Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
་དག །མྱ་ངན་འདས་རིགས་སྤྱོད་པ་མཁའ་འདྲ་རྣམས། །ཐོབ་དཀའ་ཐོབ་པ་

རྣམས་ཀྱི་སྦྱོར་འདིའོ། །ཟླ་བ་ཟླ་ཕྱེད་ཉིན་དང་ནུབ་བགྲང་ཞིང་། །ལོ་དང་བསྐལ་པའི་རང་བཞིན་སུ་སེམས་པ། །འཇིག་རྟེན་འདུ་ཞིང་འཇིག་པར་འགྱུར་བ་དང་། །གྲངས་ཚུལ་སུས་རྟོགས་དེ་དག་སྦྱོར་འདིའོ། །ཞིང་གི་སེམས་ཅན་ཇི་སྙེད་སྐྱེ་འཆི་བ། །གཟུགས་
དང་གཟུགས་མེད་འདུ་ཤེས་འདུ་ཤེས་མེད། །དེ་དག་མིང་དང་གནས་པ་རྟོགས་ཤེས་པ། །བསམ་གྱིས་མི་ཁྱབ་རྟོགས་པའི་སྦྱོར་འདིའོ། །འདས་པའི་དུས་དང་མ་འོངས་ད་ལྟར་ལ། །ངག་གིས་ལམ་གྱིས་གང་ན་རྟོགས་བྱེད་ཅིང་། །དུས་གསུམ་རང་བཞིན་ཇི་བཞིན་
རྟོགས་གྱུར་པ། །མཉམ་མེད་དེ་དག་སྦྱོར་བ་འདི་ཡིན་ནོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུ་སྣང་བར་བྱས་པ་ནས། སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་
བཅུའི་བར་དུ་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་
ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་
དག་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་
ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་

གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་
གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་
བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འདས་དུས་གང་གིས་
བསྒྲུབ་དཀའི་བརྟུལ་ཞུགས་ཆེ་བརྩམས་ཤིང་། །ནམ་ཡང་ཞུམ་པའི་སེམས་སུ་གཏོང་བར་མི་བྱེད་དེ། །བརྒལ་དཀའ་རྒལ་ཏེ་བདག་གིས་སེམས་ཅན་ཀུན་གདུལ་ཞེས། །སེང་གེའི་སྒྲ་སྒྲོག་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །གང་ཞིག་འདོད་དང་སྲེད་པ་འབྱུང་ཞིང་
འཇུག་པ་དང་། །མ་རིག་གཞོལ་བ་གཏི་མུག་མུན་བསྒྲིབས་འཇིག་རྟེན་རྣམས། །སེམས་ཅན་རང་བཞིན་བདག་མེད་བརྟན་པ་བཟོད་པར་འགྱུར། །བདག་ཀྱང་འཇིག་རྟེན་མགོན་འགྱུར་ཞེས་པ་དེ་ཡུལ་འདི། །འཇིག་རྟེན་སེམས་ཅན་མང་པོ་འདོད་དྲེགས་འདམ་བྱིང་བ།
མེད་པའི་ཆོས་ལ་རྟོག་པས་སྡུག་བསྔལ་མཐོང་གྱུར་ནས། །སངས་རྒྱས་སྤྱོད་ཡུལ་ཆོས་ལ་བག་ཡོད་གང་སྤྱོད་ཅིང་། །བདག་གིས་སེམས་ཅན་ཀུན་བསྒྲལ་དེ་དག་སྤྱོད་ཡུལ་འདི། །སྔོན་མཐའ་ཤེས་དཀའ་ཚད་མེད་བརྟན་པས་མཐོང་གྱུར་ཅིང་། །བདག་རྟེན་སེམས་
ཅན་ཕ་རོལ་མཐའ་ཡས་འཁོར་གྱུར་པ། །དེ་དག་རྒྱལ་བས་ཐེག་པ་ཞི་བ་མཆོག་ལ་བཀོད། །བདག་གིས་དེ་འདྲའི་ཆོས་བསྟན་དེ་ཡི་སྤྱོད་ཡུལ་ལོ། །སེམས་ཅན་ཁམས་རྣམས་མགོན་མེད་ནད་ཀྱིས་གཟིར་གྱུར་ཅིང་། །ངན་སོང་གཞོལ་བ་འདོད་ཆགས་ཞེ་སྡང་

གཏི་མུག་གདུངས། །མེ་ལྕེ་འབར་ཕུང་འཇིགས་གཟུགས་མི་བཟད་བསྲེགས་གྱུར་པ། །མཐོང་ནས་སྒྲོལ་ཕྱིར་ཞུགས་པ་དེ་དག་སྤྱོད་ཡུལ་འདིའོ། །ལམ་གོལ་ལམ་མ་ཡིན་པའི་རྐྱེན་ལ་སྤྱོད་གྱུར་ཅིང་། །མུན་པ་ཆེན་པོར་རྟོལ་བར་དཀའ་རྙེད་འགྲོ་མཐོང་ནས། །
སྣང་བ་ཆེན་པོ་བསྐྱེད་དེ་སངས་རྒྱས་ཆོས་སྟོན་ཅེས། །འདི་སྐད་ཚིག་བརྗོད་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །སྲིད་པའི་མཚོས་གཡེངས་སེམས་ཅན་རབ་ཏུ་མང་བ་དག །མཐའ་མི་མཐོང་ཞིང་སྐྱབས་མེད་དོ་ཞེས་མི་དགའ་བ། །མཐོང་ནས་བརྩོན་འགྲུས་སྟོབས་བསྐྱེད་
ཆོས་ཀྱི་གྲུ་སྦྱར་ཅིང་། །ཕ་རོལ་སུ་འགྲོ་ཞེས་བརྗོད་དེ་དག་སྤྱོད་ཡུལ་འདིའོ། །སེམས་ཅན་རྩ་བ་མེད་ལ་གནས་པ་མི་མཁས་ཀུན། །གཡང་ས་ཆེན་པོར་ལྟུང་ཞིང་སེམས་ཉམས་རྨོངས་མཐོང་ནས། །སྙིང་རྗེས་ཆོས་ཀྱི་ཟམ་ལ་མཁས་པ་སུ་འགོད་ཅིང་། །དྲན་
པར་གྱིས་ཤེས་སུ་སྨྲ་དེ་དག་སྤྱོད་ཡུལ་འདིའོ། །ཤིན་ཏུ་དོག་པའི་བཙོན་རར་སྡུག་བསྔལ་སེམས་ཅན་རྣམས། །ནད་དང་རྒ་བས་གཟིར་ཅིང་མཚམས་ཀྱིས་མནར་བ་དག །མཐོང་ནས་བདག་གིས་ཐབས་ཀྱི་ཆོས་རྣམས་ཀུན་བརྩམས་ཏེ། །སེམས་ཅན་ཀུན་དགྲོལ་
སེམས་པ་དེ་དག་སྤྱོད་ཡུལ་འདིའོ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཐོས་གྱུར་ཐེ་ཙོམ་མེད། །ཆོས་དབྱིངས་སྤྱོད་ཡུལ་ཕྱོགས་བཅུ་ཀུན་ཏུ་རྒྱས་བཀང་སྟེ། །འདི་དག་ཐམས་ཅད་བརྟགས་ན་གསོག་ཀྱང་མི་འཇིགས་ཤིང་། །སེམས་ཅན་ཀུན་ལ་སྙོམས་བྱེད་དེ་
ཡི་སྤྱོད་ཡུལ་ལོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ། །འཇིག་
རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་

གྱི་ཁམས་ཚད་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱས་སོ། །དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་
མཚུངས་པ་མེད་པ་ཀུན་ཏུ་མཐའ་ཡས་པ། མུ་མེད་པ་ས་མཚམས་མེད་པ་དཔག་ཏུ་མེད་པ་བརྗོད་དུ་མེད་པ་དག་ཀྱང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཀྱང་སྣང་བར་བྱས་སོ། །གཞུང་དེ་
བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་
མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་བྱེ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་སྣང་བར་བྱས་པ་ནས། ནམ་མཁའི་མཐས་གཏུགས་པའི་
བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་སོ། །དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པར་བྱས་པ་ནས། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས།
གཞུང་དེ་བཞིན་དུ་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་།
བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་།

ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་
དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་
མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱོད་པ་སྤྱད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས། རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་
བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་
ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །བསྐལ་པ་གཞལ་ཡས་བསམ་གྱིས་མི་ཁྱབ་སེམས་ཀྱི་སྐད་ཅིག་ལ། གང་གིས་མཐོང་ཡང་བསྩགས་མེད་འགྲོ་དང་དངོས་པོའི་ཚུལ་མེད་པའི། །ལམ་
དུ་འཇུག་པ་དེ་ནི་ཐམས་ཅད་ཀུན་གྱིས་ཤེས་འགྱུར་ཏེ། །སྟོབས་བཅུས་ཚུལ་འདི་ཇི་ལྟར་མཁྱེན་བཞིན་འཇིགས་མེད་སངས་རྒྱས་འགྱུར། །གྲགས་པ་སྙན་པར་ཕྱོགས་རྣམས་ཀུན་ཏུ་མཚུངས་མེད་གྲགས་གྱུར་ཅིང་། །བགེགས་རྣམས་ཀུན་ལས་འདས་ཏེ་ཆོས་ཉིད་
འདི་ལ་དགར་སྤྱད་དེ། །ཚད་མེད་ཐམས་ཅད་སོ་སོར་ཞི་ཞིང་དོན་རྣམས་ཀུན་རྟོགས་པས། །དེ་ཕྱིར་ཕྱོགས་རྣམས་ཀུན་བཀང་བདེ་གཤེགས་ཆོས་ཉིད་འདི་སྟོན་ཏོ། །དགོངས་པ་ཇི་བཞིན་དེ་ནི་སྤྱོད་པའི་འབྲས་བུ་འཐུན་པ་སྟེ། །འཇིག་རྟེན་དོན་འགྱུར་དེ་བཞིན་གཤེགས་

