནི། བརྟུལ་ཞུགས་དང་དཀའ་ཐུབ་ཐམས་ཅད་ལ་བདེ་བར་འཇུག་པ་ཞེས་བྱའོ། །ལྷའི་བུ་ ཕྱིར་མི་ལྡོག་པར་རབ་ཏུ་གནོན་པའི་རྣམ་པར་ཐར་པ་ནི། ཉི་མའི་འོད་ཆགས་པ་མེད་པས་ཀུན་ཏུ་རྒྱས་པར་བྱེད་ཅིང་འགྲོ་བ་ཐམས་ཅད་ཀྱི་མདངས་ཡང་དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་མེ་ཏོག་ཕྲེང་བའི་འོད་ཀྱི་དཔལ་གྱི་རྣམ་པར་ཐར་པ་ནི། ཉི་མའི་འོད་དྲི་མ་མེད་པས་ སེམས་ཅན་གྱི་དགོས་པ་ལ་སྣང་བ་རྒྱ་ཆེན་པོ་དང་དགའ་བའི་ཤུགས་དང་མོས་པ་རྒྱ་མཚོ་ཡང་དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་འོད་ཀྱི་དཔལ་སྣང་བའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འཇིག་རྟེན་ཐམས་ཅད་ཀྱི་འོད་རྣམ་པ་སྣ་ཚོགས་བསོད་ནམས་ཀྱི་ཚོགས། རྣམ་པ་ཐ་དད་པས་ཡང་དག་པར་བསྒྲུབ་པ་ཞེས་བྱའོ། །ལྷའི་བུ་རིན་ཆེན་གཙུག་ཕུད་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། རྒྱ་མཚོའི་དབྱིངས་སུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་འགྲེམས་ཤིང་ཡུལ་དུ་མའི་གཟུགས་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྷའི་ བུ་མིག་ཀུན་ཏུ་སྣང་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་མིག་གི་དབང་པོ་ཡོངས་སུ་སྦྱོང་ཞིང་རྣམ་པར་ལྟ་བའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཞེས་བྱའོ། །ལྷའི་བུ་དཔལ་གྱི་བེའུ་འཛིན་པའི་རྣམ་པར་ཐར་པ་ནི། ཆུའི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་ཞིང་རྣམ་ པར་འཇིག་པ་མེད་པ་འབྱུང་བ་ཞེས་བྱའོ། །ལྷའི་བུ་སྒོ་ཐམས་ཅད་སྐྱོམ་པའི་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། ཉི་མའི་གཞལ་མེད་ཁང་གིས་ཕྱོགས་སུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལ་སྣང་བ་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །དེ་ནས་ལྷའི་ བུ་ཉི་མས་སངས་རྒྱས་ཀྱི་མཐུས་ཉི་མའི་རིས་སུ་གཏོགས་པའི་ལྷའི་བུའི་འཁོར་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདེ་གཤེགས་ཡེ་ཤེས་ཤིན་ཏུ་ཡངས་པའི་འོད། །ཕྱོགས་རྣམས་ ཀུན་ཏུ་ཐམས་ཅད་ཞིང་བཀང་ཞིང་། །འགྲོ་བ་ཐམས་ཅད་སངས་རྒྱས་མངོན་བསྟན་ཏེ། །ཐབས་ཀྱི་སྒོ་ནས་སེམས་ཅན་རྣམ་པར་འདུལ། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་རྣམས་ཡངས་པ། །བསམ་པ་ཐམས་ཅད་ཡོངས་སུ་བཀང་བསྟན་ཞིང་། །འགྲོ་བ་འདིར་ནི་ཤེས་ རབ་མཉམ་མེད་བརྗོད། །གཟི་བརྗིད་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །རྒྱལ་བ་སངས་རྒྱས་ཀུན་ཏུ་རབ་འཕགས་པ། །ཕྱོགས་རྣམས་རྒྱས་པར་ཀུན་ནས་མཛེས་ཤིང་སྣང་། །རྒྱལ་བའི་སྐུ་ནི་མི་མཉམ་དཔག་ཏུ་མེད། །རི་རབ་འོད་མཆོག་ རྣམ་ཐར་འདི་ཡིན་ནོ། །མཐའ་ཡས་སྲིད་པར་བསྐལ་པ་རྒྱ་མཚོར་ཡང་། །རྒྱལ་བས་འགྲོ་དོན་བརྟུལ་ཞུགས་སྤྱད་པས་ན། །དེ་ཕྱིར་སངས་རྒྱས་འོད་ནི་ནམ་མཁའ་བཞིན། །ཟླ་བའི་དཔལ་གྱིས་རྒྱལ་བའི་སྐུ་མཐོང་ངོ་། །རྒྱལ་བའི་གསུང་མཆོག་ཆགས་མེད་ རྣམ་གྲོལ་བས། །ཕྱོགས་དང་ཞིང་རྣམས་ཐམས་ཅད་མ་ལུས་རྒྱན། །འགྲོ་བར་ཆོས་ཀྱི་རོ་རྣམས་བསགས་པའི་རྒྱུ། །འདི་དག་བརྩོན་འགྲུས་བཟང་པོས་རབ་ཏུ་ཤེས། །འོད་ཀྱི་དྲ་བ་བསམ་ཡས་བཏང་བས་ན། །ཕྱོགས་རྣམས་ཀུན་ཏུ་སེམས་ཅན་ རྣམ་པར་སྤྱོད། །མོས་པ་རྒྱ་ཆེན་ཡངས་པ་རབ་ཏུ་བསྐྱེད། །ཕྲེང་བ་སྣང་བའི་དཔལ་གྱི་རྣམ་ཐར་ཏོ། །འགྲོ་བ་དག་ན་ཇི་སྙེད་འོད་ཡོད་པ། །དེ་དག་རྒྱལ་བའི་སྤུ་གཅིག་དཔེར་མི་རུང་། །སངས་རྒྱས་འོད་རྣམས་དེ་ལྟར་བསམ་མི་ཁྱབ། །འདི་ནི་སྣང་བའི་ འོད་ཀྱི་རྣམ་ཐར་ཏོ། །རྒྱལ་བ་ཀུན་གྱི་ཆོས་ཉིད་འདི་འདྲ་སྟེ། །ཐམས་ཅད་ཕྱོགས་སུ་བྱང་ཆུབ་ཤིང་དབང་དྲུང་། །ལམ་ངན་སོང་ལ་ལམ་རྣམས་མངོན་དུ་སྟོན། །གཙུག་ཕུད་སྣ་ཚོགས་རྣམ་པར་སྣང་བས་མཐོང་། །འགྲོ་བ་གཏི་མུག་མུན་པར་ནུབ་གྱུར་པ། ། སྡུག་བསྔལ་ཅན་ལ་རྒྱལ་བ་མིག་སྐྱེས་ཤིང་། །དེ་དག་ཡེ་ཤེས་སྒྲོན་མས་རབ་ཏུ་བསྟན། །རྣམ་ཐར་འདི་ནི་མིག་བཟང་སྣང་བས་མཐོང་། །ཐམས་ཅད་ཚུལ་གྱིས་རྣམ་ཐར་རང་བྱུང་བ། །གང་དུ་གང་ཚེ་མཆོད་པ་གཟིགས་པ་ན། །ཐར་པའི་འབྲས་བུ་རིམ་ གྱིས་རབ་ཏུ་སྟོན། །འདི་ནི་སྣང་བའི་དཔལ་གྱི་ཚུལ་དང་ས། །ཆོས་རྣམས་གཅིག་གི་སྒོ་ནས་མཐའ་ཡས་པའི། །བསྐལ་པ་སྟོང་དུ་མི་མགོན་རབ་ཏུ་སྣང་། །ཆོས་ཀྱི་དོན་ཡངས་ཕྱོགས་རྣམས་ཀུན་ཏུ་སྟོན། །འདི་ནི་ཀུན་ཏུ་དཔལ་གྱི་རྣམ་ཐར་ཏོ། །དེ་ལ་དྲི་ ཟའི་རྒྱལ་པོ་གནས་སྲུང་པོའི་རྣམ་པར་ཐར་པ་ནི། ཀུན་ཏུ་རྩེ་བའི་ཐབས་ཐམས་ཅད་ཀྱིས་སེམས་ཅན་སྡུད་པའི་སྤྱོད་པ་ཞེས་བྱའོ། །དྲི་ཟའི་དབང་པོ་ཤིང་མི་འམ་ཅིའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆགས་པ་ཐམས་ཅད་ཀྱི་ཡོན་ཏན་རྣམ་པར་བརྒྱན་པས་ཀུན་ཏུ་སྣང་བ་ཞེས་བྱའོ། ། དྲི་ཟའི་དབང་པོ་མིག་གཙང་མ་དགའ་བ་རབ་ཏུ་སྐྱེ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་མྱ་ངན་རྣམ་པར་ཟློག་པས་དགའ་བའི་སྙིང་པོ་ཞེས་བྱའོ། །དྲི་ཟའི་དབང་པོ་མེ་ཏོག་དང་ཤིང་ཤིན་ཏུ་རྒྱས་པའི་ཅོད་པན་གྱི་རྣམ་པར་ཐར་པ་ནི། འགྲོ་བའི་ལྟ་བ་དང་ཉོན་མོངས་པ་ཐམས་ ཅད་རྣམ་པར་འཇིལ་བ་ཞེས་བྱའོ། །དྲི་ཟའི་དབང་པོ་དགའ་བས་སྤྱོད་པ་ཀུན་ཏུ་སྒྲོག་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་ལ་ཁ་ན་མ་ཐོ་བ་མེད་པའི་སྤྲིན་གྱི་འོད་ཅེས་བྱའོ། །དྲི་ཟའི་དབང་པོ་རབ་ཏུ་དགའ་བ་རྒྱུན་དུ་གནས་པའི་མིག་བཟང་པོའི་རྣམ་ པར་ཐར་པ་ནི། དགའ་བ་ཐམས་ཅད་རབ་ཏུ་གནས་པ་ཡངས་པ་ལ་མོས་པའི་སྙིང་པོ་ཞེས་བྱའོ། །དྲི་ཟའི་དབང་པོ་ཡིད་དུ་འོང་བའི་དབྱངས་སེང་གེའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། རིན་པོ་ཆེ་དགྲམ་པས་ཕྱོགས་ཐམས་ཅད་ཁྱབ་པ་ཞེས་བྱའོ། །དྲི་ཟའི་དབང་པོ་ འོད་ཟེར་ཀུན་ཏུ་འགྱེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། དགེ་བའི་ལུས་ཐམས་ཅད་ཡང་དག་པར་བསྟན་པས་དགའ་བ་ཤིན་ཏུ་རྒྱས་པའི་འོད་ཅེས་བྱའོ། །དྲི་ཟའི་དབང་པོ་རྡོ་རྗེ་ཤིང་གི་ཡལ་གའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཤིང་ཐམས་ཅད་ཀྱི་མདངས་འབྱུང་བས་ རབ་ཏུ་དགའ་བའི་མིག་ཀུན་ཏུ་སྣང་བ་ཞེས་བྱའོ། །དྲི་ཟའི་དབང་པོ་རྒྱན་ཐམས་ཅད་ལ་དགའ་བའི་རང་བཞིན་གྱི་ཚུལ་སྟོན་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྣམ་པར་དཔྱོད་ཅིང་སེམས་ཅན་གྱི་སྒོ་རབ་ཏུ་བརྗོད་པ་ཞེས་བྱའོ། །དེ་ནས་དྲི་ཟའི་ དབང་པོ་གནས་སྲུང་པོས་སངས་རྒྱས་ཀྱི་མཐུས་དྲི་ཟའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་སྒོ་ཅན་ཡང་། །འགྲོ་བ་ཀུན་གྱིས་འཇུག་པར་ནུས་པ་མིན། །བདེ་གཤེགས་ ནམ་མཁའི་རང་བཞིན་དྲི་མ་མེད། །རྒྱལ་བ་འགྲོ་བ་ཀུན་ཏུ་ལམ་ཡང་སྟོན། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཚད་མེད་དེ། །བ་སྤུ་ཁུང་བུ་ཀུན་ནའང་ཤིན་ཏུ་ཡང་། །འགྲོ་བ་ཀུན་ལ་ཕན་དང་བདེ་དོན་མཛད། །ཡིད་འོང་ཤིང་གི་འོད་ནི་ འདི་སྟོན་ཏོ། །འགྲོ་བའི་དོན་ནི་རྒྱ་མཚོ་ཡངས་མང་དང་། །སྡུག་བསྔལ་མ་ལུས་རྒྱལ་བས་ཟློག་པ་མཛད། །ཐབས་དང་ཐུགས་རྗེ་རྣམ་པ་སྣ་ཚོགས་མངའ། །དགེ་བའི་མིག་ནི་རྣམ་ཐར་འདི་སྟོན་ཏོ། །ཕྱོགས་རྣམས་རྒྱ་མཚོ་མཐའ་ཡས་ཞིང་གི་རྣམས། ། ཀུན་ཏུ་རྒྱལ་བའི་འོད་རབ་སྣང་བར་འཆར། །སེམས་ཅན་ལྟ་བའི་དྲི་མ་རྣམ་པར་སྦྱོང་། །མེ་ཏོག་ཤིང་གི་གཙུག་ཕུད་ཅོད་པན་ཚུལ། །སྔོན་ཅད་རྒྱལ་བ་རྒྱ་མཚོ་རབ་མང་བར། །བྱམས་པའི་ཚུལ་ཡང་ཡོངས་སུ་བསྒོམས་པས་ན། །རྒྱལ་བ་འགྲོ་བ་ཀུན་གྱི་དབུགས་ཀྱང་འབྱིན། ། ཀུན་ཏུ་སྒྲ་དབྱངས་འདི་ཡི་ཚུལ་ལ་འཇུག །རྒྱལ་བ་མཐོང་བས་དགའ་བ་ཀུན་དགེ་དང་། །འགྲོ་བ་འདིར་ནི་མི་ཟད་བདེ་བ་འབྱུང་། །ཐར་པའི་འབྲས་བུ་རྒྱུ་རྣམས་རིམ་གྱིས་སྟོན། །མུ་ཏིག་ཅོད་པན་རྣམ་ཐར་འདི་སྟོན་ཏོ། །སྒྲིབ་དང་རབ་རིབ་གཏི་མུག་སྟུག་པོར་ནི། ། སེམས་ཅན་འཁོར་ཚེ་རྟག་ཏུ་ཤིན་ཏུ་རྨོངས། །དེ་ལ་རྒྱལ་བ་ཆོས་ཉིད་ཡངས་པ་སྟོན། །སེང་གེའི་རྒྱལ་མཚན་འདི་ལ་རབ་ཏུ་འཇུག །འགྲོ་བ་ཀུན་དང་མཉམ་པ་མཐའ་ཡས་ཀྱང་། །བདེ་གཤེགས་གཟུགས་རྣམས་རབ་ཏུ་ཡངས་པ་སྟོན། །འགྲོ་བར་ཐབས་རྣམས་ སྣ་ཚོགས་སྒོ་ནས་སྣང་། །དེ་ལྟར་དབྱངས་སྙན་བདེ་བར་གཤེགས་པ་མཐོང་། །ཐམས་ཅད་མཁྱེན་པའི་ཚུལ་གྱིས་ཕྱོགས་མཐའ་ཡས། །སེམས་ཅན་དག་ལ་རྒྱས་པར་རྒྱལ་བས་བསྟན། །བྱང་ཆུབ་སྤྱོད་མཆོག་འཇུག་པའི་ཚུལ་ཡིན་ཏེ། །རྡོ་རྗེ་ཤིང་གི་ རྒྱལ་མཚན་རྣམ་པར་སེམས། །སྐད་ཅིག་གཅིག་གིས་བསྐལ་པ་བརྒྱ་མང་བ། །སངས་རྒྱས་སྟོན་ཀྱང་འཕོ་བ་ཡོད་མེད་དེ། །སེམས་ཅན་རྣམས་ཀྱི་བདེ་བ་ཐམས་ཅད་སྐྱེད། །དགའ་བ་མཐོང་བའི་རྣམ་ཐར་ཚུལ་འདི་ཡིན། །དེ་ལ་གྲུལ་བུམ་གྱི་དབང་པོའཕགས་ སྐྱེས་པོའི་རྣམ་པར་ཐར་པ་ནི། མདུད་པར་འཛིན་པ་བྱུང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འོད་ཅེས་བྱའོ། །གྲུལ་བུམ་གྱི་དབང་པོ་ཀླུ་བདག་གི་རྣམ་པར་ཐར་པ་ནི། སྒོ་མཐའ་ཡས་པར་སྤྱོད་པ་རྒྱ་མཚོ་ལ་སྤྱོད་པ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ལེགས་པར་སྤྱད་པའི་རྒྱལ་ མཚན་གྱི་རྣམ་པར་ཐར་པ་ནི། རྒྱུད་ཐམས་ཅད་དུ་འཇིག་རྟེན་གྱི་བསམ་པ་རྒྱ་མཚོ་སྙེད་ཀྱི་སྒོ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ཕན་པར་སྤྱོད་པར་འཕར་བའི་རྣམ་པར་ཐར་པ་ནི། སྣང་བ་དྲི་མ་མེད་པའི་བྱ་བ་ལ་ཀུན་ནས་སྤྱོད་པར་གནས་པ་ཞེས་བྱའོ། །གྲུལ་བུམ་གྱི་དབང་ པོ་འཇིགས་པ་ལས་བསྒྲལ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་གདོན་པའི་ལམ་འཇིགས་པ་མེད་པའི་རྒྱན་ཅེས་བྱའོ། །གྲུམ་བུམ་གྱི་དབང་པོ་རྩལ་སྣ་ཚོགས་བཟང་པོའི་རྣམ་པར་ཐར་པ་ནི། འགྲོ་བ་མཐའ་ཡས་པའི་སྲེད་པ་རྒྱ་མཚོས་ཡོངས་སུ་གདུང་བ་ཞི་བར་བྱེད་པ་ ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་རི་རབ་ལེགས་པར་བྱུང་བའི་རྣམ་པར་ཐར་པ་ནི། འགྲོ་བ་རྒྱུད་ཐམས་ཅད་དུ་སྣང་བའི་སྤྲིན་ཡང་དག་པར་འབྱུང་བ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་སྡེ་དཔའི་རྣམ་པར་ཐར་པ་ནི། ཀུན་ནས་སྣང་བས་སྒྲིབ་པའི་རི་ཡང་དག་པར་འཇོམ་པ་ ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་དགེ་བའི་མིག་གི་འོད་ཟེར་མཐའ་ཡས་པའི་རྣམ་པར་ཐར་པ་ནི། སྙིང་རྗེ་ཆེན་པོ་ཕྱིར་མི་ལྡོག་པའི་སྙིང་པོ་འབྱུང་བ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ལྷ་དང་ལྷ་མ་ཡིན་སྒོ་མཐའ་ཡས་པའི་མིག་གི་རྣམ་པར་ཐར་པ་ནི། རྒྱུད་ཀུན་ཏུ་ལུས་ ཡང་དག་པར་སྟོན་པར་འགྲོ་བའི་ཡུལ་ཞེས་བྱའོ། །དེ་ནས་གྲུལ་བུམ་གྱི་དབང་པོ་འཕགས་སྐྱེས་པོས་སངས་རྒྱས་ཀྱི་མཐུས། གྲུལ་བུམ་གྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་ མགོན་པོ་བཟོད་པའི་སྟོབས་དང་ལྡན། །འགྲོ་ལ་ཕན་དོན་བསྐལ་པ་བསམ་ཡས་སྤྱོད། །ང་རྒྱལ་དྲེགས་མྱོས་སྤངས་པས་འཇིག་རྟེན་ཁམས། །ཀུན་ན་རྒྱལ་བའི་སྐུ་གསལ་རབ་ཏུ་མཛེས། །སྔོན་ཅད་རྒྱལ་བས་སྤྱོད་པ་རྒྱ་མཚོ་དག །སྤྱད་དེ་ཐབས་མང་ཚོགས་པས་ ཕན་བསྐྱེད་ནས། །ཕྱོགས་བཅུར་མཐའ་ཡས་སེམས་ཅན་སྨིན་པར་མཛད། །རྣམ་པར་ཐར་པ་འདི་ནི་ཀླུ་བདག་གིའོ། །སངས་རྒྱས་ཡེ་ཤེས་ཡངས་པ་འགྲོ་བའི་མགོན། །དེ་ནི་སེམས་ཅན་བསམ་པ་ཀུན་ཀྱང་གསལ། །སྣ་ཚོགས་འཕྲུལ་ སྒོས་སེམས་ཅན་རྣམ་པར་འདུལ། །རྒྱལ་བ་མཐོང་བས་སྣ་ཚོགས་རྒྱལ་མཚན་དགའ། །སངས་རྒྱས་རྫུ་འཕྲུལ་ཡུལ་དག་གཟུགས་བརྙན་འདྲ། །འཇིག་རྟེན་ཀུན་ན་ཕྱི་མཐའི་བསྐལ་པར་གནས། །ཆོས་ཀྱི་འཁོར་ལོ་མཁའ་འདྲ་ཡང་དག་དངོས། ། དེ་ནི་ཕན་སྤྱོད་རྒྱུ་བས་མཐོང་བ་ཡིན། །མི་བཟད་རབ་རིབ་བསྒྲིབས་པའི་འཇིག་རྟེན་དུ། །རྒྱལ་བའི་འོད་བསྟན་རྣམ་ཐར་ལམ་དགེ་སྟོན། །མགོན་དང་སྐྱབས་གྱུར་སྡུག་བསྔལ་ཐམས་ཅད་སྤོང་། །འཇིགས་ལས་སྒྲོལ་བས་རྣམ་ཐར་འདི་མཐོང་ངོ་། །སྲེད་ པ་རྒྱ་མཚོས་གདུངས་འགྲོ་སྡུག་བསྔལ་བ། །རྒྱལ་བའི་ཡེ་ཤེས་འོད་ཀྱིས་མ་ལུས་ཞི། །སྦྱངས་ཤིང་རྒྱལ་བ་སངས་རྒྱས་ཆོས་ཉིད་སྟོན། །སྣ་ཚོགས་ཁྱིམ་ནི་རྣམ་ཐར་འདི་ལ་འཇུག །འགྲོ་བ་འབྱམ་ཀླས་ཀུན་ན་སངས་རྒྱས་སྐུ། །ཐབས་སྒོ་ཚོགས་ པས་སེམས་ཅན་འདུལ་བ་སྣང་། །ཆོས་སྤྲིན་ཆར་འབེབས་གསུང་གི་འབྲུག་སྒྲ་སྒྲོག །རྣམ་ཐར་འདི་ནི་རི་རབ་བློ་གྲོས་ཀྱིའོ། །སངས་རྒྱས་འོད་ནི་དྲི་མེད་འགྲོ་ཀུན་ཏུ། །དོན་ཡོད་འགྲོ་བའི་སྒྲིབ་ཀུན་ཀུན་ནས་སོལ། །སངས་རྒྱས་ཡོན་ཏན་སྣང་མཛད་སྒྲ་ ཡང་འབྱིན། །རྣམ་ཐར་མཐའ་ཡས་ཚུལ་འདི་དཔའ་སྡེས་མཐོང་། །བསྐལ་པ་སྔ་ཚེ་ཐུགས་རྗེའི་སྒོ་མང་བ། །འགྲོ་ཀུན་ཕན་བདེའི་དོན་ཏུ་རྒྱལ་བས་བསྒོམས། །འབྱམ་ཀླས་སྣ་ཚོགས་ཐབས་ཀྱིས་སྡུག་བསྔལ་བསལ། །དེ་ནི་མཐའ་ཡས་དགེ་བའི་ཟེར་གྱིས་མཐོང་། ། རྒྱལ་བའི་སྐུ་ནི་མཐའ་ཡས་ཀུན་ཏུ་རྒྱུ། །འཇིག་རྟེན་ཀུན་ཏུའང་བྱོན་དང་བཞུད་མི་མངའ། །ཀུན་ནས་རང་བྱུང་རྣམ་པར་འཕྲུལ་པ་སྣང་། །དེ་ནི་ལྷ་དབང་མཐའ་ཡས་སྒོ་ཡིས་མཐོང་། །དེ་ལ་ཀླུའི་དབང་པོ་མིག་མི་བཟང་གི་རྣམ་པར་ཐར་པ་ནི། ཀླུའི་འགྲོ་བའི་རྒྱུད་ཐམས་ ཅད་ཀྱི་འབར་བ་ཞི་བར་བྱས་པས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་རྣམ་པར་ཐར་པ་ནི། སེམས་སྐད་ཅིག་གིས་བསམ་གྱིས་མི་ཁྱབ་པའི་སེམས་ཅན་དང་ཀླུ་རབ་ཏུ་ཞི་བར་བྱ་བའི་ལུས་དང་། ཁ་དོག་རབ་ཏུ་སྟོན་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་ སྤྲིན་སྒྲ་སྣ་ཚོགས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སྲིད་པའི་རྒྱུད་ཐམས་ཅད་དུ་མིང་གི་འཁོར་ལོ་རྒྱ་མཚོ་མཐའ་ཡས་པ་དགེ་བའི་ང་རོར་སྒྲོག་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་འོད་འཕྲོ་བའི་སྒོ་རྒྱ་མཚོས་རབ་ཏུ་སྣང་བའི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་ཁམས་རབ་ཏུ་ བཀོད་ཅིང་རྣམ་པར་དབྱེ་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ལ་དམིགས་པ་ཡང་དག་པར་སྟོན་པའི་སྦྱོར་བ་ཞེས་བྱའོ། །ཀླུའི་རྒྱལ་པོ་ཀུན་ནས་རིའི་སྤྲིན་གྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལ་བསོད་ནམས་རྒྱ་མཚོ་ཡང་དག་པར་བསྟན་པའི་དགའ་ བའི་ཤུགས་ཤིན་ཏུ་ཡངས་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་འཇོག་པོའི་རྣམ་པར་ཐར་པ་ནི། འཇིགས་པའི་སྒྲ་སྐད་ཐམས་ཅད་ཡོངས་སུ་སྐེམ་པའི་སྐྱབས་དྲི་མ་མེད་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་མཐའ་ཡས་པར་འགྲོ་བའི་རྣམ་པར་ཐར་པ་ནི། གཟུགས་ཀྱི་སྤྲིན་རྒྱ་ཆེན་ པོ་ཤིན་ཏུ་སྟོན་ཅིང་བསྐལ་པར་བྱིན་གྱི་རློབ་པའི་བརྩོན་འགྲུས་ཤེས་བྱའོ། །ཀླུའི་རྒྱལ་པོ་མཛོད་སྤུའི་གཟི་བརྗིད་དྲི་མ་མེད་པའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་དགའ་བའི་ཤུགས་ཡངས་པ་དང་ཡང་དག་པར་མོས་པ་རྒྱ་མཚོ་ཤིན་ཏུ་འབྱུང་བ་ཞེས་བྱའོ། ། ཀླུའི་རྒྱལ་པོ་ཀུན་ཏུ་སྤྱོད་པ་རྒྱ་ཆེན་པོའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སྒྲ་ཐམས་ཅད་འབྱུང་བ་ལ་ཡང་དག་པར་གཞོལ་ཞིང་ཡིད་དུ་འོང་བས་ཐོགས་པ་མེད་པར་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་མ་དྲོས་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྡུག་ བསྔལ་རྒྱ་མཚོ་ལ་སྙིང་རྗེའི་སྒོ་ཀུན་ནས་སྤྲིན་གྱིས་འགེངས་ཤིང་རབ་ཏུ་ཞི་བ་དང་། ཡོངས་སུ་དག་པར་བྱེད་པ་ཞེས་བྱའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་སངས་རྒྱས་ཀྱི་མཐུས། ཀླུའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་ སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་ཀུན་གྱི་ཆོས་ཉིད་དེ་དག་ལྟོས། །དྲང་སྲོང་ཆེན་པོ་འགྲོ་བ་ཀུན་གྱི་སྐྱབས། །མི་བཟད་ཀླུ་ཡི་རྒྱུད་དུ་ལྷུང་བ་རྣམས། །བྱམས་པའི་སྟོབས་ཀྱིས་རིམ་གྱིས་འདོན་པ་མཛད། །འགྲོ་བ་ཀུན་སྙེད་གཟུགས་ ཀྱི་སྒོ་རྣམས་ཀྱང་། །རྒྱལ་བས་སྤུ་གཅིག་རྩེ་ལ་མངོན་པར་བསྟན། །ཐམས་ཅད་རྡུལ་ལ་འཕྲུལ་གྱིས་མངོན་པར་འཕྲུལ། །རྒྱལ་བའི་རྣམ་ཐར་རྒྱ་མཚོའི་ཀླུ་ཡིས་མཐོང་། །རྒྱལ་བ་དེ་ཡི་རྫུ་འཕྲུལ་མཐའ་ཡས་ཏེ། །སངས་རྒྱས་མཚན་ཀྱང་འགྲོ་སྙེད་རྒྱ་མཚོའོ། ། དེ་དག་སེམས་ཅན་བསམ་པ་ཇི་བཞིན་ཉན། །སྤྲིན་སྒྲའི་རྒྱལ་མཚན་དེ་འདྲའི་རྣམ་ཐར་ལྡན། །ཁྲོ་བ་རྒྱ་མཚོར་འགྲོ་བ་འདི་དག་ཀུན། །བསྒྲིབས་ཤིང་གཡོགས་པའང་ཁྲོ་བའི་རྒྱ་མཚོར་ཏེ། །དེ་ལ་རང་བྱུང་བྱམས་དང་ཐུགས་རྗེས་འཛིན། །འདི་ནི་འོད་འཕྲོ་སྒོ་ ཡི་ཀླུ་ཡིས་མཐོང་། །འགྲོ་བ་ཀུན་གྱི་བསོད་ནམས་མཐུ་ཡི་རྣམས། །སངས་རྒྱས་སྤུ་གཅིག་རྩེ་ལ་མངོན་པར་སྟོན། །བསོད་ནམས་འཇུག་པ་རྒྱ་མཚོ་ཀུན་ཀྱང་བསྟན། །འདི་ནི་རི་བོ་སྤྲིན་གྱི་ཀླུ་ཡིས་མཐོང་། །འཇིགས་པ་ཆེས་མནར་སེམས་ཅན་སྡུག་བསྔལ་བ། ། རྒྱལ་བའི་འོད་ཆེན་ཤིན་ཏུ་ཡངས་པས་བསྐྱབས། །སྤུ་ཡི་སྒོ་ནས་ཡིད་འོང་སྒྲ་ཡང་འབྱུང་། །རྣམ་ཐར་འདི་ནི་འཇོག་པོ་ཀླུ་ཡིས་མཐོང་། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ནི་སངས་རྒྱས་ཉིད་ཀྱི་སྐུ་ལ་བསྟན། །དེ་བཞིན་བསྐལ་པ་བརྒྱུད་ པའི་ཞིང་མང་ཡང་། །མཐའ་ཡས་གོམས་པའི་ཀླུ་ཡིས་དེ་མཐོང་ངོ་། །རྒྱལ་བས་སྤུ་གཅིག་རྫུ་འཕྲུལ་མཐའ་ཡས་བཀང་། །ཞིང་མང་མཐའ་ཡས་ཀུན་ཀྱང་དེར་ཞུགས་ཏེ། །དེ་ན་བཞུགས་པར་རྒྱལ་བ་འཁོར་གྱིས་མཐོང་། །རྣམ་ཐར་དེ་ནི་འོད་འབར་ཀླུ་ཡིའོ། ། ཇི་སྙེད་རྒྱལ་བ་རྒྱ་མཚོ་མཆོད་བྱས་པའི། །སྔོན་གྱི་རྒྱལ་བའི་ཆོས་ཉིད་རབ་མཐོང་ཞིང་། །དེ་ལ་དགའ་བ་རྒྱ་མཚོ་རྣམ་པར་བསྐྱེད། །ཤུགས་ལམ་ཀླུ་ནི་འདི་ལ་རབ་ཏུ་འཇུག །རང་བྱུང་གསུང་གི་ཡན་ལག་ཐམས་ཅད་ཀྱི། །འགྲོ་བ་ཐམས་ཅད་ཆོས་ ཀྱིས་ངོམས་པར་མཛད། །རྒྱལ་བའི་གསུང་ནི་ཞི་ཞིང་དགའ་འགྱུར་བ། །དེ་ནི་ཀུན་ཏུ་སྤྱོད་པའི་ཀླུས་ཐོས་སོ། །སྲིད་པ་ཀུན་ཏུ་སྡུག་བསྔལ་གཟིར་མཐོང་ནས། །ཉོན་མོངས་ལས་ཀྱིས་འཁོར་ཞིང་མགོན་མེད་པ། །སངས་རྒྱས་ཐུགས་རྗེ་ཆེན་པོས་རབ་ཏུ་འགྲོལ། ། རྣམ་ཐར་འདི་ནི་མ་དྲོས་ཀླུས་མཐོང་ངོ་། །དེ་ལ་རྒྱལ་པོ་ཆེན་པོ་ངལ་བསོས་པོའི་རྣམ་པར་ཐར་པ་ནི། དགའ་བའི་སྒོ་རྣམ་པར་བལྟ་བའི་ཡུལ་གྱི་རྒྱུད་ཀྱིས་ཕན་པར་སྦྱོར་བ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་དབྱངས་ཆེན་དབང་ཕྱུག་གི་རྣམ་པར་ཐར་པ་ནི། སྒོ་ཐམས་ཅད་ ལ་དབང་བྱེད་པས་རྣམ་པར་ལྟ་ཞིང་། སེམས་ཅན་ལ་ཕན་པར་སྦྱོར་བས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་ས་ལ་ཤིན་ཏུ་གཏུམ་པའི་མཚོན་ཆའི་རྣམ་པར་ཐར་པ་ནི། གཏུམ་པ་དང་དྲག་ཤུལ་གྱི་རྒྱུན་ལས་བསྲུང་བ་ཀུན་ནས་མང་པོ་འབྱུང་བ་ཞེས་བྱའོ། ། གནོད་སྦྱིན་གྱི་དབང་པོ་བློ་གྲོས་ཆེན་པོའི་རྣམ་པར་ཐར་པ་ནི། འཕགས་པའི་ཡོན་ཏན་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་མཐོང་བ་ལ་རྣམ་པར་བལྟ་བས་དགའ་བ་དང་མོས་པར་སྤྱོད་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་མིག་འོད་འཕྲོ་བའི་བདག་པོའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་དང་། སྙིང་རྗེ་རྣམ་པར་ལྟ་བ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་མིག་རྡོ་རྗེ་ལྟར་བརྟན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་སྣ་ཚོགས་སུ་སྦྱོར་བ་དང་། བསྲུང་བ་མངོན་པར་བསྒྲུབ་པ་ཞེས་ བྱའོ། །གནོད་སྦྱིན་གྱི་དབང་པོ་སྡེ་མཆོག་ཏུ་དཔའ་བའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་དོན་གྱི་དབྱིངས་ལ་ཡང་དག་པར་འཇུག་པའི་མཐུ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་སྡེའི་རྒྱན་ཆེན་པོས་རབ་ཏུ་གནོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལམ་ ལ་དགོད་པར་གཏི་མུག་མེད་པས་བསྲུང་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་དགེ་བའི་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་དཀྱིལ་འཁོར་རྣམ་པར་སྤེལ་བས་ཀུན་ཏུ་དགའ་བ་མྱོང་བ་ཞེས་བྱའོ། །གནོད་སྦྱིན་གྱི་ དབང་པོ་རི་བོའི་སྟོབས་རབ་ཏུ་འཇོམས་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་སྟོབས་ཡང་དག་པར་འབྱུང་བ་རྗེས་སུ་ཡེ་ཤེས་ཀྱི་འོད་ཅེས་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་ངལ་བསོས་པོས་སངས་རྒྱས་ཀྱི་མཐུས། གནོད་སྦྱིན་གྱི་འཁོར་གྱི་དཀྱིལ་འཁོར་ ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལྷ་དབང་སེམས་ཅན་མ་རུང་གང་དག་གིས། །བསྐལ་པ་བརྒྱ་མང་སངས་རྒྱས་མི་མཐོང་ཞིང་། །སྲིད་པ་དག་ན་འཁོར་ཞིང་སྡུག་བསྔལ་བ། །དེ་དག་ཡོངས་སུ་དགྲོལ་བར་ སངས་རྒྱས་བྱུང་། །སངས་རྒྱས་སེམས་ཅན་ཕན་དང་བསྐྱབ་པའི་ཕྱིར། །འགྲོ་བ་ཀུན་ལ་མངོན་པར་ཀུན་ན་བཞུགས། །ཉམ་ང་འགྲོ་བའི་འཁོར་ལོ་དག་ནས་འདོན། །འདི་ལ་དབྱངས་ཀྱི་དབང་ཕྱུག་གནོད་སྦྱིན་འཇུག །མི་བཟད་ལས་ཀྱིས་བསྒྲིབས་པའི་སེམས་ ཅན་ལ། །རྒྱལ་བས་ཞི་བའི་ཚུལ་རྣམས་ཤིན་ཏུ་བསྟན། །འགྲོ་བ་རྣམས་ལ་ཆོས་ཀྱི་སྒྲོན་མ་འཛིན། །རྣམ་ཐར་འདི་ནི་གཏུམ་པའི་མཚོན་ཆས་མཐོང་། །རང་འབྱུང་བསྐལ་པ་རྒྱ་མཚོར་སྤྱོད་པའི་ཚེ། །རྒྱལ་བའི་ཡོན་ཏན་ཕྱོགས་བཅུ་ཀུན་ཏུ་གྲགས། ། དེ་བས་རྒྱལ་བའི་གྲགས་པ་ཀུན་ཏུ་གྲགས། །འདི་ནི་བློ་ཆེན་གནོད་སྦྱིན་བདག་པོས་མཐོང་། །རྒྱལ་བའི་ཤེས་རབ་མཁའ་འདྲ་མཐའ་ཡས་ཏེ། །སངས་རྒྱས་ཆོས་སྐུ་བསམ་གྱིས་མི་ཁྱབ་པོ། །དེ་བས་ཐམས་ཅད་ཕྱོགས་སུ་རྣམ་པར་མཛེས། ། འོད་འཕྲོ་མིག་གི་བདག་པོའི་རྣམ་ཐར་ཏོ། །མི་ཡི་དབང་པོ་འགྲོ་བ་ཐམས་ཅད་དུ། །ཡིད་འོང་དབྱངས་སྒྲོག་སྡུག་བསྔལ་ཞི་བར་མཛད། །ཕན་དོན་སྐྱབས་མཛད་ཆོས་རྣམས་ཤིན་ཏུ་བསྟན། །ཚུལ་འདིར་རྡོ་རྗེའི་མིག་ལེགས་རབ་ཏུ་འཇུག །དོན་དབྱིངས་ རྒྱ་ཆེན་ཇི་སྙེད་དེ་དག་ཀུན། །རྒྱ་མཚོའི་མདོ་ཚུལ་འགྲོ་བའི་གྲངས་སྙེད་རྣམས། །མི་ཡི་དབང་པོ་དབྱིངས་གཅིག་སྒོ་ནས་བསྟན། །འདི་ནི་བློ་གྲོས་དཔའ་བོའི་རྣམ་ཐར་ཏོ། །འགྲོ་བ་ལམ་ངན་གནས་པ་ཐམས་ཅད་ལ། །སངས་རྒྱས་བསམ་གྱིས་མི་ཁྱབ་ལམ་ སྟོན་ཏེ། །སྣོད་དུ་གྱུར་པའི་འགྲོ་བ་ཀུན་ན་བཞུགས། །འདི་ལ་སློབ་པ་སྡེ་ཡི་རྒྱན་ཡིན་ནོ། །འགྲོ་བའི་བསོད་ནམས་རྒྱུ་བ་ཇི་སྙེད་པ། །རྒྱལ་བའི་འོད་ལ་ཐམས་ཅད་རབ་ཏུ་སྣང་། །སངས་རྒྱས་ཡེ་ཤེས་རྒྱ་མཚོ་བསམ་མི་ཁྱབ། །རྣམ་ཐར་འདི་ནི་གནོད་སྦྱིན་ནོར་བདག་ མཐོང་། །རྒྱལ་བའི་སྟོབས་རྣམས་གང་དུ་ཡོངས་དག་སྟེ། །བདེ་གཤེགས་སྟོབས་རྣམས་ཡོངས་སུ་རྫོགས་པ་ཡི། །སྔོན་གྱི་བསྐལ་པ་བསམ་གྱིས་མི་ཁྱབ་དྲན། །འདི་ནི་རི་བོ་སྟོབས་འཇོམས་རྣམ་ཐར་ཏོ། །དེ་ལ་མི་འམ་ཅིའི་དབང་པོ་ལྷའི་བློ་གྲོས་འོད་ཀྱི་རྣམ་ པར་ཐར་པ་ནི། བྱ་བ་ཐམས་ཅད་ལ་ཡང་དག་པར་རྫོགས་པར་འཇུག་པ་དགའ་བ་འབྱུང་བ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་མེ་ཏོག་དཔལ་གྱི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། དགའ་བ་ཐམས་ཅད་ཀྱི་བདེ་བ་མྱོང་བ་ལས་བླ་ན་མེད་པའི་ཆོས་ཀྱི་དགའ་བ་འབྱུང་བ་ཞེས་ བྱའོ། །མི་འམ་ཅིའི་དབང་པོ་རྒྱན་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། ཡོན་ཏན་ཐམས་ཅད་ཀྱིས་ཡང་དག་པར་ངོམས་པས་མོས་པ་རྒྱ་ཆེན་པོ་སྦྱོང་བའི་སྙིང་པོ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་ང་རོ་ཡིད་དུ་འོང་བའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སྒྲ་སྙན་ཅིང་ ཡིད་དུ་འོང་བ་ལ་ཐོགས་པ་མེད་པས་ཀུན་ཏུ་སྒྲུབ་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་ཤིང་རིན་པོ་ཆེའི་ཡལ་གའི་འོད་ཀྱི་རྣམ་པར་ཐར་པ་ནི། སྙིང་རྗེའི་རྒྱུད་ལ་འགྲོ་བ་དགོང་ཅིང་སེམས་ཅན་ཐམས་ཅད་ཡང་དག་པར་བསྐུལ་བ་ལ་དམིགས་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་ མཐོང་ན་དགའ་ཞིང་སྤྲོ་བར་བྱེད་པའི་རྣམ་པར་ཐར་པ་ནི། གཟུགས་ཀྱི་ལུས་དགེ་བ་ཐམས་ཅད་མངོན་པར་བསྒྲུབ་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་རྒྱན་གྱི་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། ཁྱུ་མཆོག་གི་མཐུ་ཕྱུང་བའི་རྒྱན་ཐམས་ཅད་ཀྱིས་མདངས་རབ་ཏུ་སྐྱེད་ པའི་རང་བཞིན་གྱིས་དགའ་བའི་འོད་ཅེས་བྱའོ། །མི་འམ་ཅིའི་དབང་པོ་མེ་ཏོག་ཚོན་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རིགས་ལ་རྣམ་པར་ལྟ་ཞིང་ཡང་དག་པར་སྒྲུབ་པའི་འོད་ཅེས་བྱའོ། །མི་འམ་ཅིའི་དབང་པོ་ས་གཞིའི་དཔལ་གྱི་ རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་རྩལ་གྱིས་མངོན་པར་སྒྲུབ་པ་ལ་རབ་ཏུ་བརྩོན་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་དྲག་ཤུལ་གྱི་བདག་པོའི་རྣམ་པར་ཐར་པ་ནི། མི་འམ་ཅིའི་འཁོར་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་ཞིང་འདྲེན་པའི་འོད་ ཅེས་བྱའོ། །དེ་ནས་མི་འམ་ཅིའི་དབང་པོ་ལྷའི་བློ་གྲོས་འོད་ཀྱིས་སངས་རྒྱས་ཀྱི་མཐུས། མི་འམ་ཅིའི་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་སྙེད་འགྲོ་བ་དག་ན་བདེ་འབྱུང་བ། །དེ་དག་ཐམས་ཅད་རྒྱལ་བ་མཐོང་ བས་འབྱུང་། །མགོན་པོ་དེ་ནི་སྐྱབས་དང་མགོན་ཡིན་ཏེ། །སེམས་ཅན་ཐམས་ཅད་གནས་ཡིན་ཕན་མཛད་པའོ། །སེམས་ཅན་ཀུན་གྱི་མི་ཟད་བདེ་བའི་རྣམས། །ཇི་སྙེད་འབྱུང་བ་རབ་ཏུ་ཡོད་པ་ཀུན། །དེ་དག་ཀུན་ལ་འདྲེན་པ་དོན་ཡོད་དོ། །དེ་ནི་དཔལ་ གྱི་དཀྱིལ་འཁོར་མི་ཅིས་མཐོང་། །སངས་རྒྱས་ཡོན་ཏན་རྒྱ་མཚོ་མི་ཟད་པ། །དེ་ཡི་མཐའ་ནི་འགྲོ་བས་མི་རྙེད་དེ། །ཕྱོགས་རྣམས་ཀུན་ཏུ་རྣམ་པར་མཛེས་ཤིང་འབར། །སྣ་ཚོགས་རྒྱན་གྱི་རྣམ་ཐར་འདི་འདྲའོ། །སེམས་ཅན་ཀུན་གྱི་ཡིད་དུ་ འོང་བ་ཡི། །སྒྲ་དབྱངས་སངས་རྒྱས་ཡང་དག་རྣམ་སྒྲོག་ཅིང་། །མྱ་ངན་མེད་པའི་ཆོས་ཉིད་སྟོན་པ་ནི། །སྒྲ་སྙན་ཡིད་དུ་འོང་བ་མི་ཅིས་ཐོས། །སྔོན་ཅད་དེ་བཞིན་གཤེགས་པས་སྤྱད་པ་ཡི། །རྒྱལ་བའི་རྣམ་པར་འཕྲུལ་པ་བདག་གིས་མཐོང་། །རྒྱ་ཆེན་ ཐུགས་རྗེས་རྣམ་པར་ཤིན་ཏུ་སྦྱངས། །ཤིང་གི་འོད་ཀྱི་མི་འམ་ཅི་ཡིས་མཐོང་། །དེ་བཞིན་གཤེགས་པ་མཐོང་ཞིང་ཐོས་པ་ནི། །འགྲོ་བ་རྣམས་ལ་བསྐལ་པ་བྱེ་བར་དཀོན། །སངས་རྒྱས་མཚན་གྱིས་ཀུན་ནས་ཤིན་ཏུ་བརྒྱན། །དགའ་བདེ་མོས་པར་བྱེད་ པས་འདི་མཐོང་དོན། །བདེ་བར་གཤེགས་པའི་ཡེ་ཤེས་འབྱུང་བ་ནི། །སེམས་ཅན་ཀུན་ཀྱི་བསམ་པ་གཞལ་མཛད་དེ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡང་སྟོན། །འདི་ནི་རྒྱན་དབང་མི་འམ་ཅི་ཡིས་མཐོང་། །འབྱམ་ཀླས་ལས་ནི་བསམ་གྱིས་ མི་ཁྱབ་སྟེ། །དེ་ཕྱིར་སེམས་ཅན་བདེ་དང་སྡུག་བསྔལ་ཀུན། །བདེ་བར་གཤེགས་པས་ཐམས་ཅད་རབ་ཏུ་བསྟན། །མེ་ཏོག་རྒྱལ་མཚན་འདི་ནི་མི་ཅིས་མཐོང་། །སངས་རྒྱས་གཤེགས་ཐབས་རྣམ་པར་འཕྲུལ་པ་ཡང་། །སེམས་ཅན་ཀུན་གྱིས་ཤེས་པར་མི་ ནུས་ཏེ། །ས་རྣམས་ཐམས་ཅད་གཅིག་ཏུ་འདུས་པར་འགྱུར། །དེ་ལྟར་ས་ཡི་འོད་ཀྱི་མི་ཅིས་མཐོང་། །འཁོར་དུ་རྒྱལ་བ་རྣམ་པར་འཕྲུལ་མཛད་ཅིང་། །རྒྱལ་བའི་སྤྱོད་ཡུལ་ཐམས་ཅད་སྟོན་མཛད་དེ། །འོད་ཟེར་འཁོར་གྱིས་བསྐུལ་བའང་དེ་བཞིན་མཛད། ། འདི་ནི་དྲག་ཤུལ་བདག་པོའི་སྤྱོད་ཡུལ་ལོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་མོ། །དེ་ལ་ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་པོའི་གཟི་བརྗིད་ཀྱི་རྣམ་པར་ཐར་པ་ནི། རྫུ་འཕྲུལ་གྱི་ དབྱིངས་ཐམས་ཅད་རབ་ཏུ་གནོན་པའི་ཡོན་ཏན་གྱི་རྒྱན་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་གཟི་བརྗིད་ཀྱི་དབྱངས་ལ་རྡུལ་མེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམ་པར་བྱང་བས་ཚིམ་པར་བྱེད་ཅིང་། ཡོངས་སུ་སྦྱོང་བ་འབྱུང་ བའི་རྒྱན་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་སྣ་ཚོགས་མཆོག་གི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དཔྱོད་པ་དགེ་བ་ལ་ཀུན་ནས་ཡང་དག་པར་གཞོལ་བས་མོས་པར་བྱེད་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་མིག་ བཟང་པོའི་བདག་པོའི་རྣམ་པར་ཐར་པ་ནི། ཆགས་པའི་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད་དུ་རྣམ་པར་སྒོམ་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོའི་སྒྲོན་མའི་སྐྱབས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ནི། སེམས་ཅན་ ཐམས་ཅད་ཀྱི་མུན་པ་རྣམ་པར་ལྡོག་ཅིང་ལམ་གྱི་ཕྱོགས་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་སྣང་བ་ཤུགས་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་དང་། འཕགས་པའི་ཡོན་ཏན་ ལ་འཇུག་པས་དགའ་བ་འབྱུང་བ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་སེང་གེའི་ཕྲུ་གུའི་རྣམ་པར་ཐར་པ་ནི། སྟོབས་དང་བརྩོན་པ་ཁ་ན་མ་ཐོ་བ་མེད་པས་སེམས་ཅན་སྐྱོབ་པའི་བདག་པོ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་རྒྱན་སྣ་ཚོགས་ ཀྱི་དབྱངས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བདེ་བ་དང་དགའ་བ་མཐའ་ཡས་པ་རྗེས་སུ་དྲན་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་རི་རབ་ཀྱི་བུའི་རྣམ་པར་ཐར་པ་ནི། སྒྲིབ་པ་ཐམས་ཅད་རབ་ཏུ་རྟོགས་པ་མི་སྐུལ་བས་ཕ་རོལ་ཏུ་འགྲོ་ཞིང་དགའ་བ་ ཀུན་ནས་འབྱུང་བ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་འོད་ཡིད་དུ་འོང་བ་འབྱུང་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་རྒྱུད་མཉམ་པ་དང་མི་མཉམ་པ་ལ་མཉམ་པ་ཉིད་ཀྱི་ལམ་གྱི་ཕྱོགས་སྟོན་པ་ཞེས་བྱའོ། །དེ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་ པོའི་གཟི་བརྗིད་ཀྱིས་སངས་རྒྱས་ཀྱི་མཐུས། ལྟོ་འཕྱེ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཆོས་ཉིད་རྒྱ་ཆེན་ཡངས་ལ་ལྟོས། །སེམས་ཅན་ཀུན་གྱི་མདངས་དང་ བདེ་བ་འབྱུང་། །ནད་མེད་འཆི་མེད་ལམ་ཡང་ཤིན་ཏུ་སྟོན། །སྡུག་བསྔལ་ཐམས་ཅད་རབ་ཞི་གནས་ཀྱང་མེད། །རྒྱལ་བའི་རྫུ་འཕྲུལ་ཆོས་ཉིད་དེ་ཡང་ལྟོས། །ཕྱོགས་རྣམས་ཀུན་ཏུ་མངོན་པར་རབ་ཏུ་འཕགས། །འཇིག་རྟེན་ཀུན་ཏུ་ཐུབ་པ་མངོན་པར་ མཛེས། །ལྟོ་འཕྱེ་ཆེན་པོ་འོད་མཛེས་འདི་ལ་འཇུག །ཉོན་མོངས་ལས་ཀྱི་སྒྲིབ་པས་སྟུག་བསྒྲིབས་ཤིང་། །སྲིད་པའི་རྒྱ་མཚོ་གཏིང་རིང་ནུབ་པ་ཡི། །སེམས་ཅན་རྣམས་ལ་ཞི་བའི་སྤྱོད་ཡུལ་སྟོན། །གཟི་བརྗིད་རྡུལ་མེད་དབྱངས་ཀྱིས་འདི་མཐོང་ངོ་། ། སངས་རྒྱས་ཡེ་ཤེས་མཉམ་མེད་བསམ་མི་ཁྱབ། །འགྲོ་བའི་བསམ་པ་མ་ལུས་ཐུགས་སུ་ཆུད། །དེ་དག་ཀུན་ལ་རྣམ་དག་ཆོས་ཉིད་སྟོན། །ལྟོ་འཕྱེ་ཆེན་པོའི་སྣ་ཚོགས་གཙུག་ཕུད་འཇུག །བསམ་གྱིས་མི་ཁྱབ་བསོད་ནམས་རྒྱ་མཚོའི་དབྱིངས(,།།) མཐའ་ཡས་ཡང་དག་འབྱུང་བ་རྒྱལ་བས་གཟིགས། །དེ་བཞིན་གཤེགས་པ་འཇིག་རྟེན་བསོད་ནམས་ཞིང་། །མིག་བཟང་བདག་པོ་ལྟོ་འཕྱེ་ཆེན་པོས་མཐོང་། །སེམས་ཅན་ཀུན་གྱི་སྡུག་བསྔལ་འཇིགས་པ་རྣམས། །ཇི་སྙེད་དེ་དག་རྒྱལ་བས་ཀུན་ ནས་སྐྱབས། །རྒྱལ་བ་ཆོས་དབྱིངས་ནམ་མཁའ་ལྟ་བུ་སྟེ། །དེ་ནི་སྒྲོན་མ་སྐྱབས་ཀྱི་སྤྱོད་ཡུལ་ལོ། །སངས་རྒྱས་བ་སྤུ་རེ་རེའི་ཡོན་ཏན་ཡང་། །འཇིག་རྟེན་ཀུན་གྱིས་ཤེས་པར་མི་ནུས་ཏེ། །མགོན་པོ་རྣམས་ནི་མི་ཟད་ནམ་མཁའ་བཞིན། །འདི་ ནི་ཤུགས་ཀྱི་རྒྱལ་མཚན་རྣམ་པར་མཐོང་། །ཐམས་ཅད་ཆོས་དང་སྟོབས་ཀྱི་མཐར་ཕྱིན་པས། །སངས་རྒྱས་རི་བོ་ལྟ་བུར་བསྐྱོད་མི་ནུས། །དེ་ཡི་ཆོས་ཉིད་རྒྱལ་བ་རབ་ཏུ་མཛེས། །སེང་གེའི་ཕྲུག་པ་དཔལ་ནི་འདི་ལ་འཇུག །རྒྱལ་བ་རྣམས་ཀྱིས་ རྣམ་ཐར་ལ་དགའ་བ། །བསྐལ་པ་སྔ་ཚེ་རྒྱ་ཆེ་སྤེལ་བས་ན། །དེ་ཕྱིར་འགྲོ་བ་ཀུན་བལྟས་ཡིད་དུ་འོང་། །སྣ་ཚོགས་སྒྲ་དབྱངས་རྣམ་ཐར་འདི་ལ་འཇུག །རྒྱལ་བའི་ཕ་རོལ་ཕྱིན་པ་རྒྱ་མཚོ་རྣམས། །ཡོངས་བསྐང་ཆོས་དབྱིངས་སྐུ་དང་སྤྱོད་ཡུལ་མེད། ། འཇིག་རྟེན་ཐམས་ཅད་སྐྱབས་གྱུར་སྒྲོན་མ་སྟེ། །རི་རབ་བུ་ནི་ཚུལ་བཟང་འདི་ལ་འཇུག །དེ་ལ་ནམ་མཁའ་ལྡིང་གི་དབང་པོ་མཐུ་སྟོབས་ཆེན་པོའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། ཐོགས་པ་མེད་པའི་མིག་ལ་སྒྲིབ་པ་མེད་པས་སེམས་ཅན་གྱི་ཁམས་རྣམ་པར་ལྟ་བ་ཞེས་ བྱའོ། །ནམ་མཁའ་ལྡིང་གི་དབང་པོ་མི་ཤིགས་པའི་སེམས་རིན་ཆེན་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བས། ཆོས་ཀྱི་དབྱིངས་ལ་རབ་ཏུ་གནས་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཤུགས་དྲི་མ་མེད་ པའི་དཔལ་གྱི་རྣམ་པར་ཐར་པ་ནི། སྒོ་ཀུན་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འབྱུང་བ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཕྱིར་མི་ལྡོག་པའི་སེམས་ཀྱི་རྒྱན་གྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་ཤུགས་ཀྱི་མཐུས་འཇུག་པའི་འོད་ཅེས་བྱའོ། ། ནམ་མཁའ་ལྡིང་གི་དབང་པོ་ཆོས་བརྟན་པ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་རབ་ཏུ་ཕྱེ་བ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཅོད་པན་སྣ་ཚོགས་ཀྱི་དཔལ་གྱི་གཙུག་ཕུད་ཀྱི་ རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་གྲོང་ཁྱེར་རབ་ཏུ་བརྒྱན་པ་ཡང་དག་པར་སྟོན་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་གཞི་ཀུན་ཏུ་ཁྱབ་པར་སྟོན་པའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། སྟོབས་ཀུན་ནས་ཡང་དག་པར་བསྒྲུབ་པས་ཐུབ་པ་མེད་པའི་རྒྱན་ཅེས་བྱའོ། ། ནམ་མཁའ་ལྡིང་གི་དབང་པོ་དགེ་བ་རྒྱ་མཚོ་ཀུན་ནས་ལྟ་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་རིས་ཐམས་ཅད་རྣམ་པར་བསྒོམ་པའི་ཚུལ་མངོན་པར་བསྒྲུབ་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཀླུའི་སྒྲ་ཡངས་པ་ཀུན་ཏུ་ལྟ་བའི་དཀྱིལ་འཁོར་གྱི་རྣམ་པར་ཐར་ པ་ནི། སེམས་ཅན་མཐའ་ཡས་སྐྱེ་བ་དང་། འཆི་འཕོ་བ་ཤེས་པའི་ཡེ་ཤེས་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་ནམ་མཁའ་ལྡིང་གི་དབང་པོ་མཐུ་སྟོབས་ཆེན་པོའི་ཤུགས་ཀྱིས་སངས་རྒྱས་ཀྱི་མཐུས་འདབ་མ་བཟང་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་ པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྱོགས་བཅུའི་ཞིང་རྣམས་མ་ལུས་དབྱིངས་བཀང་ཞིང་། །འཇིག་རྟེན་མགོན་པོ་རྒྱ་ཆེན་སྤྱན་གྱིས་གཟིགས། །སེམས་ཅན་འདུལ་བ་དེ་ལ་ཚད་ཀྱང་མེད། །རང་བྱུང་རྣམ་ཐར་རྒྱ་ཆེན་ ཤིན་ཏུ་ཡངས། །འཇིག་རྟེན་མགོན་གྱི་འཕྲུལ་སྟོབས་ཆགས་པ་མེད། །ཕྱོགས་བཅུའི་སྙིང་པོ་བྱང་ཆུབ་ཀུན་ན་བཞུགས། །རྒྱལ་བའི་མདོ་སྡེ་སྤྲིན་རྣམས་ཐམས་ཅད་ཀྱང་། །རིན་ཆེན་སྣ་ཚོགས་གཙུག་ཕུད་མཁའ་ལྡིང་ཉན། །སྔོན་གྱི་བདེ་བར་ གཤེགས་པའི་སྤྱོད་པ་རྣམས། །ཕ་རོལ་ཕྱིན་པ་རྒྱ་ཆེན་བྱང་བ་མཐོང་། །སངས་རྒྱས་ཀུན་ལ་མཆོད་པ་ཡང་དག་བྱེད། །འདབ་མ་བཟང་པོ་ཤུགས་བཟང་དེ་བརྗོད་དོ། །སྐད་ཅིག་སེམས་ལ་བྱང་ཆུབ་སྤྱོད་མཐའ་ཡས། །ཐམས་ཅད་རྒྱལ་བའི་སྤུ་རྩེ་ཀུན་ན་སྣང་། ། རྒྱལ་བའི་སྤྱོད་ཡུལ་ཚད་མེད་ཅི་འདྲ་བ། །དེ་ནི་རྒྱན་བཟང་ནམ་མཁའ་ལྡིང་གིས་མཐོང་། །རྒྱལ་བའི་སྤྱོད་ཡུལ་ཡངས་པ་བསམ་མི་ཁྱབ། །འགྲོ་བ་ཀུན་གྱིས་བསམ་པར་སླ་བ་མིན། །ཡེ་ཤེས་ཡོན་ཏན་རྒྱ་མཚོ་འཇིག་རྟེན་མགོན། །རྣམ་ཐར་འདི་ནི་མཁའ་ལྡིང་འགྲོ་ འཛིན་གྱི། །དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་ཡས་འོད། །འགྲོ་བ་གཏི་མུག་དྲ་བ་མ་ལུས་སེལ། །རྒྱལ་བ་འཇིག་རྟེན་ཐམས་ཅད་ཀུན་གྱི་མགོན། །དེ་འདྲ་ཆོས་བསྟན་འཛིན་པ་འདབ་བཟང་སྟོན། །ཆོས་ཀྱི་གྲོང་ཁྱེར་མི་ཟད་ཐམས་ཅད་ནས། ། སངས་རྒྱས་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་སྟོན། །མཐའ་ཡས་ཆོས་ཀྱི་སྒོ་མོ་དུ་མ་ནས། །འདབ་བཟང་སྣ་ཚོགས་གཙུག་ཕུད་འདི་ལ་འཇུག །ཐམས་ཅད་སྟོབས་ལ་རང་བྱུང་རབ་ཏུ་ཞུགས། །རྒྱལ་བ་ཀུན་དང་སྐུ་གཅིག་ཆོས་ཀྱི་སྐུ། །དེ་བཞིན་ཉིད་དངོས་རྣམ་པར་ རྟོག་མི་མངའ། །ཀུན་ཏུ་རྒྱུ་བའི་འདབ་བཟང་འདི་བརྗོད་དོ། །རྒྱལ་བའི་འོད་ཟེར་འཇིག་རྟེན་ཀུན་བཀྱེ་བ། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་ཁམས་ཀྱང་འདུལ། །སྲིད་པ་སྔ་ཚེ་བསྡུས་པ་རྣམ་པར་སྤྱོད། །རྣམ་ཐར་འདི་ནི་མིག་བཟང་དམ་པའོ། །དྲི་མེད་རྒྱ་ མཚོའི་ལས་ལ་གནས་པ་ཡིས། །ཞིང་གི་དབྱིངས་རྣམས་མ་ལུས་སངས་རྒྱས་གཟིགས། །དེ་དག་ཀུན་ཏུ་རྒྱལ་བ་ཆོས་ཆར་འབེབས། །རྒྱ་མཚོ་རྒྱུ་བའི་མཁའ་ལྡིང་འདི་ལྟར་ལྟ། །དེ་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་རྣམ་པར་ཐར་པ་ནི། དབང་པོ་ ཆེན་པོས་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱི་རྣམ་པར་ཐར་པ་ནི། སྒོ་ཀུན་ནས་བྱིན་གྱིས་རློབས་པ་རྣམ་པར་གཞོག་པ་རབ་ཏུ་འབྱུང་བ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་བདེ་བའི་མཆོག་གི་རྣམ་པར་ ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་རྡུལ་མེད་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་མཚོན་ཆ་ཆེན་པོའི་རྣམ་པར་ཐར་པ་ནི། བརྟུལ་ཞུགས་དང་དཀའ་ཐུབ་ཐམས་ཅད་ལ་གནས་པའི་རྒྱན་ཅེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་ གྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུ་རབ་ཏུ་བསྐུལ་བའི་ཡུལ་མཐའ་ཡས་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པའི་སྦྱོར་བ་རྣམ་པ་སྣ་ཚོགས་ཤེས་བྱའོ། ། ལྷ་མ་ཡིན་གྱི་དབང་པོ་རྡོ་རྗེ་སྲ་བ་སྣ་ཚོགས་ཀྱི་ཡན་ལག་གི་རྣམ་པར་ཐར་པ་ནི། དགེ་བའི་རྩ་བ་ཆགས་པ་ཐམས་ཅད་ཀྱིས་མི་ཤིགས་པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་སྟོབས་རྒྱ་ཆེན་པོའི་རྒྱུའི་བློ་ གྲོས་ཀྱི་རྣམ་པར་ཐར་པ་ནི། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའི་སྟོབས་ལ་གཏི་མུག་མེད་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་དཔལ་གྱི་བེའུ་འབྱུང་བའི་རྣམ་པར་ཐར་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་སྦྱོང་ཞིང་སངས་རྒྱས་མཉེས་པར་བྱེད་པ་ཞེས་ བྱའོ། །ལྷ་མ་ཡིན་གྱི་དབང་པོ་བརྟུལ་ཞུགས་བཟང་པོའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་འཁོར་ལོ་ཡང་དག་པར་འཇུག་ཅིང་གཏི་མུག་མེད་པ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་སངས་ རྒྱས་ཀྱི་མཐུས། ལྷ་མ་ཡིན་གྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྱོགས་རྣམས་རྒྱ་ཆེ་དེ་དག་ཐམས་ཅད་དུ། །རྒྱལ་བའི་ཟིལ་གྱིས་འབྱམ་ཀླས་འཁོར་ཀྱང་གནོན། །ནམ་མཁའི་ མཚན་ཉིད་ཀུན་ཏུ་འོད་འཕྲོ་སྟེ། །ཐམས་ཅད་སྒོ་ནས་འགྲོ་བར་མངོན་པར་མཛེས། །སྐད་ཅིག་སེམས་ཀྱིས་བསྐལ་པ་བརྒྱ་མང་གི །སངས་རྒྱས་ཡུལ་རྣམས་མ་ལུས་ཐམས་ཅད་སྟོན། །འདུལ་བ་ཀུན་ལ་འོད་རྣམས་རབ་ཏུ་འགྱེད། །རྣམ་ཐར་དེ་ནི་ ཐགས་ཟངས་རིས་ཀྱིས་མཐོང་། །སངས་རྒྱས་སྤྱོད་ཡུལ་གཞལ་མེད་བདག་གིས་མཐོང་། །སྣ་ཚོགས་སྒོ་ནས་སེམས་ཅན་དོན་ཀྱང་མཛད། །སྡུག་བསྔལ་ཐམས་ཅད་བདེ་གཤེགས་ཞིར་མཛད་དེ། །རྣམ་ཐར་འདི་ལ་བདེ་བའི་མཆོག་འཇུག་གོ །འགྲོ་ བའི་དོན་དུ་བརྟུལ་ཞུགས་དཀའ་ཐུབ་རྣམས། །དགེ་བ་རྒྱལ་བས་བསྐལ་པ་བརྒྱར་སྤྱད་དེ། །དེ་ཕྱིར་རྒྱལ་བའི་ཡེ་ཤེས་ཀུན་ཏུ་སྒོ། །དྲ་བ་བཟང་པོ་སངས་རྒྱས་འདི་ལྟར་བརྗོད། །ཞིང་དབྱིངས་ཐམས་ཅད་རྒྱལ་བ་གཡོ་བར་མཛད། །འཇིགས་པ་མི་སྟོན་སྐྲག་ པ་ཡོད་པ་མིན། །བདེ་གཤེགས་རྫུ་འཕྲུལ་ཆགས་མེད་གཞལ་དུ་མེད། །ལྷ་མིན་དབང་པོ་སྟོབས་ཅན་དེ་ལྟར་སྟོན། །སངས་རྒྱས་སྐྱེ་བ་བདེ་བར་འབྱུང་བ་རྣམས། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཞི་བར་མཛད། །ཐམས་ཅད་མཁྱེན་གྱི་ཡེ་ཤེས་ ཕྱོགས་ཀྱང་སྟོན། །རྣམ་པར་སྣང་བ་འདི་ནི་རབ་ཏུ་བརྗོད། །འགྲོ་བའི་བསོད་ནམས་རྒྱ་ཆེན་དགེ་བ་དག། །རྒྱལ་བའི་མཐུ་ཡིས་དེ་དག་བྱུང་བ་སྟེ། །ཐར་པའི་ཕྱོགས་ཀྱི་ལམ་ཡང་རྒྱལ་བ་སྟོན། །ཆོས་དཔལ་ འདི་མཐོང་འདི་ལ་རབ་ཏུ་འཇུག །བདེ་གཤེགས་ཐུགས་རྗེ་སྐུ་ནི་མཉམ་པ་མེད། །ཆགས་མེད་སྤྱོད་པ་ཐམས་ཅད་ཀུན་ཏུ་སྣང་། །འགྲོ་བ་ཐམས་ཅད་མིག་ཡོར་མཚན་ཉིད་དེ། །རྒྱུ་ཡི་བློ་གྲོས་སངས་རྒྱས་ཡོན་ཏན་བརྗོད། །སངས་རྒྱས་ཡུལ་ནི་ངོ་ མཚར་མཉམ་པ་མྱེད། །སངས་རྒྱས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ཀྱི་ཀློང་། །བྱང་ཆུབ་ཤིང་དྲུང་ཀུན་ན་རབ་ཏུ་བཞུགས། །དཔལ་གྱི་བེའུ་ལྷ་མིན་བདག་པོས་མཐོང་། །འགྲོ་བ་ཀུན་གྱི་འཁོར་ལོ་དབྱིངས་དག་ཏུ། །སྔན་ཅད་བདེ་གཤེགས་སྤྱོད་པ་ སྤྱོད་པའི་ཚེ། །འགྲོ་བའི་སྡུག་བསྔལ་མ་ལུས་རབ་ཏུ་བཀྲོལ། །དེ་ལྟར་ལྷ་མིན་སྒྲ་དབྱངས་རབ་ཏུ་བརྗོད། །དེ་ལ་ཉིན་མོའི་ལྷ་ཁྱིམ་དང་གཞལ་མེད་ཁང་གི་གཟུགས་ཤིན་ཏུ་སྟོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡང་དག་པར་ འཇུག་པ་ཞེས་བྱའོ། །ཉིན་མོའི་ལྷ་བརྩམ་པའི་བློ་གྲོས་མཚམས་སྦྱོར་བའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི་སེམས་ཅན་གྱི་དོན་ཐམས་ཅད་ཡོངས་སུ་རྒྱས་པར་བྱས་པས་ཤིན་ཏུ་ཚིམ་པར་བྱ་བ་ལ་རྣམ་པར་དཔྱོད་པ་ཞེས་བྱའོ། །ཉིན་མོའི་ལྷ་ཀུན་ནས་དགའ་བའི་དཔལ་ གྱི་རྒྱན་གྱི་རྣམ་པར་ཐར་པ་ནི། དགའ་བ་དང་མགུ་བ་མཐའ་ཡས་པའི་ཆོས་ཀྱི་སྣང་བ་ཞེས་བྱའོ། །ཉིན་མོའི་ལྷ་མེ་ཏོག་དང་སྤོས་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། སེམས་ཅན་མཐའ་ཡས་པའི་མོས་པ་ཡང་དག་པར་རྒྱས་པ་ལ་རྣམ་ པར་ལྟ་བ་ཞེས་བྱའོ། །ཉིན་མོའི་ལྷ་ཀུན་ནས་ཡིད་དུ་འོང་བའི་སྨན་སྟོན་པ་སྒྲུབ་པའི་དཔལ་གྱི་རྣམ་པར་ཐར་པ་ནི། ཀུན་ཏུ་འོད་ཀྱི་སྟོབས་ཡང་དག་པར་བསྒྲུབ་པ་རྣམ་པར་སྟོན་པའི་རྒྱན་ཅེས་བྱའོ། །ཉིན་མོའི་ལྷ་ལྷག་པའི་མིག་བཟང་པོས་ཚིམ་པར་བྱེད་པའི་རྣམ་པར་ ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བདེ་བ་དང་། སྡུག་བསྔལ་ཆོས་ཀྱི་དགའ་བས་སྣང་བར་བྱེད་པ་ཞེས་བྱའོ། །ཉིན་མོའི་ལྷ་ཚུལ་རྒྱ་ཆེན་པོའི་ཕྱོགས་ཀུན་ནས་བྱུང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཕྱོགས་ཐ་མི་དད་པའི་སྙིང་པོ་ཞེས་བྱའོ། ། ཉིན་མོའི་ལྷ་སྙིང་རྗེ་རྒྱ་ཆེན་པོའི་གཟི་བརྗིད་ཀྱི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་བདེ་བ་ཡང་དག་པར་སྟོན་ཅིང་སྐྱོབ་པའི་སྟོབས་ལ་ཤིན་ཏུ་བརྩོན་པ་ཞེས་བྱའོ། །ཉིན་མོའི་ལྷ་སྣང་བ་རྒྱ་ཆེན་པོའི་དགེ་བའི་རྩ་བ་དང་མི་འབྲལ་བའི་འོད་ཀྱི་རྣམ་ པར་ཐར་པ་ནི། མཉམ་པ་ཉིད་ཀྱིས་དགའ་བའི་ཡོན་ཏན་ཀུན་ནས་རབ་ཏུ་འབྱུང་བ་ཞེས་བྱའོ། །ཉིན་མོའི་ལྷ་མེ་ཏོག་གི་ཕྲེང་བ་ཀུན་ནས་འཕྱང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། འགྲོ་བས་མཐོང་ན་དོན་ཡོད་པའི་གྲགས་པའི་དཀྱིལ་འཁོར་ཅེས་བྱའོ། །དེ་ནས་ ཉིན་མོའི་ལྷ་ཁྱིམ་དང་གཞལ་མེད་ཁང་གི་གཟུགས་ཤིན་ཏུ་སྟོན་པས་སངས་རྒྱས་ཀྱི་མཐུས་ཉིན་མོའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་ཀུན་གྱི་སྤྱོད་པ་རྒྱལ་བས་མཁྱེན། །རྒྱལ་ བ་དུས་གསུམ་མཉམ་པ་ཉིད་ལ་བཞུགས། །རྒྱལ་བའི་ཡེ་ཤེས་མི་ཟད་ནམ་མཁའ་བཞིན། །རྒྱལ་བའི་འོད་ཀྱིས་ཕྱོགས་རྒྱས་ཤིན་ཏུ་སྣང་། །འགྲོ་བ་ཀུན་གྱི་བསམ་པ་ཐུགས་སུ་ཆུད། །དོན་གྱི་ཚིག་རྣམས་གཞན་དང་གཞན་དག་ཀྱང་། །རྣམ་ཕྱེ་རྒྱ་ ཆེན་ཚིག་གིས་རྒྱལ་བ་གསུང་། །ཕུན་སུམ་ཚོགས་པའི་བློ་གྲོས་ལྷ་ཡིས་མཐོང་། །རྒྱལ་བའི་འོད་ཀྱིས་སེམས་ཅན་ཀུན་དགའ་སྟེ། །རྒྱལ་བ་མཐོང་ཐོས་དོན་ཏུ་འགྱུར་བ་ཡིན། །གོ་འཕང་དམ་པ་རྒྱ་ཆེན་ཞི་བ་སྟོན། །དཔལ་གྱི་འོད་ནི་དེ་ཡིས་རབ་ཏུ་དགའ། ། སངས་རྒྱས་མཐོང་བ་འགྲོ་བ་རྒྱ་ཆེན་གྱི། །དགའ་བ་ཚད་མེད་དགེ་ཆོས་ཀུན་ཀྱང་འབྱུང་། །ཆོས་སྤྲིན་གཞལ་མེད་རྒྱལ་བ་ཆར་འབེབས་ཏེ། །དེ་ལ་མེ་ཏོག་རྒྱན་པའི་ལྷ་དགའ་བོ། །ཆོས་ཀྱི་དཀྱིལ་འཁོར་སྟོབས་ལ་འཇུག་པ་རྣམས། །སེམས་ཅན་བསྡུ་བའི་སྒོ་ལ་ རྣམ་དཔྱོད་ཅིང་། །རབ་ཡངས་སྤྱད་པ་སྤྱོད་ཚེ་རྒྱལ་བས་སྦྱངས། །འདི་ནི་ཡིད་འོང་འབྱུང་བའི་ལྷས་མཐོང་ངོ་། །རྒྱལ་བ་མཐོང་ཞིང་ཐོས་པ་དོན་མེད་མིན། །དགའ་དང་བདེ་བ་སྤྲོ་བ་ཡངས་པ་སྐྱེད། །འབྱམ་ཀླས་ཐབས་རྣམས་ཀུན་གྱིས་སེམས་ཅན་འདུལ། ། དེས་ནི་མིག་བཟང་དེའི་དགའ་སྐྱེད་བྱེད། །ཆོས་དབྱིངས་འབྱམ་ཀླས་ཕྱོགས་སུ་རབ་ཏུ་འཇུག །འགྲོ་བར་སྟོབས་བཅུས་མ་ལུས་བསྟན་མཛད་དེ། །བདེ་གཤེགས་དངོས་ཡོད་མ་ཡིན་དངོས་མེད་མིན། །འཕགས་པའི་དཔལ་གྱི་ཉིན་མོའི་ལྷ་ཡིས་མཐོང་། ། སེམས་ཅན་མི་བདེ་ཐིབས་པོར་ནུབ་པ་རྣམས། །གཟིགས་ནས་རྒྱལ་བ་འཇིག་རྟེན་མཆོད་པ་མཛད། །སྡུག་བསྔལ་རྒྱུ་རྣམས་ཐམས་ཅད་རྒྱལ་བས་བསྩལ། །འདི་ལ་སྙིང་རྗེ་གཟི་བརྗིད་ལྷ་འཇུག་གོ། །འགྲོ་བ་འདི་དག་ཉོན་མོངས་ལས་བསྒྲིབས་པར། །དགའ་ བ་འབྱུང་བའི་བདེ་བ་རྒྱལ་བ་གསུང་། །ཆོས་ཀྱི་དགའ་བ་རབ་ཀྱིས་སྡུག་བསྔལ་འཇིག །བསོད་ནམས་ཤུགས་ནི་རྣམ་ཐར་འདི་ལ་འཇུག །མཁའ་འདྲ་རྒྱལ་བའི་བསོད་ནམས་དཀྱིལ་འཁོར་རྣམས། །འཇིག་རྟེན་དགེ་བས་གཙོ་བ