Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
བྱ་བའི་
སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཡོངས་སུ་སྦྱང་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་རྣམ་པར་དམིགས་པར་བྱ་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་རྣམ་པར་བརྟག་པའི་སེམས་མང་བ་ཡིན།
སེམས་ཅན་གྲངས་མྱེད་པའི་དབང་པོ་རྟོགས་པར་བྱ་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་ཡོངས་སུ་གཟུང་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་གདུལ་བའི་སེམས་མང་བ་ཡིན་ཏེ། དེའི་ལུས་ནི་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལ་
གནས་པའི་བར་གྱིས་ཀྱང་ཤེས་པར་མྱི་ནུས་ཏེ་ལུས་ཀྱི་ལས་ཤེས་པར་མྱི་ནུས་སོ། །རྫུ་འཕྲུལ་ཤེས་པར་མྱི་ནུས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཤེས་པར་མྱི་ནུས་སོ། །འདས་པ་ལྟ་བ་འམ་ཤེས་པར་མི་ནུས་སོ། །མ་འོངས་པ་ལྟ་བ་འམ་ཤེས་
པར་མི་ནུས་སོ། །ད་ལྟར་བྱུང་བ་ལྟ་བ་འམ་ཤེས་པར་མི་ནུས་སོ། །ཞིང་མངོན་པར་འདུ་བྱེད་པ་ཤེས་པར་མི་ནུས་སོ། །སེམས་ཀྱི་ཡུལ་ཤེས་པར་མི་ནུས་སོ། །སེམས་ཀྱི་སྤྱོད་ཡུལ་ཡང་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལ་གནས་པའི་བར་གྱིས་ཤེས་པར་
མི་ནུས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་དབང་བསྐུར་བའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་དེ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་འཇུག་པ་བཅུ་བཀའ་སྩལ་ཏེ། བཅུ་གང་ཞེ་ན།
འདི་ལྟར་དུས་གསུམ་གྱི་ཡེ་ཤེས་བརྗོད་པ་མཛད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་ཡེ་ཤེས་བརྗོད་པ་མཛད་དོ། །ཆོས་ཀྱི་དབྱིངས་ཆགས་པ་མེད་པ་བརྗོད་པ་མཛད་དོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་བརྗོད་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་

ཅད་རྒྱས་པར་དགང་བ་བརྗོད་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བ་བརྗོད་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབ་པ་བརྗོད་པ་མཛད་དོ། །སེམས་ཅན་ཐམས་ཅད་ཡོངས་སུ་ཤེས་པའི་ཡེ་ཤེས་བརྗོད་པ་
མཛད་དོ། །ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཡེ་ཤེས་བརྗོད་པ་མཛད་དོ། །སངས་རྒྱས་མཐའ་ཡས་པ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ནས་ཀྱང་དེའི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དེ་བས་ཀྱང་ཤས་ཆེར་གནས་པར་བྱ་བ་དང་།
གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མྱི་འཇོག་པར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་
མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དུ་གཡོས་སོ། །གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ། །རབ་ཏུ་ལྡེག་གོ །
ཀུན་ཏུ་ལྡེག་གོ །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་ཐོབ་པས། ལྷ་རྫས་ཀྱི་མེ་ཏོག་
གི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་མངོན་པར་བབ་པོ། ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །
ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་མངོན་པར་བྱུང་བར་གྱུར་ཏོ། །ལྷ་རྫས་ཀྱི་སྣང་བ་རབ་ཏུ་བྱུང་བར་གྱུར་ཏོ། །ལྷ་རྫས་ཀྱི་ང་རོ་ཤིན་ཏུ་གྲགས་པར་གྱུར་ཏོ། །

གླིང་བཞི་པ་འདིའི་རི་རབ་ཀྱི་རྩེ་མོར་ལྷའི་དབང་པོའི་ཁང་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཕྱོགས་བཅུ་རྒྱས་པར་བྱུང་སྟེ། ཆོས་བསྟན་པ་འདི་ཡང་ཐམས་ཅད་དུ་བྱུང་ངོ་། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུའི་འཇིག་
རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་མང་པོ་ལྷགས་ཏེ། ཕྱོགས་བཅུ་རྒྱས་པར་བཀང་ནས་འདི་སྐད་ཅེས་འཛེར་ཏོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་དེ་ལྟ་བུ་སྟོན་པ་
ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་བའི་སྲས་དག་བདག་ཅག་ཀུན་ཀྱང་མིང་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག་སྟེ། དེ་བཞིན་གཤེགས་པའི་མཚན་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག་གི་ཞམ་རིང་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྤྲིན་ཅེས་བྱ་བ་ཤ་སྟག་ནས་འདིར་ཕྱིན་
ཏེ། ཐམས་ཅད་ན་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་བསྟན་པ་འདི་ཉིད་འཁོར་གྱི་རྣམ་པ་འདི་ལྟ་བུ་དག་ཏུ་ཚིག་འདི་དག་དང་། ཡི་གེ་འདི་དག་དང་། ཁོང་དུ་ཆུད་པར་བྱ་བ་འདི་དག་གིས་དོན་འདི་ཉིད་མངོན་པར་སྨོས་ཤིང་ལྷག་ཆད་མྱེད་པར་སྟོན་ཏེ་
ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བདག་ཅག་དབང་དུ་གྱུར་པ་ཤ་སྟག་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འདིར་ཕྱིན་ཏོ། །ཇི་ལྟར་བདག་ཅག་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་
རེའི་གླིང་བཞི་པ་དག་གི་རི་རབ་ཀྱི་རྩེ་མོ་ལྷའི་དབང་པོའི་ཁང་པ་དག་ཏུ་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མང་པོ་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་
ཏེ། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟས་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རང་བྱུང་སངས་རྒྱས་ཐུགས་མཆོག་རབ་མངའ་བ། །སྐུ་གཟུགས་སྐུ་མདོག་ཤིན་ཏུ་མཛེས་ལྡན་ཞིང་།

མཚན་བཟང་ཐུབ་པ་མེད་པ་མཐོང་གྱུར་ནས། །བྱང་ཆུབ་དོན་དུ་བསྟན་པ་སེམས་བསྒྱུར་རོ། །དཔེ་ཟླ་མེད་པའི་རྫུ་འཕྲུལ་སྟོབས་ཆེན་དང་། །ཡོངས་སུ་བསྟན་དང་རྗེས་སུ་བསྟན་མཐོང་སྟེ། །སྲིད་ལམ་ཀུན་ཏུ་སྡུག་བསྔལ་གྱུར་མཐོང་
ཞིང་། །བྱང་ཆུབ་དོན་དུ་བསྟན་པ་སེམས་བསྒྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་ཀུན་མངའ་བ། །ཀུན་ཏུ་བཟང་པོའི་ཡོན་ཏན་ཐོས་གྱུར་ཅིང་། །ནམ་མཁའ་དབྱིངས་མཉམ་རྟོག་པ་མྱེད་པ་ཡི། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །
ཁམས་གསུམ་ཀུན་ན་གནས་ནི་འདི་དག་ཡིན། །གནས་མྱིན་རང་བཞིན་དག་ཀྱང་འདི་ཡིན་ཞེས། །མ་ནོར་དངོས་པོ་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །འདས་དང་མ་འོངས་ད་ལྟར་བྱུང་བ་དང་། །དཀར་ནག་ལས་རྣམས་ཇི་
སྙེད་ཡོད་དེ་དག །དེ་ཀུན་མཉམ་ཉིད་རྗེས་སུ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །བསམ་གཏན་ཏིང་འཛིན་རྣམ་པར་ཐར་པ་དང་། །མཉམ་གཞག་དེ་བཞིན་ཀུན་ནས་ཉོན་མོངས་དང་། །རྣམ་བྱང་རྣམ་པར་ཁོང་དུ་ཆུད་བྱའི་ཕྱིར། །
བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །སེམས་ཅན་ཀུན་གྱི་དབང་པོ་ཅི་འདྲ་དང་། །བརྩོན་འགྲུས་སྟོབས་དང་དེ་བཞིན་ཅི་འདྲ་བ། །རྣམ་པ་སྣ་ཚོགས་དེ་དག་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། །སེམས་ཅན་ཀུན་གྱི་མོས་པ་
ཅི་འདྲ་དང་། །འཇིག་རྟེན་ཀུན་གྱི་བསམ་པ་སྣ་ཚོགས་རྣམས། །རྣམ་པ་ཀུན་ཏུ་ཐམས་ཅད་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། །འགྲོ་བ་རྣམས་ཀྱི་སྣ་ཚོགས་ཁམས་རྣམས་དང་། །འཇིག་རྟེན་ཀུན་གྱི་ཁམས་མང་དུ་མ་དང་། །
ཁམས་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཀུན་ཏུ་འགྲོ་བའི་སེམས་རྣམས་ཅི་འདྲ་དང་། །ལམ་རྣམས་ཅི་འདྲ་འདུས་བྱས་འདི་དག་གི། །མ་ནོར་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་

བརྟན་པ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་མཐོང་བར་བྱ་བ་དང་། །སེམས་ཅན་འདི་དག་ཇི་ལྟར་འཁོར་གྱུར་ཅེས། །ཆགས་མེད་མིག་ནི་རྣམ་པར་དག་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འདས་པའི་དུས་སུ་གང་རྣམས་ཅི་
བྱུང་ཡང་། །མཚན་ཉིད་གང་ཡིན་ཅི་འདྲ་ཅི་དགོངས་པ། །སྔོན་གྱི་གནས་རྣམས་རྗེས་སུ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འཇིག་རྟེན་ཀུན་ན་ཀུན་སྦྱོར་ཇི་སྙེད་དང་། །དོན་གྱི་མཚམས་འབྲེལ་བག་ཆགས་དེ་བཞིན་
ཏེ། །ཉོན་མོངས་ཟད་བྱ་མཐར་ཐུག་ཤེས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། །འགྲོ་བ་རྣམས་ཀྱི་ཐ་སྙད་གདགས་པ་དང་། །ཚིག་ལམ་སྐད་དུ་བརྗོད་པ་ཇི་སྙེད་པ། །བརྡ་ཡི་བདེན་པ་རྗེས་སུ་རྟོགས་བྱའི་ཕྱིར། །བརྟན་པ་
བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཆོས་རྣམས་ཇི་ལྟར་བརྗོད་དུ་མྱེད་པ་དང་། །སྟོང་པ་བྱེད་མྱེད་རང་བཞིན་དབེན་པའི་རྣམས། །དེ་དག་དངོས་ཉིད་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རབ་ཏུ་བསྐྱོད་པ་
དང་། །རྒྱ་མཚོ་ཐམས་ཅད་ཡོངས་སུ་བསྐྱམ་བྱ་བར། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །སྤུ་རྩེ་རེ་རེའི་སྒོ་ནས་འོད་གཟེར་རྣམས། །ཕྱོགས་བཅུ་ཀུན་ཏུ་ཇི་ལྟར་དགྱེ་བྱ་བ། །དེ་འདྲའི་རང་བཞིན་
ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་བརྗོད་མེད་བསམ་གྱིས་མི་ཁྱབ་པ། །བདག་གི་ལག་པའི་མཐིལ་དུ་གཞག་བྱ་བར། །སྒྱུ་མའི་རྣམ་པ་ཐམས་ཅད་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་
རོ། །ཇི་ལྟར་ཞིང་གི་སེམས་ཅན་ཡངས་པ་ཀུན། །གནོད་པ་མྱེད་པར་སྐྲ་རྩེར་གཞོག་བྱེད་པར། །སྲོག་མྱེད་ཆོས་རྣམས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །རྒྱ་མཚོ་ཐམས་ཅད་ཆུ་ཆེན་གང་རྒྱས་པ། །སྐྲ་རྩེས་

བླངས་ཤིང་ཀུན་ཏུ་དོར་བྱ་བར། །མཐར་ཐུག་མ་ལུས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཇི་ལྟར་བསམ་གྱིས་མྱི་ཁྱབ་ཞིང་གི་རྣམས། །ཕྲ་རབ་རྡུལ་བླགས་མ་ལུས་བགྲང་བྱ་བར། །རྡུལ་ཕྲན་
གྲངས་རྣམས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འདས་པའི་བསྐལ་པ་དེ་བཞིན་མ་འོངས་དང་། །འཇིག་རྟེན་ཚིག་ཅིང་འགྲུབ་པ་དེ་བཞིན་ཏེ། །བསྐལ་པ་ཟད་ཅིང་གནས་པ་ཤེས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་
དུ་སེམས་བསྒྱུར་རོ། །དུས་གསུམ་འབྱུང་བའི་དེ་བཞིན་གཤེགས་པ་དང་། །རང་རྒྱལ་དང་ནི་ཉན་ཐོས་ཐམས་ཅད་ཀྱི། །ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་ཀྱི་
རྣམས། །སྐྲའི་ཉག་མས་བཅིངས་ཤིང་ཚད་གདབ་པར། །དངོས་པོའི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །བརྗོད་མྱེད་འཁོར་ཡུག་ཤིན་ཏུ་ཡངས་པ་དག །བ་སྤུའི་ཁུང་བུ་ཇི་ལྟར་གཟུང་བྱ་བར། །
ཕྲ་དང་ཡངས་པ་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །མ་ལུས་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་དབྱངས་གཅིག་ཀུན་ཏུ་གྲགས་འགྱུར་བར། །དབྱངས་ཀྱི་ཡན་ལག་རྣམ་དག་ཤེས་བྱའི་ཕྱིར། །
བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །སེམས་ཅན་ཀུན་གྱི་སྒྲ་སྐད་ཇི་སྙེད་པ། །དབྱངས་གཅིག་བརྗོད་པས་ཇི་ལྟར་བརྗོད་བྱ་བར། །སྒྲ་ཡི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འཇིག་རྟེན་ཐམས་
ཅད་མ་ལུས་ཤེས་བྱེད་ཅིང་། །ཇི་ལྟར་འགྲོ་ཀུན་ཞི་ཞེས་སྟོན་འགྱུར་བར། །ལྕེ་ཡངས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རབ་ཏུ་ཚིག་པ་དང་། །ཀུན་ནས་གནས་པ་མ་ལུས་

མཐོང་འགྱུར་བར། །རྣམ་རྟོག་ཆོས་ནི་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་སངས་རྒྱས་གཅིག་བཞིན་དུ། །དེ་བཞིན་གཤེགས་པས་ཇི་ལྟར་རྒྱས་བྱ་བར། །རང་བྱུང་ཆོས་ནི་ཇི་ལྟར་རྟོགས་བྱའི་ཕྱིར། །
བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རྡུལ་མཆོག་ཕྲ་བླགས་པ། །དེ་སྙེད་ལུས་སུ་ཇི་ལྟར་སྤྲུལ་བྱ་བར། །ཐམས་ཅད་ཡིད་ཀྱིས་དངོས་སུ་ཤེས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཀུན་གཟིགས་འདས་པ་
ཇི་སྙེད་བྱུང་བ་དང་། །མ་བྱོན་སངས་རྒྱས་དེ་བཞིན་བཞུགས་པ་རྣམས། །སྐད་ཅིག་སེམས་ཀྱིས་ཐམས་ཅད་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཚིག་གཅིག་བརྩམས་ཏེ་བརྗོད་ཅིང་བཤད་བྱས་ཀྱང་། །བསྐལ་པ་བརྗོད་མྱེད་
ཐམས་ཅད་ཟད་འགྱུར་བར། །ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་མ་ལུས་རྣམས། །འབྱུང་ཞིང་ཇི་ལྟར་རྗེས་སུ་འབྲང་བ་དག །སེམས་ཀྱི་རང་བཞིན་ཁོང་དུ་ཆུད་བྱའི་
ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །ཕྱོགས་ཀུན་སྤྱོད་ཚེ་ཆགས་པར་མྱི་འགྱུར་བར། །དུས་གསུམ་སྟོང་པ་ཁོང་དུ་ཆུད་བྱའིཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །དེ་ལྟར་བྱང་
ཆུབ་དོན་དུ་བསྐྱེད་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་བརྗོད་དུ་མེད་པ་ཀུན། །མཆོད་པར་བྱ་ལ་ཡོངས་སུ་བསྐུལ་བར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ །འཁོར་བ་དག་ན་བྱང་ཆུབ་དོན་སྤྱོད་ཚེ། །བྱང་ཆུབ་སེམས་དཔའི་བདེ་བ་ཇི་སྙེད་པ།
དེ་དག་དེ་ལ་ཡོངས་སུ་བརྗོད་པར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ །འཇིག་རྟེན་གཙོ་བོ་འཇིག་རྟེན་ཇི་སྙེད་པ། །ཕྱོགས་བཅུའི་ཐ་དད་ཚད་མེད་ཡོད་པ་རྣམས། །དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་བརྗོད། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་

གོ། །མཆོག་གི་ཆོས་དང་ཇི་སྙེད་དམ་པའི་ཆོས། །འཕྲུལ་གྱི་ཆོས་དང་བླ་ན་མེད་པའི་ཆོས། །དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་བསྟན། །འདི་ནི་སྐྱོན་མེད་རྣམས་ཀྱི་གདམས་ངག་གོ །གཞན་གྱིས་མྱི་ཐུབ་ཇི་སྙེད་གནས་ཡོད་པ། །
འཇིག་རྟེན་ཀུན་གྱི་ཟིལ་གྱིས་མི་ནོན་རྣམས། །དེ་ལ་གནས་པར་རྒྱལ་སྲས་དེ་བརྗོད་དེ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ །དེ་བཞིན་གཤེགས་པ་ཡོན་ཏན་ཀུན་ལྡན་པ། །འཇིག་རྟེན་མགོན་པོ་བདག་ཉིད་ཆེ་བ་ཀུན། །དེ་ལ་བྱང་ཆུབ་སེམས་
དཔའ་དེ་བཞག་ཏེ། །འདི་ནི་སྐྱེས་བུ་ཁྱུ་མཆོག་གདམས་ངག་གོ །སངས་རྒྱས་གྲངས་མེད་བརྗོད་དུ་མེད་པ་དང་། །ཇི་ལྟར་འགྲོགས་པར་འགྱུར་བ་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་དཔའ་དེ་ལ་བརྗོད་པར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ །
ཏིང་འཛིན་ཞི་བ་ཇི་སྙེད་གང་ཡོད་པ། །དེ་དག་གདམས་ངག་ཇི་སྙེད་མ་ལུས་པར། །བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ ། །འཁོར་བའི་འཁོར་ལོ་ལྡོག་པར་འགྱུར་བ་དང་། །ཆོས་ཀྱི་འཁོར་ལོ་འཁོར་བར་
འགྱུར་བ་དང་། །འཇིག་རྟེན་ཀུན་གྱི་ཆགས་པར་མི་འགྱུར་བ། །བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པར་བྱ། །སེམས་ཅན་སྡུག་བསྔལ་གཟིར་བ་ཇི་སྙེད་དང་། །ཇི་སྙེད་ངན་སོང་གཙེས་པར་གྱུར་པ་ཡི། །སྐྱབས་དང་མགོན་དང་རྟེན་དུ་འགྱུར་བར་ཡང་། །
བྱང་ཆུབ་སེམས་དཔའ་དེ་ལ་བརྗོད་པར་བྱ། །རྣམ་པ་འདི་འདྲས་རྒྱལ་སྲས་དང་པོ་དེ། །བྱང་ཆུབ་དོན་དུ་སེམས་རབ་སྐྱེར་འགྱུར་ཏེ། །དེ་ལྟར་གདམས་ངག་རྗེས་སུ་བསྟན་པར་བྱ། །འདི་ནི་རྒྱལ་བ་རྣམས་ཀྱི་རྣམ་པར་བཀོད་པའོ། །དེ་ནས་གཉིས་པ་ལས་ཀྱི་དང་
པོ་པ། །ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ། །སེམས་བཅུ་ཉེ་བར་གཞོག་ཅིང་སྨོན་བྱེད་པ། །འདི་ནི་སྐྱོན་དང་བྲལ་བའི་གདམས་ངག་གོ །ཕན་པའི་སེམས་དང་དེ་བཞིན་བདེ་བའི་སེམས། །སྙིང་རྗེའི་སེམས་དང་དེ་བཞིན་བྱམས་པའི་སེམས།