ལ་མཆོད་པ་ཡོངས་བྱས་ཤིང་། །དེ་དག་ཐམས་ཅད་སོ་སོར་འཐུན་པར་ཡེ་ཤེས་རྣམས་བསྒོམས་པས། །སེམས་ཅན་དམ་པ་སངས་རྒྱས་རྣམ་འཕྲུལ་འདི་འདྲར་ཕྱོགས་བཅུར་སྟོན། །ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་པ་དེས་
བྱས་ཤིང་། །རང་བཞིན་མེད་པའི་ཆོས་ལ་རབ་རྟོགས་བསམ་གཏན་བསྙེན་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམ་སྒོམ་སེམས་ཚིམ་བྱེད། །ཆོས་ཉིད་དེ་འདྲ་སྤྱད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། །སྙིང་ནས་འདྲི་ཞིང་ཕྱོགས་རྣམས་
རྒྱས་བྱེད་རྩེ་གཅིག་ཐོབ་བྱེད་ཅིང་། །རྒྱལ་བའི་ཡོན་ཏན་མོས་ལས་མི་ཟློག་སྤྱོད་པས་ཚིམ་བྱེད་པ། །དངོས་དང་དངོས་མེད་ཐམས་ཅད་ཤེས་བྱས་སྤངས་ཤིང་དངོས་ཟད་པ། །སངས་རྒྱས་བདག་མེད་དཔེ་མེད་མཐོང་བ་དེ་དག་ལུས་འདི་ཡིན། །བཟང་པོའི་སྤྱོད་ཡུལ་ཅན་
གྱི་སེམས་ཀྱི་ཕྱོགས་རྣམས་ཀུན་བཀང་ཞིང་། །ཞིང་རྣམས་ཐམས་ཅད་ཆོས་ཀྱི་གཏེར་གྱིས་ཁྱབ་བྱས་ཚིམ་བྱེད་པ། །ཇི་བཞིན་ཆོས་གནས་ཆོས་ཉིད་མཐའ་ལ་ཐེ་ཙོམ་མེད་པའི་རྣམས། །སྟོབས་བཅུ་ཅི་འདྲ་དེ་བཞིན་གྱུར་པའི་ལུས་ནི་འདི་དག་གོ །བཅོམ་
ལྡན་འདས་ཀྱིས་ཆོས་གང་སྒྲ་བརྗོད་དེ་ལ་འཇུག་བྱེད་ཅིང་། །ཆོས་ཀྱི་འཁོར་ལོ་ཇི་བཞིན་བལྟ་དཀའ་གཞལ་ཡས་རྟག་བསྐོར་བ། །དེ་བཞིན་གཤེགས་པས་གསུངས་པའི་གསུང་ཀུན་བྱང་ཆུབ་ཡན་ལག་རྟོགས། །དེ་ལྟར་འཇུག་པས་རྟག་ཏུ་
སངས་རྒྱས་སྐུ་རབ་འདི་དག་མཐོང་། །མཐོང་ཡང་མིག་གི་རྣམ་ཤེས་ཚུལ་དུ་རྡུལ་མེད་མཐོང་བ་མེད། །རྣམ་ཤེས་སྒྱུ་མ་བཞིན་པས་མིག་སྟོང་སྟོབས་བཅུ་མི་མཐོང་ངོ་། །འདུ་ཤེས་ཐམས་ཅད་རྣམ་རྟོག་ཡིན་གྱི་སངས་རྒྱས་མཐོང་བ་མིན། །ཤིན་ཏུ་ཆགས་མེད་
ཡུལ་མེད་དེ་ནི་རྒྱལ་བ་མཐོང་བ་ཡིན། །སེམས་ཅན་ལས་མང་བསྩགས་པ་དེ་དག་ཤིན་ཏུ་བལྟ་དཀའ་སྟེ། །ནང་དང་ཕྱི་དང་དབྱིབས་དང་མདོག་ཏུ་ཕྱོགས་བཅུ་ཀུན་ན་མེད། །དེ་བཞིན་རང་བྱུང་སྐུ་ནི་གཞལ་ཡས་ཕྱོགས་རྣམས་ཀུན་འགེངས་པ། །ཤེས་པར་དཀའ་བ་འདྲེན་

པ་ཆེན་པོ་སྒྲིབ་པ་མེད་པས་བརྙེས། །ནམ་མཁའ་དག་ལ་ཞིང་རྣམས་བྱེ་བ་དངོས་པོར་གནས་པར་སྣང་། །དེ་ནས་འོང་བ་མེད་ཅིང་ཕྱོགས་བཅུ་ཀུན་ཏུ་འགྲོ་བ་མེད། །གཅིག་ཅིང་གནས་པར་འགྱུར་ཡང་དེ་དག་ཅི་ལའང་གནས་པ་མེད། །དེ་བཞིན་རང་བྱུང་རྣམས་ཀྱི་སྐུ་ནི་མཁའ་དབྱིངས་
རྟག་ཏུ་འགེངས། །དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ། ལེའུ་བཅུ་བཞི་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བཅུ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་
གྱིས། བྱང་ཆུབ་སེམས་དཔའ་སངས་རྒྱས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་རང་བཞིན་གཅིག་པའི་སེམས་ལ་བྱེ་བྲག་ཐ་དད་པའི་རྣམ་པ་འདི་ལྟ་བུ་དག་འདི་ལྟ་སྟེ། བདེ་འགྲོར་འགྲོ་བ་དང་། ངན་སོང་དུ་འགྲོ་བ་དང་། དབང་པོ་ཚང་བ་དང་
དབང་པོ་མ་ཚང་བ་དང་། སྐྱེ་བ་འཐུན་པ་དང་། སྐྱེ་བ་མི་འཐུན་པ་དང་། སྡུག་པ་དང་། མི་སྡུག་པ་དང་། བདེ་བ་མྱོང་བ་དང་། སྡུག་བསྔལ་མྱོང་བ་སྣང་བ་དག་ལ་ལྟོས། ལས་ཀྱིས་ནི་སེམས་མི་ཤེས་སོ། །སེམས་ཀྱིས་ནི་ལས་མི་ཤེས་སོ། །ཚོར་བས་
ནི་རྣམ་པར་སྨྱིན་པ་མི་ཤེས་སོ། །རྣམ་པར་སྨིན་པས་ནི་ཚོར་བ་མི་ཤེས་སོ། །སེམས་ཀྱིས་ནི་ཚོར་བ་མི་ཤེས་སོ། །ཚོར་བས་ནི་སེམས་མི་ཤེས་སོ། །རྒྱུས་ནི་རྐྱེན་མི་ཤེས་སོ། །རྐྱེན་ཀྱིས་ནི་རྒྱུ་མི་ཤེས་སོ། །དངོས་པོས་ནི་དམིགས་པ་མི་ཤེས་སོ། །
དམིགས་པས་ནི་དངོས་པོ་མི་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །སེམས་ཅན་བསྟན་པར་བྱ་བའི་ཕྱིར། །གང་འདི་ཡོངས་སུ་དྲི་བ་དང་། །ཆོས་
རྣམས་ཆོས་ཉིད་ཅི་འདྲ་བ། །འཇམ་དཔལ་བདག་ལས་མཉན་པར་གྱིས། །ཆོས་རྣམས་འདི་དག་གཡོ་བ་མེད། །ཤིན་ཏུ་དངོས་པོ་མེད་པ་སྟེ། །དེ་ཕྱིར་གཞན་གྱིས་གཞན་དག་གི །ངོ་བོ་ཉིད་ཀྱང་མི་ཤེས་སོ། །ཇི་ལྟར་ཆུ་ཀླུང་རྒྱུད་ཀྱི་རྣམས། །

གཞན་དང་གཞན་དུ་འགྲོགས་རྒྱུ་ཡང་། །གཅིག་གིས་གཅིག་ནི་མི་ཤེས་ཏེ། །ཆོས་ཀྱི་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་འབར་བའི་མཚན་མ་ཅན། །འོད་འཕྲོ་གཞན་དང་གཞན་འགྲོགས་ཀྱང་། །གཅིག་གིས་
གཅིག་ནི་མི་ཤེས་ཏེ། །ཆོས་ཀྱི་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་རླུང་ནི་སྟེན་ཚུལ་གྱིས། །གཞན་དང་གཞན་གྱི་བར་དུ་རྒྱུ། །གཅིག་གིས་གཅིག་ནི་མི་ཤེས་ཏེ། །ཆོས་ཀྱི་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་ས་ཡི་ཁམས་ཀྱི་རྣམས། །
གཅིག་ལ་གཅིག་ནི་གནས་གྱུར་ཀྱང་། །གཅིག་གིས་གཅིག་ནི་མི་ཤེས་ཏེ། །ཆོས་ཀྱི་ཆོས་ཉིད་དེ་བཞིན་ནོ། །མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་ཡིད་ཀྱི་རྣམས། །འདི་དག་ལམ་ནི་རྒྱུ་འཁོད་ཀྱང་། །བྱེད་པ་པོ་ནི་གང་ཡང་མེད། །འབྱུང་བའི་རང་བཞིན་
མེད་པ་ཡིས། །འབྱུང་བ་ཉེ་བར་བསྟན་བྱས་ཀྱང་། །བསྟན་པར་བྱས་པ་གང་ཡང་མེད། །བསྟན་པ་ལ་ནི་དངོས་པོ་མེད། །མིག་ནི་རང་བཞིན་ཉིད་ཀྱིས་སྟོང་། །རྣ་བ་སྣ་ཡང་རང་བཞིན་གྱིས། །ལྕེ་དང་ལུས་དང་ཡིད་རྣམས་ཀྱང་། །མེད་དེ་ཡོངས་སུ་བརྟགས་པ་ཡིན། །གང་
ཞིག་རང་བཞིན་དངོས་མེད་པར། །ཚུལ་བཞིན་རབ་ཏུ་རྟོགས་བྱེད་པ། །དེ་ཡི་མིག་ལ་འཁྲུལ་པ་མེད། །ཆོས་མིག་བསམ་གྱིས་མི་ཁྱབ་པོ། །ཡང་དག་པ་དང་ཡང་དག་མིན། །བདེན་ནམ་འོན་ཏེ་རྫུན་ཡང་རུང་། །འཇིག་རྟེན་འདས་དང་འཇིག་རྟེན་ཀུན། །ཚིག་གི་ལས་
ཀྱིས་བརྗོད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ནོར་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་སེམས་ཅན་ཐམས་ཅད་སེམས་ཅན་མེད་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་ནི་སེམས་ཅན་འདུལ་བའི་དུས་ལ་ཇི་ལྟར་
འབབ་པ་དང་། སེམས་ཅན་གྱི་ཚེ་ཇི་ལྟ་བ་དང་ལུས་ཇི་ལྟ་བ་དང་སྤྱོད་པ་ཇི་ལྟ་བ་དང་། མོས་པ་ཇི་ལྟ་བ་དང་མཚན་མ་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བ་དང་སྦྱོར་བ་ཇི་ལྟ་བ་དང་སེམས་ཇི་ལྟ་བ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱིས་སེམས་ཅན་གདུལ་བའི་ཕྱིར་མཐོང་ངོ་། །དེ་ནས་བྱང་ཆུབ་

