Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
སེམས་དང་ལྡན་པར་གྱུར་ཏེ། མཐུ་བོ་ཆེའི་ལུས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་ པོའི་གནས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་རྗེས་སུ་འབྲང་བར་འཐུན་པ་ལ་མོས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་གྱི་འདབ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་ བཅས་པའི་འཇིག་རྟེན་གྱི་བསྔགས་པར་འོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་སུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྒོར་ཕྱིན་པའི་ཚེ་བྱང་ཆུབ་ སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནང་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཐེག་པ་དུས་གསུམ་དུ་མཉམ་པ་ཉིད་ཀྱི་ནང་དུ་ཕྱིན་ པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང་ཕྱིར་སྤང་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་ སེམས་ཅན་ཐམས་ཅད་སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ལས་ཕྱིར་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་སྟོང་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོངས་པར་ གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་གང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་ རྒྱས་ཀྱི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ། རིམ་གྲོར་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་མཆོད་པ་ཐམས་ཅད་ལ་རག་མ་ལུས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཁྲེལ་ཡོད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དབང་པོ་ལྡན་པའི་སྤྱོད་པ་དང་ལྡན་ཞིང་ཁྲེལ་ཡོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་ཚ་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་བྱམས་པ་ལ་གནས་ཤིང་། ངོ་ཚ་མེད་པ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་བསོད་པར་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཟང་ཟིང་མེད་པའི་སེམས་དང་ལྡན་ཞིང་སྨོན་ལམ་ཐམས་ཅད་ཕུན་སུམ་ཚོགས་ པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་མི་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཉམས་སུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་སྣུམ་བག་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣུམ་བག་མེད་པའི་ཁ་ཟས་ཐོབ་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྲེད་པ་དང་བྲལ་ཏེ་སྣུམ་བག་མེད་ པའི་སེམས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རོ་མྱོང་བའི་ཚེ་བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་བདུད་རྩིའི་རོས་ངོམས་པར་གྱུར་ཅིང་། སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟན་ཟོས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ ཀྱི་ཕ་རོལ་ཏུ་ཕྱིན་ཅིང་བྱ་བ་བྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་སྟོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་སྤོབས་པ་མི་ཟད་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཕྱིར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཁམས་གསུམ་ཐམས་ཅད་ནས་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་འབོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་ མཉམ་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འབོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲུས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འོད་མཐའ་ཡས་པ་དང་ལྡན་ཞིང་ལུས་དང་སེམས་དྲི་མ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། དྲོ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མུ་མེད་པར་ཕྱིན་པ་སྟེ་ཡོངས་སུ་གདུང་བ་བསིལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསིལ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་བསིལ་བར་ གྱུར་ཏེ། བླ་ན་མེད་པའི་བསིལ་བའི་དངོས་པོ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ཐོབ་པར་བྱེད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་གཏམ་གྱི་རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲིས་པར་གྱུར་ཅིག་ཅེས་སེམས་བསྐྱེད་ དོ། །སངས་རྒྱས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་དང་འགྲོགས་པ་རབ་ཏུ་ཐོབ་སྟེ་བསྒྲིབས་པ་མེད་པའི་མིག་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མིག་མི་འགེབས་པར་ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀུན་ཏུ་ མཛེས་པས་ཀུན་ཏུ་བཟང་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལྟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱི་བོས་འཐུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྤྱི་གཙུག་བལྟར་མི་སྣང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡས་ཕྱོགས་སུ་བསྐོར་བ་བྱེད་ པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་དོན་དང་འཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལན་གསུམ་དུ་བསྐོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མོས་པའི་རབ་དང་ལྡན་པར་གྱུར་ཅིག་ཅེས་ སེམས་བསྐྱེད་དོ། །སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོན་ཏན་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚན་རྣམས་བརྗོད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་མཚན་ཉིད་མེད་པའི་ཆོས་ལ་གཞོལ་ཞིང་ཡན་ལག་དམ་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པས་ཕ་རོལ་ཏུ་ཕྱིན་པར་གྱུར་ ཅིག་ཅེས་སེམས་བསྐྱེད་དོ། །ལུས་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་པ་ལ་རྙོག་པ་མེད་ཅིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཉིད་སད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱོགས་ བཅུ་ཐམས་ཅད་དུ་མཐུ་ཆེན་པོ་ཐོབ་པར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་ལས་ཡིད་ལ་བྱེད་ པའི་སྦྱོར་བ་གང་དང་ལྡན་པས་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་ཐམས་ཅད་ཀྱང་ཐོབ་པར་འགྱུར་ཞིང་། ལྷ་དང་འཇིག་རྟེན་དུ་བཅས་པ་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེ་དང་སྐྱེ་དགུར་བཅས་པ་དང་། ལྷ་ དང་དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་ཐམས་ཅད་ཀྱིས་མི་འཕྲོགས་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་རྣམས་སོ། །སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་སྟེ། བཅུ་དྲུག་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭོ་བརྒྱད་པ། །ཡོན་ཏན་ཡངས་པའི་སྤྱོད་ཡུལ་ཡོངས་དག་པ། །དེ་སྐད་སྨྲས་ནས་སེམས་ཅན་དྲི་མེད་པ། །འཇམ་པའི་དབྱངས་ ཀྱིས་བྱང་ཆུབ་ཡོན་ཏན་རྣམས། །སེམས་ཅན་དམ་པ་བཟང་པོའི་དཔལ་ལ་དྲིས། །སྤྱོད་ཡུལ་ཡོངས་དག་རྒྱལ་བའི་སྤྱོད་པའི་རྣམས། །བདག་གིས་རྒྱལ་སྲས་རྣམས་ལ་འདིར་བཤད་དོ། །ཡོན་ཏན་སྤྱོད་པ་ཇི་སྙེད་གང་ཡོད་པ། །རྒྱལ་སྲས་རྣམས་ལ་ད་ནི་ ཁྱོད་ཀྱིས་ཤོད། །བཟང་པོའི་དཔལ་གྱིས་སྨྲས་པ་རྒྱལ་སྲས་ཉོན། །ཡོན་ཏན་མཐའ་ཡས་དེ་དག་ཡོན་ཏན་ལས། །མཚོ་ལས་ཐིགས་པ་ཇི་བཞིན་ཉུང་ཤས་ཤིག །མགོ་སྨོས་ཙམ་དུ་ཅུང་ཟད་བརྗོད་པར་བྱ། །བྱང་ཆུབ་དོན་དུ་རང་བྱུང་ འགྱུར་བྱ་ཞེས། །ཐོག་མར་བྱང་ཆུབ་སེམས་སྐྱེས་གྱུར་པ་ཡི། །ཡོན་ཏན་བརྗོད་པའང་མཐའ་ཡས་དཔག་ཏུ་མེད། །དཔེ་ཟླ་མེད་པས་བརྗོད་ཀྱང་ཟད་མི་འགྱུར། །ཕ་རོལ་ཕྱིན་དང་ས་ཡི་ཡོན་ཏན་ལ། །བསྐལ་པ་བཟང་པོར་སྤྱད་པ་ཇི་བཞིན་སྨོས། །དེ་དག་ ཡོན་ཏན་ཆུ་བོ་ཐམས་ཅད་ནི། །ཕྱོགས་བཅུའི་རྒྱལ་བས་བསྟན་ཀྱང་ཟད་མི་འགྱུར། །ཡོན་ཏན་མཐའ་ཡས་རྣམས་ཀྱི་ཡོན་ཏན་ལས། །དཔེ་ཙམ་ཆ་ཤས་ཅུང་ཙམ་བརྗོད་པར་བྱ། །མཁའ་ལས་འདབ་ཆགས་ལམ་ལྟར་ཤིན་ཏུ་ཆུང་། །ས་ཆེན་ལྷུན་ལས་རྡུལ་ཕྲན་ གཅིག་དང་འདྲ། །བྱང་ཆུབ་ཡོན་ཏན་བསམ་པའི་སེམས་སྐྱེ་བ། །རྒྱུ་མེད་མ་ཡིན་རྐྱེན་ལས་འབྱུང་བ་ཡིན། །རྒྱལ་བ་རྣམས་དང་བདེ་གཤེགས་ཆོས་རྣམས་དང་། །དགེ་འདུན་རྣམས་ལ་དད་པ་བསྐྱེད་པས་སྐྱེ། །དེ་ཡང་འདོད་པའི་སྲེད་པ་རྒྱལ་སྲིད་དང་། །བདག་ བདེའི་དོན་དང་གྲགས་དང་སྙན་ཕྱིར་མྱིན། །འགྲོ་བའི་སྡུག་བསྔལ་མ་ལུས་གཞིལ་བའི་ཕྱིར། །འཇིག་རྟེན་ཕན་བསྐྱེད་སེམས་ནི་ཡོངས་སུ་སྐྱེ། །དེ་ནི་སེམས་ཅན་རྟག་ཏུ་བདེ་དོན་བཏང་། །ཞིང་སྦྱངས་སངས་རྒྱས་མང་པོ་མཆོད་པའི་རྒྱུར། །ཡོངས་སུ་ ཆོས་འཛིན་བྱང་ཆུབ་འཚང་རྒྱ་ཞིང་། །ཡེ་ཤེས་རྣམ་པར་སྦྱོང་བའི་སེམས་སྐྱེའོ། །རྒྱལ་བ་ཀུན་དང་ཆོས་དང་དགེ་འདུན་དང་། །དེ་བཞིན་བླ་མར་གྱུར་པ་ཐམས་ཅད་ལ། །དད་དང་མོས་དང་དགའ་བ་བསྐྱེད་བྱས་ཏེ། །སྲི་ཞུར་མཆོད་བྱས་བྱང་ཆུབ་སེམས་ཀྱང་ སྐྱེ། །རྒྱལ་བ་བདེ་གཤེགས་ཆོས་ལ་ཡིད་ཆེས་ནས། །རྒྱལ་སྲས་སྤྱོད་པ་རྣམས་ལ་ཡིད་ཆེས་ཏེ། །བྱང་ཆུབ་བླ་ན་མེད་ལ་ཡིད་ཆེས་ཤིང་། །སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ ཐམས་ཅད་ཡོངས་སུ་སྐྱེ་ཞིང་འདྲེན། །ནེམ་ནུར་རྣམ་སེལ་ནད་ལས་རབ་ཏུ་སྒྲོལ། །དད་པ་བདེ་བའི་གྲོང་དུ་ཕྱིན་པར་བྱེད། །དད་པ་སེམས་གསལ་རྙོག་པ་མེད་པ་སྟེ། །ང་རྒྱལ་རྣམ་སྤངས་སྲི་ཞུའི་རྩ་བ་ཡིན། །དད་པ་སྤྱོད་མཆོག་ནོར་དང་གཏེར་ཡིན་ཏེ། །ལག་ པ་ལྟ་བུ་དགེ་སྡུད་རྩ་བ་ཡིན། །ཡོངས་སུ་གཏོང་ལ་དད་པ་དགའ་བར་བྱེད། །རྒྱལ་བའི་ཆོས་ལ་དད་པ་སྤྲོ་བ་སྐྱེད། །ཡོན་ཏན་ཡེ་ཤེས་ཁྱད་པར་དད་པ་བྱེད། །སངས་རྒྱས་ལམ་ལ་སྟོན་པའང་རྙེད་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བ་དང་། །གཞན་གྱིས་ མི་ཐུབ་དངོས་ལ་དད་པ་སྟོབས། །ཉོན་མོངས་ཐུབ་པ་མེད་ལ་གནས་ཡིན་ཏེ། །དད་པ་རང་བྱུང་ཡོན་ཏན་ཚོལ་བ་ཡིན། །དད་པ་ཆགས་པའི་སྒོ་དང་མི་འགྲོགས་ཏེ། །མི་ཁོམ་སྤོང་ཞིང་འདུ་འཛི་མེད་པར་བྱེད། །དད་པ་བདུད་ཀྱི་ལམ་ལས་བཟློག་པ་སྟེ། །ཐར་ལམ་ དམ་པ་ཡོངས་སུ་སྟོན་པ་ཡིན། །ཡོན་ཏན་རྒྱུ་ཡིན་ས་བོན་མ་རུལ་བཞིན། །དད་པ་བྱང་ཆུབ་ཤིང་རབ་རྣམ་པར་སྤྱོད། །ཡེ་ཤེས་ཁྱད་པར་སྒོ་རྣམས་འཕེལ་བར་བྱེད། །དད་པ་རྒྱལ་བ་རྣམས་ཀྱི་སྟོན་པ་ཡིན། །དེ་བས་དད་མོས་ཁྱད་པར་དགའ་བ་ལ། །སྤྱོད་པ་རིམ་ གྱིས་རྣམ་པར་བརྗོད་པར་བྱ། །ཆོས་ཚུལ་འདི་འདྲ་འཇིག་རྟེན་རྣམས་ན་དཀོན། །རིན་ཆེན་སེང་གེའི་རྒྱལ་པོ་ཇི་བཞིན་ནོ། །དད་པས་སངས་རྒྱས་སྲི་ཞུ་གང་བྱེད་པ། །དེ་དག་ཚུལ་ཁྲིམས་སློབ་པ་མི་གཏོང་ངོ་། །ཚུལ་ཁྲིམས་སློབ་པ་གང་རྣམས་མི་གཏོང་བ། །དེ་ དག་ཡོན་ཏན་གནས་པས་ཡོན་ཏན་ལྡན། །ཚུལ་ཁྲིམས་བྱང་ཆུབ་ཤེས་རབ་སྟོན་པ་སྟེ། །བསླབ་པས་ས་ཡི་ཡོན་ཏན་ལེགས་ལ་བརྩོན། །ཚུལ་ཁྲིམས་བསླབ་པ་ཡོངས་སུ་མ་བཏང་ན། །རྒྱལ་བ་རྣམས་ཀྱིས་བསྟོད་ཅིང་བསྔགས་པར་འོས། །དད་པས་ སངས་རྒྱས་སྲི་ཞུ་གང་བྱེད་པ། །དེ་དག་རྒྱལ་བའི་མཆོད་པ་ཡངས་པ་བྱེད། །རྒྱལ་བ་རྣམས་ལ་མཆོད་པ་སུ་བྱེད་པ། །དེ་དག་སངས་རྒྱས་མོས་པ་བསམ་མི་ཁྱབ། །དད་པས་ཆོས་ལ་ཕུ་དུད་གང་བྱེད་པ། །དེ་དག་རྒྱལ་བའི་ཆོས་ཀྱིས་མི་ངོམས་ཉན། །རྒྱལ་ བའི་ཆོས་ཀྱིས་མི་ངོམས་སུ་ཉན་པ། །དེ་དག་བསམ་གྱིས་མི་ཁྱབ་ཆོས་ལ་མོས། །དད་པས་དགེ་འདུན་ཕུ་དུད་སུ་བྱེད་པ། །དེ་དག་མི་ལྡོག་དགེ་འདུན་རྣམས་ལ་མོས། །མི་ལྡོག་དགེ་འདུན་རྣམས་ལ་སུ་མོས་པ། །དེ་དག་དད་ པའི་སྟོབས་ཀྱིས་ཕྱིར་མི་ལྡོག །དད་པའི་སྟོབས་ཀྱིས་གང་རྣམས་མི་ལྡོག་པ། །དེ་དག་དབང་པོ་རབ་ཏུ་གསལ་ཞིང་རྣོ། །གང་རྣམས་དབང་པོ་རབ་ཏུ་གསལ་རྣོ་བ། །དེས་ནི་སྡིག་པའི་གྲོགས་པོ་རྣམ་པར་སྤངས། །གང་གིས་སྡིག་པའི་གྲོགས་པོ་རྣམ་སྤངས་པ། །དེ་ དག་ཆོས་ཀྱི་བཤེས་གཉེན་ཡོངས་སུ་འཛིན། །ཆོས་ཀྱི་བཤེས་གཉེན་གང་གིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་ཡོངས་སུ་སྩོགས། །དགེ་བ་རྒྱ་ཆེན་ཡོངས་སུ་གང་སྩོགས་པ། །བདག་ཉིད་ཆེ་བ་དེ་དག་རྒྱུ་མཐུན་ལྡན། །བདག་ཉིད་ཆེ་བ་རྒྱུ་འཐུན་གང་ལྡན་པ། །དེ་ དག་མོས་པའི་ཁྱད་པར་ཡངས་པ་འཐོབ། །མོས་པ་ཡངས་པའི་ཁྱད་པར་སུས་ཐོབ་པ། །དེ་དག་རྟག་ཏུ་རྒྱལ་བས་བྱིན་གྱིས་བརླབས། །རྒྱལ་བའི་བྱིན་གྱིས་གང་རྣམས་བརླབས་གྱུར་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །བྱང་ཆུབ་དོན་དུ་གང་གིས་སེམས་སྐྱེས་པ། །དེ་ བཞིན་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན། །དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ། །དེ་དག་སངས་རྒྱས་རིགས་སུ་རིགས་ལྡན་སྐྱེས། །སངས་རྒྱས་རིགས་སུ་རིགས་ལྡན་གང་སྐྱེས་པ། །དེ་དག་འདུ་དང་འབྲལ་བ་རྣམ་པར་སྤངས། །འདུ་དང་ འབྲལ་བ་གང་གིས་རྣམ་སྤངས་པ། །དེ་དག་བསམ་པ་དང་ཞིང་རྣམ་པར་དག །གང་གིས་དང་ཞིང་བསམ་པ་རྣམ་དག་པ། །དེ་དག་ལྷག་པའི་བསམ་པ་དམ་པའི་མཆོག །ལྷག་བསམ་དམ་པའི་མཆོག་དང་སུ་ལྡན་པ། །དེ་དག་རྟག་ཏུ་ཕ་རོལ་ ཕྱིན་ལ་སྤྱོད། །ཕ་རོལ་ཕྱིན་ལ་རྟག་ཏུ་སུས་སྤྱོད་པ། །དེ་དག་ཐེག་པ་ཆེན་པོ་འདི་ལ་སྤྱོད། །ཐེག་པ་ཆེན་པོ་འདི་ལ་སུས་སྤྱོད་པ། །དེ་དག་ནན་ཏན་དམ་པས་སངས་རྒྱས་མཆོད། །ནན་ཏན་དམ་པས་སངས་རྒྱས་སུ་མཆོད་པ། །དེ་དག་སངས་རྒྱས་ རྗེས་དྲན་ཕྱེད་པ་མེད། །སངས་རྒྱས་རྗེས་དྲན་གང་ལ་མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང་། །རྟག་ཏུ་སངས་རྒྱས་བསམ་ཡས་སུས་མཐོང་བ། །དེ་དག་རྟག་ཏུ་སངས་རྒྱས་མི་འགྲོགས་མིན། རྟག་ཏུ་སངས་རྒྱས་མི་འགྲོགས་སུ་མ་ ཡིན། །དེ་ལ་ཆོས་ནི་ནུབ་པ་ནམ་ཡང་མེད། །གང་ལ་ཆོས་ནུབ་འགྱུར་བ་མེད་འགྱུར་བ། །དེ་དག་སྤོབས་པ་བསྒྲིབས་པ་མེད་དང་ལྡན། །སྤོབས་པ་བསྒྲིབས་པ་མེད་དང་སུ་ལྡན་པ། །དེ་དག་ཆོས་རབ་སྟོན་པ་མཐའ་ཡང་ཡས། །གང་གི་ཆོས་རབ་བསྟན་པ་མཐའ་ ཡས་པ། །དེ་དག་འགྲོ་ལ་བྱམས་པས་ཕན་པ་ཚོལ། །འགྲོ་ལ་བྱམས་པས་ཕན་པ་སུ་ཚོལ་བ། །དེ་དག་སྙིང་རྗེ་ཆེན་པོའི་རྩ་བ་བརྟན། །སྙིང་རྗེ་ཆེན་པོའི་རྩ་བ་སུ་བརྟན་པ། །དེ་དག་ཆོས་ཀྱི་དགའ་བས་དབང་པོ་དགའ། །ཆོས་ཀྱི་དགའ་བས་དབང་པོ་ གང་དགའ་བ། །དེ་དག་འདུ་བྱེད་ཉེས་ལ་བཏང་སྙོམས་སོ། །འདུ་བྱེད་ཉེས་པ་གང་གིས་བཏང་སྙོམས་པ། །དེ་དག་ང་རྒྱལ་རློམས་སེམས་བག་མེད་སྤངས། །ང་རྒྱལ་རློམས་སེམས་བག་མེད་སུས་སྤངས་པ། །དེ་དག་རྟག་ཏུ་བདག་དང་གཞན་དོན་ བརྩོན། །བདག་དང་གཞན་དོན་རྟག་ཏུ་སུ་བརྩོན་པ། །དེ་དག་འཁོར་བས་ཡོངས་སུ་སྐྱོ་བ་མེད། །གང་ལ་འཁོར་བས་ཡོངས་སུ་སྐྱོ་མེད་པ། །དེ་དག་བརྩོན་འགྲུས་དམ་པ་མཆོག་དང་ལྡན། །བརྩོན་འགྲུས་དམ་པ་མཆོག་དང་སུ་ལྡན་པ། །དེ་དག་མངོན་ ཤེས་རྣམ་དག་མངོན་པར་སྐྱེས། །གང་གི་མངོན་ཤེས་རྣམ་དག་མངོན་སྐྱེས་པ། །དེ་དག་སྤྱོད་པ་མཆོག་གི་དྲ་བར་ཞུགས། །སྤྱོད་མཆོག་དྲ་བར་གང་རྣམས་ཞུགས་གྱུར་པ། །དེ་དག་འགྲོ་བ་ཡོངས་སུ་སྨིན་པར་མཁས། །འགྲོ་བ་ཡོངས་སུ་སྨིན་པར་གང་མཁས་ པ། །དེ་དག་འགྲོ་སྡུད་ཡེ་ཤེས་ཚུལ་ལ་མཁས། །འགྲོ་སྡུད་ཡེ་ཤེས་ཚུལ་ལ་སུ་མཁས་པ། །དེ་དག་བསྡུ་བའི་དངོས་པོ་བཞི་ལ་བརྩོན། །བསྡུ་དངོས་བཞི་ལ་གང་རྣམས་བརྩོན་འགྲུས་པ། །དེ་དག་འགྲོ་བའི་དོན་མང་མཐའ་ཡས་བྱེད། །འགྲོ་བའི་དོན་མང་ མཐའ་ཡས་སུ་བྱེད་པ། །དེ་དག་ཤེས་རབ་ཐབས་ཀྱི་སྟོབས་མཆོག་ལྡན། །ཤེས་རབ་ཐབས་ཀྱི་སྟོབས་མཆོག་སུ་ལྡན་པ། །དཔའ་བོ་དེ་དག་བླ་མེད་ལམ་ལ་གནས། །བླ་མེད་ལམ་ལ་དཔའ་བོ་གང་གནས་པ། །དེ་དག་བདུད་ཀྱི་ དཔུང་གིས་ཐུབ་པ་མྱིན། །གང་རྣམས་བདུད་ཀྱི་དཔུང་གིས་ཐུབ་མིན་པ། །དེ་དག་བདུད་ལམ་བཞི་ལས་ཡོངས་སུ་འདས། །བདུད་ལམ་བཞི་ལས་ཡོངས་སུ་སུ་འདས་པ། །དེ་དག་ཕྱིར་མི་ལྡོག་གི་སར་ཡང་ཕྱིན། །མི་ལྡོག་སར་ནི་གང་གིས་ཕྱིན་གྱུར་པ། །དེ་དག་ མི་སྐྱེའི་བཟོད་པ་ཐོབ་པ་ཡིན། །མི་སྐྱེའི་བཟོད་པ་གང་གིས་ཐོབ་གྱུར་པ། །འཇིག་རྟེན་སྒྲོན་དེ་རྒྱལ་བས་ལུང་ཡང་བསྟན། །འཇིག་རྟེན་སྒྲོན་མ་རྒྱལ་བས་ལུང་བསྟན་པ། །དེ་དག་རྒྱལ་བ་ཀུན་དང་མངོན་དུ་གནས། །རྒྱལ་བ་ཀུན་དང་མངོན་དུ་སུ་གནས་པ། །དེ་དག་ རྒྱལ་བའི་རྫུ་འཕྲུལ་གསང་ལ་མཁས། །རྒྱལ་བའི་རྫུ་འཕྲུལ་གསང་ལ་སུ་མཁས་པ། །དེ་དག་རྒྱལ་བ་ཀུན་གྱིས་དགོངས་པ་ཡིན། །གང་རྣམས་རྒྱལ་བ་ཀུན་གྱིས་དགོངས་གྱུར་པ། །དེ་དག་སངས་རྒྱས་ཡོན་ཏན་ཡོངས་ཀྱིས་བརྒྱན། །སངས་རྒྱས་ཡོན་ཏན་ ཡོངས་ཀྱིས་སུ་བརྒྱན་པ། །དེ་དག་བསོད་ནམས་དམ་པས་ལུས་ཀྱང་སྦྱངས། །བསོད་ནམས་དམ་པས་གང་གི་ལུས་སྦྱངས་པ། །དེ་དག་གསེར་གྱི་རི་བོ་འདྲ་བར་འབར། །གསེར་གྱི་རི་བོ་འདྲ་བར་སུ་འབར་བ། །དེ་དག་མཚན་རབ་སུམ་ཅུ་གཉིས་དང་ལྡན། ། མཚན་རབ་སུམ་ཅུ་གཉིས་དང་སུ་ལྡན་པ། །དེ་དག་དཔེ་བྱད་བཟང་པོས་ལུས་ཀྱང་བྲིས། །དཔེ་བྱད་བཟང་པོས་གང་གི་ལུས་བྲིས་པ། །དེ་དག་ལུས་འོད་ཀུན་ཏུ་མཐའ་ཡས་སོ། །གང་གི་ལུས་འོད་ཀུན་ཏུ་མཐའ་ཡས་པ། །དེ་དག་འོད་ཟེར་རྒྱན་ཀྱང་ བསམ་མི་ཁྱབ། །གང་ལ་འོད་གཟེར་བསམ་ཡས་རྒྱན་ཡོད་པ། །དེ་དག་འོད་ལས་པདྨོ་མང་པོ་འབྱུང་། །གང་གི་འོད་ལས་པདྨོ་མང་འབྱུང་བ། །དེ་དག་རྒྱལ་བ་པདྨོའི་གདན་བཞུགས་ཏེ། །སྟོན་ཅིང་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཡང་། །དོན་ཡོད་ རྣམ་པར་སྤྱོད་ཅིང་སེམས་ཅན་འདུལ། །གང་རྣམས་རྒྱལ་བ་པདྨོའི་གདན་བཞུགས་པ། །སྟོན་ཅིང་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཡང་། །དོན་ཡོད་རྣམ་སྤྱོད་སེམས་ཅན་འདུལ་བྱེད་པ། །དེ་དག་མངོན་ཤེས་རྣམ་འཕྲུལ་མཐའ་ཡང་ཡས། །གང་གི་མངོན་ ཤེས་རྣམ་འཕྲུལ་མཐའ་ཡས་པ། །དེ་དག་བསམ་གྱིས་མི་ཁྱབ་ཆོས་སྟོན་ཅིང་། །སེམས་ཅན་བསམ་གྱིས་མི་ཁྱབ་དགར་བྱེད་པས། །བསམ་གྱིས་མི་ཁྱབ་ཞིང་ནི་རྣམ་པར་སྤྱོད། །གང་རྣམས་བསམ་གྱིས་མི་ཁྱབ་ཆོས་སྟོན་ཅིང་། །བསམ་ཡས་སེམས་ཅན་དགའ་ བར་སུས་བྱེད་པ། །དེ་དག་བསམ་པ་ཇི་བཞིན་འཇིག་རྟེན་ན། །ཐ་དད་ཡང་དག་ཤེས་མཐུས་སེམས་ཅན་འདུལ། །ཐ་དད་ཡང་དག་ཤེས་པའི་ཡེ་ཤེས་མཐུས། །བསམ་པ་ཇི་བཞིན་སེམས་ཅན་སུ་འདུལ་བ། །དེ་དག་ལུས་དང་ངག་ཡིད་རྟག་དུས་སུ། ། ཡེ་ཤེས་སྔོན་དུ་འགྲོ་བར་ཤིན་ཏུ་འབྱུང་། །གང་གི་ལུས་དང་ངག་ཡིད་རྟག་དུས་སུ། །ཡེ་ཤེས་སྔོན་དུ་འགྲོ་བར་རབ་འབྱུང་བ། །དེ་དག་སྨོན་ལམ་སྟོབས་ཀྱིས་ཅི་དགའ་བར། །སེམས་ཅན་རྒྱུད་དུ་གཟུགས་མང་ཡོངས་སུ་སྟོན། །སྨོན་ལམ་སྟོབས་ཀྱིས་ གང་རྣམས་ཅི་དགའ་བར། །སེམས་ཅན་རྒྱུད་དུ་གཟུགས་མང་སྟོན་བྱེད་པ། །དེ་དག་ཚིག་ཏུ་བརྗོད་ཅིང་ཅི་སྨྲ་ཡང་། །སྒྲ་ལ་དབྱངས་ཀྱི་ཡན་ལག་བསམ་མི་ཁྱབ། །ཚིག་ཏུ་བརྗོད་ཅིང་ཅི་དང་ཅི་སྨྲ་ཡང་། །གང་གི་སྒྲ་དབྱངས་ཡན་ལག་བསམ་ཡས་པ། ། དེ་དག་འགྲོ་བ་མ་ལུས་ཐམས་ཅད་ཀྱི། །བསམ་པའི་སེམས་རྣམས་ཡུད་ཀྱིས་རྣམ་པར་ཤེས། །གང་གིས་མ་ལུས་འགྲོ་བ་ཐམས་ཅད་ཀྱི། །བསམ་པའི་སེམས་རྣམས་ཡུད་ཀྱིས་རྣམ་ཤེས་པ། །དེ་དག་སྐྱེ་དང་འཆི་འཕོ་ནམ་ཡང་མེད། །ཉོན་མོངས་རྒྱུ་ བའང་དེ་བཞིན་སྐྱེ་བ་མེད། །སྐྱེ་དང་འཆི་འཕོ་གང་ལ་མེད་གྱུར་ཅིང་། །ཉོན་མོངས་རྒྱུད་ཀྱང་དེ་བཞིན་སྐྱེ་མེད་པ། །དེ་དག་ཡོན་ཏན་ཆོས་ཉིད་ཡེ་ཤེས་ལུས། །ཆོས་ཀྱིས་སྨོས་པར་འཇིག་རྟེན་ཀུན་ཏུ་སྤྱོད། །ཡོན་ཏན་ཆོས་ཉིད་ཡེ་ཤེས་ལུས་ལྡན་ཞིང་། ། ཆོས་ཀྱིས་སྨོས་པར་འཇིག་རྟེན་སུ་སྤྱོད་པ། །དེ་དག་ས་བཅུ་རྣམས་དང་དབང་བཅུ་ཡི། །ཕ་རོལ་ཕྱིན་མཆོག་རྣམ་པར་ཐར་ལ་སྤྱོད། །གང་རྣམས་ས་བཅུ་དབང་རྣམས་བཅུ་པོ་ཡི། །ཕ་རོལ་ཕྱིན་མཆོག་རྣམ་པར་ཐར་སྤྱོད་པ། ། དེ་དག་མངོན་ཤེས་རྒྱན་གྱིས་རྣམ་པར་འཕྲུལ། །ཏིང་འཛིན་དམ་པས་རྣམ་པར་སྤྱོད་པ་ཐོབ། །མངོན་པར་ཤེས་པའི་རྒྱན་གྱིས་རྣམ་འཕྲུལ་ཞིང་། །ཏིང་འཛིན་མཆོག་གིས་རྣམ་སྤྱོད་སུས་ཐོབ་པ། །དེ་དག་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། །དབང་ བསྐུར་རྒྱན་རྣམས་ཐམས་ཅད་ཡོངས་སུ་ནོད། །གང་རྣམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། །དབང་བསྐུར་རྒྱན་རྣམས་ཐམས་ཅད་ནོད་བྱེད་པ། །དེ་དག་སྤྱི་བོར་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཕྱག་མཐིལ་བདུད་རྩིས་མངོན་པར་དབང་ཡང་བསྐུར། ། གང་རྣམས་སྤྱི་བོར་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཕྱག་མཐིལ་བདུད་རྩིས་མངོན་པར་དབང་བསྐུར་བ། །དེ་དག་མ་ལུས་ནམ་མཁའ་རྒྱས་བྱས་ཤིང་། །ཕྱོགས་རྣམས་ཀུན་ཏུ་མཐུ་བརྟན་གནས་པ་བྱེད། །གང་རྣམས་ནམ་མཁའ་མ་ལུས་རྒྱས་བཀང་ ཞིང་། །ཕྱོགས་རྣམས་ཀུན་ཏུ་མཐུ་བརྟན་གནས་བྱེད་པ། །དཔེ་མེད་དེ་དག་སྤྱོད་ཡུལ་ཤེས་པར་ནི། །འཇིག་རྟེན་ལྷ་དང་བཅས་པས་མི་ནུས་སོ། །དཔེ་མེད་གང་གིས་སྤྱོད་ཡུལ་ཤེས་བྱ་བར། །འཇིག་རྟེན་ལྷ་དང་བཅས་པས་མི་ནུས་པ། །དེ་དག་བརྩོན་ འགྲུས་ཐམས་ཅད་དོན་ཀྱང་ཡོད། །མཐོང་དང་མིང་ཐོས་སྤོབས་པའང་དོན་ཡོད་དོ། །གང་རྣམས་བརྩོན་འགྲུས་ཐམས་ཅད་དོན་ཡོད་ཅིང་། །མཐོང་དང་མིང་ཐོས་སྤོབས་པ་དོན་ཡོད་པ། །སྐྱེས་ཆེན་དེ་དག་སྦྱིན་བདག་གཏོང་བ་ཡི། །སྦྱིན་པས་གནས་ཏེ་ ཐམས་ཅད་དོན་ཀྱང་ཡོད། །སྐྱེས་བུ་དམ་པ་དེ་དག་བྱིན་མཐུ་ཡིས། །དམ་ཆོས་ཚུལ་ནི་མི་འཇིག་བརྟེན་པར་གནས། །དགེ་བའི་ལས་ལམ་དམ་པ་མཆོག་རྣམས་ཀྱང་། །རིན་ཆེན་འདྲ་མཐུས་ཀུན་ན་རྒྱུ་ཤིང་གནས། །རྡོ་རྗེ་སྟུག་པོའི་རིན་ཆེན་ཚོགས་ཡོད་ པས། །དེ་ཡི་མཐུ་ཡིས་རྒྱ་མཚོའི་རིན་ཆེན་རྣམས། །མི་ཟད་འཕེལ་ཞིང་འགྲིབ་པ་གང་ཡང་མེད། །དེ་བཞིན་ཡོན་ཏན་མཐའ་ཡས་ཡོན་ཏན་མཚོ། །སངས་རྒྱས་མི་བཞུགས་ཞིང་རྣམས་གང་ཡོད་པ། །དེ་དག་ཀུན་ཏུ་བྱང་ཆུབ་སངས་རྒྱས་སྟོན། ། ཕྱོགས་རྣམས་གང་ན་དམ་ཆོས་མེད་གྱུར་པ། །དེ་དག་ཀུན་ཏུ་ཆོས་ཀྱི་གཏེར་སྟོན་ཏོ། །དེ་དག་མི་རྟོག་རྣམ་པར་མི་རྟོག་སྟེ། །ལྷུན་གྱིས་གྲུབ་པར་ཕྱོགས་རྣམས་ཐམས་ཅད་དུ། །ཟླ་བ་ལྟ་བུར་གཟུགས་བརྙན་སྟོན་བྱེད་ཅིང་། །ཐབས་མང་སྟོང་གིས་སེམས་ཅན་ འདུལ་བ་བྱེད། །དེ་དག་སྐད་ཅིག་རེ་རེ་བྱང་ཆུབ་ཏུ། །རྣམ་པར་སངས་རྒྱས་ཕྱོགས་བཅུ་ཀུན་ཏུ་སྟོན། །འཁོར་ལོ་བསྐོར་དང་མྱ་ངན་འདས་ཞི་དང་། །སྐུ་གདུང་རྒྱ་ཆེན་དེ་བཞིན་དཔའ་བོ་སྟོན། །མཁས་པ་དེ་བཞིན་ཉན་ཐོས་རང་སངས་རྒྱས། །སངས་ རྒྱས་རྣམ་འཕྲུལ་རྒྱན་རྣམས་མཐའ་ཡས་པ། །ཡོངས་སུ་སྟོན་ཅིང་བསྐལ་པ་བསམ་ཡས་སུ། །ཐེག་པ་གསུམ་གྱི་སྒོ་ནས་སེམས་ཅན་འདུལ། །ཁྱེའུ་དང་བུ་མོ་དེ་བཞིན་བུད་མེད་ལུས། །སྐྱེས་པ་ལྷ་དང་ལྷ་མིན་ཀླུ་རྣམས་དང་། །གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་ པོའི་གཟུགས། །མོས་པ་ཐམས་ཅད་ཚུལ་མཁས་ཡོངས་སུ་སྟོན། །ཏིང་འཛིན་རྒྱ་མཚོའི་བརྒྱ་ཡི་སྒོ་དག་ནས། །འགྲོ་བའི་གཟུགས་མང་རྒྱུད་ནི་ཇི་སྙེད་དང་། །ཆ་བྱད་སྤྱོད་པ་སྒྲ་དབྱངས་ཚུལ་གྱི་རྣམས། །ཐམས་ཅད་མ་ལུས་དཔའ་བོ་སྟོན་ པ་བྱེད། །དེ་དག་ཞིང་རྒྱན་བསམ་གྱིས་མི་ཁྱབ་སྟེ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་བྱེད། །དེ་དག་འོད་ཟེར་མང་པོ་བསམ་མི་ཁྱབ། །སེམས་ཅན་འབྲེལ་པའི་ཡེ་ཤེས་མཐའ་ཡང་ཡས། །དེ་དག་ཚིག་གི་རྣམ་འཕྲུལ་ཡེ་ཤེས་རྣམ་འཕྲུལ་ དང་། །ལུས་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ། །སྦྱིན་པ་ཚུལ་ཁྲིམས་རྣམ་པར་འཕྲུལ་པ་དང་། །བཟོད་པ་བརྩོན་འགྲུས་རྣམ་འཕྲུལ་བསམ་མི་ཁྱབ། །དེ་དག་བསམ་གཏན་ཤེས་རབ་རྣམ་འཕྲུལ་དང་། །ཐབས་དང་མངོན་ཤེས་རྣམ་འཕྲུལ་བསམ་ མི་ཁྱབ། །སངས་རྒྱས་ཚོགས་ཀྱི་ཏིང་འཛིན་སྒོ་དག་ནས། །ཡོན་ཏན་ཀུན་གྱི་རྣམ་འཕྲུལ་མཐའ་ཡང་ཡས། །དེ་དག་རྡུལ་ཕྲན་འཇུག་པའི་ཏིང་འཛིན་རྣམས། །རྡུལ་ཕྲན་ཀུན་ལ་མངོན་པར་བསྒྲུབ་བྱེད་ཅིང་། །རྡུལ་ཕྲན་རྩེ་གཅིག་ བསམ་ཡས་ཞིང་རྣམས་ལ། །སྟོན་པར་བྱེད་ཀྱང་རྡུལ་ལ་འཕེལ་བ་མྱེད། །རྡུལ་གཅིག་རྩེ་ལའང་སངས་རྒྱས་བཞུགས་ཞིང་དང་། །སངས་རྒྱས་མི་བཞུགས་ཞིང་ཡང་དེ་བཞིན་སྟོན། །ལ་ལ་ཉོན་མོངས་རྣམ་དག་དོག་པ་དང་། །ཡངས་ཤིང་ཕྲ་དང་ཆེ་བའི་ཞིང་ཡང་སྟོན། །ཞིང་ རྣམས་ལ་ལ་འཇིག་ཅིང་འདུ་བ་དང་། །ལ་ལ་སྤྱི་ཚུགས་རིམ་གྱིས་གནས་པར་སྟོན། །ལ་ལ་སྣྲེལ་ཞི་སྨྱིག་རྒྱུ་ལྟ་བུ་སྟེ། །དེ་བཞིན་གཞན་རྣམས་མིག་འཕྲུལ་ལྟ་བུར་སྟོན། །དེ་དག་རྡུལ་གཅིག་རྩེར་སྟོན་ཇི་བཞིན་དུ། །མ་ལུས་རྡུལ་རྣམས་ཀུན་ལ་དེ་བཞིན་ཏེ། །དྲང་སྲོང་ཏིང་ འཛིན་རྣམ་འཕྲུལ་དེ་འདྲའོ། །མཐའ་ཡས་གྲགས་པའི་རྣམ་ཐར་དེ་འདྲའོ། །རྒྱལ་བ་མཆོད་པའི་རྣམ་འཕྲུལ་ཏིང་ངེ་འཛིན། །རྒྱལ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང་། །ལག་པའི་མཐིལ་གྱིས་སྟོང་གསུམ་རྒྱས་བཀང་ཞིང་། །སྐྱེས་བུ་ཆེན་པོ་རྣམས་ལ་མཆོད་པ་ བྱེད། །ཕྱོགས་བཅུ་ཀུན་ན་མེ་ཏོག་ཕྲེང་བ་དང་། །སྤོས་དང་བྱུག་པ་རིན་ཆེན་རིན་ཆེ་བ། །དེ་དག་བྱང་ཆུབ་ཤིང་དྲུང་བཞུགས་པ་ཡི། །རྒྱལ་བ་མཆོད་ཕྱིར་ལག་པའི་མཐིལ་ནས་འགྱེད། །ན་བཟའ་ཕྱེ་མ་རིན་ཆེན་ཇི་སྙེད་དང་། །རྒྱལ་མཚན་བ་དན་གདུགས་དམ་སྣ་ ཚོགས་དང་། །གསེར་གྱི་རྒྱན་དང་རིན་ཆེན་བླ་རེ་དག །ལག་མཐིལ་དེ་ནས་ཆར་དུ་མངོན་པར་འབེབས། །ཕྱོགས་རྣམས་མཐའ་ཡས་ཀུན་གྱི་ཡོ་བྱད་རྣམས། །དྲང་སྲོང་ཆེ་ལ་མཆོད་པ་གང་འོས་པ། །དེ་དག་ལག་མཐིལ་དེ་ནས་ཆར་དུ་འབེབས། །བྱང་ཆུབ་ཤིང་ དྲུང་རྒྱལ་བ་མཆོད་པ་བྱེད། །རོལ་མོའི་རྣམ་པ་ཕྱོགས་ན་ཇི་སྙེད་པ། །རྔ་ཆེན་རྔ་དང་པི་ཝང་སྒྲ་སྙན་དང་། །རོལ་མོ་བརྡུང་དཀྲོལ་གླིང་བུ་སྒྲ་རབ་རྣམས། །དེ་དག་ལག་མཐིལ་དེ་ནས་སྒྲ་ཡང་སྒྲོག །ཕྱོགས་བཅུའི་དཔེ་མེད་ཇི་སྙེད་བཞུགས་པ་ཡི། །བདེ་གཤེགས་ ཡོན་ཏན་ལེགས་པ་སྣ་ཚོགས་དང་། །བསྟོད་པའི་ཚིགས་བཅད་བསྒྲུབས་པ་སྣ་ཚོགས་དང་། །ལག་མཐིལ་དེ་ནས་སྒྲ་རབ་སྙན་པར་འབྱུང་། །དེ་དག་འོད་གཟེར་ལས་དགེས་ཡོངས་བསྩགས་པ། །ལག་པ་གཡས་ནས་ཡོངས་སུ་འགྱེད་བྱེད་ཅིང་། །རྒྱལ་བའི་ ཞིང་རྣམས་སྤོས་ཆུས་མ་ལུས་པར། །ཀུན་ཏུ་བཏབ་ཅིང་འཇིག་རྟེན་སྒྲོན་མ་མཆོད། །འོད་ཟེར་ཡིད་འོང་སྣང་ཞིང་རྒྱན་ལྡན་པ། །ལག་པའི་མཐིལ་བཀྱེ་པདྨོ་བསམ་མི་ཁྱབ། །པད་མོ་རྒྱན་འཕྱང་མཚན་སྡུག་དུ་མའི་གཟུགས། །མང་པོ་བཀྱེ་ཞིང་རྒྱལ་བ་མཆོད་ པ་བྱེད། །འོད་ཟེར་མེ་ཏོག་རྒྱན་རྣམས་རབ་བཀྱེ་ཞིང་། །མེ་ཏོག་རྒྱན་དང་མེ་ཏོག་བླ་རེ་དང་། །མེ་ཏོག་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ཟེར་སྤོས་ཀྱི་རྒྱན་རྣམས་རབ་བཀྱེ་ཞིང་། །སྤོས་ཀྱི་རྒྱན་དང་སྤོས་ཀྱི་བླ་རེ་དང་། ། སྣ་ཚོགས་སྤོས་ཀྱིས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ཟེར་ཕྱེ་མའི་རྒྱན་རྣམས་རབ་བཀྱེ་ཞིང་། །ཕྱེ་མའི་རྒྱན་དང་ཕྱེ་མའི་བླ་རེ་དང་། །ཕྱེ་མ་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ ཟེར་ན་བཟའི་རྒྱན་རྣམས་རབ་བཀྱེ་ཞིང་། །ནམ་བཟའི་རྒྱན་དང་ན་བཟའི་བླ་རེ་དང་། །ན་བཟའ་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ཟེར་རིན་ཆེན་རྒྱན་རྣམས་རབ་བཀྱེ་ཞིང་། །རིན་ཆེན་རྒྱན་དང་རིན་ཆེན་བླ་རེ་ དང་། །རིན་ཆེན་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ཟེར་པད་མོའི་རྒྱན་རྣམས་རབ་བཀྱེ་ཞིང་། །པད་མོའི་རྒྱན་དང་པད་མོའི་བླ་རེ་དང་། །པད་མོ་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་ རྒྱལ་བ་མཆོད། །འོད་ཟེར་ཕྲེང་བའི་རྒྱན་རྣམས་རབ་བཀྱེ་ཞིང་། །ཕྲེང་བའི་རྒྱན་དང་ཕྲེང་བའི་བླ་རེ་དང་། །ཕྲེང་བ་སྣ་ཚོགས་ཀུན་ཏུ་ཡོངས་བཀང་ཞིང་། །བདག་ཉིད་ཆེ་བ་དེ་དག་རྒྱལ་བ་མཆོད། །འོད་ཟེར་རྒྱལ་མཚན་མཆོག་རྒྱན་རབ་བཀྱེ་ཞིང་། །དེ་དག་རྒྱལ་མཚན་དཀར་ དམར་སེར་པོ་དང་། །སྔོ་དང་སྣ་ཚོགས་རྣམ་མང་རྒྱན་ཅན་གྱིས། །རྒྱལ་བའི་ཞིང་རྣམས་ཀུན་ནས་བརྒྱན་པ་བྱེད། །དེ་དག་བདེ་གཤེགས་དབུ་ལ་གདུགས་ཀྱི་མཆོག །རིན་ཆེན་དྲ་བ་སྣ་ཚོགས་རྒྱན་ལྡན་པ། །དར་གྱི་ལྡ་ལྡི་བ་དན་ ཡོངས་སྦྱངས་ཤིང་། །དྲིལ་ཕྲེང་རྒྱལ་བའི་གསུང་སྒྲོག་འཛིན་པ་བྱེད། །དེ་དག་ལག་པའི་མཐིལ་ནས་བསམ་གྱིས་མི་ཁྱབ་པའི། །མཆོད་པ་རྒྱལ་བ་གཅིག་ལ་བྱེད་པ་ལྟར། །མ་ལུས་རྒྱལ་བ་རྣམས་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་ དག་འགྲོ་བ་ཡོངས་སྡུད་ཡེ་ཤེས་ཀྱིས། །རྣམ་པར་འཕྲུལ་པའི་ཏིང་འཛིན་མངོན་བསྒྲུབས་ཤིང་། །བྱ་བའི་ཚུལ་དང་ཡོན་ཏན་ཐམས་ཅད་དུ། །ཐབས་མང་སྟོང་གིས་སེམས་ཅན་འདུལ་བ་བྱེད། །ལ་ལ་དེ་བཞིན་གཤེགས་པ་མཆོད་སྒོ་དང་། །སྦྱིན་པ་བསམ་གྱིས་ མི་ཁྱབ་གཏོང་བའི་སྒོ། །སྦྱངས་པའི་ཡོན་ཏན་ཀུན་གྱི་ཚུལ་ཁྲིམས་སྒོ། །བཟོད་པ་མི་ཟད་མི་སྒུལ་སྒོ་དག་དང་། །ལ་ལ་བརྟུལ་ཞུགས་དཀའ་ཐུབ་བརྩོན་འགྲུས་སྒོ། །བསམ་གཏན་རབ་ཏུ་ཞིར་གནས་སྒོ་དག་དང་། །དོན་དམ་རྣམ་པར་འབྱེད་པའི་ཤེས་རབ་སྒོ། ། ཚུལ་རྣམས་ཀུན་ལྡན་ཐབས་ཀྱི་སྒོ་དག་དང་། །ཚངས་པའི་སྤྱོད་པ་དག་དང་མངོན་ཤེས་སྒོ། །བསྡུ་བའི་དངོས་པོས་ཕན་ཚོལ་སྒོ་དག་དང་། །བསོད་ནམས་ཡོངས་སུ་བསྩགས་དང་ཡེ་ཤེས་སྒོ། །བདེན་པ་རྟེན་པའི་རྣམ་ཐར་སྒོ་དག་དང་། །ལ་ལ་སྟོབས་དང་དབང་པོ་ལམ་གྱི་སྒོ། ། ཉན་ཐོས་ཐེག་པ་རྣམ་གྲོལ་སྒོ་དག་དང་། །རང་རྒྱལ་ཐེག་པ་རྣམ་པར་དག་པའི་སྒོ། །ཐེག་པ་དམ་པ་རྣམ་འཕྲུལ་སྒོ་དག་དང་། །ལ་ལ་མི་རྟག་པ་དང་སྡུག་བསྔལ་སྒོ། །ལ་ལ་བདག་མེད་སྲོག་མེད་སྒོ་དག་དང་། །མི་སྡུག་འདུ་ཤེས་འདོད་ཆགས་བྲལ་བའི་སྒོ། །ལ་ལ་ ཞི་འགོག་ཏིང་འཛིན་སྒོ་དག་ཏུ། །འགྲོ་བའི་སྤྱོད་སྒོ་ཇི་སྙེད་ཡོད་རྒྱུ་བ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་དེ། །དེ་དག་ཀུན་གྱི་ཆོས་ཉིད་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །གང་རྣམས་ཀུན་གྱི་སྒོ་ཡི་སྒོ་དག་ནས། །བསམ་པ་ཇི་ བཞིན་སེམས་ཅན་འདུལ་བ་བྱེད། །དེ་དག་མཚན་མར་བཟུང་བར་མི་ནུས་ཏེ། །ཏིང་འཛིན་རྣམ་འཕྲུལ་ཚུལ་ནི་དེ་འདྲའོ། །དེ་དག་དགའ་བའི་རྒྱན་གྱིས་ཏིང་འཛིན་མཆོག །འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་བྱེད་འཐུན། །དགའ་བདེ་སྤྲོ་བ་རབ་དགའ་ཀུན་ལྡན་པས། ། བསམ་གྱིས་མི་ཁྱབ་ཡོངས་སྟོན་སེམས་ཅན་འདུལ། །གང་ཚེ་ལོ་ཉེས་ཐམས་ཅད་དཀོན་གྱུར་པ། །དེ་ཚེ་འཇིག་རྟེན་བདེ་བའི་ཡོ་བྱད་རྣམས། །ཐམས་ཅད་བསམ་པ་རྫོགས་པར་བྱ་བའི་ཕྱིར། །སྦྱིན་པ་ཡོངས་སུ་གཏོང་ཞིང་འགྲོ་དོན་བྱེད། །དེ་དག་ཟས་མཆོག་སྐོམ་ དང་རྒྱན་མཆོག་དང་། །གོས་དང་དགབ་པ་རིན་ཆེན་སྣ་ཚོགས་དང་། །རྒྱལ་སྲིད་ནོར་དང་བདག་སྡུག་ཡོངས་བཏང་བས། །སྦྱིན་ལ་མོས་པའི་འགྲོ་བ་འདུལ་བ་བྱེད། །དེ་དག་མཚན་རབ་ཀུན་གྱིས་ལུས་བརྒྱན་ཅིང་། །གོས་དང་རྒྱན་མཆོག་ཡོངས་སུ་བགོས་བཏགས་ཏེ། ། ཕྲེང་བས་རྣམ་བརྒྱན་སྤོས་ཀྱིས་བསྐུ་བྱས་པའི། །གཟུགས་རྣམས་ཡོངས་སུ་བཏང་བས་སེམས་ཅན་འདུལ། །མཐོང་བས་དགའ་བདེ་རབ་ཏུ་མོས་པ་ལ། །དེ་དག་གཟུགས་མཆོག་གཟུགས་བཟང་ཆ་བྱད་མཛེས། །གཟུགས་ཀྱི་དམ་པ་ཡོངས་སུ་སྟོན་བྱེད་ཅིང་། ། གཟུགས་ལ་མོས་པའི་སེམས་ཅན་འདུལ་བ་བྱེད། །དེ་དག་ཀ་ལ་པིང་ཀའི་སྒྲ་སྙན་དང་། །ཀོ་ཀིལ་ཀུན་ལ་ངང་པའི་སྒྲ་དབྱངས་དང་། །རྔ་དང་ཚངས་པ་མི་འམ་ཅི་ཡི་སྒྲས། །མོས་པ་ཐམས་ཅད་ཚུལ་བཞིན་ཆོས་ཀྱང་སྟོན། །དེ་དག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། ། གང་གིས་རྒྱལ་བ་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །དེ་དག་བདེ་དང་སྡུག་བསྔལ་གྲོགས་ཀྱང་བྱེད། །དོན་དང་དོན་མེད་གྲོགས་ཀྱང་དེ་བཞིན་ཏེ། །སེམས་ཅན་དགོས་ལ་ གྲོགས་སུ་འགྱུར་བྱས་ཤིང་། །གྲོགས་ཀྱི་སྒོ་ནས་སེམས་ཅན་རྣམ་པར་འདུལ། །སྡུག་བསྔལ་རྒྱ་མཚོ་འདུས་བྱས་སྐྱོན་གྱི་རྣམས། །གྲོགས་ཀྱི་དོན་དུ་དེ་དག་བཟོད་པར་བྱེད། །འགྲོ་བ་ཀུན་ལ་ཕན་དོན་བདེ་དོན་དུ། །དེ་དག་གྲོགས་དོན་མི་བདེ་ཉམས་སུ་ལེན། ། གང་ན་འབྱུང་བ་མེད་ཅིང་ཆོས་མེད་དེ། །དགོན་པའི་ཡོན་ཏན་ཐར་པ་མི་དམིགས་པ། །དེ་དག་ཀུན་ཏུ་རྒྱལ་སྲིད་ཆེ་སྤངས་ཤིང་། །ཞི་བའི་ཡིད་ཀྱིས་གནས་མེད་མངོན་པར་འབྱུང་། །དེ་དག་ཁྱིམ་གྱི་བཙོན་ར་སྲིད་གནས་པའི། ། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་རྒྱུར། །འདོད་པའི་དགའ་བ་ཀུན་ལ་མི་གནས་པར། །མངོན་པར་བྱུང་ཞིང་ཐར་པ་ཡོངས་སུ་བརྗོད། །དེ་དག་སྤྱོད་པ་བཅུ་རྣམས་སྤྱོད་བྱེད་ཅིང་། །སྐྱེས་ཆེན་རྣམས་ཀྱི་ཆོས་ལ་དེ་དག་སྤྱོད། །དྲང་སྲོང་སྤྱོད་པ་ཐམས་ཅད་མ་ལུས་ པར། །ཡོངས་སུ་བསྒོམ་ཞིང་འགྲོ་བའི་དོན་ཀྱང་བྱེད། །གང་ན་སེམས་ཅན་ཚད་མེད་ཆེ་ལྡན་པ། །བདེ་བ་ཕུན་ལྡན་ཉོན་མོངས་ཆུང་ཡོད་པ། །དེ་དག་ཀུན་ཏུ་ནད་གཟེར་ནད་བུ་ཅན། །བདག་ལ་དབང་བྱེད་ཙམ་གྱི་དབང་སྒྱུར་སྟོན། །འདོད་ཆགས་འབར་ཞིང་ཞེ་སྡང་ འབར་གྱུར་ཏེ། །གཏི་མུག་རྒྱུ་ལས་འཇིག་རྟེན་མེར་འབར་ཞིང་། །རྒ་ཤི་ནད་ཀྱིས་རབ་ཏུ་འབར་གྱུར་པའི། །འཇིག་རྟེན་བསྟན་ཅིང་སེམས་ཅན་འདུལ་བ་བྱེད། །དེ་དག་སངས་རྒྱས་སྟོབས་བཅུ་མི་འཇིགས་བཞི། །ཆོས་ཀྱི་ཁྱད་པར་བཅྭོ་བརྒྱད་རྣམས་ཀྱིས་ཀྱང་། །སངས་རྒྱས་ བདག་ཉིད་ཆེ་བ་བརྗོད་བྱེད་ཅིང་། །སངས་རྒྱས་ཡོན་ཏན་རྣམས་ཀྱིས་འགྲོ་དོན་བྱེད། །དེ་དག་ཡོངས་སྟོན་རྫུ་འཕྲུལ་རྗེས་སྟོན་གྱིས། །གཟུགས་རྣམས་བྱིན་རློབ་མཐུ་ཡིས་མཐུ་ཆེ་བ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་བྱེད་ཅིང་། །རྫུ་ འཕྲུལ་རྣམ་པར་འཕྲུལ་པས་སེམས་ཅན་འདུལ། །དེ་དག་ཐབས་ཀྱི་ཚུལ་མང་སྣ་ཚོགས་ཀྱིས། །འགྲོ་བའི་དོན་དུ་འཇིག་རྟེན་རིམ་གྲོར་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པད་མོ་བཞིན། །དགའ་བ་མོས་པ་སྐྱེ་བར་རྣམ་པར་སྤྱོད། །དེ་དག་རྗོད་ བྱེད་བརྗོད་པའི་རྒྱལ་པོ་བྱེད། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །མཛེས་ཤིང་སྡུག་པར་བཞད་གད་བྱེད་པ་དང་། །སྒྱུ་མཁན་གཟུགས་མང་ཀུན་ཏུ་སྟོན་པར་བྱེད། །གྲོང་དང་གྲོང་དཔོན་ཁ་ལོ་སྒྱུར་བ་དང་། །དེད་དཔོན་ཚོང་དཔོན་ ཁྱིམ་བདག་དེ་བཞིན་ཏེ། །རྒྱལ་པོ་བློན་པོ་མངའ་རབ་ཕོ་ཉ་དང་། །སྨན་པ་མི་འཇིགས་གཙུག་ལག་མཁས་པ་བྱེད། །དེ་དག་ནགས་ཚལ་སྡོང་པོ་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་དག་དང་། །ཡིད་བཞིན་ནོར་བུ་འདོད་པ་འབྱིན་ཤིང་དང་། ལམ་གོལ་འཁྱམས་ལ་དེ་བཞིན་ལམ་སྟོན་འགྱུར། །འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིང་། །སེམས་ཅན་ལས་ཀྱི་ཚུལ་ལ་མི་ཤེས་པ། །དེ་དག་ཀུན་ལ་རྨོས་ཐབས་ཚོང་ཐབས་དང་། །སྣ་ཚོགས་བཟོ་རྣམས་ཀུན་ཀྱང་བརྗོད་པ་བྱེད། །འཚེ་མེད་ གནོད་པ་མེད་པའི་སྦྱོར་བ་རྣམས། །སེམས་ཅན་བདེ་སྐྱེད་མཁས་པས་རབ་བསྔགས་པ། །རིག་མཐུ་སྨན་དང་གཙུག་ལག་སྣ་ཚོགས་རྣམས། །ཀུན་ཀྱང་དྲང་སྲོང་དེ་དག་རྣམ་པར་བརྗོད། །དྲང་སྲོང་རྣམས་ཀྱི་སྤྱོད་པ་དམ་པའི་མཆོག །གང་ལ་ལྷར་བཅས་ འཇིག་རྟེན་དད་གྱུར་དང་། །བརྟུལ་ཞུགས་དཀའ་སྤྱོད་དཀའ་བ་མཆོག་གི་རྣམས། །ཀུན་ཀྱང་མཁས་པ་དེ་དག་སྟོན་པར་བྱེད། །དེ་དག་རྒྱུད་དང་ཀུན་རྒྱུ་མུ་སྟེགས་ཅན། །དཀའ་ཐུབ་སྤྱོད་ཡུལ་མི་སྨྲར་སྤྱོད་པ་དང་། །སྒྲེན་མོ་གོས་མེད་རི་ཡི་དགེ་སྦྱོང་ལ། །མུ་སྟེགས་ ཅན་གྱི་མཁན་པོ་མཁས་པ་བྱེད། །དེ་དག་ཡོངས་འཚོ་ཆོས་ལ་སྤྱོད་པ་དང་། །བླ་ན་ཡོད་དང་བླ་ན་མེད་པ་རྣམས། །རལ་པ་རིང་དང་བྱིས་པའི་བརྟུལ་ཞུགས་ཅན། །དེ་དག་དུ་ཡང་དེ་དག་མཁན་པོར་འགྱུར། །ཉི་མའི་རྗེས་སྤྱད་དཀའ་ཐུབ་ལྔ་ལྡན་དང་། །ཁྱི་དང་བ་ ལང་བརྟུལ་ཞུགས་རི་དགས་སྤྱོད། །གླེའུ་ཅན་མུ་སྟེགས་བཅུ་གསུམ་སྤྱོད་པའི་རྣམས། །དེ་དག་ཀུན་ནའང་དེ་དག་སློབ་དཔོན་འགྱུར། །ལྷ་རྣམས་ཡེ་ཤེས་ཚུལ་ལ་དགའ་བ་དང་། །མུ་སྟེགས་ཁྲུས་བྱེད་ཡུལ་དུ་རྒྱུ་བ་དང་། །རྩ་བ་འབྲས་བུ་ཆུ་ལ་སྤྱོད་པའི་ རྣམས། །ཆོས་སེམས་ནང་ན་དེ་དག་དམ་པར་འགྱུར། །གནས་བརྟེག་གནས་དང་གཅིག་ཏུ་སྤྱོད་པ་དང་། །ཚེར་མ་རྩྭ་དང་ཐལ་བའི་མལ་ཅན་དང་། །དབྱིག་པའི་མལ་ཅན་གཅིག་པུ་སྤྱོད་པའི་རྣམས། །དེ་དག་ཀུན་ཏུའང་དེ་དག་སློབ་དཔོན་འགྱུར། ། ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི་སྙེད་པ། །དེ་དག་བསམ་པ་མོས་པ་རྟོགས་བྱས་ནས། །བསྒྲུབ་དཀའ་མི་ཟད་དྲག་ཤུལ་དཀའ་ཐུབ་ཀྱི། །མུ་སྟེགས་ཅན་གྱི་སྡུག་བསྔལ་སྤངས་པས་འདུལ། །འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་ བྱས་ནས། །ལྟ་བ་ངན་ལ་ཞེན་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་ཚིག་དང་ཐབས་ཚུལ་གྱིས། །བདེན་པ་སྟོན་པ་དེ་དག་ཀུན་ཏུ་བྱེད། །ལ་ལ་དྲ་བྱི་ལ་ཡི་སྔགས་ཚིག་ཏུ། །ཤིན་ཏུ་གསང་བའི་ཚིག་གིས་བདེན་པ་སྟོན། །ལ་ལ་དག་ལ་གསལ་ཞིང་དྲང་ཚིག་ གིས། །ལ་ལ་དག་ལ་ལྷ་ཡི་གསང་ཚིག་གིས། །ལ་ལ་དག་ལ་ཡི་གེ་དབྱེ་ཚིག་དང་། །དོན་དེས་རྟོགས་པ་རྡོ་རྗེའི་ཚིག་རྣམས་དང་། །རྒོལ་བ་འདུལ་བའི་ཡེ་ཤེས་ཚིག་རྣམས་དང་། །བསྟན་པ་ཐུབ་མེད་ཐར་པའི་ཚིག་རྣམས་ཀྱིས། །ལ་ལ་དག་ལ་མི་སྐད་ཚིག་རྣམས་དང་། །ཀུན་ ལ་འཇུག་པའི་ཚིག་དེས་ཚིག་རྣམས་དང་། །ལ་ལ་དག་ལ་ལྷའི་ཚིག་དེས་ཚིག་དང་། །ཀླུ་ཡི་ཚིག་དེས་གནོད་སྦྱིན་ཚིག་རྣམས་ཀྱིས། །ལ་ལ་དག་ལ་སྲིན་པོ་འབྱུང་པོ་དང་། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་ཚིག །མི་ཅི་ལྷ་མིན་ནམ་མཁའ་ལྡིང་ཚིག་གིས། །བདེན་པ་བསྟན་ཅིང་ཐར་པར་ འདྲེན་པ་བྱེད། །དེ་དག་བདེན་པའི་ཚིག་དེས་ཚུལ་ཤེས་བཞིན། །དེ་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། །ཆོས་ཉིད་བསམ་ཡས་ཚིག་ལམ་ཤེས་པས་སྟོན། །དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་དག་འགྲོ་བདེ་མཆོག་གི་ཏིང་ངེ་འཛིན། །འགྲོ་བ་ ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང་། །འོད་ཟེར་བསམ་གྱིས་མི་ཁྱབ་རབ་བཀྱེ་སྟེ། །འོད་ཟེར་བཀྱེ་ནས་སེམས་ཅན་དེ་དག་འདུལ། །འོད་ཟེར་མཐོང་ན་ལེགས་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེ་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། ། བླ་ན་མེད་པའི་ཡེ་ཤེས་མཆོག་གི་རྒྱུ། །སངས་རྒྱས་བསྟན་ཏེ་ཆོས་རྣམས་ཡོངས་བསྟན་ནས། །དགེ་འདུན་བསྟན་ནས་མི་རྣམས་ལམ་བསྟན་ཏེ། །རྒྱལ་བའི་སྐུ་གཟུགས་མཆོད་རྟེན་བསྟན་པས་ན། །དེས་ནི་མཐོང་ན་ལེགས་པའི་འོད་ཟེར་གྲུབ། །ལྷ་ཡི་འོད་ཟེར་ཟིལ་ གྱིས་གནོན་པ་ཡི། །འོད་ཟེར་འོད་བྱེད་རབ་ཏུ་དགྱེ་བྱས་ཤིང་། །མུན་པ་ཀུན་དང་རྡུལ་རྣམས་ཀུན་བསྩལ་ཏེ། །འཇིག་རྟེན་ཕན་པའི་འོད་དེ་རབ་ཏུ་སྣང་། །འོད་དེས་སེམས་ཅན་ཇི་སྙེད་ཡོངས་བསྐུལ་བ། །དེ་དག་རྒྱལ་བ་མཆོད་ཕྱིར་མེ་མར་འཛིན། ། རྒྱལ་བ་མཆོད་ཕྱིར་མྱེ་མར་བཟུང་བྱས་པས། །འཇིག་རྟེན་སྒྲོན་མ་མཛད་པའི་རྒྱལ་བར་འགྱུར། །འབྲུ་མར་མེ་མར་མར་གྱི་མེ་མར་དང་། །ཤིང་དང་རྩྭ་དང་སྨིག་མ་སྤ་ཡི་སྒྲོན། །སྤོས་དང་རོ་མཆོག་རིན་ཆེན་སྒྲོན་མ་དག །རྒྱལ་བ་རྣམ་གསོལ་འོད་བྱེད་དེ་ཐོབ་བོ། །འོད་ ཟེར་སྒྲོལ་ཞེས་བྱ་བ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །དེ་དག་སྲེད་པ་རྣམ་ཡངས་སྲེད་པའི་མཚོར། །སེམས་ཅན་བསྒྲལ་དོན་གོ་ཆ་བརྟན་པ་གྱོན། །གང་རྣམས་སྲེད་པའི་རྣམ་ཡངས་སྲིད་པའི་མཚོར། །སེམས་ཅན་བསྒྲལ་ཕྱིར་གོ་ཆ་ བརྟན་གྱོན་པ། །དེ་དག་ཆུ་བོ་བཞི་ལས་སྒྲོལ་བར་བྱེད། །མྱ་ངན་མེད་པ་བདེ་བའི་གྲོང་ཡང་སྟོན། །སྟེགས་དང་ཟམ་པ་གཅིག་སྨིན་བྱས་པ་དང་། །ཆུ་ཀླུང་ལམ་ལ་སྒྲོལ་བའི་གྲུ་བྱིན་ཏེ། །འདུས་བྱས་སུན་ཕྱུང་ཞི་བ་བསྔགས་པས་ན། །དེས་ནི་སྒྲོལ་བའི་འོད་ཟེར་དེ་གྲུབ་ བོ། །འོད་ཟེར་སྐོམ་པ་སེལ་བ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཤིང་། །ཆོས་ཀྱིས་རྣམ་གྲོལ་རོ་ལ་དོན་དུ་གཉེར། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཏེ། །ཆོས་ཀྱིས་གྲོལ་ བའི་རོ་ལ་དོན་གཉེར་བས། །སངས་རྒྱས་བདུད་རྩི་ཆར་པ་འབེབས་པར་འགྱུར། །འཇིག་རྟེན་སྲེད་པའི་སྐོམ་པ་རྣམ་པར་སེལ། །རྫིང་དང་ཆུ་ཀླུང་ཁྲོན་པ་ལུ་མ་དང་། །མཚོ་རྣམས་བྱང་ཆུབ་དོན་དུ་བྱེད་བཙུད་དེ། །འདོད་པ་རྣམས་སྨད་བསམ་གཏན་བསྔགས་པས་ན། ། སྐོམ་པ་རྣམ་སེལ་དེ་ནི་དེས་སྒྲུབ་པོ། །འོད་ཟེར་དགའ་བར་བྱེད་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །དགའ་བས་རྒྱས་ཤིང་བྱང་ཆུབ་མཆོག་དོན་དུ། །རང་འབྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །ཐུགས་རྗེ་མངའ་རྣམས་སྐུ་ གཟུགས་མཚན་བརྒྱན་པ། །པད་མོའི་གདན་ལ་བཞུགས་པ་བྱས་བསྒྲུབས་ཤིང་། །རྟག་ཏུ་སངས་རྒྱས་ཡོན་ཏན་བརྗོད་པས་ན། །དགའ་བ་བྱེད་པའི་འོད་ནི་དེས་གྲུབ་བོ། །འོད་ཟེར་མོས་པར་བྱེད་པ་རབ་བཀྱེ་ཞིང་། །སེམས་ཅན་ ཇི་སྙེད་འོད་ཟེར་དེས་བསྐུལ་བ། །དེ་དག་ཐམས་ཅད་སངས་རྒྱས་མོས་པས་དགའ། །ཆོས་ལ་མོས་དགའ་དགེ་འདུན་མོས་པས་དགའ། །དེ་དག་རྟག་ཏུ་སངས་རྒྱས་མོས་དགའ་སྟེ། །ཆོས་ལ་མོས་དགའ་དགེ་འདུན་མོས་དགའ་བས། །སངས་རྒྱས་ཆོས་དང་དེ་ བཞིན་དགེ་འདུན་དང་། །རྟག་ཏུ་འགྲོགས་འཐོབ་བཟོད་པ་བླ་མེད་འཐོབ། །སངས་རྒྱས་རྗེས་དྲན་ཆོས་དང་ཚོགས་མཆོག་ལ། །སེམས་ཅན་མང་པོ་བསྐུལ་ཞིང་དྲན་བྱས་ཏེ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་བསྟན་པས་ན། །དེས་ནི་འོད་ཟེར་མོས་པར་བྱེད་པ་གྲུབ། ། འོད་ཟེར་བསོད་ནམས་བསྩགས་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །བླ་ན་མེད་པའི་བྱང་ཆུབ་དོན་གཉེར་ཅིང་། །སྦྱིན་པ་སྣ་ཚོགས་དུ་མ་ཡོངས་སུ་གཏོང་། །དེ་དག་མཆོད་སྦྱིན་ལྷུག་པ་བྱེད་པའི་ཚེ། །སློངས་མོ་པ་ཡི་བསམ་པ་ རྫོགས་བྱས་ཏེ། །བསམ་པ་ཀུན་ཚུལ་སྦྱིན་པ་བྱིན་པས་ན། །དེས་ནི་འོད་ཟེར་བསོད་ནམས་བསྩགས་གྲུབ་བོ། །འོད་ཟེར་ཡེ་ཤེས་ལྡན་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །ཆོས་གཅིག་སྒོ་ནས་ཆོས་གཅིག་མིན་པ་ཡི། །ཆོས་ཀྱི་སྒོ་ རྣམས་ཡུད་ཀྱིས་རྗེས་དྲན་ནས། །ཆོས་ཀྱི་བྱེ་བྲག་སེམས་ཅན་འཛིན་བཙུད་དེ། །དེས་རྟོགས་དོན་གྱི་ཡེ་ཤེས་རྣམ་ཕྱེ་ཞིང་། །ཆོས་ཀྱི་ཚིག་དོན་བརྗོད་པ་བྱས་པ་ནས། །དེས་ནི་ཡེ་ཤེས་ལྡན་པའི་འོད་ཟེར་གྲུབ། །འོད་ཟེར་ཤེས་རབ་སྒྲོན་མ་རབ་བཀྱེ་ཞིང་། །སེམས་ཅན་ ཇི་སྙེད་འོད་ཟེར་དེས་བསྐུལ་བ། །སྟོང་པ་བདག་མེད་མ་སྐྱེས་མ་བྱུང་བ། །རང་བཞིན་མེད་པའི་ཆོས་ལ་རབ་ཏུ་འཇུག །བདག་པོ་མེད་ཆོས་སྟོང་པ་བྱེད་མེད་པ། །སྤྲིན་དང་སྨིག་རྒྱུ་ཆུ་ཟླ་འདྲ་བའི་དངོས། །རྨི་ལམ་ལྟ་བུ་གཟུགས་བརྙན་རང་བཞིན་རྣམས། །བསྟན་པས་ཤེས་ རབ་སྒྲོན་མ་དེ་གྲུབ་པོ། །འོད་ཟེར་ཆོས་ཀྱི་རྣམ་འཕྲུལ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །མི་ཟད་གཟུགས་ཀྱི་བང་མཛོད་རྣམས་ཐོབ་ཅིང་། །དེ་བཞིན་གཤེགས་པ་ཀུན་གྱི་མཛོད་ཀྱང་འཛིན། །ཆོས་འཆད་རྣམས་ལ་ཡོངས་སུ་ ཕན་བཏགས་ཏེ། །དྲང་སྲོང་རྣམས་ལ་ཆོས་ཀྱི་བསྲུང་བྱས་ཤིང་། །འགྲོ་བ་ཀུན་ལ་ཆོས་བཞིན་ཕན་བཏགས་པས། །འོད་ཟེར་ཆོས་ཀྱི་རྣམ་འཕྲུལ་དེ་གྲུབ་པོ། །འོད་ཟེར་གཏོང་དང་ལྡན་པ་རབ་བཀྱེ་ཞིང་། །སེམས་ཅན་འཇུངས་པ་ཇི་སྙེད་དེས་བསྐུལ་བ། །སྐྱིད་པ་མི་ བརྟན་མི་རྟག་ཤེས་གྱུར་ནས། །དེ་དག་རྟག་ཏུ་སྦྱིན་མོས་དགའ་བར་འགྱུར། །འཇུངས་པ་གདུལ་དཀའི་སེམས་ཅན་མ་དུལ་དང་། །ནོར་རྣམས་རྨི་ལམ་སྤྲིན་ཚུལ་ཤེས་གྱུར་ནས། །དགའ་བའི་ཡིད་ཀྱིས་སྦྱིན་པ་རྣམ་སྤེལ་བས། །གཏོང་དང་ལྡན་པའི་འོད་ཟེར་དེས་ བསྒྲུབ་པོ། །འོད་ཟེར་ཡོངས་སུ་གདུང་མེད་རབ་བཀྱེ་ཞིང་། །ཚུལ་ངན་སེམས་ཅན་ཅི་སྙེད་དེས་བསྐུལ་བ། །ཚུལ་ཁྲིམས་རྣམ་དག་རབ་ཏུ་གནས་གྱུར་ཏེ། །རང་བྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །དགེ་བའི་ལས་ལམ་ཡོངས་སུ་དག་པ་དང་། །ཚུལ་ ཁྲིམས་བཟང་ལ་སེམས་ཅན་མང་བསྐུལ་ཞིང་། །བྱང་ཆུབ་སེམས་ལ་ཡང་དག་བསྐུལ་བྱས་པས། །ཡོངས་སུ་གདུང་མེད་འོད་ཟེར་དེ་གྲུབ་པོ། །བཟོད་པས་རྣམ་བརྒྱན་འོད་ཟེར་རབ་བཀྱེ་ཞིང་། །མི་བཟོད་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །ཁྲོ་བའི་ཐ་ བ་ང་རྒྱལ་ཡོངས་སྤངས་ཤིང་། །དེ་དག་བཟོད་མོས་རབ་ཏུ་དགའ་བར་འགྱུར། །སྡིག་སེམས་ལྡན་ལ་ཉེས་པ་བཟོད་བྱས་ཏེ། །བྱང་ཆུབ་དོན་དུ་འཁྲུག་པ་མ་བྱས་ཤིང་། །བཟོད་པའི་ཡོན་ཏན་རྟག་ཏུ་བརྗོད་བྱས་པས། །དེས་ནི་བཟོད་པས་རྣམ་བརྒྱན་དེ་གྲུབ་ པོ། །འོད་ཟེར་བརྩོན་དང་ལྡན་པ་རབ་བཀྱེ་ཞིང་། །ལེ་ལོའི་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །རིགས་པར་བརྩོན་ཞིང་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་མེད་མཆོད་པ་བྱེད་པར་འགྱུར། །རིགས་པར་བརྩོན་པར་དཀོན་མཆོག་གསུམ་རྣམས་ལ། ། སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ནས། །དེ་དག་བདུད་བཞིའི་ལམ་ལས་ཡོངས་འདས་ཏེ། །མྱུར་དུ་བྱང་ཆུབ་བླ་མེད་རབ་ཏུ་ཐོབ། །སེམས་ཅན་མང་པོ་བརྩོན་འགྲུས་བསྐུལ་བྱས་ཏེ། །དཀོན་མཆོག་གསུམ་ལ་མཆོད་པ་རབ་བྱས་ ནས། །ཐ་མའི་དུས་སུ་དམ་ཆོས་ཡོངས་སུ་བཟུང་། །དེས་ནི་བརྩོན་ལྡན་འོད་ཟེར་དེ་གྲུབ་པོ། །འོད་ཟེར་ཞི་བར་བྱེད་པ་རབ་བཀྱེ་ཞིང་། །རྣམ་འཁྲུགས་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །དེ་དག་འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཉམས་སུ་མི་ གནོད་མཉམ་བཞག་སེམས་སུ་གྱུར། །སྡིག་ཏོའི་གྲོགས་པོ་ཉེས་ལྡན་སྤྱོད་ཅན་དང་། །འདུ་འཛི་ཡོངས་སུ་རྣམ་པར་སྤངས་བྱས་ཏེ། །བསམ་གཏན་ཞི་བའི་དགོན་པ་རབ་བསྔགས་པས། །དེས་ནི་ཞི་བྱེད་འོད་ཟེར་དེ་གྲུབ་པོ། །འོད་ཟེར་ཤེས་རབ་རྣམ་བརྒྱན་ རབ་བཀྱེ་ཞིང་། །ཤེས་རབ་འཆལ་པ་ཇི་སྙེད་དེས་བསྐུལ་པ། །བདེན་དང་བརྟན་དང་རྣམ་ཐར་ཚུལ་རྣམས་དང་། །དབང་པོའི་རྒྱུས་ལ་རྟོག་པར་ཤེས་གྱུར་ཅིང་། །ཉི་མ་སྒྲོན་མའི་ཏིང་འཛིན་ཐོབ་གྱུར་ནས། །ཤེས་རབ་འོད་གསལ་མཛད་པའི་རྒྱལ་བར་འགྱུར། ། རྒྱལ་སྲིད་ནོར་དང་བདག་ཕོངས་ཡོངས་བཏང་སྟེ། །བྱང་ཆུབ་དོན་དུ་ཆོས་རྣམས་གང་བཙལ་བ། །དེ་དག་རིམ་གྲོར་རབ་ཏུ་བརྗོད་བྱས་པས། །ཤེས་རབ་རྣམ་བརྒྱན་འོད་ཟེར་དེས་གྲུབ་པོ། །འོད་ཟེར་སངས་རྒྱས་ལྡན་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་ འོད་ཟེར་དེས་བསྐུལ་བ། །སངས་རྒྱས་བསམ་གྱིས་མི་ཁྱབ་ཤིན་ཏུ་མང་། །པད་མོ་མཆོག་ལ་བཞུགས་པར་རབ་ཏུ་མཐོང་། །སངས་རྒྱས་བདག་ཉིད་ཆེ་དང་རྣམ་ཐར་དང་། །སངས་རྒྱས་རྣམ་འཕྲུལ་མཐའ་ཡས་ཡོངས་བསྟན་ཏེ། །སངས་རྒྱས་ སྟོབས་དང་རྫུ་འཕྲུལ་བརྗོད་བྱས་པས། །སངས་རྒྱས་ལྡན་པའི་འོད་ཟེར་དེས་གྲུབ་པོ། །འོད་ཟེར་མི་འཇིགས་སྦྱིན་པ་རབ་བཀྱེ་ཞིང་། །འཇིགས་མནར་སེམས་ཅན་ཇི་སྙེད་དེས་ཕོག་པ། །འབྱུང་པོ་གཟའ་དང་བསད་ཅིང་བརྡེག་པ་དང་། །ནད་ཀྱིས་ འཇིགས་པ་ཀུན་ལས་རབ་ཏུ་གྲོལ། །མི་འཇིགས་སྦྱིན་པས་སེམས་ཅན་བསྐྱབས་པ་དང་། །སྲོག་གཅོད་ལས་ལས་སེམས་རྒྱུད་ཕྱིར་བཟློག་ཅིང་། །འཇིགས་པས་སྐྱབས་ཚོལ་རྣམས་ལ་བསྐྱབས་བྱས་པས། །འོད་ཟེར་མི་འཇིགས་སྦྱིན་པ་དེས་གྲུབ་པོ། ། འོད་ཟེར་ཐམས་ཅད་བདེ་བ་རབ་བཀྱེ་ཞིང་། །ནད་པ་ན་བ་ཇི་སྙེད་དེས་རེག་པ། །ཐམས་ཅད་ནད་ཀྱི་སྡུག་བསྔལ་རྣམ་པར་འགྲོལ། །བསམ་གཏན་ཏིང་འཛིན་བདེ་བ་རྣམས་ཀྱང་ཐོབ། །ནད་གསོས་འབྲས་བུ་སྨན་དང་རྩ་བ་དང་། །རིན་ཆེན་རོ་མཆོག་སྤོས་དང་བྱུག་པ་དང་། ། བུ་རམ་སྦྲང་རྩི་འོ་མ་མར་དག་དང་། །འབྲུ་མར་ཟས་སྐོམ་བྱིན་པས་དེ་གྲུབ་པོ། །འོད་ཟེར་སངས་རྒྱས་སྟོན་པ་རབ་བཀྱེ་ཞིང་། །ཚེ་ཟད་མཐར་ནི་ཇི་སྙེད་དེས་བསྐུལ་བ། །སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར། །དེ་དག་ཤི་འཕོས་སངས་རྒྱས་བཞུགས་ཤིང་ འགྲོ། །འཆི་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ། །དགའ་འགྱུར་རྒྱལ་བའི་སྐུ་གཟུགས་བསྟེན་བྱས་ཤིང་། །འཆི་ཀ་སངས་རྒྱས་སྐྱབས་སུ་བཏང་བྱས་པས། །སངས་རྒྱས་སྟོན་པའི་འོད་ཟེར་དེས་ཐོབ་པོ། །འོད་ཟེར་ཆོས་རབ་བརྗོད་པ་རབ་བཀྱེ་ཞིང་། ། སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །ཆོས་ཉན་བརྗོད་ཅིང་དེ་བཞིན་འདྲི་བ་བྱེད། །ཆོས་ལ་མོས་པས་རྟག་ཏུ་དགའ་བར་འགྱུར། །ཆོས་ཀྱི་མུ་གེའི་དུས་སུ་ཆོས་བརྗོད་དེ། །ཆོས་ཚོལ་རྣམས་ཀྱི་བསམ་པ་རྫོགས་བྱས་ཤིང་། །མོས་པ་བསྐྱེད་དེ་ཆོས་ལ་བརྩོན་གྱིས་ ཞེས། །བརྗོད་པ་ཆོས་རབ་བརྗོད་པ་དེས་ཐོབ་པོ། །སངས་རྒྱས་སྲས་རྣམས་ཡོངས་སུ་བསྐུལ་པའི་ཕྱིར། །འོད་ཟེར་དབྱངས་དང་ལྡན་པ་རབ་བཀྱེ་ཞིང་། །ཁམས་གསུམ་སྒྲ་རྒྱུད་ཇི་སྙེད་ཡོད་པ་དག །ཀུན་ཀྱང་དེ་བཞིན་གཤེགས་པའི་གསུང་དུ་ཐོས། །གསལ་བའི་ དབྱངས་སྒྲར་དྲང་སྲོང་ཆེར་བརྗོད་དེ། །རོལ་མོ་སྒྲ་ཆེན་དྲིལ་གྱི་སྦྱིན་པ་རྣམས། །འགྲོ་བ་ཀུན་ལ་རྒྱལ་བའི་གསུང་དོན་དུ། །ཡོངས་སུ་བཏང་བས་འོད་ཟེར་དབྱངས་ལྡན་ཐོབ། །འོད་ཟེར་འཆི་མེད་སྦྱིན་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །བག་ མེད་སྤྱོད་པ་ཐམས་ཅད་རྣམ་སྤངས་ཏེ། །ཡོན་ཏན་ཀུན་ལ་རྣལ་འབྱོར་ཉམས་སུ་ལེན། །འདུས་བྱས་རྟག་ཏུ་བདེ་བ་མེད་པ་སྟེ། །སྡུག་བསྔལ་འཚེ་བ་མང་པོས་ཡོངས་སུ་གང་། །འགོག་པ་རྟག་ཏུ་བདེ་ཞིང་ཞི་དགའ་ཞེས། ། བརྗོད་པས་འཆི་མེད་སྦྱིན་པ་དེ་ཐོབ་བོ། །འོད་ཟེར་ཁྱད་པར་ལྡན་པ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །ཚུལ་ཁྲིམས་ཁྱད་པར་ཏིང་འཛིན་ཁྱད་པར་དང་། །ཤེས་རབ་ཁྱད་པར་རྒྱལ་བ་རྣམས་ལས་ཉན། །ཚུལ་ཁྲིམས་འཕགས་པ་ཏིང་ འཛིན་འཕགས་པ་སྟེ། །ཤེས་རབ་འཕགས་པ་ཐུབ་པའི་རྒྱལ་མཚན་ཞེས། །བྱང་ཆུབ་དོན་དུ་བསྔགས་ཤིང་བསྟོད་བྱས་པས། །དེས་ནི་འོད་ཟེར་ཁྱད་པར་ལྡན་པ་ཐོབ། །འོད་ཟེར་རིན་ཆེན་རྣམ་བརྒྱན་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། ། རིན་ཆེན་གཏེར་མང་མི་ཟད་ཐོབ་གྱུར་ཏེ། །དྲང་སྲོང་ཆེ་ལ་རིན་ཆེན་དམ་པས་མཆོད། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །རིན་ཆེན་ཕུལ་ཞིང་འགྲོ་བ་ཉོན་མོངས་ལ། །རིན་ཆེན་བསྡུད་དེ་རིན་ཆེན་སྦྱིན་བཏང་བས། །རིན་ཆེན་རྣམ་པར་བརྒྱན་པའི་འོད་ཟེར་གྲུབ། ། འོད་ཟེར་སྤོས་མཆོག་སྣང་བ་རབ་བཀྱེ་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེས་བསྐུལ་བ། །མི་ལ་མེད་པའི་སྤོས་དྲི་ཚོར་གྱུར་ནས། །སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར། །མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡིས། །མི་ཡི་གཙོ་ལ་མཆོད་པ་རབ་བྱས་ཏེ། ། སྤོས་ཀྱིས་རྒྱལ་བའི་སྐུ་གཟུགས་མཆོད་རྟེན་དག །བྱས་པས་འོད་ཟེར་སྤོས་མཆོག་སྣང་བ་གྲུབ། །འོད་ཟེར་སྣ་ཚོགས་རྣམ་བརྒྱན་རབ་བཀྱེ་ཞིང་། །གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་མཆོག །རོལ་མོ་སྒྲ་སྙན་སྤོས་དང་བདུག་སྤོས་ཀྱིས། །ཕོ་བྲང་དམ་པ་ ཡོངས་བརྒྱན་མེ་ཏོག་འགེངས། །སྔོན་ཆད་རྒྱལ་བ་རོལ་མོས་བསྩུ་བྱས་ཏེ། །མེ་ཏོག་བྱུག་པ་བདུག་སྤོས་ཕྱེ་མ་དང་། །གདུགས་དང་རྒྱལ་མཚན་བ་དན་མཆོག་དག་གིས། །མཆོད་པ་བྱས་པས་སྣ་ཚོགས་རྒྱན་གྲུབ་བོ། །འོད་ཟེར་ཤིན་ཏུ་དང་བྱེད་རབ་བཀྱེ་ཞིང་། ། ས་རྣམས་ལག་མཐིལ་བཞིན་དུ་གནས་པར་བྱེད། །མཆོད་རྟེན་དྲང་སྲོང་གནས་རྣམས་སྦྱངས་བྱས་པས། །དེས་ནི་འོད་ཟེར་ཤིན་ཏུ་དང་བྱེད་གྲུབ། །འོད་ཟེར་ཆེན་པོ་སྤྲིན་ལྡན་རབ་བཀྱེ་ཞིང་། །སྤོས་ཀྱི་ཆར་འབེབས་སྤྲིན་རྣམས་ཀུན་ནས་གནས། །མཆོད་རྟེན་གམ་ཡོ་སྤོས་ ཆུས་ཡོངས་བཏབ་པས། །འོད་ཟེར་སྤྲིན་དང་ལྡན་པ་རབ་ཏུ་ཐོབ། །འོད་ཟེར་ལྷབ་ལྷུབ་རྣམ་བརྒྱན་རབ་བཀྱེ་ཞིང་། །གོས་མེད་གོས་ཡོད་རྒྱན་དང་ལྡན་པར་འགྱུར། །གོས་དང་བགོ་བ་ཕྲེང་བ་སྣ་ཚོགས་དག །ཡོངས་སུ་བཏང་བས་ལྷབ་ལྷུབ་རྣམ་བརྒྱན་གྲུབ། ། འོད་ཟེར་བྲོ་མཆོག་ལྡན་པ་རབ་བཀྱེ་ཞིང་། །བཀྲེས་པ་ཁ་ཟས་བྲོ་མཆོག་ཐོབ་པར་འགྱུར། །ཟས་དང་སྐོམ་དང་བྲོ་མཆོག་སྣ་ཚོགས་རྣམས། །བྱིན་པས་བྲོ་མཆོག་ལྡན་པའི་འོད་ཀྱང་ཐོབ། །འོད་ཟེར་ནོར་སྟོན་རབ་ཏུ་དགྱེ་བྱས་ཤིང་། །ཕོངས་པ་རིན་ཆེན་གཏེར་རྣམས་ ཐོབ་པར་འགྱུར། །གནས་དང་གཏེར་རྣམས་མི་ཟད་དཀོན་མཆོག་གསུམ། །གསོལ་བས་ནོར་སྟོན་འོད་ཟེར་དེ་ཐོབ་བོ། །འོད་ཟེར་མིག་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །ལོང་བ་དེ་ཚེ་སྣ་ཚོགས་གཟུགས་འཐོབ་འགྱུར། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ གསོལ་བས་མིག་སྦྱོང་འོད་ཟེར་གྲུབ། །རྣ་བ་རྣམ་སྦྱོང་འོད་ཟེར་རབ་བཀྱེ་ཞིང་། །རྣ་བ་ཉམས་པ་སྒྲ་མང་ཐོས་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སིལ་སྙན་ཕུལ་བས་རྣ་བ་རྣམ་སྦྱོང་ཐོབ། །འོད་ཟེར་སྣ་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །སྔོན་ ཆད་མ་ཚོར་དྲི་ཞིམ་ཚོར་བར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སྤོས་ཞིམ་གསོལ་བས་སྣ་སྦྱོང་འོད་ཟེར་གྲུབ། །འོད་ཟེར་ལྕེ་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །སྒྲ་སྙན་ཡིད་དུ་འོང་བས་སངས་རྒྱས་སྟོན། །མི་སྙན་བརླང་བར་སྨྲ་བ་རྣམ་སྤངས་ཏེ། །འཇམ་ པར་སྨྲ་བས་ལྕེ་སྦྱོང་འོད་ཟེར་གྲུབ། །འོད་ཟེར་ལུས་སྦྱོང་རབ་ཏུ་བཀྱེ་བྱས་ཤིང་། །དབང་པོ་ཉམས་པ་དབང་པོ་ལྡན་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་ཀྱིས་རབ་བཏུད་ལུས་སྦྱོང་འོད་ཟེར་ཐོབ། །འོད་ཟེར་སེམས་སྦྱོང་རབ་ཏུ་བཀྱེ་བྱས་ཤིང་། །མྱོས་པ་ ཐམས་ཅད་རང་བཞིན་སེམས་སུ་འགྱུར། །ཏིང་འཛིན་རྗེས་སུ་སེམས་འགྲོར་རབ་བྱས་པས། །དེས་ནི་སེམས་སྦྱོང་འོད་ཟེར་དེ་གྲུབ་པོ། །འོད་ཟེར་གཟུགས་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །བསམ་ཡས་སྐུ་མངའ་མིའི་དབང་པོ་མཐོང་། ། སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་དང་། །མཆོད་རྟེན་རྒྱས་བྱས་གཟུགས་སྦྱོང་ཐོབ་པར་འགྱུར། །འོད་ཟེར་སྒྲ་སྦྱོང་རབ་ཏུ་བཀྱེ་བྱས་ཤིང་། །སྒྲ་ནི་སྒྲ་མིན་སྟོང་པར་རབ་ཏུ་ཤེས། །རྐྱེན་ལས་བྱུང་བས་སྒྲ་བརྙན་འདྲའོ་ཞེས། །སྒྲ་རྣམས་བསྟན་པས་འོད་ཟེར་དེ་གྲུབ་པོ། །འོད་ ཟེར་དྲི་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །དྲི་ང་ཐམས་ཅད་དྲི་ཞིམ་མཆོག་ཏུ་འགྱུར། །སྤོས་མཆོག་རབ་ཆུས་རྒྱལ་བའི་མཆོད་རྟེན་དག །ཁྲུས་བྱས་བྱང་ཆུབ་ཤིང་གི་འོད་དེ་ཡིན། །འོད་ཟེར་བྲོ་མཆོག་རབ་ཏུ་དགྱེ་བྱས་ཤིང་། །དུག་ཅན་དུག་མྱེད་རོ་ཡི་མཆོག་ཏུ་འགྱུར། ། སངས་རྒྱས་ཉན་ཐོས་བཅས་དང་ཕ་མ་ལ། །བྲོ་མཆོག་ཐམས་ཅད་ཕུལ་བའི་འོད་དེ་ཡིན། །འོད་ཟེར་རེག་སྦྱོང་རབ་ཏུ་དགྱེ་བྱས་ཤིང་། །རེག་ན་མི་བདེ་ཐམས་ཅད་འཇམ་བདེར་འགྱུར། །ཏྲི་ཤུལ་མདུང་དང་རལ་གྲི་མདའ་ཡི་ཆར། །ཕྲེང་བ་ཡིད་འོང་ཨུཏྤལ་པདྨོར་ འགྱུར། །གོས་མང་འཇམ་པ་རེག་ན་བདེ་བའི་རྣམས། །རྒྱལ་བ་གཤེགས་པའི་ལམ་དུ་བཏིང་བཀྲམ་སྟེ། །མེ་ཏོག་བྱུག་པ་ན་བཟའ་འཇམ་པ་དང་། །ཕྲེང་བ་བླ་རེ་གསོལ་བས་འོད་དེ་ཡིན། །འོད་ཟེར་ཆོས་སྤྱོད་རབ་ཏུ་དགྱེ་བྱས་ཤིང་། །བ་སྤུ་ཀུན་ ནས་འཇིག་རྟེན་ཕན་མཛད་པའི། །བསམ་ཡས་ཆོས་མང་འབྱུང་བ་ཐོས་པར་འགྱུར། །མོས་པའི་ལམ་ཚུལ་བཞིན་དུ་དགའ་བར་བྱེད། །རྐྱེན་ལས་བྱུང་བས་མ་སྐྱེས་རང་བཞིན་ཡིན། །རྒྱལ་བའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཉིད་ནམ་མཁའ་བཞིན་དུ་ རྟག་གནས་ཤེས། །བརྗོད་པས་ཆོས་སྦྱོང་འོད་ཟེར་དེ་ཐོབ་པོ། །འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །དྲང་སྲོང་རྣམས་ཀྱི་བ་སྤུའི་སྒོ་གཅིག་ནས། །གང་གཱའི་བྱེ་མ་སྙེད་ཀྱི་འོད་ཟེར་བྱུང་། །ཀུན་ཀྱང་ཐ་དད་ལས་ཀྱི་ཚུལ་ཅན་ནོ། །ཇི་ལྟར་བ་སྤུ་གཅིག་ སྒོ་སྒོ་གཅིག །འོད་ཟེར་གངྒཱའི་བྱེ་སྙེད་ཡོངས་འབྱུང་བ། །དེ་བཞིན་མ་ལུས་སྤུ་རྣམས་ཐམས་ཅད་ནས། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཡོན་ཏན་གང་གིས་འོད་ཟེར་གྲུབ་འགྱུར་བའི། །ཡོན་ཏན་དེ་ལ་བསྟང་གྲོགས་སུས་བྱས་པ། །དེ་དག་འོད་ཟེར་དེ་དག་ཉིད་ཀྱང་འབྱུང་། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། ། དེ་དག་བསོད་ནམས་བསྟང་གྲོགས་བྱས་པ་ལ། །རྗེས་སུ་ཡི་རངས་སྨོན་ལམ་སུས་བཏབ་པ། །གང་གིས་མཐོང་སྟེ་དགེ་བ་བསགས་གྱུར་པ། །དེ་དག་ཀུན་ཀྱང་འོད་ཟེར་དེ་དག་ཤེས། །གང་གིས་བསོད་ནམས་བྱས་ཤིང་དགེ་བསགས་ཏེ། །སངས་རྒྱས་ཡང་དང་ཡང་དུ་མཆོད་བྱས་ཤིང་། །སངས་རྒྱས་ཡོན་ཏན་ འདོད་ཅིང་དོན་གཉེར་བ། །དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ། །དམུས་ལོང་རྣམས་ཀྱིས་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ཏུ་འཆར། །མིག་དང་ལྡན་པས་ཤར་བར་ཤེས་གྱུར་ནས། །ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག ། དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀྱང་། །མེད་པ་མ་ཡིན་ཀུན་ཏུ་འཕྲོ་བ་སྟེ། །དེ་དག་མོས་པ་ལོག་པས་མནར་བ་ཡི། །ཕལ་གྱིས་མི་མཐོང་བློ་གྲོས་ཡངས་ལ་མོད། །རྒྱན་དང་ནོར་བུ་བཞོན་པ་གཞལ་མེད་ཁང་། །རིན་ཆེན་རོ་མཆོག་སྤོས་དང་བྱུག་པ་རྣམས། ། དེ་དག་ཆེ་བར་གྱུར་ལ་ཡོད་མོད་ཀྱི། །ཉོན་མོངས་ཕོངས་པ་རྣམས་ལ་ཡོད་པ་མིན། །གང་གིས་འོད་ཟེར་བྱེ་བྲག་འདི་ཐོས་ཏེ། །དད་ལ་ཡིད་ཆེས་མོས་པ་སྐྱེས་གྱུར་ན། །བདག་ནི་ཡོན་ཏན་ཆེན་པོའི་རྒྱལ་མཚན་དུ། །མི་འགྱུར་སྙམ་དུ་ནེམ་ནུར་དེས་མི་བསྐྱེད། །དེ་དག་ འཁོར་གྱི་རྒྱན་དུ་རྣམ་འཕྲུལ་བས། །ཏིང་འཛིན་དམ་པ་མངོན་པར་སྒྲུབ་བྱེད་ཅིང་། །ཕྱོགས་བཅུ་ཀུན་ཏུ་དཔེ་ཟླ་མེད་པ་ཡི། །རྒྱལ་སྲས་འཁོར་རྣམས་ཡོངས་སུ་སྟོན་པ་བྱེད། །དེ་དག་པདྨོ་མཛེས་པ་སྟོང་གསུམ་ཙམ། །འོད་ཀྱི་རྣམ་བརྒྱན་བྱིན་གྱིས་བརླབས་བྱས་ཤིང་། ། ལུས་གཅིག་སྐྱིལ་མོ་ཀྲུང་གི་པདྨོ་དེ། །ཡོངས་སུ་རྒྱས་སྟོན་ཏིང་འཛིན་རྣམ་པར་འཕྲུལ། །དེ་དག་ཞིང་བཅུའི་རྡུལ་སྙེད་པད་མོ་གཞན། །འཁོར་དང་བཅས་པ་བྱིན་གྱིས་བརླབས་བྱས་ཤིང་། །རྒྱལ་སྲས་ཀུན་གྱིས་ཀུན་ནས་ཡོངས་བསྐོར་པ། །དེ་དག་ཏིང་འཛིན་ ཏིང་འཛིན་མེད་པར་སྤྱོད། །དྲང་སྲོང་དེས་ནི་ཡོངས་སུ་སྨིན་བྱས་ཏེ། །རྒྱལ་བའི་ལེགས་པ་ཡོངས་སུ་གང་བསྒྲུབས་པ། །དེ་དག་པད་མོ་ཆེན་པོ་འཁོར་བྱེད་ཅིང་། །ཀུན་ཀྱང་ཐལ་མོ་སྦྱར་ཏེ་ངོར་ཡང་ལྟ། །སྐྱེས་བུ་ཆེན་པོའི་ཆོས་ ཉིད་དེ་འདྲ་སྟེ། །གང་རྣམས་ཏིང་འཛིན་རྣམ་སྤྱོད་ཞུགས་གྱུར་པ། །ཀུན་ཀྱང་རང་རང་སློབ་མས་བསྐོར་འགྱུར་ཏེ། །ཟླ་བ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན། །དེ་དག་ཇི་ལྟར་ཕྱོགས་གཅིག་འཇུག་བྱེད་ཅིང་། །སངས་རྒྱས་སྲས་ཀྱི་འཁོར་རྣམས་སྟོན་བྱེད་པ། ། དེ་བཞིན་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །སྟོན་ཏེ་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་དག་ཏིང་འཛིན་རབ་རྣམས་མངོན་སྒྲུབ་ཅིང་། །ཕྱོགས་ཀྱི་དྲ་བ་སྣྲེལ་ཞིར་སྤྱོད་པ་བྱེད། །ལ་ལ་མཉམ་བཞག་ལ་ལ་ནམ་ལངས་པར། །རང་རང་ལུས་ཀྱང་ ཕྱོགས་རྣམས་ཀུན་ཏུ་སྟོན། །དེ་དག་ཤར་གྱི་ཕྱོགས་སུ་མཉམ་བཞག་ཅིང་། །དཔའ་བོ་དེ་དག་ནུབ་ཀྱི་ཕྱོགས་ནས་ལྡང་། །ནུབ་ཀྱི་ཕྱོགས་སུ་དེ་བཞིན་མཉམ་བཞག་ཅིང་། །ཤར་གྱི་ཕྱོགས་ནས་བདག་ཉིད་ཆེ་བ་ལྡང་། །དེ་བཞིན་ཕྱོགས་བཅུ་ཀུན་ཏུ་འཇུག་བྱེད་དེ། །ཕྱོགས་ རྣམས་གཞན་ཏུ་མཉམ་པར་བཞག་བྱས་ཤིང་། །ཡེ་ཤེས་ཡོན་ཏན་མང་པོ་གཞན་ནས་ལྡང་། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཤར་ཕྱོགས་ཞིང་གྲངས་ཇི་སྙེད་ཡོད་པ་རྣམས། །མ་ལུས་དེ་དག་ཀུན་གྱི་རང་བྱུང་གི །སྤྱན་སྔ་ཞབས་ཀྱི་དྲུང་ན་ཏིང་འཛིན་ལ། ། ཞི་བར་རྣམ་པར་སྤྱོད་པ་དེ་དག་སྣང་། །དེར་ནི་མཉམ་བཞག་སེམས་ཅན་བསྟན་བྱས་ནས། །ནུབ་ཀྱི་ཞིང་རྣམས་ཀུན་ནས་དཔའ་བོ་རྣམས། །ལངས་ཤིང་རྒྱལ་བ་ཀུན་གྱི་སྤྱན་སྔ་ན། །མཆོད་པ་རྣམ་མང་དུ་མ་བྱེད་པར་སྣང་། །ནུབ་ཀྱི་ཞིང་གྲངས་ཇི་སྙེད་ཡོད་པ་རྣམས། ། མ་ལུས་དེ་དག་ཀུན་གྱི་སངས་རྒྱས་ཀྱི། །སྤྱན་སྔ་ཞབས་ཀྱི་དྲུང་ན་ཏིང་འཛིན་ལ། །ཞི་བར་རྣམ་པར་སྤྱོད་པ་དེ་དག་སྣང་། །དེར་ནི་མཉམ་བཞག་སེམས་ཅན་བརྟན་བྱས་ནས། །ཤར་གྱི་ཞིང་རྣམས་ཀུན་ནས་དཔའ་བོ་རྣམས། །ལངས་ཤིང་རྒྱལ་བ་ཀུན་གྱི་སྤྱན་སྔ་ན། ། མཆོད་པ་རྣམ་མང་དུ་མ་བྱེད་པར་སྣང་། །ཕྱོགས་བཅུའི་ཞིང་དུ་འཇུག་པ་དེ་འདྲ་སྟེ། །ཕྱོགས་རྣམས་ཀུན་ཏུ་མ་ལུས་དཔའ་བོ་རྣམས། །ལ་ལ་མཉམ་བཞག་ལ་ལ་རྣམ་པར་ལོངས། །འཇིག་རྟེན་སྒྲོན་མ་ཀུན་ལ་མཆོད་བྱེད་སྣང་། །དེ་དག་མིག་གི་ལམ་ལ་མཉམ་བཞག་ཅིང་། ། བདག་ཉིད་ཆེ་བ་གཟུགས་ཀྱི་ལམ་ལས་ལྡང་། །འཇིག་རྟེན་ལྷར་བཅས་མོས་པར་འགྱུར་བ་ཡི། །བསམ་གྱིས་མི་ཁྱབ་གཟུགས་ཀྱང་སྟོན་པར་བྱེད། །གཟུགས་ཀྱི་ལམ་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ལྡན་པ་མིག་གི་ལམ་ལས་ལྡང་། །མིག་ནི་མ་སྐྱེས་མ་བྱུང་རང་བཞིན་ ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པར་བྱེད། །དེ་དག་རྣ་བའི་ལམ་ལ་མཉམ་བཞག་ཅིང་། །བདག་ཉིད་ཆེ་བ་སྒྲ་ཡི་ལམ་ལས་ལྡང་། །སྒྲ་དབྱངས་ཐམས་ཅད་སྒྲ་བརྙན་བཞིན་དུ་ཤེས། །འཇིག་རྟེན་ལྷར་བཅས་དེ་ལ་མོས་པར་འགྱུར། །སྒྲ་ཡི་ལམ་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ ལྡན་པ་རྣ་བའི་ལམ་ལས་ལྡང་། །རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པར་བྱེད། །དེ་དག་སྣ་ཡི་ལམ་ལ་མཉམ་བཞག་ཅིང་། །བདག་ཉིད་ཆེ་བ་དྲི་ཡི་ལམ་ལས་ལྡང་། །དྲི་རབ་མཆོག་ལ་འཇུག་པར་རབ་ཏུ་ཞུགས། །འཇིག་རྟེན་ལྷར་བཅས་དེ་ལ་མོས་པར་ འགྱུར། །དྲི་ཡི་ལམ་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ལྡན་པ་སྣ་ཡི་ལམ་ལས་ལྡང་། །སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པར་བྱེད། །དེ་དག་ལྕེ་ཡི་ལམ་ལ་མཉམ་བཞག་ཅིང་། །བྲོ་མཆོག་ཀུན་གྱི་ལམ་ལས་ལྡང་བར་བྱེད། །བདག་ ཉིད་ཆེ་བ་དེ་དག་བློ་མཆོག་ཤེས། །འཇིག་རྟེན་ལྷར་བཅས་དེ་ལ་མོས་པར་འགྱུར། །བྲོ་བའི་མཆོག་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ལྡན་པ་ལྕེ་ཡི་ལམ་ལས་ལྡང་། །ལྕེ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པར་བྱེད། །དེ་དག་ལུས་ཀྱི་ ལམ་ལ་མཉམ་བཞག་ཅིང་། །བདག་ཉིད་ཆེ་བ་རེག་པའི་ལམ་ལས་ལྡང་། །འཇིག་རྟེན་བདེ་བ་བསྐྱེད་པའི་རེག་ལ་ཞུགས། །འཇིག་རྟེན་ལྷར་བཅས་དེ་ལ་མོས་པར་འགྱུར། །རེག་གི་ལམ་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ལྡན་པ་ལུས་ཀྱི་ལམ་ལས་ ལྡང་། །ལུས་ནི་མ་བྱུང་མ་སྐྱེས་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པ་བྱེད། །དེ་དག་སེམས་ཀྱི་ལམ་ལ་མཉམ་བཞག་ཅིང་། །བདག་ཉིད་ཆེ་བ་ཆོས་ཀྱི་ལམ་ལས་ལྡང་། །ཆོས་སྒྲུབ་འཇུག་པར་བྱ་ལ་རབ་ཏུ་ཞུགས། །འཇིག་རྟེན་ལྷར་ བཅས་དེ་ལ་མོས་པར་འགྱུར། །ཆོས་ཀྱི་ལམ་ལ་མཉམ་པར་བཞག་བྱས་ཤིང་། །དྲན་དང་ལྡན་པ་སེམས་ཀྱི་ལམ་ལས་ལྡང་། །སེམས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་སྟོན་པ་བྱེད། །བྱིས་པའི་ལུས་སུ་དེ་དག་མཉམ་བཞག་ཅིང་། །གཞོན་ནུ་ དར་ལ་བབ་པའི་ལུས་སུ་ལྡང་། །གཞོན་ནུ་དར་ལ་བབ་པར་མཉམ་བཞག་ཅིང་། །རྒན་ཞིང་འཁོག་པའི་ལུས་སུ་རྣམ་པར་ལྡང་། །རྒན་ཞིང་འཁོགས་པའི་ལུས་སུ་མཉམ་བཞག་ཅིང་། །དགེ་བསྙེན་དད་མའི་ལུས་སུ་རྣམ་པར་ལྡང་། །དགེ་བསྙེན་དད་མའི་ལུས་སུ་མཉམ་བཞག་ཅིང་། ། དགེ་བསྙེན་དད་པའི་ལུས་སུ་རྣམ་པར་ལྡང་། །དགེ་བསྙེན་དད་པའི་ལུས་སུ་མཉམ་བཞག་ཅིང་། །དགེ་སློང་མ་ཡི་ལུས་སུ་རྣམ་པར་ལྡང་། །དགེ་སློང་མ་ཡི་ལུས་སུ་མཉམ་བཞག་ཅིང་། །དགེ་སློང་མང་དུ་ཐོས་པའི་ལུས་སུ་ལྡང་། །དགེ་སློང་མང་ཐོས་ལུས་ལ་ མཉམ་བཞག་ཅིང་། །སློབ་དང་མི་སློབ་ལུས་སུ་རྣམ་པར་ལྡང་། །སློབ་དང་མི་སློབ་ལུས་སུ་མཉམ་བཞག་ཅིང་། །རང་རྒྱལ་ལུས་ལས་དེ་དག་རྣམ་པར་ལྡང་། །རང་རྒྱལ་ལུས་ལ་དེ་དག་མཉམ་བཞག་ཅིང་། །སངས་རྒྱས་སྐུ་མཆོག་ཕུལ་དུ་རྣམ་པར་ལྡང་། །སངས་རྒྱས་ སྐུ་མཆོག་ཕུལ་ལ་མཉམ་བཞག་ཅིང་། །ལྷ་ཡི་ལུས་སུ་དེ་དག་རྣམ་པར་ལྡང་། །ལྷ་ཡི་ལུས་སུ་དེ་དག་མཉམ་བཞག་ཅིང་། །འཕྲུལ་ཆེན་ཀླུ་ཡི་ལུས་སུ་རྣམ་པར་ལྡང་། །འཕྲུལ་ཆེན་ཀླུ་ཡི་ལུས་སུ་མཉམ་བཞག་ཅིང་། །འཕྲུལ་ཆེན་གནོད་སྦྱིན་ལུས་སུ་རྣམ་ པར་ལྡང་། །འཕྲུལ་ཆེན་གནོད་སྦྱིན་ལུས་སུ་མཉམ་བཞག་ཅིང་། །འབྱུང་པོ་ཀུན་གྱི་ལུས་སུ་རྣམ་པར་ལྡང་། །འབྱུང་པོ་ཀུན་གྱི་ལུས་སུ་མཉམ་བཞག་ཅིང་། །སྤུ་རྩེ་གཅིག་གི་སྒོ་ནས་རྣམ་པར་ལྡང་། །སྤུ་རྩེ་གཅིག་གི་སྒོ་ནས་མཉམ་བཞག་ཅིང་། །སྤུ་རྩེ་ཀུན་ གྱི་སྒོ་ནས་རྣམ་པར་ལྡང་། །སྤུ་རྩེ་ཀུན་གྱི་སྒོ་ལ་མཉམ་བཞག་ཅིང་། །སྐྲ་རྩེ་གཅིག་གི་སྒོ་ནས་རྣམ་པར་ལྡང་། །སྐྲ་རྩེ་གཅིག་གི་སྒོ་ནས་མཉམ་བཞག་ཅིང་། །སྐྲ་རྩེ་ཀུན་གྱི་སྒོ་ནས་རྣམ་པར་ལྡང་། །སྐྲ་རྩེ་ཀུན་གྱི་སྒོར་ནི་མཉམ་བཞག་ཅིང་། །རྡུལ་ཕྲན་གཅིག་ལས་དེ་དག་རྣམ་ པར་ལྡང་། །རྡུལ་ཕྲན་གཅིག་ལ་དེ་དག་མཉམ་བཞག་ཅིང་། །རྡུལ་ཕྲན་མ་ལུས་ཀུན་ལས་རྣམ་པར་ལྡང་། །རྡུལ་ཕྲན་ཀུན་ལ་དེ་དག་མཉམ་བཞག་ཅིང་། །རྒྱ་མཚོ་རྡོ་རྗེའི་གཞི་ལས་རྣམ་པར་ལྡང་། །རྒྱ་མཚོ་རྡོ་རྗེའི་གཞི་ལ་མཉམ་བཞག་ཅིང་། །རིན་ཆེན་ཤིང་གི་ འབྲས་ལས་རྣམ་པར་ལྡང་། །རིན་ཆེན་ཤིང་གི་འབྲས་ལ་མཉམ་བཞག་ཅིང་། །རྒྱལ་བའི་འོད་ཟེར་སྒོར་ནི་རྣམ་པར་ལྡང་། །རྒྱལ་བའི་འོད་ཟེར་སྒོར་ནི་མཉམ་བཞག་ཅིང་། །རྒྱ་མཚོ་ཆུ་དང་ཆུ་ཀླུང་ཀུན་ནས་ལྡང་། །རྒྱ་མཚོ་ཆུ་ཀླུང་ཀུན་ནས་མཉམ་བཞག་ཅིང་། །བདག་ ཉིད་ཆེ་བ་མེ་ཡི་ལམ་ལས་ལྡང་། །མེ་ཡི་ལམ་ལ་དེ་དག་མཉམ་བཞག་ཅིང་། །དྲན་དང་ལྡན་པ་རླུང་གི་ལམ་ལས་ལྡང་། །རླུང་གི་ལམ་ལ་དེ་དག་མཉམ་བཞག་ཅིང་། །བདག་ཉིད་ཆེ་བས་ཡི་གེ་ཞི་ལས་ལྡང་། །ས་ཡི་གཞི་ལ་མཉམ་པར་བཞག་བྱས་ཤིང་། །ལྷ་ཡི་གཞལ་ མེད་ཁང་ནས་རྣམ་པར་ལྡང་། །ལྷ་ཡི་གཞལ་མེད་ཁང་དུ་མཉམ་བཞག་ཅིང་། །དྲན་དང་ལྡན་པ་ཀླུ་ཡི་གནས་ནས་ལྡང་། །ཡོན་ཏན་མཐའ་ཡས་བསྩགས་པ་དེ་དག་གི །ཏིང་འཛིན་རྣམ་ཐར་དེ་དག་བསམ་མྱི་ཁྱབ། །རྒྱལ་བ་ཀུན་གྱི་བསྐལ་པ་བསམ་ཡས་སུ། ། བསྟན་པར་མཛད་ཀྱང་ཟད་པར་མྱི་རུང་ངོ་། །རྒྱལ་བ་ཀུན་གྱིས་དེ་སྐད་མ་གསུངས་མྱིན། །འགྲོ་བའི་ལས་ཀྱི་རྣམ་སྨིན་བསམ་མྱི་ཁྱབ། །ཀླུ་ཡི་རྣམ་འཕྲུལ་སངས་རྒྱས་རྣམ་འཕྲུལ་དང་། །བསམ་གཏན་པ་ཡི་རྣམ་འཕྲུལ་བསམ་མྱི་ཁྱབ། །དེ་དག་ཀུན་ལའང་དཔེ་བསྟན་བརྗོད་ པར་བྱ། །དེ་ལ་འདྲ་བའི་དཔེ་ལྟ་ཡོད་མིན་ཏེ། །མཁས་ཤིང་གསལ་བའི་སྐྱེ་བོ་དཔེ་རྣམས་ཀྱིས། །བསྟན་ན་མྱུར་དུ་རྣམ་པར་དོན་ཤེས་འགྱུར། །སེམས་ཀྱི་ལམ་ལ་རྣམ་ཐར་བརྒྱད་གནས་པའི། །ཉན་ཐོས་གཅིག་ཏུ་གྱུར་ཅིང་མང་པོར་འགྱུར། །མང་པོར་གྱུར་ཅིང་དེ་ བཞིན་གཅིག་གྱུར་ཏེ། །ནམ་མཁའ་འདི་ལ་བསམ་གཏན་འཆའ་ཞིང་འབར། །འོག་ནས་མེ་འབར་སྟེང་ནས་ཆུའི་རྒྱུན། །སྟེང་ནས་མེ་འབར་འོག་ནས་ཆུའི་རྒྱུན། །འགྲོ་འདུག་ཉལ་ཞིང་འགྲེང་བ་དེ་བཞིན་ཏེ། །སྐད་ཅིག་གཅིག་ལ་ལུས་འཕྲུལ་བསམ་མི་ཁྱབ། །དེ་ནི་སྙིང་རྗེ་ཆེན་པོ་ ལྡན་མ་ཡིན། །བྱང་ཆུབ་མི་ཚོལ་འཇིག་རྟེན་ཡལ་བར་གཞོག །འོན་ཀྱང་ལུས་འཕྲུལ་བསམ་གྱིས་མྱི་ཁྱབ་སྟོན། །འཇིག་རྟེན་ཕན་ཚོལ་ཅི་ཕྱིར་དེ་མི་སྟོན། །ཉི་ཟླ་མཁའ་ལས་རྣམ་པར་རྒྱུ་འདོད་ཞིང་། །ཕྱོགས་རྣམས་ཀུན་གྱི་མཚོ་དང་ལུ་མ་དང་། །ལྡེང་ཀ་ཁྲོན་པ་རིན་ ཆེན་རྒྱ་མཚོའི་སྣོད། །ཆུ་ཀླུང་ཀུན་ཏུ་གཟུགས་བརྙན་སྟོན་པ་བྱེད། །དེ་བཞིན་བསམ་གྱིས་མི་ཁྱབ་གཟུགས་ཀུན་ཀྱང་། །སྐྱེས་བུ་དཔའ་བོ་དེ་དག་ཕྱོགས་བཅུར་སྟོན། །ཏིང་འཛིན་རྣམ་ཐར་ཀུན་གྱི་ཚུལ་ལ་མཁས། །དེ་ལ་དེ་བཞིན་གཤེགས་པ་རང་བྱུང་དཔལ། །མཚོ་ གསལ་དང་བར་ཡན་ལག་བཞིའི་དཔུང་། །སོ་སོ་རང་རང་གཟུགས་བརྙན་ཚུལ་བཞིན་མཐོང་། །རལ་གྲི་ཤང་ལང་སོགས་ཀ་མདེའུ་ཐུང་མདའ། །བཞོན་པ་ཐེག་པ་གོ་ཆ་བཅས་པ་མཐོང་། །གང་གི་གཟུགས་དང་ཆ་བྱད་ཅི་འདྲ་བ། །ཆུ་གསལ་དེ་ལ་དེ་བཞིན་མ་ནོར་མཐོང་། ། ཆུ་ལ་ཞེ་སྡང་བྱམས་པ་རྟོག་པ་མེད། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །རྒྱ་མཚོའི་ལྷ་མོ་སྒྲ་དང་ལྡན་ཡོད་པ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་པ་རྣམས། །དེ་དག་སྒྲ་ཡི་ཡན་ལག་དབྱངས་ཚུལ་ཤེས། །སྒྲ་སྐད་ཀུན་ཏུ་རང་རང་སྐད་དུ་བརྗོད། །དབྱངས་ ལྡན་དེ་ནི་འདོད་ཆགས་ཞེ་སྡང་ཅན། །འོན་ཀྱང་སྒྲ་དབྱངས་ལས་ཀྱི་ཚུལ་ལ་མཁས། །གཟུགས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་པ། །འཇིག་རྟེན་ལྷར་བཅས་ཅི་ཕྱིར་མགུར་མི་བྱེད། །དགའ་བྱེད་ཆུང་མ་སྒྲ་སྙན་ལྡན་པ་མོ། །ཚངས་པའི་བུ་མོ་སེམས་ལས་བྱུང་ བ་སྟེ། །དམ་ཚིག་བདེན་བསྒྲུབ་མི་འཚེ་དགའ་བ་ཡིན། །སེམས་ཡིད་དག་རྣམས་བྱིན་གྱིས་རློབ་པ་བྱེད། །སྒྲ་སྙན་ལྡན་པ་འདོད་ཆགས་ཞེ་སྡང་ཅན། །བརྟུལ་ཞུགས་གྲུབ་ལ་དབྱངས་ཀྱི་རྗེས་སུ་འབྲང་། །འཇིག་རྟེན་ཡིད་འོང་སྒྲས་ཀྱང་ཚིམ་པར་བྱེད། །ཡེ་ཤེས་ ཡོན་ཏན་མང་བ་ཅིར་མི་སྟོན། །སྔགས་ཀྱི་ཚུལ་མཁས་སྒྱུ་མ་མཁན་པོ་ཡང་། །སྣ་ཚོགས་མཐའ་ཡས་གཟུགས་མང་སྟོན་པ་བྱེད། །ཉིན་མཚན་ཡུད་དང་ཟླ་བ་ལོ་བརྒྱ་དང་། །ཁྱིམ་བཟང་རྒྱས་པ་ཤིན་ཏུ་མཛེས་པ་སྟོན། །འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ ཡང་། །སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་དགའ་བར་བྱེད། །བསམ་གཏན་མངོན་ཤེས་རྣམ་འཕྲུལ་རབ་བྱང་བ། །སྤྱོད་པ་ཚུལ་མཁས་ཅི་ཕྱིར་དགའ་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་འཐབ་པའི་ཚེ། །ལྷ་མིན་ལྷ་ཡང་རུང་སྟེ་གང་ཕམ་པ། །དེ་དག་བཞོན་པ་ ཐེག་པ་གདུགས་བཅས་པར། །གོ་ཅ་གྱོན་བཞིན་འཇིགས་པས་ཀུན་ཏུ་བྱེར། །ལྷ་དབང་དེ་དག་འདོད་ཆགས་སྡང་ལྡན་ཡང་། །ལུས་ཀྱི་རྣམ་འཕྲུལ་བསམ་གྱིས་མྱི་ཁྱབ་སྟོན། །དབང་ཕྱུག་རྫུ་འཕྲུལ་གནས་པའི་དཔའ་བོ་རྣམས། །ལུས་ཀྱི་རྣམ་འཕྲུལ་ཅི་ཕྱིར་སྟོན་ མི་བྱེད། །རྡོ་རྗེ་འཛིན་པའི་གླང་པོ་ཤུགས་ལྡན་པ། །འཕྲུལ་ཆེན་གླང་པོའི་དབང་པོའི་འཁོར་གྱུར་པ། །མགོ་མང་སུམ་བཅུ་རྩ་གཉིས་སྤྲུལ་པ་བྱེད། །མགོ་རྣམས་ཀུན་ལའང་མཆེ་བ་དྲུག་དྲུག་སྟེ། །སོ་རྣམས་རེ་རེ་ཀུན་ལའང་རྫིང་གི་རྣམས། །བདུན་ བདུན་ཆུས་རྒྱས་ཡོངས་སུ་སྤྲུལ་པ་བྱེད། །རྫིང་རྣམས་རེ་རེ་ཀུན་ཏུ་པད་མོ་རྣམས། །བདུན་བདུན་རྒྱན་གྱིས་རྣམ་བརྒྱན་སྤྲུལ་པ་བྱེད། །པད་མོ་རེར་ཡང་ལྷ་ཡི་བུ་མོ་དག །སྒྱུ་རྩལ་ཀུན་མཁས་བདུན་བདུན་སྤྲུལ་པ་བྱེད། །དེ་དག་རྩེད་མོ་གླུ་གར་ཚུལ་ལ་མཁས། །སུམ་ ཅུ་རྩ་གསུམ་དབང་པོ་དེ་དང་རྩེ། །གླང་པོ་དེ་ཡང་གླང་པོའི་ལུས་བཏང་ཞིང་། །ལྷ་རྣམས་ཀུན་དང་མཉམ་ཞིང་འདྲ་བར་རྫུ། །སྤྱོད་པའི་ཚུལ་དང་ལོངས་སྤྱོད་ཀུ