བསྲུང་བའི་སེམས་དང་དེ་བཞིན་མཉམ་པའི་སེམས། །སློབ་དཔོན་སེམས་དང་དེ་བཞིན་སྟོན་པའི་སེམས། །དེ་འདྲའི་སེམས་རྣམས་ཉེ་བར་གཞག་པ་ལ། །ཁ་ཏོན་ལུང་ལ་ཡོངས་སུ་བསྐུལ་བར་བྱ། །མང་དུ་ཐོས་པ་དགོན་པར་གནས་པར་བསྐུལ། །
དབེན་པར་གྱུར་པས་དགེ་བཤེས་བསྙེན་འགྱུར་བྱ། །དགེ་བཤེས་གྱུར་ནས་ངང་བདེར་འགྱུར་བར་བྱ། །ངང་ཚུལ་བདེ་བས་དུས་ཚུལ་ཤེས་པར་བྱ། །དུས་རྣམས་ཤེས་ནས་མྱི་འཇིགས་འགྱུར་བར་བྱ། །མི་འཇིགས་གྱུར་ནས་དོན་ལ་བརྩོན་པར་བྱ། །
དོན་ཤེས་གྱུར་ནས་ཆོས་རྗེས་ཤེས་པར་བྱ། །ཆོས་ཤེས་གྱུར་ནས་རྨོངས་པ་མྱེད་པར་བྱ། །རྨོངས་པ་མྱེད་གྱུར་ལེགས་པར་བཤད་ཆོས་ལ། །རྒྱལ་སྲས་དེ་ནི་རྣམ་པར་གནས་པར་བྱ། །དེ་ཙམ་གྱིས་ནི་ལས་ཀྱི་དང་པོ་པ། །བྱང་ཆུབ་དོན་ཞུགས་
བྱང་ཆུབ་སེམས་དཔའོ། །གདམས་ངག་རྗེས་སུ་བསྟན་པའང་དེ་ཡིན་ཏེ། །སངས་རྒྱས་སྲས་པོ་དེ་ལྟར་སློབ་པར་བྱེད། །གང་ཡང་བྱང་ཆུབ་སེམས་དཔའ་གསུང་བརྗོད་པ། །ཆོས་ཀྱི་རྒྱལ་པོའི་གསུང་ལ་ཤིན་ཏུ་བརྩོན། །མྱི་རྟག་སྡུག་བསྔལ་
དེ་བཞིན་སྟོང་པ་ཉིད། །བདག་མྱེད་དེ་བཞིན་བྱེད་པ་མྱེད་པ་དང་། །ཆོས་རྣམས་ཐམས་ཅད་དེ་བཞིན་རོ་མེད་དང་། །འདུ་བྱེད་མ་ཡིན་དེ་བཞིན་གནས་མྱེད་དང་། །ཆེད་དུ་སྤྱོད་མེད་དེ་བཞིན་རྟོག་མྱེད་པར། །ཀུན་ལ་བྱང་ཆུབ་སེམས་དཔའ་དཔྱོད་པ་བྱེད། །
དེ་ནི་འགྲོ་ཁམས་ཡོངས་སུ་བརྟག་པ་དང་། །དེ་བཞིན་ཆོས་དབྱིངས་བརྟག་པར་བསྐུལ་བར་བྱ། །འཇིག་རྟེན་ཁམས་ཡངས་མ་ལུས་མཐར་ཐུག་པ། །བརྟག་པར་བྱ་ལ་ཡོངས་སུ་བསྐུལ་བར་བྱ། །ས་དང་མེ་དང་དེ་བཞིན་ཆུ་ཁམས་དང་། །
དེ་བཞིན་རླུང་དང་ཕྱོགས་བཅུའི་ནམ་མཁའ་དང་། །འདོད་པ་གཟུགས་དང་དེ་བཞིན་གཟུགས་མྱེད་པ། །བརྟག་པར་བྱ་ལ་ཡོངས་སུ་བསྐུལ་བར་བྱ། །ཁམས་རྣམས་ཡངས་པ་དེ་བཞིན་ཀུན་རྟོག་ཅིང་། །ཁམས་ཀྱི་རང་བཞིན་མ་ལུས་མཐར་ཕྱིན་པས། །