སེམས་དཔའ་ནོར་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །གང་རྣམས་རབ་ཏུ་ཞི་སྤྱོད་ཅིང་། ཐོས་དང་ལྡན་པའི་ས་འདི་ཡིན། །འདི་དོན་ཇི་འདྲ་དེ་བཞིན་དུ། །འཇམ་དཔལ་བདག་ལས་མཉན་པར་གྱིས། །བདག་གི་
ལུས་ལ་སུ་གནས་ཞེས། །གང་གི་ནང་ནི་རབ་ཤེས་པ། །ཡང་དག་ཡོད་དམ་མེད་པའི་དོན། །དེས་ནི་རབ་ཏུ་ཤེས་པ་ཡིན། །ལུས་ཀྱི་རྣམ་པར་དགོད་པ་ནི། །ཕྱོགས་ན་མི་གནས་བརྗོད་པ་ཡིན། །དེ་བས་ཤེས་པ་དེ་གནས་ལ། །ནམ་ཡང་ཆགས་པར་མི་བྱེད་
དོ། །ལུས་ནི་རྣམ་པར་སྤྱད་པ་ཡིས། །དངོས་པོ་ཀུན་ཀྱང་རྣམ་པར་བསྒོམས། །སེམས་ནི་ཕྱིར་ལྡོག་མི་འགྱུར་ཏེ། །དངོས་པོ་ཀུན་ནས་བརྟགས་པའོ། །གང་གི་ཚེ་ནི་རྗེས་སུ་འབྲང་། །གང་གི་ཚེ་ནི་ཕྱིར་ལྡོག་འགྱུར། །ཇི་ལྟར་མགལ་མེ་འཁོར་ལོ་ཡི། །
ཐོག་མ་ཐ་མ་བསྐོར་བ་བཞིན། །དངོས་པོ་ཐམས་ཅད་མི་རྟག་པར། །སྐྱེ་བོ་གང་རྣམས་རྟོགས་པ་ཡང་། །ལུས་ལ་བདག་ཀྱང་མེད་པའི་ཕྱིར། །འདུ་ཤེས་ཕྱིར་ཡང་ལྡོག་པར་འགྱུར། །བདག་མེད་རྨི་ལམ་ལྟ་བུ་ཡི། །ལས་ནི་ཀུན་ཏུ་རབ་ཏུ་འབྱུང་། །རྣམ་པར་
སྨིན་པས་རབ་ཏུ་འབྱུང་། །ཕྱི་མ་ཇི་བཞིན་སྔོན་དེ་བཞིན། །སེམས་ནི་དབང་བྱེད་ཡིན་པར་བཤད། །དད་པའི་ཚུལ་ནི་ཇི་བཞིན་དུ། །ཚུལ་བཞིན་མ་ཡིན་ཕྱིན་ཅི་ལོག །འཇིག་རྟེན་ཐམས་ཅད་སྟོན་པར་བྱེད། །ཇི་སྙེད་འཇིག་རྟེན་བརྡ་ཡོད་པ། །དེ་དག་ཐམས་
ཅད་བརྟགས་པ་སྟེ། །ཆོས་ཉིད་དེ་ནི་ནམ་དུ་ཡང་། །ཆོས་གཅིག་ལ་ཡང་མི་གནས་སོ། །རྐྱེན་རྣམས་ལ་ནི་རྟེན་བཅས་ཏེ། །ཆོས་རྣམས་སོ་སོར་རབ་ཏུ་འབྱུང་། །ཕྱི་མ་ཇི་བཞིན་སྔོན་དེ་བཞིན། །དེ་དག་ལྡོག་པར་དེ་བཞིན་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་
སེམས་དཔའ་རིན་ཆེན་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་ཆེན་པོ་བཞི་རྣམས་ཡོངས་སུ་འཛིན་པ་མེད་ཅིང་བདག་གི་མེད་ལ་མཉམ་པ་ཡིན་ཡང་། འོན་ཀྱང་བདེ་བའི་ཚོར་བ་དག་ཀྱང་སྣང་། སྡུག་བསྔལ་གྱི་ཚོར་བ་དག་ཀྱང་སྣང་།

ཡིད་དུ་འོང་བར་བྱེད་པ་དང་། ཡིད་དུ་མི་འོང་བར་བྱེད་པ་དང་། ནང་དུ་བྱེད་པ་དང་ཕྱི་རོལ་དུ་བྱེད་པ་དང་། ཚོར་བ་ཆུང་བ་དང་། ཚོར་བ་ཆེ་བ་དང་། ཚེ་འདི་ལ་མྱོང་བ་དང་། ཚེ་གཞན་ལ་མྱོང་བ་དག་ཀྱང་སྣང་ལ། ཆོས་ཀྱི་དབྱིངས་ལ་ནི་ཡིད་
དུ་འོང་བའམ། ཡིད་དུ་མི་འོང་བ་ཡང་མེད་པ་འདི་ཅི་ཞིག །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །ཇི་ལྟར་ལས་རྣམས་བྱས་གྱུར་པ། །ཚོར་བ་དེ་བཞིན་འབྱུང་འགྱུར་གྱིས། །
འདི་ལ་བྱེད་པ་གང་ཡང་མེད། །འདི་ནི་སངས་རྒྱས་བསྟན་པའོ། །ཤིན་ཏུ་ཕྱིས་པའི་མེ་ལོང་ལ། །ངོ་ནི་ཇི་ལྟར་འདུག་པ་བཞིན། །དེ་ལ་དེ་ནི་དེ་བཞིན་སྣང་། །ཆོས་ཀྱི་རང་བཞིན་དེ་བཞིན་ནོ། །ཇི་ལྟར་ཞིང་དང་ས་བོན་དག །གཅིག་གི་གཅིག་ནི་
མི་ཤེས་ཀྱང་། །རང་བཞིན་ཉེ་བར་སྟོན་པར་བྱེད། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །སྒྱུ་མ་བྱེད་པ་མཁས་པ་ཞིག །ལམ་པོ་ཆེར་ནི་སོང་འདུག་སྟེ། །གཟུགས་རྣམས་སྟོན་པར་བྱེད་པ་བཞིན། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །ཇི་ལྟར་ཤིང་གི་འཁྲུལ་
འཁོར་རྣམས། །སྣ་ཚོགས་སྒྲ་མང་བརྗོད་བྱེད་ཀྱང་། །དེ་ནི་བདག་དང་བདག་མེད་མིན། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །ཇི་ལྟར་བྱ་རྣམས་མང་པོ་ཡིས། །སྒོ་ངའི་སྦུབས་ནི་ཕྱེ་བ་ལས། །སྒྲ་སྐད་གཞན་དང་གཞན་འགྱུར་བ། །ལས་ཀྱི་རང་བཞིན་དེ་
བཞིན་ནོ། །ཇི་ལྟར་མ་ཡི་མངལ་དུ་ཡང་། །བུ་ནི་འཕོ་བར་མི་འགྱུར་ཏེ། །འོན་ཀྱང་དབང་པོ་སྣ་ཚོགས་འགྱུར། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །ཇི་ལྟར་སེམས་དམྱལ་འཇིགས་པ་ན། །གཤིན་རྗེའི་རིས་གཏོགས་སྡུག་བསྔལ་བ། །དེ་དག་ལ་ནི་འོང་
བ་མེད། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །ཇི་ལྟར་རིན་ཆེན་མཆོག་རྣམས་དང་། །ལྷ་ཡི་བུ་རྣམས་ཀུན་ལྡན་ཡང་། །འཕོ་བར་སྣང་བ་གང་ཡང་མེད། །དེ་བཞིན་ལས་ཀྱི་རང་བཞིན་ནོ། །ཇི་ལྟར་འཇིག་རྟེན་ལ་ལ་དག །བསམ་གྱིས་མི་ཁྱབ་འབར་གྱུར་

ཀྱང་། །དེ་དག་འོང་བ་གང་ཡང་མེད། །ལས་ཀྱི་རང་བཞིན་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་ཡོན་ཏན་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པས་ཆོས་གཅིག་མངོན་པར་
སངས་རྒྱས་ན་འོན་ཀྱང་ཆོས་ཚད་མེད་པ་ཡང་ཡང་དག་པར་སྟོན། ཞིང་ཚད་མེད་པ་ཡང་རྣམ་པར་སྟོན། སེམས་ཅན་ཚད་མེད་པ་ཡང་རབ་ཏུ་སྟོན། །གསུང་ཚད་མེད་པ་ཡང་ཤིན་ཏུ་སྒྲོག །སྐུ་ཚད་མེད་པ་ཡང་ཤིན་ཏུ་སྟོན། །བསམ་པ་ཚད་མེད་པ་ཡང་ཐུགས་
སུ་ཆུད། རྫུ་འཕྲུལ་ཚད་མེད་པ་ཡང་ཡང་དག་པར་སྟོན། །འཇིག་རྟེན་གྱི་ཁམས་ཚད་མེད་པ་ཡང་ཤིན་ཏུ་སྐྱོང་། རྒྱན་ཚད་མེད་པ་ཡང་བྱིན་གྱིས་རློབས། །སྤྱོད་ཡུལ་ཚད་མེད་པ་ཡང་ཤིན་ཏུ་སྟོན། །ཆོས་ཀྱི་དབྱིངས་ཀྱང་རྣམ་པ་ཐ་དད་དུ་མི་སྣང་བ་འདི་ཅི་ཞིག །དེ་ནས་
བྱང་ཆུབ་སེམས་དཔའ་ཡོན་ཏན་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །གནས་འདི་ཤེས་པར་དཀའ་བ་སྟེ། །རྒྱལ་བའི་སྲས་ཀྱིས་བདག་ལ་དྲིས། །དེ་ནི་མཁས་པས་རྣམ་པར་ཤེས། །ཡོན་ཏན་མོས་པ་དཔྱོད་པར་བྱེད། །
ཇི་ལྟར་ས་ནི་གཅིག་པུ་ཡང་། །སེམས་ཅན་མང་པོ་རབ་ཏུ་རྒྱུ། །དེ་ལ་གཅིག་དང་ཐ་དད་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་མྱེ་ནི་གཅིག་པུ་ཡང་། །འཇིག་རྟེན་ཀུན་ན་ཀུན་ཀྱང་འབུད། །དེ་ལ་མྱེ་ལྕེ་ཐ་དད་མེད། །སངས་རྒྱས་ཆོས་ཉིད་དེ་
བཞིན་ནོ། །ཇི་ལྟར་རྒྱ་མཚོ་གཅིག་པུ་ལས། །ཆུ་ཀླུང་ཚད་མེད་འབབ་གྱུར་ཀྱང་། །དེ་ལ་ཆུ་ཡི་བྱེ་བྲག་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་རླུང་ནི་གཅིག་པུ་ཡང་། །འཇིག་རྟེན་ཀུན་ན་རྒྱུ་ཞིང་ལྡང་། །དེ་ལ་གཅིག་དང་ཐ་དད་མེད། །སངས་
རྒྱས་ཆོས་ཉིད་དེ་བཞིན་ནོ། །སྤྲིན་ཆེན་རྣམས་ནི་འབྲུག་བསྒྲགས་ཤིང་། །ས་རྣམས་ཀུན་ཀྱང་ངོམས་པར་བྱེད། །དེ་ཡི་ཆར་ལ་བྱེ་བྲག་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་ས་ནི་གཅིག་པུ་ཡང་། །མྱུ་གུ་སྣ་ཚོགས་འབྱིན་ཅིང་སྟོན། །ས་ལ་

