Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ
Văn bản gốc(Tây Tạng)
Trang 9 / 23 (50.000 ký tự/trang)
པོ་ཆེས་ བསྒྲུབས་པ་རྣམ་པ་སྣ་ཚོགས་ཤེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རིན་པོ་ཆེ་ཐམས་ཅད་ཀྱི་ཕྱོགས་ཁྱབ་པར་བྱེད་པ་རྣམ་པར་དམིགས་པ་ཞེས་བྱ་བ་རབ་ཏུ་གནས་ཏེ། དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཁ་དོག་གི་སྤྲིན་གྱི་གནས་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ལ་ འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རིན་པོ་ཆེའི་རི་བོའི་སྤོ་ལ་དཀྱིལ་འཁོར་རྣམ་པར་བྲེས་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་གཞི་དང་སྒོ་པདྨོ་རྣམ་པར་བཀྲམ་པ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་སྣང་བའི་ཆོས་ཀྱི་དབྱིངས་ བདེ་བའི་རྒྱན་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་མར་མེའི་ཚུལ་བཟང་པོའི་འོད་རབ་ཏུ་འཕྲོ་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སྤྲུལ་པས་ཕྱོགས་རྣམ་པར་ལྟ་ཞིང་ཀུན་ཏུ་ཁྱབ་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་ འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཐམས་ཅད་དུ་སྣང་བས་ལེགས་པར་རྣམ་པར་གྲགས་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་ པོ་ཆེའི་ཕུང་པོས་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སྐར་མདའི་འོད་ཟེར་རབ་ཏུ་སྣང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་རྣམ་པར་དག་པའི་འོད་རབ་ཏུ་འགྱེད་ པའི་ཤུགས་ཤེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རླུང་ཆགས་པ་མེད་པའི་རི་རབ་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་གོས་དང་སྟེགས་བུའི་རྒྱུད་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་བཞིན་ གཤེགས་པའི་སྐུ་ཤིན་ཏུ་སྣང་བ་སྟོན་པ་ཞེས་བྱ་བ་རབ་ཏུ་གནས་ཏེ། དེ་དག་ལ་སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱི་རོལ་ཁོར་ཡུག་གི་མཚམས་ན་སྤོས་ཆུའི་རྒྱ་མཚོ་ཤིང་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ལས་འཇིག་ རྟེན་གྱི་ཁམས་ཀྱི་རྒྱུད་མྱིག་འཕྲུལ་ལྟ་བུར་ཤིན་ཏུ་གནས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རབ་ཏུ་གནོན་པའི་སྒྲ་ཡི་ལྷུན་ཅན་མངོན་པར་བྱུང་སྟེ། དེ་ཐམས་ཅད་ཀྱི་འོག་ན། འཇིག་རྟེན་གྱི་ཁམས་གསེར་གྱི་ཁ་དོག་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་ སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤོས་ཀྱི་འོད་ཟེར་དཔལ་གྱི་གཟི་བརྗིད་ཅེས་བྱ་བ་བཞུགས་སོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དབུས་ན། འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ ཁམས་རིན་པོ་ཆེའི་ཤིང་གི་ཟེ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཞལ་ཀུན་ཏུ་སྟོན་ཅིང་སྒྲིབ་པ་མེད་པར་རྣམ་པར་དག་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་བཻ་ཌཱུརྱ་ ཡི་རྒྱན་སྣ་ཚོགས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་ཟིལ་གྱིས་མི་ནོན་པའི་བློ་གྲོས་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དང་པོ་ལ་འཇིག་རྟེན་གྱི་ཁམས་ཚངས་པའི་དབྱངས་ཀྱི་ལེགས་པར་སྤེལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་པད་མོའི་འོད་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །སྤོས་ཆུའི་རྒྱ་མཚོ་འཁོར་ལོ་བརྟན་པར་བསྒྲུབ་པ་ཞེས་བྱ་བ་དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་གཞི་སྤྲུལ་པའི་པད་མོས་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་ རྟེན་གྱི་ཁམས་ཀྱི་རྒྱུད་ཞིང་ལ་ཡོངས་སུ་འདུ་བ་རབ་ཏུ་སྟོན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་གཟི་བརྗིད་འབར་བའི་འོད་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ལ་རྨོངས་པ་མེད་པ་ ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་སྤོས་དང་ནོར་བུའི་ཉི་མ་སྣ་ཚོགས་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཡོངས་སུ་གཞོལ་བར་རྣམ་པར་དམིགས་པ་ལ་འཇུག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་ སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་གཟི་བརྗིད་འབར་བའི་འོད་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སྤྱོད་པ་ཀུན་ནས་རྒྱལ་བའི་གསུང་སྒྲོག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་དབྱངས་ཟབ་མོ་མུ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ལ་ འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཐ་དད་པ་མཐའ་དང་དབུས་མེད་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་སྙིང་པོ་དང་ལྡན་ཞིང་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཐ་མི་དད་པ་མཐའ་དང་དབུས་མེད་པ་ཞེས་བྱ་བ་ རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཚངས་པའི་དབྱངས་ཡོངས་སུ་དག་པའི་སྒྲ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱན་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཙན་དན་གྱི་དབྱངས་ཤིན་ཏུ་ རྣམ་པར་ཕྱེ་བའི་སྟེགས་བུའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱལ་མཚན་ཤིན་ཏུ་བསྒྲེངས་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་སྤོས་ཀྱི་རྒྱལ་པོ་འོད་ཟེར་གྱིས་ཤིན་ཏུ་བསྒྲུབས་པ་ཞེས་ བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཞིང་གི་སྟོབས་ཀུན་ཏུ་སྣང་བ་ཡོངས་སུ་སྟོན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །སྤོས་ཆུའི་རྒྱ་མཚོ་པདྨོའི་དབང་པོ་མང་པོ་མེ་ཏོག་ཤིན་ཏུ་རྒྱས་པ་དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་དངུལ་གྱི་པདྨོ་སྣ་ཚོགས་ཀྱིས་ བསྒྲུབས་པའི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཡོངས་སུ་གསལ་བར་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་བཻ་ཌཱུརྱའི་སྤོས་འོད་འཕྲོ་བའི་སྤྲིན་སྟུག་པོ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་སུ་ དབྱངས་སྒྲོག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཕྱོགས་ཀུན་ཏུ་གཟི་བརྗིད་ཀྱིས་རྒྱལ་བའི་ཕུང་པོ་འོད་འཕྲོ་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་རྣམ་པར་ཕྱེ་བར་འཕྲུལ་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་ སུ་སྤོས་ཆུའི་རྒྱ་མཚོ་གསེར་གྱི་རྒྱལ་མཚན་ནོར་བུའི་རྒྱལ་པོའི་དཔལ་རབ་ཏུ་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྡོ་རྗེའི་རྩེ་མོ་ཞིང་གི་རྒྱལ་མཚན་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཐ་དད་པ་མེད་པའི་སྤྲིན་འབར་བ་ཞེས་བྱ་བ་ ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་གནོན་པའི་གཙུག་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་མེ་ཏོག་ཟད་མི་ཤེས་པ་ཤིན་ཏུ་རྒྱས་པའི་དཔལ་གྱི་གཟི་བརྗིད་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ འོད་མཐའ་ཡས་པ་རྡུལ་དང་བྲལ་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྒྱ་ཆེ་ཞིང་གསེར་ལྟར་ཡོངས་སུ་དག་པ་གྲགས་པའི་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཞི་ཚོན་ཏུ་བསྟན་པའི་གནས་ཤེས་བྱ་བ་རབ་ཏུ་གནས་སོ། དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་མྱིག་ཡོར་རྣམ་པར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ལས་ཀྱིས་ཀུན་ཏུ་བརྒྱན་ཅིང་རྣམ་པར་ཕྱེ་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་སྒྲ་དབྱངས་ཞི་བ་ཞེས་བྱ་བ་ཡོད་དེ། དེ་ལ་ འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རབ་ཏུ་བརྒྱུས་པ་ལ་མངོན་དུ་བལྟ་བ་ཞེས་བྱ་བ་རབ་ཏུ་གནས་ཏེ། དེ་དག་ལ་སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱི་རོལ་འཁོར་ཡུག་གི་མཚམས་ན། སྤོས་ཆུའི་རྒྱ་མཚོ་འོད་འཕྲོ་བ་སྟུག་པོའི་སྤྲིན་ གྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱན་གྱི་དམིགས་པ་ཐམས་ཅད་ཀྱི་འོད་ཅེས་བྱ་བ་སྙིང་པོ་བྱང་ཆུབ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་སྒྲ་ཡི་ལྷུན་ཅན་རབ་ཏུ་གནས་སོ། །དེ་ཐམས་ཅད་ཀྱི་འོག་ན་འཇིག་ རྟེན་གྱི་ཁམས་དགེ་བའི་མིག་སྣ་ཚོགས་ཤེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཕྱོགས་ཐམས་ཅད་རྣམ་པར་སྣང་བ་རྡོ་རྗེའི་ཟླ་བ་ཞེས་བྱ་བ་བཞུགས་སོ། །དེའི་ སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དབུས་ན། འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་གཞི་མཉམ་པ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཁ་དོག་ཨུཏ་པ་ལ་དང་། དཔལ་གྱི་ བེའུ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོ་བློ་གྲོས་བཟང་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་མཚམས་རྡོ་རྗེ་ལྟར་སྲ་བ་སྣ་ཚོགས་ཤེས་བྱ་བ་ཡོད་དེ། དེ་ན་དེ་ བཞིན་གཤེགས་པ་ས་ལའི་རྒྱལ་པོ་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བདུན་གྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་ཐོག་མ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་པ། སྣ་ཚོགས་ ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཟིལ་གྱིས་མི་ནོན་པར་མངོན་པར་འཕགས་པའི་གཟི་བརྗིད་ཅེས་བྱ་བ་བཞུགས་སོ། །སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་འབྱུང་གནས་ཀྱི་མཛོད་ཤིན་ཏུ་བསྩགས་པ་ཞེས་བྱ་བ་དེ་དང་། འདབ་ཆགས་ སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་འོད་སྣང་བས་རྣམ་པར་མཛེས་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གྲགས་པ་དྲི་མ་མེད་པའི་རྒྱན་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེ་ཚད་མེད་པའི་མེ་ཏོག་ཤིན་ཏུ་རྒྱས་ པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མཚན་ཉིད་ནམ་མཁའ་ལྟ་བུར་རྣམ་པར་དཔྱོད་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྣམ་པར་སྣང་མཛད་ཀྱི་དཔལ་རྣམ་པར་ཡངས་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་ གྱི་ཁམས་ཀྱི་རྒྱུད་ཐོགས་པ་མེད་པ་ཀུན་ཏུ་སྣང་བའི་རྒྱན་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཤིང་ཙན་དན་གྱི་ཟེ་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མཐའ་ཡས་པར་འཁྱིལ་པའི་ཕྱོགས་སུ་རབ་ཏུ་འཇུག་པ་ཞེས་ བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་གསེར་རིན་པོ་ཆེའི་གྲམ་བུ་རབ་ཏུ་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱལ་མཚན་གྱི་རྩེ་མོ་ལ་ཞིང་གི་འཁོར་ལོ་རྒྱུ་བ་ཞེས་བྱ་བ་རབ་ཏུ་གནས་ཏེ། དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ འཁོར་ཀུན་ན། རྡོ་རྗེའི་མེ་ཏོག་གི་འབྱུང་གནས་ཡོད་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་ཕྱེ་བ་བསམ་གྱིས་མི་ཁྱབ་པར་སྟོན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ནོར་བུ་ཡིད་བཞིན་གྱི་རྒྱལ་ པོ་འཁོར་ལོ་སྣ་ཚོགས་ཀྱི་གཞི་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་རིག་པ་ཆགས་པ་མེད་པས་སངས་རྒྱས་བལྟ་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་གཞི་རིན་པོ་ཆེའི་ཕྲེང་བས་བསྩགས་པ་ཞེས་བྱ་བ་ཡོད་དེ། དེ་ལ་ འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བློ་གྲོས་དགེ་བ་མཐའ་ཡས་པའི་གཟི་བརྗིད་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་མུ་ཏིག་སྣ་ཚོགས་ཀྱི་དཀྱིལ་འཁོར་གྱི་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་ཡུལ་དང་སྨོན་ལམ་གྱི་རྒྱུ་མཐུན་ པ་ལས་བྱུང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དག་ལ་སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱི་རོལ་ཁོར་ཡུག་གི་འཚམས་ན་སྤོས་ཆུའི་རྒྱ་མཚོ་འཛམ་བུའི་ཆུ་ཀླུང་གི་མཛོད་ཀྱི་དཀྱིལ་འཁོར་ཅེས་ བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀུན་ཏུ་སྒྲ་སྒྲོག་པའི་རྒྱལ་མཚན་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གཞན་དང་། གཞན་གྱི་སྒོར་རབ་ཏུ་འཇུག་པའི་དབྱངས་ཀྱི་ལྷུན་ཅན་མངོན་པར་བྱུང་ངོ་། །དེ་ཐམས་ཅད་ཀྱི་འོག་ན་འཇིག་རྟེན་གྱི་ཁམས་མེ་ཏོག་འོད་ འཕྲོ་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དཔའ་བས་གསོལ་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་པད་མོ་རྣམ་པར་སྣང་བའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་འཕགས་པའི་སེམས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། འཇིག་རྟེན་ གྱི་ཁམས་མི་མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་སྟོབས་བཅུའི་རྒྱན་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལེགས་པར་འབྱུང་བའི་ཡོན་ཏན་ཚད་མེད་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དང་པོ་ལ། འཇིག་རྟེན་གྱི་ཁམས་སྤོས་དང་ནོར་བུ་བརྩེགས་པའི་རྒྱལ་མཚན་ཞེས་བྱ་ བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བློ་གྲོས་རྣམ་པར་ཡངས་པའི་སྤྱན་ཞེས་བྱ་བ་བཞུགས་སོ། །སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེས་མཐུན་པར་རྣམ་པར་བརྒྱན་པ། དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་འོད་གཟེར་གྱི་མཛོད་ཀྱི་རི་བོ་འཛིན་པ་ཞེས་བྱ་བ་ཡོད་དེ། ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ནམ་མཁའི་སྤྲིན་ཡངས་པ་འབྱུང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྒྱན་སྣ་ཚོགས་ཀྱི་བྱིན་གྱི་རླབས་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དྲི་མ་མེད་ཅིང་སྒྲིབ་པ་མེད་ པར་རྣམ་པར་ཕྱེ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་པད་མོ་འདབ་མ་སྟུག་པོ་རབ་ཏུ་འཕྱང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ལུས་ཀྱི་རྒྱན་དམ་པའི་མར་མེ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་ འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་ཤིན་ཏུ་གནས་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཉི་མའི་འོད་ཟེར་གྱི་དྲ་བ་འབྱུང་གནས་ཤེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཡང་དག་པར་ བསྒྲུབས་པ་ཤིན་ཏུ་མང་བ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རིན་པོ་ཆེའི་ཟེ་བ་བྱིན་གྱི་བརླབས་ཀྱི་གནས་ཤེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེ་ཤིན་ཏུ་གཙང་བའི་སྤྱོད་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་ རྟེན་གྱི་ཁམས་ཀྱི་རྒྱུད་ལུས་དམ་པ་རྒྱ་མཚོའི་རྒྱན་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ནོར་བུ་སྣ་ཚོགས་ཀྱི་ཕུང་པོ་འཛིན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ནམ་མཁའ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་ རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་གཟི་བརྗིད་དག་ཅིང་ཡངས་པས་རྣམ་པར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཨིནྡྲ་ནཱི་ལའི་དབྱིབས་ལྟར་འདུག་པ་སྐར་མདའ་ལྟར་སྣང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ ཡིད་དུ་འོང་བར་གྲམ་བུའི་ནོར་བུ་མུ་ཏིག་རྣམ་པར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དབྱངས་ཀྱིས་ཀུན་ཏུ་སྒྲོག་པའི་ང་རོ་ལ་དགའ་བ་ཞེས་བྱ་བ་རབ་ཏུ་གནས་ཏེ། དེ་དག་ལ་སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ ཕྱི་རོལ་ཁོར་ཡུག་གི་མཚམས་ན་སྤོས་ཆུའི་རྒྱ་མཚོ་ཨིནྡྲ་ནཱི་ལ་རབ་ཏུ་འགྱེད་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཀུན་ཏུ་སྣང་ཞིང་ཐ་མི་དད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཡང་དག་པར་འབྱུང་བར་ང་རོ་སྒྲོག་པའི་ལྷུན་ཅན་རབ་ཏུ་ གནས་ཏེ། དེ་ཐམས་ཅད་ཀྱི་འོག་ན་འཇིག་རྟེན་གྱི་ཁམས་དགེ་བ་དམ་པའི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡོན་ཏན་མཆོག་གི་བློ་གྲོས་དམ་པ་ཞེས་བྱ་ བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དབུས་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་ཡང་དག་པར་གནས་པའི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་ པ་འོད་ལྷག་པར་འཕགས་པས་རབ་ཏུ་སྣང་བ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་བཻ་ཌཱུརྱས་བསྒྲུབས་པ་ཀུན་ནས་འཁོར་ལོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ རི་རབ་མར་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་ཐོག་མ་ལ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱ་མཚོ་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤྲུལ་པ་མི་ཟད་པའི་སྤྲིན་གྱི་མངའ་བདག་ཅེས་བྱ་བ་བཞུགས་སོ། །སྤོས་ཆུའི་རྒྱ་མཚོ་སྒྲ་རྡོ་རྗེ་ལྟར་ཤིན་ཏུ་བརྟན་པའི་དབྱངས་ཤེས་བྱ་བ་དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་ཤིང་ཏགས་ཀྱིས་བསྐོར་བ་ཤིན་ཏུ་ འཕགས་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རིན་པོ་ཆེའི་རྒྱལ་མཚན་ཤིན་ཏུ་འགྲེང་བ་ཞེས་བྱ་བ་རབ་ཏུ་བཞུགས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་མེ་ཏོག་གི་རྒྱལ་མཚན་གྱིས་རབ་ཏུ་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ སྣང་བ་ཐམས་ཅད་ཤིན་ཏུ་སྟོན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་སྤྲིན་དམ་པ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཞི་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་འོད་རྣམ་པར་སྣང་བ་ཞེས་བྱ་བ་ རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་ཤིང་གི་ཟེ་བའི་ཁ་དོག་གི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དགེ་བའི་ཚོགས་ཀྱི་གཟི་བརྗིད་རྨད་ག་ཅད་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ ཆེའི་གོས་དམ་པས་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོའི་འོད་ཅེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་ཤིང་གི་ཡལ་ག་བརྩེགས་པ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ ཁམས་ཀྱི་རྒྱུད་རིན་པོ་ཆེ་འོད་འཕྲོ་བའི་སྤྲིན་ལ་ཤིན་ཏུ་རྟེན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་གཞི་ཡིད་དུ་འོང་བར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཆགས་པ་མེད་པའི་རྡོ་རྗེ་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཀུན་ནས་པད་མོས་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོའི་ངོགས་མཐའ་ཡས་པའི་གློང་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ ཆེའི་ཡན་ལག་དམ་པས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཞིང་གི་གཞི་རྣམ་པར་དམིགས་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་ལ་སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱི་ རོལ་འཁོར་ཡུག་གི་མཚམས་ན། སྤོས་ཆུའི་རྒྱ་མཚོ་མི་ཕྱེད་པར་བརྟན་པ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་པད་མའི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ལ་འཇུག་པ་ཤིན་ཏུ་སྒྲོག་པའི་ལྷུན་ཅན་ རབ་ཏུ་གནས་ཏེ། དེ་དག་ཐམས་ཅད་ཀྱི་འོག་ན་འཇིག་རྟེན་གྱི་ཁམས་སྤོས་ཤིན་ཏུ་ཞིམ་པའི་རྒྱ་མཚོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་དང་སྤྲུལ་པ་ཚད་མེད་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེའི་དབུས་ན་འཇིག་རྟེན་གྱི་ཁམས་ རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན་འཇིག་རྟེན་གྱི་ཁམས་རྒྱན་དང་ཚུལ་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་ཚད་མེད་པའི་ཚངས་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་མི་ མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་སྣང་བའི་ཕྱོགས་མེ་ཏོག་གི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སེང་གེའི་སྤྱན་འོད་འཕྲོ་བའི་སྤྲིན་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐོག་ མ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་དབྱངས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཆུའི་ལྷ་འོད་འཕྲོ་བའི་སྒོ་ཞེས་བྱ་བ་བཞུགས་སོ། །སྤོས་ཆུའི་རྒྱ་མཚོ་ལྷའི་གྲོང་ཁྱེར་དང་ནོར་བུའི་ཤིང་ཏོག་གིས་བརྒྱན་པ་ཞེས་བྱ་བ་དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ སྣང་བའི་འཁོར་ལོས་རྣམ་པར་གསལ་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བརྗོད་དུ་མེད་པའི་ཕྱོགས་ཀྱི་གནས་ཀྱིས་བརྒྱན་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་ཚོན་གྱི་སྲང་རྣམ་པ་སྣ་ཚོགས་ཤེས་ བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བརྒྱུད་པ་དུ་མས་འཇུག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྒྱན་ཐམས་ཅད་ཀྱིས་ཀུན་ཏུ་གང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ རིན་པོ་ཆེ་རྣམ་པར་སྣང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རིན་པོ་ཆེའི་དྲ་བ་རྣམ་པར་ཕྱེ་བ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཚུལ་གྱི་མཚམས་སྦྱོར་བ་འབྱུང་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་ དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྒྱལ་མཚན་དམ་པའི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འཇིག་རྟེན་གྱི་ཁམས་རྣམ་པར་དམིགས་པ་རྒྱ་མཚོའི་སྒྲ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་ཉི་མའི་གནས་ཡོངས་ སུ་སྦྱོང་བའི་འོད་ཅེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མིག་འཕྲུལ་གྱིས་རྒྱས་པར་འཇུག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་སིལ་སྙན་ཐམས་ཅད་ཀྱི་སྒྲ་དབྱངས་ཡིད་དུ་འོང་བ་བརྗོད་པ་ཞེས་བྱ་བ་ཡོད་དེ། དེ་ན་ འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གློང་ཐམས་ཅད་ཀྱི་གཏིང་དུ་རབ་ཏུ་འཇུག་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་རྒྱན་དམ་པས་བསྒྲུབས་པ་རྣམ་པ་སྣ་ཚོགས་ཤེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འོད་དྲི་མ་མེད་པའི་སྤྲིན་སྟུག་པོ་ འབར་བ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དང་འདབ་ཆགས་སུ་སྤོས་ཆུའི་རྒྱ་མཚོ་མར་མེ་འོད་འཕྲོ་བས་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་སྨོན་ལམ་གྱི་དབྱིབས་ཐ་དད་པ་བྱིན་གྱིས་རླབས་པ་ཞེས་བྱ་བ་རབ་ཏུ་གནས་སོ། །དེ་དག་ལ་ སྩོགས་པ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱི་རོལ་ཁོར་ཡུག་གི་མཚམས་ན། སྤོས་ཆུའི་རྒྱ་མཚོ་ཕྲེང་བ་དང་གོས་ཀྱིས་ཤིན་ཏུ་བསྒྲུབས་པ་ཞེས་བྱ་བ་ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀུན་ནས་ སྣང་བའི་གོས་བཟང་པོ་ཤིན་ཏུ་སྤྲུལ་པ་ཞེས་བྱ་བ། སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་མཚན་ཉིད་ཤིན་ཏུ་སྒྲོག་པའི་ལྷུན་ཅན་མངོན་པར་བྱུང་ངོ་། །དེ་ཐམས་ཅད་ཀྱི་འོག་ན་སྤོས་ཆུའི་རྒྱ་མཚོ་དབང་པོའི་མེ་ཏོག་ཟེ་བ་འཁྱིལ་པའི་སྙིང་པོ་ཞེས་ བྱ་བ་ཡོད་དེ། དེ་ན་འཇིག་རྟེན་གྱི་ཁམས་རབ་ཏུ་སྒྲོལ་བས་དགའ་བ་བྱེད་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་རྣམ་པར་སངས་རྒྱས་པའི་ཡེ་ཤེས་ཀྱིས་ཕམ་པ་མེད་ པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་དབུས་ན། འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་ རིན་པོ་ཆེའི་འབྲུའི་དྲ་བས་བརྒྱན་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྣང་བ་ཚད་མེད་པས་དགྱེས་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་ འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གཞི་མཉམ་པ་ཡོད་པ་དེ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་གདན་པདྨོ་དང་སེང་གེ་ཞེས་བྱ་བ། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ། ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤུགས་དྲི་མ་མེད་ཅིང་མཉན་ན་དོན་ཡོད་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བདུན་གྱི་རྡུལ་ཤིན་ཏུ་ཕྲ་བ་ སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་སྟེང་ན། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀླུའི་རིན་པོ་ཆེའི་ཁ་དོག་གི་འོད་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཉི་ཤུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་གཅིག་ཏུ་དག་པ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་ཆོས་ཀྱི་དབྱིངས་ཡོངས་སུ་གསལ་བ་རྣམ་པར་སྣང་བ་ཞེས་བྱ་བ་བཞུགས་སོ། །ཀྱེ་དེ་ལྟར་རྒྱལ་བའི་སྲས་དག་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་འཇིག་རྟེན་གྱི་ཁམས་ ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་གནས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་ཐམས་ཅད་ཀྱང་སྤོས་ཆུའི་རྒྱ་མཚོ་དེ་དག་ལ་ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ལུས་རྣམ་པར་དམིགས་པའི་མྱིག་ཡོར་གྱི་རྒྱལ་མཚན་ གྱིས་རབ་ཏུ་བརྒྱན་པ་དང་ལྡན་པའི་པད་མོ་ལ་རབ་ཏུ་གནས་པ་ཤ་སྟག་གོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཞན་དང་གཞན་ཅན་མང་པོ་དང་། མཚམས་འདབ་ཆགས་སུ་གནས་པ་ཤ་སྟག་གོ། འོད་རིན་པོ་ཆེ་གཞན་དང་གཞན་གྱི་ཁ་དོག་ཏུ་འགྱེད་པ་ཤ་སྟག་གོ། ། འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གཞན་དང་གཞན་གྱིས་ཀུན་ནས་ཡོག་པ་ཤ་སྟག་གོ། །རྒྱན་རྣམ་པར་བྲེས་པའི་འོད་གཞན་དང་གཞན་ཅན་ཤ་སྟག་གོ། །བསྐལ་པའི་གྲངས་དང་ཚུལ་གཞན་དང་གཞན་དུ་བསྟན་པ་ཤ་སྟག་གོ །སངས་རྒྱས་གཞན་དང་གཞན་སྐྱེ་ཞིང་ གཤེགས་པ་ཤ་སྟག་གོ། །ཆོས་རྒྱ་མཚོའི་སྒྲ་གཞན་དང་གཞན་རབ་ཏུ་བསྒྲགས་པ་ཤ་སྟག་གོ །སེམས་ཅན་གྱི་ལུས་གཞན་དང་གཞན་གྱིས་ཀུན་ཏུ་ཡོག་པ་ཤ་སྟག་གོ །ཕྱོགས་གཞན་དང་གཞན་ལ་འཇུག་པ་མ་འདྲེས་པ་ཤ་སྟག་གོ །སངས་རྒྱས་ཀྱི་རྣམ་ པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་གཞན་དང་གཞན་ཅན་ཤ་སྟག་གོ །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་རེ་རེའི་འཇིག་རྟེན་གྱི་ཁམས་ཀྱི་མཚམས་ནས་རབ་ཏུ་བྱུང་བའི་འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་རྒྱན་སྣ་ཚོགས་ལ་རབ་ཏུ་གནས་པ་ཐམས་ ཅད་ཀྱིས་འཇིག་རྟེན་གྱི་ཁམས་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་འདི་ཐམས་ཅད་ཡོངས་སུ་གང་ངོ་། །ཇི་ལྟར་འཇིག་རྟེན་གྱི་ཁམས་གཅིག་གི་རྒྱུད་ནས་བྱུང་བ་དེ་བཞིན་དུ་འཇིག་རྟེན་གྱི་ ཁམས་ཀྱི་རྒྱུད་རྣམས་དང་། འཇིག་རྟེན་གྱི་ཁམས་ཀྱི་ས་མཚམས་དང་སྒོ་རྣམ་པ་སྣ་ཚོགས་ཀྱི་རྒྱན་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་སྣ་ཚོགས་ཐམས་ཅད་ལས་བྱུང་བ་ཀུན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ ཐམས་ཅད་ཡོངས་སུ་གང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མཐའ་དང་དབུས་མེད་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པའི་ཚུལ་ཤིན་ཏུ་བསྟན་པ་འདི་ཉིད་གསལ་བར་བརྗོད་པའི་ཕྱིར། སངས་རྒྱས་ ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་ཁམས་ནི་རྒྱ་མཚོའི་རྣམས། །ཡངས་དང་མྱི་ཡངས་སྣ་ཚོགས་པ། །ནམ་མཁའ་དག་གི་དབྱིངས་ལ་གནས། །ཆོས་ཀྱི་དབྱིངས་ནི་ཐ་མི་དད། ། འཇིག་རྟེན་ཁམས་འདི་རྒྱ་མཚོ་ན། །ཞིང་གི་རྒྱུད་ནི་བསམ་མི་ཁྱབ། །ཐ་དད་མེད་པར་རྣམ་པར་གནས། །རྣམ་འཕྲུལ་གཞན་དང་གཞན་དག་གོ། །རྣམ་ཕྱེ་སྣ་ཚོགས་ཤིན་ཏུ་གནས། །ཁ་དོག་ཐ་དད་རབ་ཏུ་འདུག །ཞིང་གི་རྒྱུད་དག་རྣམ་ཕྱེ་བ། །འཇིག་རྟེན་ཁམས་ ཀྱི་གང་ཆེན་མཚོ། །ལྷུན་དང་དབྱངས་རྣམས་ཐ་དད་དེ། །སངས་རྒྱས་ཀུན་གྱི་རྣམ་འཕྲུལ་བ། །ཞིང་གཞན་རྒྱུད་རྣམས་རབ་ཏུ་སྣང་། །ལས་ཀྱི་དེ་དག་ཤིན་ཏུ་བྲིས། །རི་རབ་རྒྱ་མཚོའི་དྲ་བ་དང་། །འཁོར་ལོ་ཀློང་གི་དཀྱིལ་འཁོར་དང་། །པདྨོའི་དབྱིབས་འདྲ་འབྱམ་ ཀླས་པ། །དེ་དག་དེ་ཡིས་ཀུན་ནས་བསྐོར། །རྡོ་རྗེའི་རྒྱལ་མཚན་བརྩེགས་པ་དང་། །རྡོ་རྗེ་ཀུན་ནས་འཁོར་གནས་པ། །འབྱམ་ཀླས་བསམ་གྱིས་མི་ཁྱབ་པས། །དེ་དག་རྒྱུད་ནི་ཀུན་ནས་བསྐོར། །འོད་ཀྱི་དྲ་བ་བསམ་མི་ཁྱབ། །མུ་ཏིག་མདོག་ཀྱང་རྒྱ་མཚོ་ སྟེ། །ཞིང་གི་རྒྱུད་རྣམས་ཀུན་ཀྱང་འབར། །པདྨོ་ལ་ཡང་ཀུན་གནས་སོ། །རེ་རེ་དག་གི་རྒྱུད་ལས་ཀྱང་། །འོད་ཟེར་དྲ་བ་བསམ་མི་ཁྱབ། །འོད་ཟེར་དག་གི་ཞིང་གྱུར་ཅིང་། །རྒྱ་མཚོའི་ཕྱོགས་རྣམས་ཀུན་ཏུ་འགེངས། །ཞིང་གི་རྒྱུད་རྣམས་ཐམས་ ཅད་ཀྱི། །དམིགས་པ་ཀུན་གྱི་སྒོ་ནས་ཀྱང་། །ཐམས་ཅད་ཚུལ་ལ་འཇུག་པ་ཡི། །མི་ཟད་ཚུལ་རྣམས་རབ་ཏུ་སྣང་། །ཞིང་གི་རྣམས་ནི་བསམ་མི་ཁྱབ། །རྒྱུད་རྣམས་མི་ཟད་ཤིན་ཏུ་འབྱུང་། །རྒྱན་རྣམས་བསྟན་པ་ཐ་དད་ དེ། །དྲང་སྲོང་ཆེན་པོའི་བྱིན་རླབས་སོ། །ཞིང་གི་རྒྱུད་རྣམས་དེ་དག་ན། །འཇིག་རྟེན་བསམ་གྱིས་མི་ཁྱབ་ཁམས། །ཀུན་ནས་འདུ་ཞིང་རྣམ་པར་འཇིགས། །འབྱུང་ཞིང་འཇིག་པར་དེ་བཞིན་འགྱུར། །ཇི་ལྟར་ཤིང་ལ་ལོ་མ་རྣམས། །འབྱུང་ཞིང་ལྷུང་བར་འགྱུར་བ་ལྟར། །དེ་ བཞིན་ཞིང་གི་རྒྱུད་རྣམས་ན། །འཇིག་རྟེན་ཁམས་ན་འབྱུང་བ་ཡིན། །ཇི་ལྟར་ཤིང་གི་སྐྱེ་གནས་ནས། །ཤིང་ཏོག་སྣ་ཚོགས་འབྱུང་བ་ལྟར། །དེ་བཞིན་ཞིང་གི་རྒྱུད་རྣམས་ན། །སེམས་ཅན་སྣ་ཚོགས་འབྱུང་བ་ཡིན། །ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་ སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་བྱུང་ངོ་། །ཡིད་བཞིན་རིན་ཆེན་རྒྱལ་པོ་རྣམས། །ཁ་དོག་ཀུན་ཏུ་སྣང་བ་ལྟར། །སེམས་ཅན་བསམ་པ་རྣམ་དག་པས། །དེ་བཞིན་ཞིང་རྣམས་རབ་ཏུ་སྣང་། །ཀླུ་ཡི་རྒྱལ་པོའི་སྤྲིན་གྱི་རྣམས། ། ནམ་མཁའི་དབྱིངས་ལ་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་གི་རྣམས་ནི་འབྱུང་བ་ཡིན། །སྒྱུ་མའི་མཁན་པོ་སྔགས་དག་གིས། །སྒོ་རྣམས་སྣ་ཚོགས་སྟོན་པ་ལྟར། །དེ་བཞིན་སེམས་ཅན་ལས་རྣམས་ཀྱིས། །བསམ་གྱིས་མི་ཁྱབ་ཞིང་འབྱུང་ངོ་། ། ཇི་ལྟར་རི་མོའི་གཟུགས་ཀྱི་རྣམས། །རི་མོའི་ལས་ཀྱིས་བྲིས་པ་ལྟར། །དེ་བཞིན་ཞིང་རྣམས་འདི་དག་ཀུན། །སེམས་ཀྱིས་རི་མོར་བྲིས་པ་ཡིན། །སེམས་ཅན་ལུས་ཀྱི་རྣམ་པ་དག །ཇི་ལྟར་སེམས་ཀྱིས་བརྟགས་པ་ལྟར། །དེ་བཞིན་ཞིང་གི་རྣམ་པ་ཡང་། །ཐམས་ཅད་ལས་ཀྱིས་ རྣམ་པར་བྲིས། །ཇི་ལྟར་གཞན་དང་གཞན་གཟུགས་སུ། །སེམས་ཅན་རྣམས་ཀྱི་བསམ་པ་བཞིན། །མགོན་པོ་རྣམས་ནི་སྣང་བ་ལྟར། །དེ་བཞིན་ཞིང་རྣམས་སྣང་བའོ། །པདྨོའི་དྲ་བའི་ཕྱི་རོལ་གྱི། །སེམས་ཅན་ཞིང་གི་མཚམས་དག་ན། །དབྱིབས་དང་ཁ་དོག་གཞན་དང་ གཞན། །དྲི་མ་མེད་པ་སྣ་ཚོགས་སྣང་། །པད་མོའི་དྲ་བ་དེ་དག་ལ། །ཞིང་གི་དྲ་བ་རབ་ཏུ་གནས། །རྒྱན་དང་བསྟན་པ་སྣ་ཚོགས་ཏེ། །སེམས་ཅན་སྣ་ཚོགས་མང་པོའི་གནས། །ཞིང་གི་དབྱིངས་རྣམས་ལ་ལ་ནི། །ཀུན་ནས་ཉོན་མོངས་རྣམ་པར་གནས། །སེམས་ཅན་རྣམས་ཀྱི་ ཉོན་མོངས་ལས། །ཆོས་ཉིད་དེ་དག་ནང་ན་སྣང་། །ཀུན་ནས་ཉོན་མོངས་རྣམ་དག་ཏུ། །ཞིང་གི་རྒྱུད་ནི་བསམ་མི་ཁྱབ། །སེམས་ཅན་བསམ་པས་རབ་ཏུ་བྱུང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཁོད། །ལ་ལ་རྣམ་དག་ཉོན་མོངས་ཅན། །ཞིང་གི་དབྱིངས་ནི་རྣམ་པ་མང་། །བྱང་ཆུབ་ སེམས་དཔའ་རྣམ་པར་འཕྲུལ། །རྒྱ་མཚོའི་ལས་ལས་བྱུང་བ་ཡིན། །ཞིང་རྣམས་ལ་ལའི་འོད་བཏང་བ། །རིན་ཆེན་རང་བཞིན་དྲི་མ་མེད། །རྣམ་པ་སྣ་ཚོགས་དྲི་མེད་དག །སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྦྱངས། །ཞིང་གི་རྒྱུད་རྣམས་ལ་ལ་ན། །བསྐལ་པའི་མྱེ་ནི་བསམ་མི་ཁྱབ། ། ཀུན་ནས་ཉོན་མོངས་རྣམས་ལ་སྟོན། །ཞིང་གི་དཀྱིལ་འཁོར་ཤིན་ཏུ་སྲ། །རླུང་གི་ཕུང་པོ་སྨོན་ལམ་དང་། །ཆུ་ཡི་ཕུང་ལ་རབ་ཏུ་གནས། །ཞིང་གི་རྣམ་པ་ཤིན་ཏུ་མང་། །སེམས་ཅན་ལས་ཀྱིས་བསགས་པ་ཡིན། །ཞིང་ན་གཞན་དང་གཞན་དག་གི །ཞིང་གི་ཆོས་ཉིད་སྣང་ལ་ ལྟོས། །དེ་དག་འབྱུང་བ་གང་ཡང་མེད། །དེ་དག་ལ་ནི་འཇིག་པའང་མེད། །སྐད་ཅིག་སྐད་ཅིག་སེམས་ཀུན་ལ། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས། །ཞིང་རྣམས་རབ་ཏུ་འབྱུང་བ་རྣམས། །ཤིན་ཏུ་དྲི་མེད་དག་ལ་ལྟོས། །ཞིང་རྣམས་ལ་ལ་ས་ཡི་དངོས། །སྲ་བར་དེ་ དག་བྱུང་གྱུར་ཅིང་། །སྣང་བ་མེད་ཅིང་འོང་བའང་མེད། །སྡིག་པའི་ལས་ཀྱི་གནས་ཡིན་ནོ། །ཞིང་རྣམས་ལ་ལ་རྡོ་རྗེའི་དངོས། །ཀུན་ནས་ཉོན་མོངས་འཇིགས་པ་ཆེ། །བདེ་བ་ཆུང་ཞིང་སྡུག་བསྔལ་མང་། །བསོད་ནམས་ཆུང་བའི་གནས་ཀྱང་ཡིན། །ཞིང་རྣམས་ལ་ལ་ལྕགས་ ཀྱི་དངོས། །ལ་ལ་ཟངས་ཀྱི་དངོས་སུ་གནས། །སྡིག་པའི་ལས་ཀྱིས་ཀུན་ཏུ་གང་། །རི་དང་བྲག་གིས་མཉམ་པ་མེད། །འཇིག་རྟེན་དེ་ན་དམྱལ་བ་ཡི། །སེམས་ཅན་སྡུག་བསྔལ་སྐྱབས་མེད་པ། །མུན་པ་རྗེས་སུ་རྙེད་གྱུར་ཅིང་། །མྱེ་ལྕེ་རྒྱ་མཚོའི་ནང་ན་འབར། །འོན་ཀྱང་བྱོལ་ སོང་སྐྱེ་གནས་སུ། །ལུས་ནི་མངོན་པར་འབྱུང་འགྱུར་ཏེ། །བདག་གི་ལས་ཀྱི་ཉེས་པ་ཡིས། །སྡུག་བསྔལ་ཚོར་བ་རབ་ཏུ་མྱོང་། །གཤིན་རྗེའི་འཇིག་རྟེན་རྣམས་ནའང་སྣང་། །སྐོམ་དང་བཀྲེས་པས་རབ་ཏུ་མནར། །མྱེ་ཡི་རི་ཡི་གདུང་བ་ཡིས། ། སྡུག་བསྔལ་ཚོར་བའང་མྱོང་བར་འགྱུར། །ལ་ལ་རིན་ཆེན་བདུན་ལས་བྱུང་། །ལ་ལ་སྣ་ཚོགས་གཟུགས་སུ་གནས། །དགེ་བའི་ལས་ཀྱིས་བྱུང་བ་སྟེ། །སྣ་ཚོགས་ཁྱིམ་གྱིས་རབ་ཏུ་བརྒྱན། །མི་དང་ལྷ་རྣམས་ལ་ལ་ནི། །མཐོ་རིས་དག་གི་འཇིག་རྟེན་ན། །དགེ་བའི་བསོད་ནམས་ འབྲས་བུར་ལྡན། །དགའ་བདེ་མྱོང་བ་དེ་དག་ལྟོས། །སྤུའི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པ་གང་ཡང་མེད། །རང་རང་སོ་སོའི་ལས་ཀྱིས་ན། །སེམས་ཅན་ཁམས་རྣམས་བསམ་མི་ཁྱབ། །འདུ་ ཤེས་སྣ་ཚོགས་འཛིན་པ་རྣམས། །བདེ་དང་སྡུག་བསྔལ་ཉམས་སུ་མྱོང་། །ཞིང་རྣམས་ལ་ལ་མཐའ་ཡས་འོད། །སེམས་ཅན་མང་དོན་ཀུན་ནས་གནས། །ཡོངས་འབྱུང་རྡོ་རྗེ་ཨུཏྤ་ལ། །སྣ་ཚོགས་རྣམ་དག་དྲི་མ་མེད། །ཞིང་རྣམས་ལ་ལ་འོད་ཟེར་དངོས། །འོད་ཀྱི་འཁོར་ལ་ཀུན་ ནས་གནས། །ཙན་དན་གསེར་ལས་ཡོངས་སུ་བྱུང་། །འོད་འཕྲོ་སྤྲིན་གྱི་མདོག་དང་མཉམ། །ཞིང་རྣམས་ལ་ལ་ཉི་ཟླའི་དངོས། །སྤོས་ཀྱི་གོས་ཀྱིས་ཀུན་ནས་ཡོག །ལ་ལ་པད་མོ་གཅིག་ལ་སྟེ། །བྱང་ཆུབ་སེམས་དཔས་ཡོངས་སུ་རྒྱས། །ལ་ལ་མཚན་གྱི་མདོག་དང་འོད། ། ཞིང་རྣམས་རིན་ཆེན་དྲི་མ་མེད། །མིག་འཕྲུལ་འོད་ཀྱང་རབ་ཏུ་འགྱེད། །འོད་ཟེར་དྲ་བས་སྣང་བར་བྱས། །ཞིང་རྣམས་ལ་ལ་རྡོ་རྗེ་དང་། །པད་མོའི་དངོས་སུ་སྤོས་ལ་གནས། །ལ་ལ་ནོར་བུའི་འོད་ཀྱང་ཡིན། །ཞིང་རྣམས་ཡོངས་སུ་དག་ལ་ལྟོས། །མེ་ཏོག་གློང་ལས་ལ་ ལ་བྱུང་། །བསམ་གྱིས་མི་ཁྱབ་ཞིང་ལ་ལྟོས། །སངས་རྒྱས་སྤྲུལ་པས་ཀུན་ཏུ་ཁྱབ། །བྱང་ཆུབ་སེམས་དཔའི་འོད་དང་མཉམ། །ལ་ལ་མེ་ཏོག་ཤིང་རྣམས་དང་། །ལོ་མའི་དཀྱིལ་འཁོར་སྣ་ཚོགས་ཏེ། །ནོར་བུའི་སྤྲིན་གྱིས་ཀུན་ཏུ་ཁྱབ། །ཞིང་གི་དཀྱིལ་འཁོར་རྣམ་པར་ དག །ཞིང་རྣམས་ལ་ལ་པདྨོའི་དངོས། །སྣང་བ་བཟང་པོས་རྣམ་པར་མཛེས། །སངས་རྒྱས་སྤྲུལ་པའི་གསུང་ཡང་ཡིན། །ཞིང་གི་དྲ་བ་བསམ་མི་ཁྱབ། །རིན་ཆེན་ཅོད་པན་སྣ་ཚོགས་དང་། །བྱང་ཆུབ་སེམས་དཔའི་རྒྱན་རྣམས་དང་། །གདན་ལས་དེ་བཞིན་ལ་ལ་བྱུང་། །འོད་ དང་སྤྲུལ་པའང་རབ་ཏུ་འགྱེད། །ཙན་དན་ཕྱེ་མ་སྣ་ཚོགས་དང་། །མཛོད་སྤུའི་རྣམ་པར་སྣང་བའི་འོད། །སངས་རྒྱས་སྤྲིན་གྱི་འོད་ཟེར་རྣམས། །ཞིང་རྣམས་འབྱུང་བ་རབ་ཏུ་བརྗོད། །ལ་ལ་རྒྱན་དང་འོད་གཅིག་པར། །ཞིང་རྣམས་དྲི་མ་མེད་པ་སྣང་། །ལ་ལ་རྒྱན་རྣམས་ཐམས་ ཅད་ཀྱིས། །རྣམ་པ་སྣ་ཚོགས་རབ་ཏུ་བརྒྱན། །ལ་ལ་ཞིང་རྣམས་བཅུ་དག་གི །རྒྱན་གྱིས་མངོན་པར་རབ་ཏུ་བརྒྱན། །ལ་ལ་ཞིང་རྣམས་སྟོང་དག་ཀྱང་། །རྣམ་པར་བརྒྱན་ཅིང་རབ་ཏུ་གནས། །ཞིང་གི་རྒྱན་མང་བྱ་བ་ཡིས། །ཞིང་རྣམས་ལ་ལ་རྣམ་པར་བྲེས། །རྒྱན་དང་ཚུལ་ རྣམས་ཐ་དད་པར། །སྣ་ཚོགས་མིག་ཡོར་ལྟ་བུར་སྣང་། །བརྗོད་དུ་མེད་པའི་ཞིང་གི་རྣམས། །རྒྱན་གཅིག་ལ་ཡང་རབ་ཏུ་སྣང་། །འོད་ནི་གཞན་དང་གཞན་བཀྱེ་བ། །སངས་རྒྱས་སྨོན་ལམ་མཐུ་ལས་བྱུང་། །སྨོན་ལམ་རྒྱ་མཚོ་རྣམས་མང་བས། །ཞིང་རྣམས་ལ་ལ་རྣམ་ པར་སྦྱངས། །དེ་དག་རྒྱན་མང་ཐམས་ཅད་དུ། །ཞིང་གི་རྒྱ་མཚོ་ཤིན་ཏུ་སྣང་། །ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས། །ཞིང་རྣམས་ཡོངས་སུ་གང་སྦྱངས་པ། །དེ་དག་ཀུན་ལ་དུས་གསུམ་གྱི། །ཞིང་གི་རྒྱན་རྣམས་ཀུན་ཀྱང་སྣང་། །ཞིང་གི་རྒྱུད་ཀྱི་རྣམ་སྤྲུལ་པ། ། ཀྱེ་མ་རྒྱལ་སྲས་ཁྱེད་ནི་ལྟོས། །མ་འོངས་པ་ཡི་ཞིང་རྣམས་ཀྱང་། །རྨི་ལམ་བཞིན་དུ་དེ་དག་སྣང་། །ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་གྱི། །འདས་པའི་ཞིང་རྣམས་རྒྱ་མཚོ་ཡང་། །ཞིང་གཅིག་ནང་ན་ཐམས་ཅད་སྣང་། །མིག་ཡོར་བཞིན་དུ་སྤྲུལ་པ་ཡིན། །དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྣམ་སྤྲུལ་ཞིང་རྣམས་གང་ཡོད་པ། །ཞིང་གི་རྒྱུད་ནི་འདི་ལ་སྣང་། །ཀུན་ཀྱང་ནང་ན་ཡོད་པར་གནས། །ཞིང་གི་རྡུལ་གྱི་རྩེ་མོ་ལ། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་པ། །ཤོང་བ་དེ་དག་ཀུན་ནས་སྣང་། མིག་ཡོར་མཚན་ཉིད་མེད་པའོ། །ལ་ལ་རྒྱ་མཚོའི་དབྱིབས་སུ་འདུག །ཞིང་བརྒྱ་མང་པོ་དེ་དག་ལྟོས། །རི་རབ་རི་ཡི་དབྱིབས་འདྲ་དང་། །འཇིག་རྟེན་ཁམས་ནི་བསམ་མི་ཁྱབ། །ཞིང་རྣམས་ལ་ལ་རྣམ་པར་བྲིས། །མྱིག་ཡོར་ དབྱིབས་སུ་གནས་པ་སྟེ། །སྣ་ཚོགས་ཤིང་གི་དབྱིབས་སུ་གནས། །སངས་རྒྱས་ཀྱིས་ཀྱང་ཀུན་ཏུ་ཁྱབ། །ཞིང་རྣམས་ནོར་བུ་འཁོར་ལོའི་དབྱིབས། །ལ་ལ་པད་མའི་དབྱིབས་སུ་གནས། །ཡན་ལག་བརྒྱད་པ་སྣ་ཚོགས་མང་། །སྣ་ཚོགས་ཁ་དོག་དྲི་མ་ མེད། །ལ་ལ་ཁྲི་ཡི་དབྱིབས་ལྟ་བུ། །གྲྭ་ཡི་དབྱིབས་དང་ཁྱད་ཁྱུད་དེ། །ལ་ལ་གྲོང་ཁྱེར་དབྱིབས་སུ་འདུག །ཚངས་པའི་ལུས་སུ་རབ་ཏུ་གནས། །ལྷ་ཡི་དབང་པོའི་གཙུག་ཕུད་དབྱིབས། །ཟླ་བ་ཁམ་ལྟར་ལ་ལ་གནས། །ནོར་བུའི་རི་ཡི་ དབྱིབས་སུ་འཁོད། །ཉི་མའི་དཀྱིལ་འཁོར་དབྱིབས་ཀྱང་འདྲ། །སྤོས་ཆུ་མཚོ་ཡི་ཀློང་ལྟ་བུ། །འཇིག་རྟེན་ཁམས་རྣམས་རབ་ཏུ་གནས། །འོད་ཀྱི་དཀྱིལ་འཁོར་དབྱིབས་འདྲ་བ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྦྱངས། །འཁོར་ལོ་བཀྲ་ཤིས་ དབྱིབས་ལྟ་བུ། །འཇིག་རྟེན་ལ་ལ་དཀྱིལ་འཁོར་དེ། །མཛོད་སྤུ་སྤྱི་གཙུག་དབྱིབས་ལྟ་བུ། །ལ་ལ་མིག་གི་ཚུལ་ཡང་འདྲ། །སངས་རྒྱས་ཕྱག་གི་དབྱིབས་ལྟ་བུ། །ལ་ལ་རྡོ་རྗེའི་དབྱིབས་སུ་འདུག །འོད་འཕྲོ་རི་ཡི་དབྱིབས་ཀྱང་འདྲ། །བྱང་ཆུབ་ སེམས་དཔས་ཀུན་ཏུ་གང་། །ཞིང་རྣམས་ལ་ལ་སེང་གེའི་དབྱིབས། །ནོར་བུའི་གོ་ཅར་མངོན་པར་བསྒྲུབས། །གཟུགས་དང་དབྱིབས་ནི་དུ་མ་སྟེ། །གཟུགས་རྣམས་ཀུན་གྱིས་རབ་ཏུ་གནས། །ཞིང་གི་རྒྱུད་ནི་གཅིག་ལ་ཡང་། །ཞིང་གི་དབྱིབས་རྣམས་མི་ ཟད་པ། །རབ་ཏུ་གནས་པ་བྱིན་རླབས་དང་། །སངས་རྒྱས་སྨོན་ལམ་རྣམས་ཀྱིས་བྱུང་། །ཞིང་རྣམས་ལ་ལ་བསྐལ་པ་ཙམ། །ལ་ལ་བསྐལ་པ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་པ་བྱེ་བར་བརྗོད་པ་ཡིན། །ལ་ལ་ བསྐལ་པ་གཅིག་ལ་ཡང་། །ཞིང་རྣམས་མང་པོ་འབྱུང་བ་སྣང་། །ཚད་མེད་གྲངས་ཀྱང་མེད་པ་སྟེ། །འཇིག་པ་དེ་བཞིན་བསམ་མི་ཁྱབ། །ཞིང་རྣམས་ལ་ལ་སངས་རྒྱས་མེད། །ཞིང་རྣམས་ལ་ལ་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་ གཅིག །ལ་ལ་སངས་རྒྱས་མང་པོའོ། །སངས་རྒྱས་མེད་པའི་ཞིང་རྣམས་དང་། །འཇིག་རྟེན་གཞན་གྱི་ཁམས་སུ་ཡང་། །སངས་རྒྱས་སྤྲུལ་པ་གཤེགས་མཛད་ཅིང་། །རྣམ་པར་འཕྲུལ་པ་རབ་ཏུ་སྟོན། །འཕོ་དང་འབྱུང་དང་སྐུ་ཚེ་དང་། །བྱང་ཆུབ་ མངོན་པར་འཚང་རྒྱ་དང་། །བདུད་ཀྱི་སྡེ་དག་འདུལ་བ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན། །སེམས་ཅན་བསམ་པ་ཇི་བཞིན་དུ། །གཟུགས་རྣམས་སྣ་ཚོགས་ཀུན་ཀྱང་སྟོན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །འཇིག་རྟེན་ཀུན་ན་ཐ་མི་དད། །སངས་ རྒྱས་ཞིང་རྣམས་རེ་རེར་ཡང་། །རྒྱལ་བ་གཅིག་ནི་སྐྱེར་འགྱུར་ཏེ། །ལོ་གྲངས་བྱེ་བ་ཕྲག་སྟོང་དུ། །ཆོས་ཀྱི་དམ་པ་རབ་ཏུ་སྟོན། །སེམས་ཅན་སྣོད་དུ་མ་གྱུར་ལ། །སངས་རྒྱས་སྟོན་པ་མི་མཛད་དོ། །སངས་རྒྱས་བསམ་དང་ལྡན་པས་ནི། །དེ་ཉིད་གཅིག་ཀྱང་ ཀུན་ཏུ་མཐོང་། །སངས་རྒྱས་མང་པོའི་ཞིང་གི་རྣམས། །ཞིང་རྣམས་རེ་རེ་དག་ཏུ་ཡང་། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །རྒྱལ་བ་རྣམས་ནི་རབ་ཏུ་སྐྱེ། །རྒྱལ་བ་སོ་སོ་དེ་དག་ན། །སྤྲུལ་པ་མང་པོ་རབ་འགྱེད་ཅིང་། །ཆོས་ཀྱི་དབྱིངས་ནི་ཁྱབ་མཛད་ནས། ། སེམས་ཅན་རྒྱ་མཚོ་འདུལ་བ་མཛད། །ཞིང་རྣམས་ལ་ལ་འོད་མེད་དེ། །མུན་པ་འཇིགས་པ་ཤིན་ཏུ་ཆེ། །རེག་ན་སྡུག་བསྔལ་སྤུ་གྲི་འདྲ། །བལྟ་ན་མི་བཟད་སྐྱི་ཡང་གཡའ། །ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་གྱི་འོད་ཅན་ཏེ། །ལ་ལ་ཉི་ཟླའི་ འོད་དང་ལྡན། །ཞིང་གི་དྲ་བ་བསམ་མི་ཁྱབ། །ཞིང་རྣམས་ལ་ལ་རང་གི་འོད། །ཤིང་གི་འོད་ཅན་དྲི་མ་མེད། །གང་དུ་སྡུག་བསྔལ་མི་མཐོང་བ། །དེ་དག་སེམས་ཅན་དགེ་ལས་བྱུང་། །ལ་ལ་རི་ཡི་འོད་ཅན་ཏེ། །ཞིང་རྣམས་ལ་ལ་ནོར་བུའི་འོད། །ལ་ ལ་མར་མེའི་འོད་ཅན་ཏེ། །སེམས་ཅན་རྣམས་ཀྱི་ལས་ཀྱིས་བྱུང་། །ཞིང་རྣམས་ལ་ལ་སངས་རྒྱས་འོད། །བྱང་ཆུབ་སེམས་དཔས་ཀུན་ཏུ་གང་། །ཞིང་རྣམས་ལ་ལ་པད་མོའི་འོད། །འོད་འཕྲོ་འོད་ཅན་རབ་ཏུ་མཛེས། །ཞིང་རྣམས་ལ་ལ་ མེ་ཏོག་འོད། །སྤོས་ཆུའི་འོད་དང་ལྡན་པའང་ཡོད། །སྤོས་དང་བདུག་པ་འོད་འཕྲོ་ཅན། །སྨོན་ལམ་དབང་གིས་རྣམ་པར་སྦྱངས། །ཞིང་རྣམས་ལ་ལ་སྤྲིན་འོད་ཅན། །ནོར་བུའི་གོ་ཅའི་འོད་ཀྱིས་གསལ། །སངས་རྒྱས་བྱིན་གྱི་རླབས་ཀྱིས་སྣང་། །ཡིད་དུ་འོང་བའི་སྒྲ་དབྱངས་ ལྡན། །རིན་ཆེན་ཅོད་པན་འོད་དང་ལྡན། །རྡོ་རྗེ་གསེར་གྱི་འོད་ཀྱིས་སྣང་། །ཡོངས་སུ་དག་པའི་སྒྲ་དབྱངས་ཅན། །དེ་དག་ན་ནི་སྡུག་བསྔལ་མེད། །ཐམས་ཅད་རྒྱན་གྱི་འོད་ཅན་དང་། །ཞིང་རྣམས་ལ་ལ་ནོར་བུའི་འོད། །ལ་ལ་སྙིང་པོ་བྱང་ཆུབ་འོད། །འཁོར་རྣམས་ ཀུན་ཏུ་རབ་ཏུ་སྣང་། །སངས་རྒྱས་སྤྲུལ་པའི་སྣང་བ་ཅན། །སངས་རྒྱས་སྤྲིན་གྱིས་ཀུན་ནས་ཡོག །ཀུན་ཏུ་འོད་ཀྱིས་རབ་ཏུ་སྣང་། །ཆོས་ཀྱི་དབྱིངས་དང་མཉམ་པའི་འོད། །ཞིང་རྣམས་ལ་ལ་མེ་ཡི་འོད། །ཞིང་རྣམས་ལ་ལ་འཇིགས་སྒྲ་ཅན། །མི་ཟད་འཇིགས་ པའི་ང་རོ་ཅན། །རྩུབ་ཅིང་བརླང་བའི་སྒྲ་རྣམས་དང་། །ཡིད་མྱོང་འཇིགས་པ་ཆེན་པོ་སྒྲོག །དམྱལ་བ་བྱོལ་སོང་སྐྱེ་གནས་དང་། །གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་རྣམས། །མྱ་ངན་རྒྱ་མཚོའི་ཞིང་གི་རྣམས། །ཉོན་མོངས་ལྡན་པའི་སྒྲ་ཡང་འབྱུང་། །ལ་ ལ་དག་ན་ཡིད་འོང་སྒྲ། །དགའ་བར་བྱེད་ཅིང་སྟོན་འདེམས་པ། །བདེ་བའི་ལས་རྣམས་འབྲས་བུའི་དབྱངས། །ཞིང་གི་འཁོར་ན་རབ་ཏུ་སྒྲོག །ལ་ལ་བརྒྱ་བྱིན་ལྷ་དབང་དབྱངས། །གཞན་དག་ཚངས་པའི་སྒྲ་དབྱངས་ཏེ། །འཇིག་རྟེན་ཀུན་གྱི་དབྱངས་སུ་ཡང་། ། ལ་ལའི་ཞིང་ན་རབ་ཏུ་གྲག །ཞིང་རྣམས་ལ་ལ་སྤྲིན་གྱི་སྒྲ། །རིན་ཆེན་རྒྱ་མཚོ་འོད་ཟེར་དང་། །ནོར་བུར་ཤིང་གི་གཟུགས་སྒྲ་དང་། །རོལ་མོའི་སྒྲ་ཡིས་ཀུན་ཏུ་ཁྱབ། །འོད་ཟེར་ཀློང་གི་སྒྲ་རྣམས་དང་། །སངས་རྒྱས་སྤྲུལ་པ་མི་ཟད་དང་། །བྱང་ཆུབ་སེམས་ པའི་སྒྲ་དག་དང་། །འོད་ཟེར་སྒྲ་ནི་སྙན་པ་འབྱུང་། །ཆོས་ཀྱི་འཁོར་ལོའི་སྒྲ་རྣམས་དང་། །ཁ་ཅིག་ཞིང་ན་བསམ་ཡས་པའི། །སྨོན་ལམ་རྒྱ་མཚོའི་ང་རོ་དང་། །སྤྱོད་པའི་སྒྲ་ཡང་སྙན་པར་འབྱུང་། །དུས་གསུམ་གཤེགས་པའི་སངས་རྒྱས་ཀྱི། །མཚན་གྱི་ དཀྱིལ་འཁོར་མང་པོ་དང་། །དེ་དག་ཞིང་རྣམས་འབྱུང་བའི་སྒྲ། །ཟད་པ་མེད་པའི་དབྱངས་སུ་སྒྲོག །སངས་རྒྱས་རྣམས་ཀྱི་སྟོབས་སྒྲ་དང་། །ཚད་མེད་ས་དང་ཕ་རོལ་ཕྱིན། །ཆོས་ཀྱི་རང་བཞིན་སྒྲ་དག་ཀྱང་། །ཁ་ཅིག་ཞིང་ན་རབ་ཏུ་གྲག །ཀུན་ཏུ་བཟང་པོའི་ སྨོན་ལམ་གྱི། །སྒྲ་ནི་ཞིང་རྣམས་བྱེ་བ་འབྱིན། །བསྐལ་པར་གནས་ཤིང་རབ་ཏུ་སྒྲོག །སྒྲ་དབྱངས་འབྱིན་པ་ཟད་མི་ཤེས། །ཞིང་གི་དབྱིངས་རྣམས་ལ་ལ་ན། །སངས་རྒྱས་རྣམ་པར་སྤྲུལ་པ་ཡི། །སྒྲ་ཡིས་ཆོས་ཀྱི་དབྱིངས་བཀང་བ། །དེ་དག་ཀུན་ནས་ རབ་ཏུ་གྲག །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་དགོད་པ་ཤིན་ཏུ་བསྟན་པ་ཞེས་བྱ་བ་སྟེ། ལེའུ་དགུ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། །རིགས་ཀྱི་བུ་དག་སྔོན་འདས་ པའི་བསྐལ་པ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དེ་བས་ཀྱང་ཕ་སྔའི་དུས་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཚུལ་དྲི་མ་མེད་པར་ཕྱོགས་ཀུན་སྣང་བ་ཞེས་བྱ་བའི་དབུས་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་བྱུང་སྟེ། འཇིག་རྟེན་གྱི་ ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེ་ནི། རིན་པོ་ཆེའི་པད་མོ་མང་པོའི་རྒྱ་མཚོ་ལ་རབ་ཏུ་གནས་པ་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ། འཇིག་རྟེན་གྱི་ཁམས་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ། ཀུན་ནས་ཟླུམ་པའི་དབྱིབས་སུ་འདུག་པ། གཞི་རྒྱན་ མཐའ་ཡས་པས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཁོར་ཡུག་བརྒྱ་ཕྲག་གསུམ་གྱིས་ཀུན་ནས་བསྐོར་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པ། རི་རབ་དང་གྲོང་ཁྱེར་དང་། ཁང་ཁྱིམ་དྲི་མ་མེད་ཅིང་འོད་རྣམ་པར་སྣང་བས་བརྒྱན་པ། ཟས་དང་ སྐོམ་དང་། གོས་ཀྱི་ལོངས་སྤྱོད་ཡིད་ཀྱིས་བསམས་པས་འབྱུང་བ་རྒྱན་གྱི་རྣམ་པ་བརྗོད་པ་སྣ་ཚོགས་དང་ལྡན་པ་ཞིག་སྟེ། འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེའི་དབུས་ན། སྤོས་ཆུའི་རྒྱ་མཚོ་འོད་རྣམ་པར་དག་པ་ཞེས་བྱ་བ་ཡོད་དེ། དེ་ལས་མེ་ཏོག་གི་རི་རབ་མེ་ཏོག་འོད་འཕྲོ་བའི་རྒྱན་གྱི་རྒྱལ་མཚན་ཞེས་བྱ་བ། རིན་པོ་ཆེའི་ཁྲི་འཕང་བཅུའི་འཁོར་གྱིས་བསྐོར་ཅིང་བརྒྱན་པ་ཞིག་བྱུང་སྟེ། རི་རབ་དེའི་སྟེང་ན་ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། སྤོས་ཀྱི་ རྒྱལ་མཚན་སྟོང་ཕྲག་དཔག་ཏུ་མེད་པ་ཤིན་ཏུ་བསྒྲེངས་པའི་རྒྱན་ཅན། མེ་ཏོག་གི་ཁང་པ་བརྩེགས་པ་དཔག་ཏུ་མེད་པའི་ཕྲེང་བ་རྣམ་པར་བྲེས་པ། ནོར་བུའི་ཁང་པ་བརྩེགས་པ་རྣམ་པར་བཀོད་པ། རིན་པོ་ཆེའི་རྡོ་རྗེའི་རྒྱལ་མཚན་དཔག་ཏུ་མེད་པས་ཀུན་ཏུ་བརྒྱན་པ། རིན་པོ་ ཆེའི་མེ་ཏོག་པུན་ད་རི་ཀ་དཔག་ཏུ་མེད་པའི་ཕྲེང་བ་དག་གིས་ཀུན་ནས་བསྐོར་བ། སྤོས་དང་། རིན་པོ་ཆེའི་པད་མོ་མང་པོ་དཔག་ཏུ་མེད་པས་ཀུན་ཏུ་བརྒྱན་པ། རོལ་མོ་སྣ་ཚོགས་ཀྱི་སྒྲ་ཡིད་དུ་འོང་བའི་སྤྲིན་དཔག་ཏུ་མེད་པས་ཀུན་ཏུ་རྒྱས་པ། སྤོས་དང་བདུག་པའི་འོད་འཕྲོ་བའི་སྤྲིན་ དཔག་ཏུ་མེད་པས་ཀུན་ཏུ་སྣང་བར་བྱས་པ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་སེམས་ཅན་སྣ་ཚོགས་སྣང་བས་ཀུན་ནས་བསྐོར་བ་སྟེ། འདི་ལྟར་ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། དེའི་ཤར་ཕྱོགས་ལོགས་ན་ གྲོང་ཁྱེར་ཆེན་པོ་འོད་འཕྲོ་སྣང་བ་ཞེས་བྱ་བ་མི་ཡི་རྒྱལ་པོའི་གནས་གྲོང་ཁྱེར་བརྒྱ་སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བ། རིན་པོ་ཆེ་འབའ་ཞིག་ལས་བྱས་པ་ཆུ་དང་ཞེང་དུ་དཔག་ཚད་སྟོང་ཕྲག་བདུན་ཡོད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ཏགས་དང་། ཕྲུ་མའི་ར་བ་བདུན་གྱིས་བརྒྱན་ཅིང་ ཀུན་ནས་བསྐོར་བ། རིན་པོ་ཆེའི་འོབས་སྤོས་ཀྱི་ཆུས་གང་བ། རིན་པོ་ཆེའི་མེ་ཏོག་ཨུཏྤ་ལ་དང་། པདྨོ་དང་། ཀུ་མུ་ད་དང་། མེ་ཏོག་པུན་ད་རི་ཀས་རྣམ་པར་བརྒྱན་པ་བདུན་གྱིས་ཀུན་ནས་བསྐོར་བ། ཤིང་ཏ་ལའི་ཕྲེང་བ་རྒྱན་རྣམ་པ་སྣ་ཚོགས་ཀྱི་ཚོགས་མང་པོ་འབྱིན་པ་ བདུན་གྱིས་ཀུན་ནས་བསྐོར་བ། རིན་པོ་ཆེའི་རྒྱན་དང་ཁང་བུ་བརྩེགས་པས་རབ་ཏུ་བརྒྱན་པ། སྟེང་ནས་གསེར་གྱི་དྲ་བ་དང་། དྲིལ་བུའི་དྲ་བ་དང་། མེ་ཏོག་གི་ཕྲེང་བའི་དྲ་བ་དང་། ཨིནྡྲ་ནཱི་ལའི་དྲ་བ་དང་། རྡོ་རྗེ་པད་མོའི་དྲ་བས་ཀུན་ནས་ཡོག་ལ། རིན་པོ་ཆེའི་ཤིང་དྲུང་མེ་ ཏོག་གི་དྲ་བ་དང་། རོལ་མོའི་སྒྲ་མང་པོ་ཐམས་ཅད་ཀྱི་སྤྲིན་ཡིད་དུ་འོང་བས་ཀུན་ཏུ་ཁྱབ་པ། སྤོས་དང་ཕྲེང་བའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཡོད་དེ། དེའི་འཁོར་ཀུན་ན་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཡོད་དེ། སྒོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ ཚོགས་ཐམས་ཅད་ཀྱིས་བྱས་པ་སྟེ། སྒོ་དེ་དག་རེ་རེའི་མདུན་ཡང་རིན་པོ་ཆེ་རྡོ་ཡི་རྒྱལ་མཚན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བདུན་བདུན་གྱིས་བརྒྱན་པའོ། །བཟའ་ཤིང་གི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུས་ཀྱང་ཀུན་ནས་བསྐོར་བ་སྟེ། བཟའ་ཤིང་གི་ར་བ་དེ་ དག་ཐམས་ཅད་ཀྱང་སྤོས་དང་རིན་པོ་ཆེའི་ཤིང་སྣ་ཚོགས་ལས་སྤོས་ཀྱི་དྲི་ཀུན་ཏུ་བྱུང་བ་བྱ་སྣ་ཚོགས་ཡིད་དུ་འོང་བའི་སྒྲ་འབྱིན་པའོ། །གྲོང་ཁྱེར་ཆེན་པོ་འོད་འཕྲོ་བའི་སྤྲིན་ཅེས་བྱ་བ་དེར་མྱི་སྐྱེས་པ་ཐམས་ཅད་ཀྱང་ལས་ཀྱི་རྣམ་པར་སྨིན་པས་རྫུ་འཕྲུལ་ཐོབ་པ་དག་སྟེ། ནམ་ མཁའ་ལས་རྒྱུ་བ་མི་དང་ལྷ་མཉམ་དུ་སྤྱོད་པ། ཡིད་བཞིན་གྱི་ཡུལ་ལ་ལོངས་སྤྱོད་པ་ཤ་སྟག་གོ །དེ་ནས་ལྷོ་ཕྱོགས་ལོགས་ན་ལྷ་ཡི་གྲོང་ཁྱེར་ཤིང་གི་མེ་ཏོག་སྣ་ཚོགས་ཞེས་བྱ་བ་ཡོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་ན་ཀླུའི་གྲོང་ཁྱེར་ཀུན་ཏུ་རྫོགས་པ་ཞེས་བྱ་བ་ཡོད་དོ། ། དེ་ནས་ལྷོ་ཕྱོགས་ལོགས་ན་གནོད་སྦྱིན་གྱི་གྲོང་ཁྱེར་རྡོ་རྗེའི་དཔལ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་ན་དྲི་ཟའི་གྲོང་ཁྱེར་གཞལ་མེད་ཁང་བཟང་པོ་ཞེས་བྱ་བ་ཡོད་དོ། །དེ་དང་འདབ་ཆགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་འཁོར་ལོའི་ཚོན་ཅེས་བྱ་ བ་ཡོད་དོ། །དེ་དང་འདབ་ཆགས་སུ་འདབ་མ་བཟང་པོའི་གྲོང་ཁྱེར་རིན་པོ་ཆེ་སྣ་ཚོགས་བཟང་པོའི་ལྟེ་བ་ཞེས་བྱ་བ་ཡོད་དོ། །དེ་དང་འདབ་ཆགས་སུ་བྲམ་ཟེའི་གྲོང་ཁྱེར་རྒྱན་བཟང་པོ་སྣ་ཚོགས་ཞེས་བྱ་བ་ཡོད་དེ། དེ་དག་ལ་སྩོགས་པ་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བའོ། །གྲོང་ཁྱེར་དེ་དག་རེ་རེ་ཞིང་ཡང་རྒྱན་མང་པོ་དུ་མས་བརྒྱན་པ་ནས་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་གྱིས་བསྐོར་བའི་བར་དུ་སྟེ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་ པ་ཞེས་བྱ་བ་དེའི་དབུས་ན། སྙིང་པོ་བྱང་ཆུབ་རིན་པོ་ཆེའི་མེ་ཏོག་རྣམ་པར་སྣང་བ་ཞེས་བྱ་བ་རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་། ཡལ་ག་སྟུག་ཅིང་རྒྱ་ཆེ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པས་ཀུན་ནས་བསྐོར་བ། རིན་པོ་ཆེའི་མེ་ཏོག་གཟུགས་དང་། དབྱིབས་རྣམ་པ་ཐ་དད་པ་ མང་པོ་ཤིན་ཏུ་རྒྱས་པ་སྤོས་དང་མར་མེ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ལྟར་འདུག་པའི་ཕྲེང་བ་མང་པོ་རྒྱ་ཆེན་པོའི་སྤྲིན་ཀུན་ཏུ་བཀྲམ་པ། རིན་པོ་ཆེའི་འོད་ཐུར་དུ་འཕྲོ་བས་ཞིང་ཀུན་ཏུ་ཁྱབ་པ་འོད་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་སྤྲིན་གྱིས་བརྒྱན་པ། ཕྱོགས་བཅུ་འོད་ཟེར་ མང་པོས་རྣམ་པར་སྣང་བར་བྱས་པ་རྒྱན་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་མང་པོས་སྤྲས་པ། རོལ་མོ་ཐམས་ཅད་ཀྱི་སྒྲ་དབྱངས་ཤིན་ཏུ་འབྱུང་བ། ནོར་བུའི་རྒྱལ་པོ་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་ལུས་འབྱུང་བ། ཕྱོགས་བཅུར་མེ་ཏོག་སྣ་ཚོགས་མང་ པོ་རབ་ཏུ་འབྱུང་བ་ཡོད་དེ། དེའི་མདུན་དུ་པད་མོ་ཆེན་པོ་མེ་ཏོག་གི་ཟེ་བ་འོད་འཕྲོ་བའི་དཀྱིལ་འཁོར་ཞེས་བྱ་བ་རྒྱར་དཔག་ཚད་བྱེ་བ་ཕྲག་བརྒྱ་ཡོད་པ། རྩ་བ་སྤོས་དང་རིན་པོ་ཆེ་དང་རྡོ་རྗེའི་རྒྱ་མཚོ་ལ་ཟུག་པ། ཆུ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོན་གྱིས་རྣམ་པ་སྣ་ ཚོགས་སུ་གྱུར་པ། རིན་པོ་ཆེ་རྣམ་པ་ཐ་དད་པ་ཚད་མེད་པའི་འདབ་མ་ཅན། རིན་པོ་ཆེ་འོད་འཕྲོ་བ་དང་། སྤོས་ཀྱི་ཟེ་བའི་དཀྱིལ་འཁོར་གྱིས་བརྒྱན་པ། སྙིང་པོ་ལ་རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་ཚོན་བཀྱེ་བ་པད་མོའི་དཀྱིལ་འཁོར་བརྗོད་དུ་མེད་པ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བ། ཕྱོགས་བཅུར་འོད་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་རབ་ཏུ་འགྱེད་པ། ཟེ་བ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་འབྱུང་བ་མངོན་པར་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེར། དེ་བཞིན་གཤེགས་པ་རི་རབ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། དེ་བཞིན་གཤེགས་པ་རི་རབ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་ལས་བསྐལ་པའི་ཐོག་མ་པ་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ པའི་དེ་བཞིན་གཤེགས་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དབྱངས་ཤེས་བྱ་སྟེ། དེས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཚུལ་དྲི་མ་མེད་པར་ཕྱོགས་ཀུན་ཏུ་སྣང་བ་ཞེས་བྱ་བ་འདི་ཡོངས་སུ་སྦྱངས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་ བྱ་བ་དེར་ལོ་བརྒྱ་ན། དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བའི་ཚེ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཏེ། འདི་ལྟར་རིན་པོ་ཆེའི་འོད་འཕྲོ་བའི་སྤྲིན་བསམ་གྱིས་ མི་ཁྱབ་པ་རབ་ཏུ་གཏོང་བའི་སྙིང་པོ་ཅན་དུ་གྱུར་ནས། སངས་རྒྱས་ཀྱི་ཡོན་ཏན་གྱི་དཀྱིལ་འཁོར་གྱི་སྒྲ་ཡང་རབ་ཏུ་འབྱིན། ཕྱོགས་བཅུ་དག་ཀྱང་འོད་ཟེར་གྱི་དྲ་བས་རྣམ་པར་སྣང་བར་བྱེད། གཞལ་མེད་ཁང་དང་ཁང་ཁྱིམ་གྱི་གྲོང་རྡལ་ཐམས་ཅད་ཀྱང་རབ་ ཏུ་སྣང་བར་བྱེད། རིན་པོ་ཆེའི་མེ་ཏོག་དང་། འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་ཡང་རབ་ཏུ་འགྱེད། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་དགེ་བའི་རྩ་བ་ཡངས་པའི་སྒྲ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་རབ་ཏུ་མཐོང་བའི་སྒྲ་ དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་། སྤྱོད་པ་དང་འབྱུང་བ་མངོན་པར་བསྒྲུབ་པའི་སྒྲ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་ངེས་པའི་ཚིག་སྣ་ཚོགས་རབ་ཏུ་བསྒྲག་པའི་སྒྲ་དག་ཀྱང་རབ་ཏུ་འབྱིན་ཏོ། །དེ་དག་ནི་དེ་བཞིན་གཤེགས་ པ་སྐྱེ་བའི་ལྟས་ཏེ། རྒྱན་དེ་དག་བྱུང་བ་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་འབྱུང་བར་འཇིག་རྟེན་གྱི་དབང་པོ་རྣམས་ཀྱིས་ཁོང་དུ་ཆུད་དོ། །དེ་བཞིན་གཤེགས་པ་ལས་མཉན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། སངས་རྒྱས་བལྟ་བར་མོས་ པ་དང་སྙིང་པོ་བྱང་ཆུབ་ཏུ་མངོན་པར་གཞོལ་བ་དེ་དག་ཐམས་ཅད་ཀྱང་ལྟས་མངོན་དུ་བྱུང་བས་ཡང་དག་པར་བསྐུལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དཔལ་ཞེས་བྱ་བ་མཉམ་པ་ཉིད་ཀྱིས་ཆོས་ ཀྱི་དབྱིངས་ཀུན་ཏུ་ཁྱབ་པའི་སྐུ་ཅན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡོངས་སུ་སྐྱེ་བ་རབ་ཏུ་འཕྲོས་པ། སྐུ་སྙིང་པོ་བྱང་ཆུབ་ཐམས་ཅད་ལ་བཞུགས་པ། གཟུགས་ཀྱི་སྐུ་མཐའ་དང་དབུས་མེད་པར་རྣམ་པར་དག་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་འཕགས་ ཤིང་ཟིལ་གྱིས་གནོན་པ། མཚན་རིན་པོ་ཆེའི་མེ་ཏོག་ཐམས་ཅད་ཤིན་ཏུ་རྒྱས་པ། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་རབ་ཏུ་འབྱུང་བ། འགྲོ་བ་ཐམས་ཅད་ལ་མངོན་དུ་སྟོན་པ། སངས་རྒྱས་ཀྱི་སྤྲུལ་པ་ཁ་དོག་མཐའ་ཡས་པའི་སྤྲིན་གྱིས་དྲ་བ་རབ་ཏུ་ འགྱེད་པ། འཇིག་རྟེན་གྱི་ཁམས་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཁྱབ་པར་མཛད་པ། འོད་ཟེར་ཀྱི་དྲ་བ་ཁ་དོག་མཐའ་ཡས་པ་རབ་ཏུ་གཏོང་བ་དེ་པད་མོ་ཆེན་པོ་དེ་ལ་མངོན་པར་བྱུང་བར་གྱུར་ཏོ། །ཇི་ལྟར་སྤོས་ཆུའི་རྒྱ་མཚོ་རྣམ་པར་དག་པའི་འོད་ལ་རབ་ཏུ་ གནས་པའི་རི་རབ་མེ་ཏོག་གི་འོད་འཕྲོ་བས་བརྒྱན་པའི་རྒྱལ་མཚན་གསེར་ཤིན་ཏུ་འབར་བའི་རྒྱན་ཅེས་བྱ་བའི་རྩེ་མོ་ལ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པར་སངས་རྒྱས་ཀྱི་གདན་ལ་བཞུགས་པ། དེ་བཞིན་དུ་འཇིག་ རྟེན་གྱི་ཁམས་དཔལ་གྱི་སྒྲ་ཀུན་ཏུ་ཡང་རི་རབ་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་རྩེ་མོ་ལ་བཞུགས་པར་ཀུན་ན་སྣང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཀུན་ཏུ་ཚུལ་རྒྱ་ཆེ་བ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འབྱམ་ཀླས་པ་དག་གི་གླིང་བཞི་པ་ཐམས་ཅད་ནའང་སྙིང་པོ་བྱང་ཆུབ་ལ་བཞུགས་པར་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་གྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་གཟེར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་སྐྱེད་པ་ཞེས་བྱ་ བ་འོད་ཟེར་སངས་རྒྱས་ཀྱི་ཞིང་། ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་རབ་ཏུ་བཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་ནས། འདུལ་བ་ཐམས་ཅད་ཡང་དག་པར་བསྐུལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་གྱིས་འོད་ཟེར་དེ་དག་བཀྱེ་མ་ཐག་ཏུ། དེའི་མོད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་གྱུར། སྒྲིབ་པའི་དྲ་བ་ཐམས་ཅད་ཀྱང་ཤིན་ཏུ་བསལ། སངས་རྒྱས་བལྟ་བ་ལ་སྒྲིབ་པའི་རི་ཐམས་ ཅད་ཀྱང་རྣམ་པར་བཅོམ། སེམས་ཅན་ཐམས་ཅད་ཀྱི་རྙོག་པ་ཡང་རྣམ་པར་དག །དགེ་བ་རྒྱ་མཚོ་ཐམས་ཅད་ཀྱང་རབ་ཏུ་བྱུང་། མོས་པ་ཡངས་པའི་དཀྱིལ་འཁོར་ཡང་ཡོངས་སུ་དག །མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོའི་གཡང་ས་དང་། འཇིགས་ པ་ཐམས་ཅད་ཀྱང་རྣམ་པར་བསྩལ། ལུས་དང་སེམས་ཀྱི་གནོད་པ་ཐམས་ཅད་ཀྱང་རབ་ཏུ་ཞི། སངས་རྒྱས་མཐོང་བས་དགའ་བའི་ཤུགས་ཀྱང་རྣམ་པར་དག །ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་གཞོལ་བ་ཡང་ཤིན་ཏུ་ཐོབ་པར་གྱུར་ཏེ། དེ་དག་འོད་གཟེར་དེས་ཡང་ དག་པར་བསྐུལ་བ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་འཁོར་བརྒྱ་སྟོང་དུ་མ་དག་གིས་བསྐོར་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་འདོང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་གྲོང་ཁྱེར་ཆེན་པོ་འོད་འཕྲོ་བའི་འོད་ཅེས་བྱ་བ་དེར་རྒྱལ་པོ་བལྟ་ན་དགའ་བ་ ཤིན་ཏུ་གཙང་བའི་བློ་གྲོས་ཤེས་བྱ་བ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བདག་པོ་བྱུང་སྟེ། དེ་ལ་བུད་མེད་བསོད་ནམས་ཀྱི་དཔལ་ལ་སྩོགས་པ་སྟོང་ཕྲག་སུམ་ཅུ་རྩ་བདུན་ཡོད་དོ། །དེ་ལ་བུ་གཟི་བརྗིད་ཆེན་པོ་ལ་སྩོགས་པ་ལྔ་བརྒྱ་ཡོད་དོ། །རྒྱལ་ པོའི་བུ་གཟི་བརྗིད་ཆེན་པོ་ལ་ཡང་བུད་མེད་བལྟ་ན་བཟང་བ་ལ་སྩོགས་པ་སྟོང་ཕྲག་བཅུ་ཡོད་དོ། །དེ་ནས་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཆེན་པོས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐོང་ནས་སྔོན་གྱི་དགེ་བའི་རྒྱུས་ཆོས་བཅུ་ཁོང་དུ་ཆུད་པར་གྱུར་ཏོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་རབ་ཏུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཚུལ་ ཡངས་པའི་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ། འགྲོ་བ་ཐམས་ཅད་འདུལ་བའི་རྒྱན་ཆེན་པོ་ཞེས་བྱ་བའི་བྱམས་པ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་སྒྲ་ཡི་སྤྲིན་གྱིས་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་ ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཡོན་ཏན་མཐའ་དང་དབུས་མེད་པས་ཡང་དག་པར་འཕགས་པ་ཞེས་བྱ་བ་དགའ་བ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པ་ཞེས་བྱ་བའི་བཏང་སྙོམས་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཚུལ་གྱི་གཞི་ རྒྱ་ཆེན་པོ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་མངོན་པར་ཤེས་པ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་མོས་པ་རྒྱ་མཚོའི་སྟོབས་དང་ཤུགས་རྣམ་པར་འཕེལ་བར་བྱེད་པ་ཞེས་བྱ་བའི་སྨོན་ལམ་གྱི་ཚུལ་གྱི་སྒོ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ འོད་ལ་ཡང་དག་པར་གཞོལ་བའི་ཤུགས་ཞེས་བྱ་བ་ཐ་དད་པ་ཡང་དག་པར་ཤེས་པའི་ཡེ་ཤེས་ཆེན་པོའི་སྒོ་ཁོང་དུ་ཆུད་དོ། །དེ་ནས་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཆེན་པོ་ཞེས་བྱ་བ་དེ་ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་ནས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ འཁོར་གྱི་ཚོགས་ཐམས་ཅད་ལ་ཚིགས་སུ་བཅད་དེ་སྨྲས་པ། །ཉི་མ་མང་པོ་སྟོང་གི་རྣམས། །མཁའ་ལ་མངོན་པར་འཕགས་པ་བཞིན། །སྙིང་པོ་བྱང་ཆུབ་དྲི་མེད་ལ། །སངས་རྒྱས་འོད་ནི་ཤིན་ཏུ་སྣང་། །བསྐལ་པ་བྱེ་བ་སྟོང་དག་གི། །མགོན་པོ་འཇིག་རྟེན་བྱུང་བ་ནི། །སངས་ རྒྱས་ཡང་དག་སྐྱེས་པ་རྣམས། །རྒྱལ་བ་ཀུན་ན་རབ་ཏུ་སྣང་། །ལྟོས་ཤིག་སངས་རྒྱས་འོད་ཟེར་ལ། །སངས་རྒྱས་སྤྲིན་ནི་བསམ་མི་ཁྱབ། །གནས་རྣམས་ཀུན་ན་ཀུན་ཀྱང་སྣང་། །དེ་བཞིན་གཤེགས་པ་མཉམ་པར་གཞག །འོད་འཕྲོ་སྤྲིན་རྣམས་རབ་ བཀྱེ་བ། །འོད་ཟེར་སྤྲིན་ལ་ཟད་མི་ཤེས། །འཇིག་རྟེན་འདི་དག་སྣང་བར་བྱེད། །སངས་རྒྱས་རྣམ་པར་འཕྲུལ་ལ་ལྟོས། །སངས་རྒྱས་རྣམས་ཀྱི་སྐུ་དག་ལས། །འོད་གཟེར་རྣམས་ནི་དྲི་མེད་པ། །སེམས་ཅན་ཀུན་དང་མཉམ་པའི་ལུས། །ཕྱོགས་ དང་ཕྱོགས་མཚམས་རྒྱས་འགེངས་ལྟོས། །སངས་རྒྱས་གསུང་ནི་ཡིད་འོང་བ། །འགྲོ་བ་ཀུན་ཏུ་རབ་ཏུ་བསྒྲགས། །འགྲོ་ཀུན་དབྱངས་ཀྱི་ཡན་ལག་ཏུ། །སངས་རྒྱས་ཡོན་ཏན་རྣམ་པར་བརྗོད། །སངས་རྒྱས་འོད་ཀྱིས་ཕོག་པ་ཡི། །སེམས་ཅན་ཀུན་ཀྱང་ བདེ་བར་གྱུར། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི། །འགྲོ་བ་ཀུན་ཀྱང་དགའ་བ་སྐྱེས། །བྱང་ཆུབ་སེམས་དཔའི་སྤྲིན་གྱི་རྣམས། །རིན་ཆེན་སྤྲིན་རྣམས་རབ་འགྱེད་ཅིང་། །བསྟོད་པའི་སྤྲིན་གྱིས་རྒྱལ་བའི་དྲུང་། །ཕྱོགས་བཅུ་ཀུན་ནས་མངོན་པར་འོང་། ། སྙིང་པོ་བྱང་ཆུབ་འདི་ལ་ཡང་། །སྒྲ་ཡི་རྒྱ་མཚོ་ཟབ་མོ་གྲག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི། །སངས་རྒྱས་རྣམ་པར་འཕྲུལ་ལ་ལྟོས། །ཀུན་ཀྱང་སྲི་ཞུ་ལྡན་གྱུར་ཏེ། །དགའ་ཤིང་ཤིན་ཏུ་མོས་བྱས་ཤིང་། །ཆོས་ཀྱི་རྒྱལ་པོ་བལྟ་བའི་ཕྱིར། ། འཇིག་རྟེན་མགོན་པོའི་དྲུང་དུ་འདོང་། །ཀྱེ་རྒྱལ་བའི་སྲས་དག་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཆེན་པོས་ཚིགས་སུ་བཅད་པ་འདི་བརྗོད་པའི་ཚེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཐམས་ཅད་ཀྱི་སེམས་ཅན་གྱི་གནས་ཀུན་ ཏུ་ཤིན་ཏུ་གྲག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བློ་གྲོས་ཀྱིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས་དགའ་བ་ཆེན་པོ་སྐྱེས་ཏེ། །རང་གི་འཁོར་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། །ཞང་བློན་རྣམས་དང་གཞོན་ནུ་དང་། ། རྒྱལ་པོའི་མི་དང་བློན་པོ་དང་། །ཚོང་པ་རྣམས་དང་དེ་བཞིན་དུ། །ཡུལ་མི་རྣམས་ཀྱང་ཀུན་འདུས་ཤིག །གྲོང་ཁྱེར་རྣམས་ནི་ཀུན་ཏུ་ཡང་། །རྔ་སྒྲ་དག་གིས་མྱུར་དུ་སྒྲོགས། །ཀུན་ཀྱང་འཐུན་པར་ལྷན་ཅིག་ཏུ། །རྒྱལ་བ་བལྟ་བའི་ཕྱིར་དེངས་ ཤིག །སྲང་རྣམས་ཐམས་ཅད་ཀུན་ཏུ་ཡང་། །དགེ་བའི་དྲིལ་གྱི་སྒྲ་སྒྲོགས་ཤིག། །བུ་དང་ཆུང་མ་འཁོར་བཅས་པ། །རྒྱལ་བ་བལྟ་བའི་ཕྱིར་ཡང་འདོང་། །གྲོང་ཁྱེར་རྣམས་ཀྱང་བརྒྱན་པར་གྱིས། །རྒྱན་རྣམས་ཀུན་ཏུ་བླ་རེ་བྲེས། །རྒྱལ་ མཚན་དམ་པ་བཟང་པོའི་རྣམས། །ནོར་བུ་སྣ་ཚོགས་བརྒྱན་པར་སྒྲེང་། །རིན་ཆེན་དྲ་བའི་བླ་རེ་རྣམས། །ནམ་མཁའི་དཀྱིལ་དུ་བྲེ་བར་གྱིས། །ནམ་མཁའ་འདི་ལས་ཐམས་ཅད་དུ། །སིལ་སྙན་སྤྲིན་གྱི་སྒྲ་དག་ཕྱུང་། །ལམ་གྱི་སྲང་ཡང་བརྒྱན་པར་གྱིས། །རིན་ཆེན་ཆར་ ཡང་ཀུན་ཏུ་ཕོབ། །བཞོན་པ་རིན་ཆེན་བསྟད་པར་གྱིས། །རྒྱལ་བ་བལྟ་བའི་ཕྱིར་འདོང་ངོ་། །རང་རང་སོ་སོའི་འཁོར་རྣམས་ཀྱིས། །སྣ་ཚོགས་སྤྲིན་གྱི་ཆར་ཕོབ་ཤིག །རྒྱན་གྱི་སྤྲིན་རྣམས་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱང་དགབ་པར་གྱིས། ། སྤོས་དང་པད་མོ་འོད་ཀྱི་སྤྲིན། །མེ་ཏོག་གདུགས་རྣམས་བསམ་ཡས་དང་། །སེ་མོ་དོ་དང་ཕྲེང་སྤྲིན་དང་། །གོས་ཀྱི་སྤྲིན་གྱི་ཆར་ཕོབ་ཤིག །རི་རབ་རྣམས་དང་སྤོས་ཀྱི་རི། །ནོར་བུའི་འཁོར་ལོས་བརྒྱན་པར་གྱིས། །དྲི་མེད་ཙན་དན་ཕྱེ་མ་རྣམས། །ནམ་མཁའི་ དཀྱིལ་ལ་རབ་ཏུ་སྟོན། །ནོར་བུའི་ཕྲེང་བ་མེ་ཏོག་ཕྲེང་། །རིན་ཆེན་ཕྲེང་བ་དྲི་མེད་དང་། །རིན་ཆེན་སྒྲོན་གྱི་ཕྲེང་བ་རྣམས། །ནམ་མཁའི་དབྱིངས་ལ་བསྒྲུབ་པར་གྱིས། །ཐམས་ཅད་སངས་རྒྱས་མངོན་གྱིས་ལ། །དགའ་ཞིང་སྤྲོ་བའི་སེམས་བསྐྱེད་དེ། ། བུ་དང་འཁོར་དུ་བཅས་པའི་རྣམས། །རྒྱལ་བ་བལྟ་ཕྱིར་ཀུན་འདོང་ངོ་། །དེ་ནས་རྒྱལ་པོ་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བདག་པོ་བསོད་ནམས་དཔལ་ལ་སྩོགས་པ་བུད་མེད་སྟོང་ཕྲག་སུམ་ཅུ་རྩ་བདུན་དང་། གཟི་བརྗིད་ཆེན་པོ་ལ་སོགས་པ་གཞོན་ནུ་ ལྔ་བརྒྱ་དང་། བློ་གྲོས་ཀྱི་སྟོབས་ལས་སྩོགས་པ་བློན་པོ་སྟོང་ཕྲག་དྲུག་ཅུ་དང་། དེ་དག་ལ་སྩོགས་པ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བདུན་གྱིས་བསྐོར་ཅིང་མདུན་ཏུ་བདར་ཏེ་གྲོང་ཁྱེར་ཆེན་པོ་འོད་འཕྲོ་སྣང་བ་ནས་བྱུང་ནས་སྡེའི་འཁོར་དང་བཅས་པ་ནམ་མཁའི་དབྱིངས་ སུ་མངོན་པར་འཕགས་ཏེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས། ནམ་མཁའ་ཐམས་ཅད་རྒྱན་གྱི་སྤྲིན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་གྲོང་ཁྱེར་ཤིང་གི་མེ་ཏོག་སྣ་ཚོགས་ཤེས་བྱ་བ་ནས་ཀྱང་ལྷའི་དབང་པོ་རབ་མཚེ་མའི་རྒྱལ་མཚན་ཞེས་བྱ་བ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་ འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་གྲོང་ཁྱེར་ཀུན་ཏུ་རྫོགས་པ་ནས་ཀྱང་ཀླུའི་རྒྱལ་པོ་བཅུ་དྲི་མ་མྱེད་པའི་འོད་ཅེས་བྱ་བ་ཀླུ་བྱེ་བ་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་གནོད་སྦྱིན་གྱི་གྲོང་ཁྱེར་རྡོ་རྗེའི་དཔལ་རྒྱལ་མཚན་ཞེས་བྱ་བ་ནས་ཀྱང་གནོད་སྦྱིན་གྱི་བདག་པོ་དཔའ་བས་རྒྱལ་བ་ཞེས་བྱ་བ་གནོད་སྦྱིན་བྱེ་བ་བདུན་ཅུ་རྩ་བདུན་དང་ལྷན་ཅིག །དྲི་ཟའི་ གྲོང་ཁྱེར་གཞལ་མེད་ཁང་བཟང་པོ་ནས་ཀྱང་དྲི་ཟའི་རྒྱལ་པོ་བལྟ་ན་དགའ་བ་ཞེས་བྱ་བ་དྲི་ཟ་བྱེ་བ་དགུ་བཅུ་རྩ་བདུན་དང་ལྷན་ཅིག །ལྷ་མ་ཡིན་གྱི་གྲོང་ཁྱེར་འཁོར་ལོའི་ཚོན་ནས་ཀྱང་ལྷ་མ་ཡིན་གྱི་དབང་པོ་གཟུགས་རྣམ་པར་དག་པ་ལས་སེམས་པ་ཞེས་བྱ་བ་ལྷ་མ་ཡིན་བྱེ་བ་ས