བྱང་ཆུབ་སེམས་དཔའ་རབ་ཏུ་བརྩོན་བྱེད་པ། །དེས་ན་དེར་འགྱུར་གདམས་ངག་དེ་ཡིན་ནོ། །ཆེར་སྐྱེས་པ་ཡི་བྱང་ཆུབ་སེམས་དཔའ་ནི། །འཕགས་པའི་གསུང་རབ་འདི་ལས་སྐྱེས་པ་སྟེ། །དངོས་པོ་རང་བཞིན་མེད་རྟོགས་དྲན་པ་ཅན། །
ཆོས་ཀྱི་རྗེས་འབྱུང་རིགས་ལྡན་ལེགས་པར་སྐྱེས། །དེ་ཡི་གནས་ལས་ཕྱིར་ལྡོག་མི་འགྱུར་ཏེ། །སངས་རྒྱས་རྣམས་ལ་ཤིན་ཏུ་མོས་པ་ཡིན། །ཆོས་རྣམས་དེ་བཞིན་ངེས་པར་རྟོགས་པ་སྟེ། །སེམས་ཅན་རང་བཞིན་མེད་པར་རྣམ་པར་སྒོམ། །ཆོས་དང་འཇིག་
རྟེན་དེ་བཞིན་ཞིང་རྣམས་དང་། །རྣམ་སྨིན་འཁོར་བ་དེ་བཞིན་མྱ་ངན་འདས། །རྣམ་སྒོམ་རྒྱལ་སྲས་དེ་ལྟར་ཆེར་སྐྱེས་པ། །ཐུགས་ལས་བྱུང་བའི་སངས་རྒྱས་སྲས་ཤེས་བྱ། །འདས་དང་མ་བྱོན་ད་ལྟར་བྱུང་བ་ཡི། །སངས་རྒྱས་ཆོས་རྣམས་རྣམ་པར་
བསྒོམ་བྱའི་ཕྱིར། །ཡོངས་སུ་བསྡུ་བ་ཅི་འདྲ་མཐར་ཐུག་པ། །དེ་ལྟར་དེ་དག་འགྲུབ་པར་འགྱུར་བ་དང་། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད་རྟོགས་ཤིང་། །དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སོང་བས། །མཉམ་པ་ཉིད་ལ་སྣ་ཚོགས་མྱི་དམྱིགས་
ཤིང་། །དུས་གསུམ་ཀུན་ལ་ཐ་དད་མྱེད་པར་འཇུག །དེ་ཙམ་གྱིས་ན་རྒྱལ་སྲས་བཞི་པ་སྟེ། །དེ་ཡི་བསྔགས་པ་རྣམ་པ་དེ་འདྲའོ། །དེ་ལྟར་འདི་ལ་ནན་ཏན་བསྒྲུབས་བྱས་ཤིང་། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག་ཏུ་འབྱུང་། །དེ་ལས་
གཞན་ཡང་རྒྱལ་སྲས་ལྔ་པ་ནི། །སྦྱོར་བ་ཕུན་སུམ་ཚོགས་ཞེས་བརྗོད་པ་ནི། །ཐབས་མཁས་ཚུལ་ལ་རྗེས་སུ་ཞུགས་གྱུར་ཅིང་། །བསོད་ནམས་ལས་རྣམས་བརྩམས་པའི་མཐར་ཕྱིན་བྱེད། །འཇིག་རྟེན་དག་ན་བསོད་ནམས་གང་བྱེད་ཀྱང་། །སེམས་
ཅན་ཀུན་གྱི་སྐྱབས་སུ་འགྱུར་བ་དང་། །ཕན་ཚུན་དེ་བཞིན་བདེ་བ་བསྐྱེད་པ་དང་། །སྙིང་རྗེས་སྐྱེ་དགུ་གྲོལ་བར་འགྱུར་བ་དང་། །འཇིག་རྟེན་རྣམས་ཀྱི་གཙེ་བ་བསྩལ་བ་དང་། །དྲན་ཞིང་དེ་བཞིན་དད་པར་བྱ་བ་དང་། །སེམས་ཅན་མང་པོ་ཐམས་ཅད་

གདུལ་མོས་ཤིང་། །མྱ་ངན་འདས་པའི་སེམས་ཀྱི་མཐུ་ཡང་ཆེ། །སེམས་ཅན་ཐམས་ཅད་ཀུན་ཏུ་མཐའ་ཡས་དང་། །དེ་བཞིན་ཚད་མེད་གྲངས་ལས་འདས་པ་དང་། །བསམ་གྱིས་མྱི་ཁྱབ་གཞལ་མེད་དཔག་མེད་པ། །དེ་འདྲའི་ཆོས་རྣམས་དེ་ལ་བརྗོད་
པར་བྱ། །དེ་ཙམ་གྱིས་ན་རྒྱལ་སྲས་ལྔ་པ་སྟེ། །སྦྱོར་བ་ཕུན་སུམ་ཚོགས་པ་སྙིང་རྗེ་ཅན། །དེ་ཡི་གདམས་ངག་ཚུལ་ནི་དེ་འདྲ་སྟེ། །ཡོན་ཏན་ཐམས་ཅད་མངའ་བས་བསྟན་པ་ཡིན། །གང་ཡང་བསམ་པ་ཕུན་སུམ་ཚོགས་བྱའི་ཕྱིར། །ཆོས་ཀྱི་ངོ་བོ་
ཉིད་ཀྱིས་རྨོངས་མེད་ཅིང་། །རྣམ་རྟོག་རྟོག་བྲལ་དྲན་དང་ལྡན་པ་དེ། །ལྷར་བཅས་འཇིག་རྟེན་ཀུན་གྱིས་བསླུ་མི་ནུས། །སངས་རྒྱས་ཆོས་དང་དེ་བཞིན་རྒྱལ་སྲས་དང་། །སྤྱོད་པ་བསྔགས་སམ་རྣམ་པར་སྨད་ཀྱང་རུང་། །སེམས་ཅན་ཉུང་ཞེའམ་འོན་
ཏམ་མང་ངོ་ཞེས། །ཐོས་པར་གྱུར་ཀྱང་བསམ་པ་ཞུམ་མྱི་འགྱུར། །སེམས་ཅན་ཉོན་མོངས་ཉོན་མོངས་མྱེད་ཅེ་འམ། །གདུལ་སླ་འོན་ཏམ་ཤིན་ཏུ་གདུལ་དཀའ་དང་། །ཆོས་ཀྱི་དབྱིངས་དེ་ཆུང་ངམ་རྒྱ་ཆེ་དང་། །ཀུན་ནས་འགྲུབ་འགྱུར་རྣམ་པར་འཇིག་ཅེ་
འམ། །ཆོས་དབྱིངས་དེ་ནི་ཡོད་དམ་མེད་ཅེས་ཀྱང་། །བྱང་ཆུབ་སེམས་དཔས་ཐོས་གྱུར་དུས་གསུམ་ཚུལ། །ངེས་པར་རྟོགས་བྱེད་ཐམས་ཅད་རྣམ་རྟོག་ཅིང་། །སངས་རྒྱས་ཆོས་ལ་བསམ་པ་ཤིན་ཏུ་ངེས། །མཚན་མ་མེད་དང་མཚན་ཉིད་མྱེད་པ་
དང་། །དངོས་ཉིད་ཡོད་མྱིན་བརྫུན་དང་བདེན་པ་དང་། །སྒྱུ་མ་རྨི་ལམ་མྱི་རྟོག་རང་བཞིན་མྱེད། །འདི་འདྲའི་ཆོས་ཚོལ་དེ་དག་ཉན་པ་བྱེད། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། །སངས་རྒྱས་ཆོས་དང་དེ་བཞིན་རྒྱལ་སྲས་དང་། །སྤྱོད་པ་ཡོད་མྱེད་
རྟག་ཏུ་རྣམ་པར་བསྒོམ། །འབྱུང་ངམ་མྱི་འབྱུང་ཞེ་ནའང་ཕྱིར་མི་ལྡོག །དེ་བཞིན་གཤེགས་པ་འདས་ཞེ་འམ་མ་འདས་དང་། །མ་བྱོན་ཏོ་ཞེ་འམ་མ་བྱོན་མ་ཡིན་དང་། །སྐྱེས་སོ་མ་སྐྱེས་ཟད་འགྱུར་ཟད་མི་འགྱུར། །དེ་བཞིན་མཚན་གཅིག་ཐ་དད་