བྱེ་བྲག་འབྱེད་པ་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་སྒྲིབ་མེད་ཉི་མ་ནི། །ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱེད། །དེ་ལ་འོད་ཟེར་ཐ་དད་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་ནམ་མཁའི་ཟླ་བ་ནི། །འཇིག་
རྟེན་ཀུན་ལ་རབ་ཏུ་སྣང་། །གནས་ནས་འགྱུར་བ་གང་ཡང་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །ཇི་ལྟར་ཚངས་པ་མི་མཇེད་བདག །སྟོང་གསུམ་ན་ནི་འདུག་མོད་ཀྱི། །དེ་ལ་ལུས་ནི་བྱེ་བྲག་མེད། །སངས་རྒྱས་ཆོས་ཉིད་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་
དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་མིག་གི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་ལ་དགེ་བ་བསྐྱེད་པ་གཅིག་ཀྱང་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་རྣམས་གཟུགས་སྣ་ཚོགས་དང་། ཁ་
དོག་སྣ་ཚོགས་དང་། རིགས་སྣ་ཚོགས་དང་། དབང་པོ་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་དང་། དབང་སྣ་ཚོགས་དང་། འཁོར་སྣ་ཚོགས་དང་། ཡོན་ཏན་སྣ་ཚོགས་དང་། ཕྱུག་དབུལ་སྣ་ཚོགས་དང་། ཤེས་རབ་སྣ་ཚོགས་སུ་ཡང་སྣང་ལ་དེ་བཞིན་
གཤེགས་པ་ནི་གང་ལ་ཡང་མི་མཉམ་པའམ། ཐ་དད་དུ་དགོངས་པ་གང་ཡང་མེད་ན་འདི་ཅི་ཞིག །དེ་ནས་བྱང་ཆུབ་སེམས་དཔའ་མིག་གི་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་ས་ནི་རོ་གཅིག་ཀྱང་།
ས་བོན་ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང་སྡང་བར་སེམས་པ་མེད། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཇི་ལྟར་ཆུ་ནི་རོ་གཅིག་ཀྱང་། །སྣོད་ཀྱི་དབང་གིས་རྣམ་པར་འགྱུར། །དེ་བཞིན་སངས་རྒྱས་ཡོན་ཕུལ་བ། །རྒྱུད་ཀྱི་རྣམས་ལ་རྣམ་པར་
འགྱུར། །ཇི་ལྟར་སྒྱུ་མཁན་མཁས་པ་ནི། །རྟག་ཏུ་འཁོར་ཀྱང་མགུ་བར་བྱེད། །དེ་བཞིན་སངས་རྒྱས་ཡོན་ཕུལ་བ། །ཤིན་ཏུ་སྦྱངས་པ་དགའ་བར་བྱེད། །ཇི་ལྟར་མཁས་པའི་རྒྱལ་པོ་དག །འགྲོ་བ་མང་པོ་ཤེས་པར་བྱེད། །དེ་བཞིན་སངས་

རྒྱས་ཡོན་ཕུལ་བ། །ཇི་ལྟར་བསྐྱེད་བཞིན་ཤེས་པར་བྱེད། །ཇི་ལྟར་དྲི་མེད་མེ་ལོང་ལ། །ཇི་འདྲའི་གཟུགས་རྣམས་དེ་བཞིན་སྣང་། །དེ་བཞིན་སེམས་ཅན་བསམ་ཚུལ་དེ། །སངས་རྒྱས་ཡོན་ཕུལ་རྣམ་དག་འབྱུང་། །ཇི་ལྟར་དུག་ཕན་སྨན་གྱི་
རྣམས། །དུག་ནད་ཐམས་ཅད་སོས་པར་བྱེད། །དེ་བཞིན་སངས་རྒྱས་ཡོན་ཕུལ་བ། །ཉོན་མོངས་དུག་ནི་ཆེན་པོ་སེལ། །ཇི་ལྟར་ཉི་མ་ཤར་བ་ནི། །འགྲོ་བ་འདི་དག་སྣང་བར་བྱེད། །མུན་པ་དག་ཀྱང་རྣམ་པར་སེལ། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཇི་
ལྟར་ཟླ་བ་དྲི་མེད་པ། །ཀུན་ཏུ་མཉམ་པ་ཉིད་བྱས་ཏེ། །ས་ནི་རབ་ཏུ་སྣང་བར་བྱེད། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཇི་ལྟར་ཆུ་ཡི་སྟོབས་ཤུགས་ཀྱིས། །ས་ནི་ཐམས་ཅད་གཡོ་འགྱུར་བ། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །སྲིད་གསུམ་འགྲོ་བ་
རྣམས་ཀྱང་སྐྱོད། །འབར་དང་འོད་འཕྲོ་བཅས་པའི་མེ། །ཐམས་ཅད་དག་ཏུ་སྲེག་པའི་དངོས། །དེ་བཞིན་སངས་རྒྱས་ཡོན་ཕུལ་བ། །འདུ་བྱེད་ཐམས་ཅད་སྲེག་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་བརྩོན་
འགྲུས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་བསྟན་པ་གཅིག་ན་ཐམས་ཅད་ལྟ་བ་མཐུན་པས་ཉོན་མོངས་པ་ཐམས་ཅད་སྤོང་བར་ཅིའི་ཕྱིར་མི་འགྱུར། དེ་དག་ཀུན་ལའང་གཟུགས་ནི་གཟུགས་ཉིད་དུ་ཟད། ཚོར་བ་ནི་ཚོར་བ་ཉིད་དུ་
ཟད། འདུ་ཤེས་ནི་འདུ་ཤེས་ཉིད་དུ་ཟད། འདུ་བྱེད་རྣམས་ཀྱང་འདུ་བྱེད་རྣམས་ཉིད་དུ་ཟད། རྣམ་པར་ཤེས་པའང་རྣམ་པར་ཤེས་པ་ཉིད་དུ་ཟད། འདོད་པའི་ཁམས་ཀྱང་འདོད་པའི་ཁམས་ཉིད་དུ་ཟད། གཟུགས་ཀྱི་ཁམས་ཀྱང་གཟུགས་ཀྱི་ཁམས་ཉིད་དུ་ཟད།
གཟུགས་མེད་པའི་ཁམས་ཀྱང་གཟུགས་མེད་པའི་ཁམས་ཉིད་དུ་ཟད། མ་རིག་པ་ཡང་མ་རིག་པ་ཉིད་དུ་ཟད། སྲེད་པའང་སྲེད་པ་ཉིད་དུ་ཟད་ལ། །དེ་བཞིན་གཤེགས་པའི་བསྟན་པའང་ཕན་པར་བྱེད་པ་འམ། གནོད་པར་བྱེད་པ་མ་ཡིན་ན། དེ་ཅིའི་ཕྱིར། །

དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། དེ་ལྟར་ཁྱོད་ཀྱིས་དྲིས་པ་གང་། །ལ་ལ་མྱུར་དུ་རྣམ་གྲོལ་ཞིང་། །ལ་ལ་དཀའ་བར་འགྲོལ་འགྱུར་བ། །
སངས་རྒྱས་སྲས་པོ་བདག་ལ་ཉོན། །འདི་འདྲ་དཔག་ཏུ་མེད་པ་ཡི། །སངས་རྒྱས་བསྟན་གྱི་ཉེས་མ་ཡིན། །དད་དང་བརྩོན་འགྲུས་ནན་ཏན་གྱིས། །རྟག་ཏུ་ཁྱད་པར་འགྱུར་བ་ཡིན། །ཇི་ལྟར་རྩ་དང་ཤིང་གཤེར་བ། །མེར་བཅུག་ཤིན་ཏུ་ཉམས་ཆུང་ཞིང་། །རིང་
པོར་མི་ཐོགས་འཆི་བར་འགྱུར། །དེ་བཞིན་ལེ་ལོ་བསྟན་པ་ལ། །ཇི་ལྟར་གཙུབ་མས་གཙུབས་པའི་ཚེ། །མ་བྱུང་བར་ནི་མྱུར་བཏེག་ན། །མྱུར་དུ་འཆི་བར་འགྱུར་བ་བཞིན། །དེ་ལྟར་ལེ་ལོ་བསྟན་པ་ལ། །ཉི་མའི་ནོར་བུའི་ལྕི་བ་ལ། །ཡང་དང་ཡང་བཞག་བཏེག་
པ་ལ། དེ་ལ་མེ་འབྱུང་མི་འགྱུར་ཏེ། །དེ་བཞིན་ལེ་ལོ་བསྟན་པ་ལ། །ཇི་ལྟར་ཉི་མ་ཤར་བའི་ཚེ། །བྱིས་པ་རྣམས་ནི་མིག་བརྩུམས་ཤིང་། །མི་མཐོང་ཅི་ཕྱིར་ཞེས་སྨྲ་བ། །དེ་བཞིན་ལེ་ལོ་བསྟན་པ་ལ། །རྐང་ལག་མེད་པར་སྐྱེས་པའི་མིས། །ཇི་
ལྟར་སྨྱུག་མདའ་ཁ་བུག་གིས། །ས་ནི་དབུག་པར་འདོད་པ་བཞིན། །དེ་ལྟར་ལེ་ལོ་བསྟན་པ་ལ། །ཇི་ལྟར་བྱིས་པ་རྒྱ་མཚོ་ལས། །ཡང་དུ་ཡང་དུ་བཅུས་བྱས་ཤིང་། །སྐམ་པར་ལ་ལ་འདོད་པ་ལྟར། །དེ་བཞིན་ལེ་ལོ་བསྟན་པ་ལ། །ཇི་ལྟར་བུམ་པ་ཆུས་
བཀང་ཞིང་། །བསྐལ་པའི་མེ་ནི་བྱུང་བའི་ཚེ། །ལ་ལ་གསད་པར་འདོད་པ་ལྟར། །དེ་བཞིན་ལེ་ལོ་བསྟན་པ་ལ། །ཇི་ལྟར་ལ་ལ་ཕྱོགས་བཅུ་ཡིས། །ནམ་མཁའ་ཇི་སྙེད་ཐ་མལ་པའི། །གཟུགས་ཀྱིས་རྒྱས་པར་དགང་སྨྲ་བ། །དེ་བཞིན་ལེ་ལོ་བསྟན་པ་ལ། །
དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཆོས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཆོས་ཀྱི་ཚུལ་ཉོན་མོངས་པ་ཐམས་ཅད་སྐེམས་པ་འདི་ཉིད་བླངས་ཀྱང་། སེམས་ཅན་ལ་ལ་འདོད་ཆགས་ཀྱི་དབང་དུ་འགྲོ། ལ་ལ་ཞེ་

སྡང་གི་དབང་དུ་འགྲོ། ལ་ལ་གཏི་མུག་གི་དབང་དུ་འགྲོ། ལ་ལ་ང་རྒྱལ་གྱི་དབང་དུ་འགྲོ། འཆབ་པའི་དབང་དུ་འགྲོ། ཁོན་དུ་འཛིན་པའི་དབང་དུ་འགྲོ། ཕྲག་དོག་གི་དབང་དུ་འགྲོ། སེར་སྣའི་དབང་དུ་འགྲོ། སྒྱུའི་དབང་དུ་འགྲོ། གཡོའི་དབང་དུ་འགྲོ་ལ་
ཆོས་དེ་དག་ཀྱང་སེམས་མེད་པར་ཡང་གཟུང་དུ་འང་མི་ནུས་ཏེ། ཉོན་མོངས་པར་གདགས་པ་ཀུན་ཀྱང་རྣམ་པ་ཀུན་ཏུ་སེམས་ཀྱི་རྒྱུད་ཏུ་ཟད་ན་དེ་ཇི་ལྟ་བུ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་
དེ་སྨྲས་པ། །གང་གིས་དོན་དེ་དྲིས་པ་རྣམས། །སངས་རྒྱས་སྲས་པོ་ང་ལ་ཉོན། །ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་པོ། །ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག །སྐོམ་ཞིང་ཤི་བར་གྱུར་པ་བཞིན། །
མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱས་ཀྱང་། །བདག་ཉིད་བཀྲེས་པས་ཤི་བ་ལྟར། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་
བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་མང་པོ་བགྲང་བྱེད་ཀྱང་། །ནམ་ཕྱེད་ཙམ་ཡང་མྱི་འཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་
འཁོར་སྐྱེས་ཀྱང་། །ཟས་དང་གོས་དག་མི་བདོག་པ། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་འོན་པ་རོལ་མོ་ཡི། །སིལ་སྙན་གླུ་ལ་མཁས་པ་ཞིག །གཞན་ཞིག་དེ་ཡིད་དགའ་བྱེད་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་
རི་མོ་མཁན། །ཚོང་དུས་དབུས་སུ་འདྲིར་འཇུག་ཀྱང་། །བདག་ཉིད་ཀྱིས་ནི་མི་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆིར་འགྱུར་བ། །ཆོས་ལ་མ་བསྐྱོམས་དེ་

བཞིན་ནོ། །ཇི་ལྟར་ལམ་གྱི་བཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པར་མི་འགྱུར་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་
སེམས་དཔའ་ཡེ་ཤེས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་སྟེ་དེ་བཞིན་གཤེགས་པའི་བསྟན་པའི་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ན། དེ་ཅིའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་ལ་ལ་ལ་ནི་སྦྱིན་པ་བརྗོད། ལ་ལ་ལ་ནི་ཚུལ་ཁྲིམས། ལ་ལ་ལ་ནི་
བཟོད་པ། ལ་ལ་ལ་ནི་བརྩོན་འགྲུས། ལ་ལ་ལ་ནི་བསམ་གཏན། ལ་ལ་ལ་ནི་ཤེས་རབ་བརྗོད་པ་མཛད། ལ་ལ་ལ་ནི་བྱམས་པ། ལ་ལ་ལ་ནི་སྙིང་རྗེ། ལ་ལ་ལ་ནི་དགའ་བ། ལ་ལ་ལ་ནི་བཏང་སྙོམས་བརྗོད་པར་མཛད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ནི་ཆོས་གཅིག་འགས་འབྱུང་བར་མི་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །སེམས་ཅན་གཞན་གྱི་བསམ་ཤེས་པ། ངོ་མཚར་རྨད་དུ་བྱུང་བ་སྟེ། །དེ་ལྟར་
གང་གིས་དོན་དྲིས་པ། །སངས་རྒྱས་སྲས་པོ་བདག་ལ་ཉོན། །སྨྲ་བའི་མཆོག་ནི་གང་ཡང་རུང་། །ཆོས་གཅིག་གིས་ནི་འབྱུང་བ་མེད། །གང་ཡང་འབྱུང་བ་ཡོད་པ་མྱིན། །འབྱུང་བར་འགྱུར་བ་དེ་བཞིན་མེད། །བསྐལ་པ་གང་ལ་གནས་པ་ཡི། །བསམ་པ་
མཁྱེན་ནས་དོན་མཛད་ཅིང་། །གང་ལ་ཇི་དག་ཚུལ་འཐུན་པ། །དེ་བཞིན་ཆོས་ཀྱང་བསྟན་པ་མཛད། །སེར་སྣ་ཅན་ལ་སྦྱིན་པ་བརྗོད། །ཚུལ་ཁྲིམས་ངན་ལ་ཚུལ་ཁྲིམས་རྣམས། །མི་བཟོད་པ་ནི་བཟོད་པ་དེས། །བརྩོན་འགྲུས་འབྱོར་པ་ལེ་ལོ་ལའོ། །
རྣམ་པར་འཁྲུག་ལ་བསམ་གཏན་བརྗོད། །ཤེས་རབ་འབྱོར་པ་ཤེས་མེད་ལའོ། །གདུག་པའི་སེམས་ལ་བྱམས་པ་བཤད། །འཚེ་བ་རྣམས་ལ་སྙིང་རྗེ་སྟེ། །ཞུམ་པ་ལ་ནི་དགའ་བ་བཤད། །འཁོར་བའི་སེམས་ལ་བཏང་སྙོམས་ཏེ། །སངས་

རྒྱས་ཆོས་རྣམས་ཐམས་ཅད་ཀྱང་། །རིམ་པས་དེ་ལྟར་འབྱུང་བ་ཡིན། །ཇི་ལྟར་ས་ལ་ལས་བྱས་པ། །ཁྱིམ་གྱི་དངོས་ལ་རིམ་པ་ཡིན། །དེ་བཞིན་སྦྱིན་པ་ཚུལ་ཁྲིམས་དག །བྱང་ཆུབ་སེམས་དཔའི་ཐོག་མར་འགྲོ། །རྒྱལ་པོའི་གནས་དང་གྲོང་རྡལ་རྣམས། །
རུང་བའི་ཕྱིར་ནི་ར་བ་སྟེ། །དེ་བཞིན་བཟོད་པ་བརྩོན་འགྲུས་དག །བྱང་ཆུབ་སེམས་དཔའ་རུང་ཕྱིར་རོ། །ཇི་ལྟར་གདུགས་གཅིག་རྒྱལ་པོ་ནི། །ས་རྣམས་ཐམས་ཅད་སྐྱོང་བར་བྱེད། །དེ་བཞིན་བསམ་གཏན་ཤེས་རབ་དག །བྱང་ཆུབ་སེམས་དཔའི་སྐྱབས་བཞིན་ནོ། །
འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །བདེ་བ་ཐམས་ཅད་སྟེར་བ་ལྟར། །དེ་བཞིན་ཚངས་པའི་གནས་རྣམས་ཀྱང་། །བྱང་ཆུབ་སེམས་དཔའི་བདེ་བ་འབྱིན། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་ལ་འདི་
སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འབྱུང་བ་གཅིག་ན། སངས་རྒྱས་ཀྱི་ཞིང་རྣམས་ན་སྦྱོར་བ་རྣམ་པ་ཐ་དད་པ་དང་། །འདི་ལྟར་འཇིག་རྟེན་གྱི་ཁམས་རྣམ་པ་ཐ་དད་པ་དང་། ཆོས་བསྟན་པ་རྣམ་པ་ཐ་དད་པ་དང་། སེམས་ཅན་
གདུལ་བ་རྣམ་པ་ཐ་དད་པ་དང་། ཚེའི་ཚད་རྣམ་པ་ཐ་དད་པ་དང་། འོད་ཀྱི་དཀྱིལ་འཁོར་རྣམ་པ་ཐ་དད་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་རྣམས་རྣམ་པ་ཐ་དད་པ་དང་། འཁོར་ཚོགས་པ་རྣམ་པ་ཐ་དད་པ་དང་། བསྟན་པའི་ཚུལ་རྣམ་པ་ཐ་དད་པ་དང་། ཆོས་
ཀྱི་བྱིན་གྱི་རླབས་རྣམ་པ་ཐ་དད་པ་དག་ཅིའི་ཕྱིར་སྣང་བར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མི་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བཟང་པོའི་
དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་སྨྲས་པ། །ཆོས་ཀྱི་རྒྱལ་པོ་ཆོས་ཉིད་ནི། །འཇམ་དཔལ་རྟག་ཏུ་གཅིག་པ་སྟེ། །སྒྲིབ་པ་མེད་པ་གཟིགས་པ་ཡི། །འབྱུང་བ་དེ་ཡང་གཅིག་པུའོ། །སངས་རྒྱས་ཐམས་ཅད་

སྐུ་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཤེས་རབ་ཐུགས་ཀྱང་གཅིག་པ་སྟེ། །མི་འཇིགས་སྟོབས་ཀྱང་དེ་བཞིན་ནོ། །སྔོན་ཅད་བྱང་ཆུབ་ཞུགས་པའི་ཚེ། །ཇི་ལྟར་ཡོངས་སུ་བསྔོ་མཛད་པ། །འཁོར་དུ་ཆོས་
རྣམས་བསྟན་པ་དང་། །དེ་དག་ཞིང་ཡང་དེ་བཞིན་འགྱུར། །ཞིང་གི་ཕུན་སུམ་གང་ཡོད་པ། །སངས་རྒྱས་རྣམས་ལ་ཐམས་ཅད་འགྲུབ། །སེམས་ཅན་ཇི་སྙེད་སྦྱངས་པའི་རྣམས། །དེ་ཡི་རྣམ་པ་དེ་ལྟར་མཐོང་། །ཇི་ལྟར་སངས་རྒྱས་ཆོས་ཉིད་དུ། །ཀུན་
གྱིས་སངས་རྒྱས་མི་མཐོང་སྟེ། །སངས་རྒྱས་ཞིང་དང་སྐུ་དག་དང་། །འཁོར་དུ་ཆོས་བསྟན་དེ་བཞིན་ནོ། །གང་རྣམས་སྨོན་ལམ་མཐུན་ལྡན་ཞིང་། །སྔོན་ཆད་བསམ་པ་ཡོངས་སྦྱངས་པས། །ཐམས་ཅད་གཟིགས་པའི་ཚུལ་གྱི་རྣམས། །ཇི་ལྟ་བཞིན་དུ་
ཐམས་ཅད་མཐོང་། །སེམས་ཅན་བསམ་པ་ཇི་བཞིན་དང་། །ལས་དང་སྟོབས་ཀྱང་ཇི་བཞིན་པ། །དེ་ལྟ་དེ་ལྟར་མཐོང་གྱུར་ཏེ། །སངས་རྒྱས་རྣམས་ཀྱི་རྣམ་འཕྲུལ་ལོ། །སངས་རྒྱས་ཞིང་ལ་རྟོག་མི་མངའ། །དེ་དག་བྱམས་སྡང་ཡོད་པ་མིན། །བསམ་པའི་
ཚུལ་ནི་ཇི་བཞིན་དུ། །སྲོག་ཆགས་རྣམས་ཀྱིས་དེ་བཞིན་མཐོང་། །རྣམ་པ་ཐ་དད་འཇིག་རྟེན་ཁམས། །དེ་ལྟར་སྣང་བར་གྱུར་པ་སྟེ། །དྲང་སྲོང་ཆེན་པོ་ཀུན་གཟིགས་པའི། །ཉེས་པའི་སྐྱོན་ལས་གྱུར་པ་མེད། །གང་ན་འདུལ་བ་ཡོད་པ་ཡི། འཇིག་
རྟེན་ཁམས་རྣམས་ཐམས་ཅད་དུ། །སྐྱེས་བུ་དྲང་སྲོང་རྣམས་ཀྱང་སྣང་། །དེ་ནི་སངས་རྒྱས་ཆོས་ཉིད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་
སྲས། བདག་ཅག་གིས་རང་རང་གི་སྤོབས་པ་བསྟན་པ་རྣམས་སྨྲས་པ་ཡིན་ན། ད་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །སངས་རྒྱས་ཀྱི་ཡུལ་གྱི་ཡུལ་ནི་གང་། སངས་རྒྱས་ཀྱི་ཡུལ་གྱི་ཚོགས་ནི་གང་།