མཚན་དེ་བཞིན། །གཅིག་པ་རྣམ་པ་ཐ་དད་མང་པོ་དང་། །དོན་དང་དེ་བཞིན་ཡི་གེའི་དངོས་རྣམས་དང་། །ཐམས་ཅད་ཕན་ཚུན་ཡོངས་སུ་འཛུད་བྱེད་པ། །མི་ལྡོག་བྱང་ཆུབ་སེམས་དཔའ་བསྟན་པར་བྱ། །མཚན་མ་མེད་ལ་མཚན་
མ་ཡོད་པ་དང་། །མཚན་ཉིད་མྱེད་ལ་མཚན་གྱིས་དམྱིགས་པ་དང་། །རྣམ་ཕྱེ་ཕན་ཚུན་ཡོངས་སུ་སྦྱར་བ་རྣམས། །ཐོས་ནས་འདི་ལ་མཐར་ཐུག་འཇུག་པར་བྱེད། །གཞན་ཡང་བྱང་ཆུབ་སེམས་དཔའ་གཞོན་གྱུར་པ། །ལུས་དང་ངག་དང་དེ་བཞིན་ཡིད་
ཀུན་གྱིས། །ཁ་ན་མ་ཐོར་འགྱུར་བ་ནམ་ཡང་མེད། །ཅི་འདོད་ཚུལ་བཞིན་དེ་ནི་སྐྱེ་བ་བྱེད། །གཞན་གྱི་བསམ་པ་ཇི་བཞིན་རབ་ཏུ་ཤེས། །དེ་དག་མོས་པ་ཡོངས་སུ་རྟོགས་པར་བྱེད། །ཕྱོགས་རྣམས་གང་དུ་ཡིད་ཀྱིས་སྨོན་བྱེད་པ། །ཀུན་ཏུ་མངོན་ཤེས་
མྱུར་བ་ཡིད་བཞིན་འཐོབ། །བདེ་བར་གཤེགས་པས་བསྔགས་པའི་ཆོས་ཐོབ་ཅིང་། །དེ་ལ་ཞུམ་པ་བསྐྱེད་པ་གང་ཡང་མེད། །ཞིང་རྣམས་ཡོངས་སུ་བསྐྱོད་པ་ཤེས་པ་དང་། །དེ་བཞིན་བྱིན་རླབས་རྣམ་པར་རྒྱུ་བ་དང་། །སངས་རྒྱས་ཞིང་རྣམས་ཡོངས་སུ་
གནན་པ་དང་། །གྲངས་མེད་ཀུན་ཏུ་འགྲོ་བ་བརྗོད་པར་བྱ། །གྲངས་མེད་ཆོས་རྣམས་ཡོངས་སུ་འདྲི་བ་དང་། །ཅི་ནས་ཡིད་ཀྱི་རང་བཞིན་ལུས་འགྱུར་ཞིང་། །དབྱངས་ཀྱི་རྣམ་པ་ཤིན་ཏུ་ཡངས་འགྱུར་དང་། །སེམས་གཅིག་སངས་རྒྱས་གྲངས་མྱེད་བསྙེན་
བཀུར་བརྗོད། །བྱང་ཆུབ་སེམས་དཔའ་རྒྱལ་ཚབ་བརྗོད་པ་ནི། །སེམས་ཅན་རྣམས་ཀྱི་སྐྱེ་བ་རབ་ཏུ་ཤེས། །ཉོན་མོངས་རྒྱུད་དང་རྣམ་པར་རྒྱུ་བ་ཤེས། །དེ་འདྲ་སྤྱོད་ཡུལ་དེ་འདྲའི་སྦྱོར་བ་ཅན། །ཆོས་ཀྱི་རྒྱུད་མང་རྣམ་པ་ཐ་དད་དང་། །སྔོན་མཐའ་ཕྱི་
མཐའ་འཇིག་རྟེན་རྣམ་ཕྱེ་དང་། །བརྡེ་ཡི་བདེན་པ་དོན་དམ་བདེན་པ་དག །མ་ལུས་རྟོགས་པར་བྱ་ལ་མཁས་པ་ཡིན། །དེའི་རྒྱལ་པོའི་གནས་ལ་མཁས་པར་བསྐུལ། །དེར་ཡང་ཇི་ལྟར་ཡོངས་སུ་སྤྱད་བྱ་དང་། །འགྲོ་བར་བྱ་དང་གནས་པར་བྱ་