སངས་རྒྱས་ཀྱི་ཡུལ་དུ་འགྲོ་བ་ནི་གང་། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ནི་ཇི་ལྟ་བུ། སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པའི་ཤེས་པ་ནི་གང་། སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་འགྲོ་བ་ནི་གང་། སངས་རྒྱས་ཀྱི་ཡུལ་ཤིན་ཏུ་བསྟན་པ་ནི་གང་། སངས་རྒྱས་ཀྱི་
ཡུལ་ཤེས་པར་བྱ་བ་ནི་གང་། སངས་རྒྱས་ཀྱི་ཡུལ་རྟོགས་པ་ནི་གང་། སངས་རྒྱས་ཀྱི་ཡུལ་གྱི་ཚུལ་ནི་ཇི་ལྟ་བུ། སངས་རྒྱས་ཀྱི་ཡུལ་ནི་ཅི་ཙམ་དུ་ཡངས། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ཚིགས་
སུ་བཅད་དེ་སྨྲས་པ། །ནམ་མཁའི་ཡུལ་དང་འདྲ་བ་སྟེ། །ཀུན་ཏུ་འོད་ལ་འདྲ་བ་མེད། །སེམས་ཅན་ཐམས་ཅད་འཇུག་པ་སྟེ། །ཆོས་ཉིད་ལ་ནི་འཇུག་པ་མེད། །ཚོགས་རྣམས་ཐམས་ཅད་བསྟན་པར་ནི། །བསྐལ་པ་བྱེ་བར་མི་ནུས་ཏེ། །ཇི་སྙེད་རྒྱལ་བའི་
ཚོགས་མངའ་བ། །དེ་ནི་སངས་རྒྱས་ཡུལ་ཡིན་ནོ། །བློ་གྲོས་སེམས་ཀྱང་ཇི་བཞིན་དུ། །སེམས་ཅན་ཐམས་ཅད་རབ་ཏུ་འཇུག །དེ་ལ་བསྟན་པ་ཐོགས་པ་མེད། །དེ་ནི་སངས་རྒྱས་ཡུལ་ཡིན་ནོ། །འཇིག་རྟེན་ཐམས་ཅད་འཇུག་པ་དང་། །འཇིག་རྟེན་རྒྱུ་བ་
གང་ཡོད་པ། །དེ་དག་ཀུན་ལ་ཡེ་ཤེས་གནས། །གཟུགས་སུ་སྣང་བ་མ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཆགས་མེད་པ། །དུས་གསུམ་ཀུན་ལ་ཆགས་པ་མེད། །ནམ་མཁའ་འབྱུང་དང་མཚུངས་པ་ཡིན། །དེ་ནི་ཡེ་ཤེས་ཡུལ་ཡིན་ནོ། །ཆོས་ཀྱི་དབྱིངས་ནི་ཐ་
མི་དད། །སེམས་ཅན་ཁམས་རྣམས་རྟོགས་པར་མཁྱེན། །དབྱིངས་རྣམས་ཐམས་ཅད་རབ་ཏུ་བརྙེས། །དེ་ནི་སངས་རྒྱས་ཡུལ་ཡིན་ནོ། །སྒྲར་གདགས་ཇི་སྙེད་ཡོད་པ་དང་། །སེམས་ཅན་ཀུན་གྱི་སྒྲ་སྐད་དུ། །སྒྲ་ལ་མཁྱེན་པ་ཐུགས་ཆུད་ཀྱང་། །རྣམ་པར་
རྟོག་པ་གང་ཡང་མེད། །རྣམ་ཤེས་རྣམ་པར་ཤེས་བྱ་མེད། །སེམས་ཀྱིས་བརྗོད་པའང་མ་ཡིན་ཏེ། །ཡེ་ཤེས་རང་བཞིན་ཤིན་ཏུ་དག །སེམས་ཅན་རྣམས་ལའང་རབ་ཏུ་བཤད། །ཉོན་མོངས་མེད་ཅིང་ལས་མེད་དོ། །དངོས་པོ་མེད་ཅིང་གནས་པ་མེད། །སྣང་

བ་མེད་ཅིང་རྒྱུ་བ་མེད། །འཇིག་རྟེན་དག་ཏུའང་མཉམ་པར་སྤྱོད། །སེམས་ཅན་ཀུན་གྱི་སེམས་ཀྱི་རྣམས། །དུས་གསུམ་ཀུན་ཏུ་རབ་ཡངས་པ། །སེམས་གཅིག་ལ་ནི་རབ་འཇུག་པས། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་
འཇུག །དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཀུན་གྱི་རྒྱུད་ཇི་སྙེད་པ་དང་། ཆོས་ཀྱི་རྒྱུད་ཇི་སྙེད་པ་དང་། ལས་ཀྱི་རྒྱུད་ཇི་སྙེད་པ་དང་། འཇིག་རྟེན་གྱི་རྒྱུད་ཇི་སྙེད་པ་དང་། ལུས་ཀྱི་རྒྱུད་ཇི་སྙེད་པ་དང་། དབང་པོའི་རྒྱུད་ཇི་སྙེད་པ་དང་། སྐྱེ་བའི་རྒྱུད་ཇི་
སྙེད་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུའི་རྒྱུད་ཇི་སྙེད་པ་དང་། ཚུལ་ཁྲིམས་ལོག་པའི་འབྲས་བུའི་རྒྱུད་ཇི་སྙེད་པ་དང་། ཡུལ་གྱི་འབྲས་བུའི་རྒྱུད་ཇི་སྙེད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་རབ་ཏུ་སྣང་བར་གྱུར་ཏེ། ཇི་ལྟར་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རབ་
ཏུ་སྣང་བར་གྱུར་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དཔག་ཏུ་མེད་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ་ཀུན་ཏུ་མཐའ་ཡས་པ་མུ་མེད་པ། ས་མཚམས་མེད་པ་གཞལ་དུ་མེད་པ་བརྗོད་དུ་མྱེད་པ།
ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་ན་ཡང་སེམས་ཅན་གྱི་རྒྱུད་ཇི་སྙེད་པ་ཞེས་བྱ་བ་ནས། གཞུང་དེ་བཞིན་དུ་ཡུལ་གྱི་འབྲས་བུའི་རྒྱུད་ཇི་སྙེད་པའི་བར་དུ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་རབ་ཏུ་སྣང་བར་
གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་
གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དཔག་ཏུ་མེད་པ་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ་མུ་མེད་པ།

ས་མཚམས་མེད་པ་གཞལ་དུ་མེད་པ་བརྗོད་དུ་མེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་དག་ན། སེམས་ཅན་གྱི་རྒྱུད་ཇི་སྙེད་པ་ཞེས་བྱ་བ་ནས་གཞུང་དེ་བཞིན་དུ་ཡུལ་གྱི་འབྲས་བུའི་རྒྱུད་ཇི་སྙེད་པའི་བར་དུ་དེ་དག་ཐམས་ཅད་
སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རབ་ཏུ་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དྲིས་པ་སྣང་བ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་
སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན། ལུས་ཀྱི་ལས་རྣམ་
པར་མ་ཉམས་པ་ཡིན། ངག་གི་ལས་རྣམ་པར་མ་ཉམས་པ་ཡིན། ཡིད་ཀྱི་ལས་རྣམ་པར་མ་ཉམས་པ་ཡིན། ལུས་ཀྱི་ལས་མ་སྨད་པ་ཡིན། ངག་གི་ལས་མ་སྨད་པ་ཡིན། ཡིད་ཀྱི་ལས་མ་སྨད་པ་ཡིན། ལུས་ཀྱི་ལས་མི་འཕྲོགས་པ་ཡིན། ངག་གི་ལས་
མི་འཕྲོགས་པ་ཡིན། ཡིད་ཀྱི་ལས་མི་འཕྲོགས་པ་ཡིན། ལུས་ཀྱི་ལས་མི་ཟློག་པ་ཡིན། ངག་གི་ལས་མི་ཟློག་པ་ཡིན། ཡིད་ཀྱི་ལས་མི་ཟློག་པ་ཡིན། ལུས་ཀྱི་ལས་མི་འཁྲུགས་པ་ཡིན། ངག་གི་ལས་མི་འཁྲུགས་པ་ཡིན། ཡིད་ཀྱི་ལས་མི་འཁྲུགས་
པ་ཡིན། ལུས་ཀྱི་ལས་བསྔགས་པ་ཡིན། ངག་གི་ལས་བསྔགས་པ་ཡིན། ཡིད་ཀྱི་ལས་བསྔགས་པ་ཡིན། ལུས་ཀྱི་ལས་རྣམ་པར་དག་པ་ཡིན། ངག་གི་ལས་རྣམ་པར་དག་པ་ཡིན། ཡིད་ཀྱི་ལས་རྣམ་པར་དག་པ་ཡིན། ལུས་ཀྱི་ལས་ཉེ་བར་ཉོན་
མོངས་པ་མེད་པ་ཡིན། ངག་གི་ལས་ཉེ་བར་ཉོན་མོངས་པ་མེད་པ་ཡིན། ཡིད་ཀྱི་ལས་ཉེ་བར་ཉོན་མོངས་པ་མེད་པ་ཡིན། ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་

བ་ཡིན། རིགས་ཕུན་སུམ་ཚོགས་པ་ཡིན། རུས་ཕུན་སུམ་ཚོགས་པ་ཡིན། རྒྱུད་ཕུན་སུམ་ཚོགས་པ་ཡིན། གཟུགས་ཕུན་སུམ་ཚོགས་པ་ཡིན། མཚན་ཕུན་སུམ་ཚོགས་པ་ཡིན། དྲན་པ་ཕུན་སུམ་ཚོགས་པ་ཡིན། བློ་གྲོས་
ཕུན་སུམ་ཚོགས་པ་ཡིན། རྟོགས་པ་ཕུན་སུམ་ཚོགས་པ་ཡིན། དགའ་བ་ཕུན་སུམ་ཚོགས་པ་ཡིན། བློ་ཕུན་སུམ་ཚོགས་པ་ཡིན། བློ་གྲོས་མཆོག་ཏུ་གྱུར་པ་ཡིན། བློ་གྲོས་དམ་པར་གྱུར་པ་ཡིན། བློ་གྲོས་རབ་ཏུ་གྱུར་པ་ཡིན། བློ་གྲོས་ཚད་མེད་
པ་ཡིན། བློ་གྲོས་གྲངས་མེད་པ་ཡིན། བློ་གྲོས་བསམ་གྱིས་མི་ཁྱབ་པ་ཡིན། བློ་གྲོས་མཚུངས་པ་མེད་པ་ཡིན། བློ་གྲོས་གཞལ་དུ་མེད་པ་ཡིན། བློ་གྲོས་བརྗོད་དུ་མེད་པ་ཡིན། རྒྱུའི་སྟོབས་ཅན་ཡིན། བསམ་པའི་སྟོབས་ཅན་ཡིན། སྦྱོར་བའི་སྟོབས་
ཅན་ཡིན། རྐྱེན་གྱི་སྟོབས་ཅན་ཡིན། དམིགས་པའི་སྟོབས་ཅན་ཡིན། དབང་པོའི་སྟོབས་ཅན་ཡིན། རྣམ་པར་ལྟ་བའི་སྟོབས་ཅན་ཡིན། ཞི་གནས་ཀྱི་སྟོབས་ཅན་ཡིན། ལྷག་མཐོང་གི་སྟོབས་ཅན་ཡིན། ངེས་པར་རྟོགས་པའི་སྟོབས་ཅན་ཡིན།
ཕུང་པོ་ལ་མཁས་པ་ཡིན། ཁམས་ལ་མཁས་པ་ཡིན། སྐྱེ་མཆེད་ལ་མཁས་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན། གཟུགས་ཀྱི་ཁམས་ལ་མཁས་པ་ཡིན། གཟུགས་མེད་པའི་ཁམས་ལ་མཁས་པ་ཡིན། འདས་པ་ལ་མཁས་
པ་ཡིན། མ་འོངས་པ་ལ་མཁས་པ་ཡིན། ད་ལྟར་བྱུང་བ་ལ་མཁས་པ་ཡིན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་ལ་མཁས་པ་ཡིན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། རབ་ཏུ་བྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། བཏང་སྙོམས་ཡང་དག་

བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། སྟོང་པ་ཉིད་ཡོངས་སུ་བསྒོམས་པ་ཡིན། མཚན་མ་མེད་པ་ཡོངས་སུ་བསྒོམས་པ་ཡིན། སྨོན་པ་མེད་པ་ཡོངས་སུ་བསྒོམས་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། བྱམས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡིན། དགའ་བའི་ཕ་རོལ་ཏུ་ཕྱིན་པ་ཡིན། བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གནས་དང་གནས་མ་ཡིན་པར་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། འདས་པ་དང་། མ་འོངས་པ་
དང་། ད་ལྟར་བྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། དབང་པོ་དང་བརྩོན་འགྲུས་ཐ་དད་པ་ཡོངས་སུ་རྫོགས་པར་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཁོང་དུ་ཆུད་པ་ཡིན། ཁམས་སྣ་ཚོགས་དང་ཁམས་དུ་མའི་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། མོས་པ་སྣ་
ཚོགས་དང་། མོས་པ་དུ་མ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། ཀུན་ཏུ་འགྲོ་བའི་ལམ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་
དང་ལྡང་བ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བསྒྲིབས་པ་མེད་པའི་རྗེས་སུ་དྲན་པ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། ལྷའི་མིག་ཆགས་པ་མེད་པར་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་གཅད་པ་ཤེས་པར་
བྱ་བ་ཁོང་དུ་ཆུད་པ་ཡིན། ལྷ་ཡི་དབང་པོས་ཡོངས་སུ་བཟུང་བ་ཡིན། ཀླུའི་དབང་པོས་ཡོངས་སུ་བཟུང་བ་ཡིན། གནོད་སྦྱིན་གྱི་དབང་པོས་ཡོངས་སུ་བཟུང་བ་ཡིན། དྲི་ཟའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ལྷ་མ་ཡིན་གྱི་དབང་པོས་ཡོངས་སུ་བཟུང་
བ་ཡིན། ནམ་མཁའ་ལྡིང་གི་དབང་པོས་ཡོངས་སུ་བཟུང་བ་ཡིན། མི་འམ་ཅིའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ལྟོ་འཕྱེ་ཆེན་པོའི་དབང་པོས་ཡོངས་སུ་བཟུང་བ་ཡིན། མིའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ཚངས་པའི་དབང་པོས་

ཡོངས་སུ་བཟུང་བ་ཡིན། ལྷ་ཡི་དབང་པོས་བཀུར་བ་ཡིན། ཀླུ་ཡི་དབང་པོས་བཀུར་བ་ཡིན། གནོད་སྦྱིན་གྱི་དབང་པོས་བཀུར་བ་ཡིན། དྲི་ཟའི་དབང་པོས་བཀུར་བ་ཡིན། ལྷ་མ་ཡིན་གྱི་དབང་པོས་བཀུར་བ་ཡིན། ནམ་
མཁའ་ལྡིང་གི་དབང་པོས་བཀུར་བ་ཡིན། མི་འམ་ཅིའི་དབང་པོས་བཀུར་བ་ཡིན། ལྟོ་འཕྱེ་ཆེན་པོའི་དབང་པོས་བཀུར་བ་ཡིན། མི་ཡི་དབང་པོས་བཀུར་བ་ཡིན། ཚངས་པའི་དབང་པོས་བཀུར་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་
ཡིན། སྐྱབས་སུ་གྱུར་པ་ཡིན། དཔུང་གཉེན་དུ་གྱུར་པ་ཡིན། མགོན་དུ་གྱུར་པ་ཡིན། སྒྲོན་མར་གྱུར་པ་ཡིན། སྣང་བར་གྱུར་པ་ཡིན། འོད་དུ་གྱུར་པ་ཡིན། འདྲེན་པར་གྱུར་པ་ཡིན། རྣམ་པར་འདྲེན་པར་གྱུར་པ་ཡིན། ཡོངས་སུ་འདྲེན་པར་
གྱུར་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན། གཙོ་བོར་གྱུར་པ་ཡིན། ཐུ་བོར་གྱུར་པ་ཡིན། རབ་ཏུ་གྱུར་པ་ཡིན། དམ་པར་གྱུར་པ་ཡིན། ཕུལ་དུ་གྱུར་པ་ཡིན། བླ་ན་མེད་པར་གྱུར་པ་ཡིན། ཀྱེ་རྒྱལ་བའི་སྲས་ཇི་
ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པ་མེད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་སྐྱེ་བོ་མང་པོ་ལ་
ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བ་དང་བདེ་བར་རྣམ་པར་གཟུད་པའི་ཕྱིར་ཞུགས་ཤིང་། དེ་ལྟར་ཁྱོད་རྣམ་པ་འདི་ལྟ་བུའི་གནས་དག་ཡོངས་སུ་འདྲི་བར་སེམས་པ་ནི། ཀྱེ་
རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས། བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་གྱི་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར་

བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལུས་སུ་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ལམ་དུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་པའི་སེམས་
ཀྱང་དེ་དག་ལ་ཉེ་བར་གནས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་ལྟ་བ་ཡང་དེ་དག་ལ་ཉེ་བར་གནས་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་འགྱུར་བ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་འགྱུར་བ་དང་། ཀུན་ཏུ་བཟང་ཞིང་ཀུན་ཏུ་
མཛེས་པ་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་སྲོག་ཆགས་ཐམས་ཅད་ལ་སྟོན་པ་གཉིས་པར་འགྱུར་བའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སེམས་ཀྱི་
ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས། ཡོན་ཏན་ཀྱི་ཁྱད་པར་འདི་དག་ཐམས་ཅད་ཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་
པའི་ཚེ། སེམས་ཅན་ཐམས་ཅད་རང་བཞིན་ཤེས་པ་དང་ལྡན་པས་ཁྱིམ་གྱི་ཐིབས་པོས་ཟིལ་གྱིས་མི་ནོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཕ་མ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྐྱབ་
པའི་ཕྱིར་སངས་རྒྱས་དང་འགྲོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བུ་དང་བུ་མོ་དང་འགྲོགས་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲེད་པ་དང་ཤིན་ཏུ་བྲལ་བས་དགའ་བ་དང་མི་དགའ་བ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །
འདོད་པའི་ཡོན་ཏན་དང་འགྲོགས་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པའི་གསལ་ཤིང་རྣམ་པར་སེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གླུ་དང་གར་དང་རོལ་མོ་དང་སིལ་སྙན་དང་འགྲོགས་པའི་

ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གར་མཁན་གྱིས་ཚོན་ལྟ་བུར་མཐོང་བ་དང་ལྡན་ཞིང་ཆོས་ཡང་དག་པར་འགྲོ་བའི་བརྗོད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུང་མའི་འཁོར་གྱི་ནང་ན་འདུག་པའི་ཚེ།
བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་པའི་གསལ་ཤིང་དང་བྲལ་ཞིང་འཕགས་པའི་སར་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་གྱིས་བརྒྱན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲིད་པར་འབྱུང་བ། འཇིག་པའི་ཕ་རོལ་ཏུ་ཕྱིན་པས་
ཁུར་བོར་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁང་ཐོག་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་ཁང་སྟེངས་སུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྦྱིན་པ་གཏོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་
ཅན་ཐམས་ཅད་བདག་གིར་བྱ་བ་མེད་དེ། ཡོངས་སུ་འཛིན་པའི་སེམས་མེད་ཅིང་བདག་གི་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མ་བྲལ་ཞིང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་
མཐར་ཕྱིན་ཏེ། འདུ་བ་དང་ཤིན་ཏུ་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཙོན་ར་ལ་ཁ་ན་མ་ཐོ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་སྤྱོད་ཅིང་། གང་དུ་དགའ་བར་འདོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །
ཁྱིམ་ནས་ཁྱིམ་མེད་པར་འབྱུང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་བཅིངས་པ་དང་གྲོལ་བ་མེད་ཅིང་ཆགས་པ་མེད་དེ་མི་དགོས་པ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་གྱི་ར་བའི་མཚམས་འདའ་བའི་ཚེ། བྱང་ཆུབ་སེམས་དཔས་
སེམས་ཅན་ཐམས་ཅད་འགལ་བ་མེད་པའི་ཆོས་དང་ལྡན་ཞིང་འཐུན་པར་འགྲོ་བ་མང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་རྩོམ་ཞིང་ཆོ་ག་ལ་མཁས་

པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བར་གསོལ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བར་ཆད་མེད་ཅིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་དཀར་པོ་འདོར་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་
སྡིག་པ་ལ་བརྩོན་པ་སྤངས་ཏེ། དགེ་བའི་རྩ་བ་ཤིན་ཏུ་སྦྱངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྲ་དང་ཁ་སྤུ་འབྲེག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་ངུར་
སྨྲིག་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲང་སྲོང་ཆེན་པོའི་སེམས་དང་ལྡན་ཞིང་རྙོག་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་སྐྱེ་བོ་ཐམས་ཅད་ཡོངས་སུ་སྐྱོང་བའི་ཕྱིར། དེ་བཞིན་
གཤེགས་པའི་རབ་ཏུ་འབྱུང་བར་རབ་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བ་ལ་མོས་པ་མངོན་པར་སྐྱེས་པས། སངས་རྒྱས་ཀྱི་གདུང་མི་འཆད་པའི་དོན་དུ་བརྩོན་པར་
གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་གཏེར་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་
ཐམས་ཅད་ཆགས་པའི་གནས་དང་བྲལ་ཞིང་དགེ་འདུན་ཡོངས་སུ་སྡུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསླབ་པའི་ཚིག་ཡང་དག་པར་ལེན་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚུལ་བཟང་པོ་ལ་ཡང་དག་པར་སྤྱོད་ཅིང་བསླབ་པ་ཐམས་
ཅད་ཤིན་ཏུ་སློབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློབ་དཔོན་གྱིས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལོག་པ་མ་ཡིན་པའི་ལས་ལ་སྤྱོད་ཅིང་ཚུལ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོས་

བསྟན་པའི་ཚེ། །བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་ཡང་དག་པར་གཞོལ་ཞིང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསྙེན་པར་རྫོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་
ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་སྟེ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙུག་ལག་ཁང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཕྲོགས་པའི་ཆོས་ཅན་དུ་གྱུར་ཏེ་བླ་ན་མེད་པའི་གནས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་
ཅེས་སེམས་བསྐྱེད་དོ། །སྟན་གདིང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ལེགས་པར་བཀོད་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གནས་པའི་སེམས་ཀྱིས་
སྙིང་པོ་བྱང་ཆུབ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཆའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གཡོ་བའི་ས་ལ་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཞི་གནས་ཡོངས་སུ་སྦྱོང་བར་བྱེད་པའི་
ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང་། །དུལ་བ་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷག་མཐོང་ཡོངས་སུ་སྦྱོང་བ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་
ཏུ་ཉོན་མོངས་པ་མེད་པའི་ཆོས་ཅན་དུ་གྱུར་ཏེ། །ཆོས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཇིག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་འདུ་བྱེད་ཐམས་ཅད་རང་བཞིན་
གྱིས་འཇིག་པ་རྣམ་པར་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་གཞོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་རབ་ཏུ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་འདེགས་པའི་

ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཐོབ་སྟེ། འཁོར་བའི་རྒྱ་མཚོར་བྱིང་བ་ལས་འཐོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྨད་གཡོགས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་
ལྡན་ཞིང་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐ་རགས་འཆིངས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ། དགེ་བའི་རྩ་བ་ཤིན་ཏུ་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བླ་གོས་
གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣམ་སྦྱར་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་
འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ་ཐབས་དམ་པས་མངོན་པར་བཀབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པའི་དངོས་པོ་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་
བསྐྱེད་དོ། །སོ་ཤིང་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཤིན་ཏུ་བཅོམ་སྟེ། སེམས་དུལ་ཞིང་སེམས་རྣམ་པར་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དབེན་པར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་
ཐམས་ཅད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤངས་ཏེ། སྡིག་པའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག །ཅེས་སེམས་བསྐྱེད་དོ། །ཆུ་ངོགས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་
འདས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙང་སྦྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་དག་པའི་དངོས་པོས་གཙང་ཞིང་དེས་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལག་

པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུང་ཞིང་བཅང་བའི་ཕྱིར་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་
མོངས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཁར་བ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཆོད་སྦྱིན་བྱས་ཤིང་ལམ་སྟོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་ལེན་
པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་འོས་ཤིང་སྣོད་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱོད་ཡུལ་དུ་མངོན་པར་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པར་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་
ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱི་ན་མ་ལུས་པར་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འགྲོ་བའི་ཚེ་བྱང་ཆུབ་སེམས་
དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་བསྒྲིབས་པ་མེད་པ་གྲུབ་པར་གྱུར་པས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་མཐོ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་
ཞུམ་པ་མེད་དེ་ཁམས་གསུམ་ལས་གྱེན་དུ་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དམའ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཤིན་ཏུ་བརྟན་ཅིང་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་འདུད་པར་གྱུར་ཅིག་ཅེས་
སེམས་བསྐྱེད་དོ། །ལམ་ཉམ་ང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྟ་བ་ཡོ་ཞིང་མྱི་དྲང་བ་དང་བྲལ་ཏེ་ལམ་ཉམ་ང་བ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དྲང་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་

ཅད་གཡོ་མེད་ཅིང་སྒྱུ་མེད་དེ་སེམས་དྲང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་རྡུལ་ཆེན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྡུལ་མེད་པའི་ཆོས་ཡང་དག་པར་ཐོབ་སྟེ་འདོད་ཆགས་པར་འགྱུར་བའི་ཆོས་ལས་རྣམ་པར་
གྲོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྡུལ་མེད་པའི་ལམ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམ་པ་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡང་ས་མཐོང་བའི་ཚེ་བྱང་ཆུབ་
སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པ་རྟོགས་པར་ཁོང་དུ་ཆུད་ཅིང་སྡིག་པའི་ཆོས་ཐམས་ཅད་བསྩལ་ཏེ་དགེ་བའི་ཆོས་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཁོར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་དུ་གཏོགས་
པའི་ཆོས་ཟབ་མོ་བསྟན་པ་དང་འཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁྲོ་ཞིང་མཁོན་དུ་འཛིན་པ་དང་བྲལ་ཏེ། ཁེངས་པ་དང་། འཁྲུགས་པ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་
སེམས་བསྐྱེད་དོ། །ནགས་ཚལ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་འཇིག་རྟེན་དུ་བཅས་པས་ཕྱག་བྱ་བའི་གནས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རི་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོབ་པར་
དཀའ་བ་དང་ཐིབས་པོ་མེད་པ་རབ་ཏུ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མངོན་པར་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཚེར་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་ཅིང་ཚེར་
མ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གིས་རབ་ཏུ་གཡོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །

མེ་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པས་མེ་ཏོག་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་
ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་དུ་གཞོལ་ཞིང་། སངས་རྒྱས་ཀྱི་ཆོས་བཙལ་བ་ཐམས་ཅད་
འབྲས་བུ་ཡོད་དེ། འབྲས་བུའི་དམ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་ཀླུང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཆོས་ཀྱི་རྒྱུད་ལ་མཉམ་པར་བཞག་པར་གྱུར་ཅིག་ཅེས་སེམས་
བསྐྱེད་དོ། །ལུ་མ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་སེ་གོལ་གཏོགས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྫིང་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་
ཅད་ཀྱི་ཚིག་ཤིན་ཏུ་བསྟན་པ་ལ་མཁས་ཤིང་ཆོས་ཐམས་ཅད་ཀྱིས་རྒྱས་པའི་ཚིག་གི་ལས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲོན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འབྱོར་པ་དང་ལྡན་ཞིང་སྤོབས་པ་མང་བར་
གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གོང་ནས་གོང་དུ་དམིགས་པ་ལ་རབ་ཏུ་བརྩོན་ཞིང་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་
ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྒྲལ་བ་ལ་ཟམ་པར་དེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཡུར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་སེམས་དང་བསམ་པ་ལ་མཁས་ཤིང་བག་ལ་ཉལ་བ་དང་། ཀུན་ནས་འཁོར་བ་

མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སྲེད་པ་རབ་ཏུ་བྱང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མྱ་ངན་མེད་པའི་ནགས་ཚལ་མཐོང་བའི་ཚེ། བྱང་ཆུབ་སེམས་
དཔས་སེམས་ཅན་ཐམས་ཅད་སྲེད་པ་ཤིན་ཏུ་མེད་ཅིང་མྱ་ངན་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཟའ་ཤིང་གི་ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཅིག་ཅེས་
སེམས་བསྐྱེད་དོ། །སེམས་ཅན་རྒྱན་གྱིས་བརྒྱན་པ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་
སེམས་དཔས་སེམས་ཅན་ཐམས་ཅད་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱན་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་ཞིང་མོས་པ་དང་
སྤྲོ་བས་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་
ཅན་བདེ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་རབ་ཏུ་ཐོབ་པས་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་བསྔལ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་
ཅན་ཐམས་ཅད་ཡེ་ཤེས་ཀྱི་རྩ་བ་རབ་ཏུ་ཐོབ་སྟེ། སྡུག་བསྔལ་ཞི་བར་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནད་མེད་པ་མ་ཡིན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་དུ་མྱ་ངན་མེད་པའི་ཆོས་ཅན་དུ་གྱུར་ཏེ། ཐ་དད་པ་མེད་པར་

ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུ་གུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་
སྡུག་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་གྱི་བྱ་བ་ལ་མོས་པ་ཆུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཤེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བ་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལྟ་བ་ལ་དྲིན་དུ་གཟོ་བ་མེད་པར་གྱུར་ཅིག་
ཅེས་སེམས་བསྐྱེད་དོ། །དགེ་སྦྱོང་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱ་བ་ལ་བརྩོན་ཞིང་ཞི་བ་དང་དུལ་བ་ལ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བྲམ་ཟེ་མཐོང་བའི་ཚེ། བྱང་ཆུབ་སེམས་
དཔས་སེམས་ཅན་ཐམས་ཅད་ཚངས་པའི་དམ་པར་གྱུར་ཏེ་སྡིག་པ་སྤོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དཀའ་ཐུབ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱ་བ་ལ་བརྩོན་ཞིང་དཀའ་ཐུབ་ལ་ཤིན་ཏུ་
གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བརྟུལ་ཞུགས་ལ་ཞུགས་པ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བའི་ཕྱིར་བརྟུལ་ཞུགས་དམ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་
གྱོན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རང་འབྱུང་གི་ཆོས་ཡོངས་སུ་བཙལ་བ་ལ་གོ་ཆ་བཟང་པོ་ཤིན་ཏུ་བགོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་མ་གྱོན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་

དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལས་བྱ་བ་ཐམས་ཅད་ལ་གོ་གྱོན་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒོལ་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་གྱུར་
ཅིག་ཅེས་སེམས་བསྐྱེད་དོ། །འཚོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྤྱོད་ལམ་བཅོས་པ་མྱེད་ཅིང་འཚོ་བ་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་
ཅད་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྲས་ཆོས་ལས་སྐྱེས་པའི་ཆོས་ཀྱི་སྤྲུལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །
ཁྱིམ་བདག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རྣམ་པར་གདོན་མི་ཟ་བའི་བློ་ཅན་དུ་གྱུར་ཏེ། གྲོང་གི་ཆོས་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བློན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་ཀྱི་སྤྱོད་པ་
ཐམས་ཅད་ལ་བཟང་པོ་ཡིད་ལ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གྲོང་ཁྱེར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གདུལ་དཀའ་བའི་