བ་དང་། །རྒྱལ་པོའི་གནས་སུ་ཇི་ལྟར་རྣམ་སྤྱད་བརྗོད། །དེ་ལ་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་དང་། །བྱིན་གྱི་རླབས་དང་དེ་བཞིན་མཐུ་ཆེན་དང་། །ཆོས་སུ་གནས་དང་འགྲོ་བར་བྱ་བ་དག །བརྗོད་པར་བྱ་སྟེ་རྒྱལ་ཚབ་དེ་འདྲ་ཡིན། །དེ་ཙམ་གྱིས་ན་དེ་ཡི་
མཐར་ཐུག་སྟེ། །གདམས་ངག་དེས་ཀྱང་རློམ་སེམས་བྱེད་པ་མེད། །ཁོང་དུ་ཆུད་བྱེད་དྲན་ལྡན་རྒྱལ་ཚབ་དེ། །རྒྱལ་བ་ཀུན་གྱི་དྲུང་ན་སློབ་པ་བྱེད། །བདེ་བར་གཤེགས་པའི་སྲས་པོ་དབང་བསྐུར་བ། །ཐུ་བོ་མཆོག་དང་དམ་པར་གྱུར་པ་ནི། །འཇིག་རྟེན་
ཁམས་མང་གྲངས་མྱེད་བསྐྱོད་པ་དང་། །ཡོངས་སུ་སྣང་བར་བྱ་བའི་སེམས་ཀྱང་མང་། །བྱིན་གྱི་རླབས་དང་ཡོངས་སུ་འདའ་བྱ་དང་། །ཡོངས་སུ་སྦྱོང་བའི་སེམས་ཀྱང་རབ་ཏུ་མང་། །གྲངས་མེད་འཇིག་རྟེན་ཤེས་པར་བྱ་བ་དང་། །དབང་པོ་ཕུན་
ལྡན་རྣམ་པར་སྤྱད་ལ་མཁས། །དེ་དག་གཟུང་ཅིང་རྣམ་པར་འདུལ་བ་དང་། །ཐམས་ཅད་མཁྱེན་པའི་སེམས་ཀྱང་ཤིན་ཏུ་མང་། །ཞིང་མང་བརྗོད་དུ་མྱེད་པར་འགྲོ་བྱས་ཤིང་། །དམ་ཆོས་མཁས་རྣམས་མ་ལུས་རྣམ་པར་དཔྱོད། །དེའི་ལུས་དང་
ལུས་ཀྱི་ལས་རྣམས་དང་། །རྫུ་འཕྲུལ་བསྟན་པའང་ཤེས་པར་མི་ནུས་ཏེ། །དུས་གསུམ་ཞིང་དུ་རྒྱལ་བའི་སེམས་དག་ཀྱང་། །རྒྱལ་ཚབ་གྱུར་པའི་བར་གྱིས་ཤེས་མི་ནུས། །དེ་ལ་ཐམས་ཅད་གཟིགས་པས་དུས་གསུམ་དང་། །སངས་རྒྱས་ཆོས་
ཤེས་ཆགས་མེད་དེ་བཞིན་བརྗོད། །ཆོས་ཀྱི་དབྱིངས་ནི་མཐའ་དང་དབུས་མེད་པ། །རྒྱས་པར་འགེངས་པར་བདེ་གཤེགས་བརྗོད་པར་མཛད། །ཅི་ནས་འཇིག་རྟེན་ཁམས་ཀུན་མ་ལུས་པར། །ཡོངས་སུ་སྣང་བྱེད་བྱིན་གྱིས་རློབ་པ་དང་། །སེམས་ཅན་ཆོས་རྣམས་དེ་བཞིན་མ་ལུས་དང་། །
སངས་རྒྱས་མཐའ་ཡས་དེ་བཞིན་བརྗོད་པ་མཛད། །རྒྱལ་སྲས་བརྟན་པ་རྣམ་པ་བཅུར་བགྲང་བ། །རྣམ་པར་དགོད་ལ་གནས་པ་དེ་དག་ཀུན། །རང་རང་སྤྱོད་ཡུལ་རབ་ཏུ་བརྩོན་བྱེད་པ། །འཇིག་རྟེན་ལྷར་བཅས་ཀུན་གྱིས་ཤེས་པར་དཀའ། །འོན་ཀྱང་

སེམས་བསྐྱེད་དང་པོར་མཐའ་ཡས་པས། །ཕྱོགས་བཅུ་མ་ལུས་ཐམས་ཅད་རྒྱས་པར་བྱ། །དུས་གསུམ་ཀུན་ཏུ་གང་ཚེ་སེམས་གཏོང་བ། །དེ་ཚེ་ཐམས་ཅད་མཁྱེན་པ་ཀུན་གཟིགས་འགྱུར། །ཞིང་རྣམས་ཀུན་ལ་མུ་མཐའ་ཡོད་
པ་མིན། །སེམས་ཅན་ཆོས་དང་འཇིག་རྟེན་ཀུན་དེ་བཞིན། །ལས་དང་ཉོན་མོངས་གནས་ཀྱང་མཐའ་ཡས་ཏེ། །བྱང་ཆུབ་སེམས་རབ་དེ་ལ་གནས་པ་ཡིན། །སྐད་ཅིག་སེམས་ལ་བྱང་ཆུབ་གཞོལ་བའི་སེམས། །གང་སྐྱེས་འཇིག་རྟེན་ཀུན་གྱིས་
ཤེས་མི་ནུས། །རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱིས་མིན། །དེ་ནས་གོང་དུ་སྤྱོད་པ་ཇི་སྐད་བརྗོད། །གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྣམས། །སྤུ་གཅིག་སྲང་ལ་ཚད་དུ་འཇལ་བྱེད་པ། །དེས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས། །
འོན་ཀྱང་སངས་རྒྱས་ཡེ་ཤེས་ཡོངས་སུ་ཚོལ། །ཕྱོགས་བཅུའི་རྒྱ་མཚོ་ཇི་སྙེད་ཡོད་པ་ཀུན། །སྤུ་རྩེའི་ཐིགས་ཀྱིས་ཡོངས་འཇལ་ཤེས་བྱེད་པ། །དེ་ནི་རྒྱལ་སྲས་སྤྱོད་པ་འདི་འདྲ་དག །སེམས་ཀྱི་སྐད་ཅིག་གཅིག་ལ་བསྒྲུབ་པར་བྱེད། །ཇི་ལྟར་
ཞིང་རྣམས་རྡུལ་རབ་ཕྲར་བླགས་ཤིང་། །སེམས་ཅན་ལ་ལ་མ་ལུས་བགྲང་བྱེད་དེ། །འདི་སྙེད་ཡོད་ཅེས་གྲངས་སུ་གཅོད་བྱེད་པ། །དེ་འདྲར་རྒྱལ་སྲས་སྤྱོད་པ་བརྗོད་པའོ། །འདས་པའི་སངས་རྒྱས་དེ་བཞིན་མ་བྱོན་དང་། །གང་རྣམས་ཕྱོགས་
བཅུར་བྱུང་བར་གྱུར་པ་དང་། །རང་རྒྱལ་དེ་བཞིན་ཉན་ཐོས་རབ་མང་བ། །རྣམ་པར་དམྱིགས་ཤིང་བྱང་ཆུབ་སེམས་སྐྱེའོ། །སེམས་ཅན་ཁམས་རྣམས་མ་ལུས་རྒྱས་གང་ཞིང་། །བྱང་ཆུབ་དོན་དུ་ཐོག་མར་སེམས་བསྐྱེད་པ། །དེ་ཡང་བགྲང་བར་
ནུས་པ་མ་ཡིན་ན། །དེ་ལས་གོང་དུ་ཅི་ཞིག་སྨོས་ཀྱང་དགོས། །བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་གཅིག་པ། དེ་ནས་ལྷའི་བུ་དྲན་པ་དང་ལྡན་པས་བྱང་

ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། བྱང་ཆུབ་སེམས་དཔའ་འཕགས་པའི་གསུང་རབ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ངུར་སྨྲིག་གི་གོས་འཆང་བ་དེ་དག་གིས།
ཚངས་པའི་སྤྱོད་པ་ཡོངས་སུ་དག་པ་གང་གིས། བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་འདི་དག་ལས་འདས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་བ། དེ་ཇི་ལྟར་ཡིད་ལ་བྱ། དེ་སྐད་ཅེས་སྨྲས་པ་དང་།
བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། ལྷའི་བུ་དྲན་པ་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་དམྱིགས་པ་བཅུ་རྣམ་པར་བསྒོམ་སྟེ།
གོང་དུ་ཆོས་བཅུ་ཡིད་ལ་བྱའོ། །དམྱིགས་པ་བཅུ་རྣམ་པར་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། ལུས་དང་ལུས་ཀྱི་ལས་དང་། ངག་དང་ངག་གི་ངག་དང་། །ཡིད་དང་ཡིད་ཀྱི་ལས་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བསླབ་
པ་ཡང་དག་པར་བླང་བ་དག་སྟེ། ཅི་ཚངས་པའི་སྤྱོད་པ་དེ་ལུས་སམ་དེ་སྟེ་ཚངས་པའི་སྤྱོད་པ་དེ་ལུས་ཡིན་ན་ནི། ཚངས་པའི་སྤྱོད་པ་མྱི་གཙང་བར་འགྱུར། ཚངས་པའི་སྤྱོད་པ་ཆོས་མ་ཡིན་པར་འགྱུར། ཚངས་པའི་སྤྱོད་པ་འཁྲུགས་པར་
འགྱུར། ཚངས་པའི་སྤྱོད་པ་དྲི་ང་བར་འགྱུར། ཚངས་པའི་སྤྱོད་པ་གཙང་བ་མ་ཡིན་པར་འགྱུར། ཚངས་པའི་སྤྱོད་པ་སྨད་པར་འགྱུར། ཚངས་པའི་སྤྱོད་པ་མི་མཐུན་པར་འགྱུར། ཚངས་པའི་སྤྱོད་པ་ཀུན་ནས་ཉོན་མོངས་པར་འགྱུར།
ཚངས་པའི་སྤྱོད་པ་ཀེང་རུས་སུ་འགྱུར། ཚངས་པའི་སྤྱོད་པ་སྲིན་གྱི་ཚད་དུ་འགྱུར། དེ་སྟེ་ལུས་ཀྱི་ལས་ཚངས་པའི་སྤྱོད་པ་ཡིན་ན་ནི། ཉལ་བ་ཚངས་པའི་སྤྱོད་པར་འགྱུར། འདུག་པ་ཚངས་པའི་སྤྱོད་པར་འགྱུར། འགྲེང་བ་ཚངས་པའི་སྤྱོད་པར་

འགྱུར། འགྲོ་བ་ཚངས་པའི་སྤྱོད་པར་འགྱུར། བལྟས་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་བལྟས་པ་ཚངས་པའི་སྤྱོད་པར་འགྱུར། བསྐུམ་པ་ཚངས་པའི་སྤྱོད་པར་འགྱུར། བརྐྱང་བ་ཚངས་པའི་སྤྱོད་པར་འགྱུར། འཁོར་བ་ཚངས་
པའི་སྤྱོད་པར་འགྱུར། འགྲེས་པ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་ངག་ཚངས་པའི་སྤྱོད་པ་ཡིན་ན་ནི། དབྱངས་ཚངས་པའི་སྤྱོད་པར་འགྱུར། ངག་ཚངས་པའི་སྤྱོད་པར་འགྱུར། བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། སྨྲ་བ་ཚངས་པའི་སྤྱོད་པར་
འགྱུར། སྨོས་པ་ཚངས་པའི་སྤྱོད་པར་འགྱུར། ཐོང་ཁ་ནས་རྩོལ་བ་ཚངས་པའི་སྤྱོད་པར་འགྱུར། ལྕེ་བསྒྱུར་བ་ཚངས་པའི་སྤྱོད་པར་འགྱུར། མཆུ་སྦྱར་བ་ཚངས་པའི་སྤྱོད་པར་འགྱུར། ཚིག་སྦྱར་བ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་ངག་གི་
ལས་ཚངས་པའི་སྤྱོད་པ་ཡིན་ན་ནི། བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། བརྡར་བྱ་བ་ཚངས་པའི་སྤྱོད་པར་འགྱུར། ཤིན་ཏུ་བསྟན་པ་ཚངས་པའི་སྤྱོད་པར་འགྱུར། །བསྟན་པས་རྣམ་པར་བསྟན་པ་ཚངས་པའི་སྤྱོད་པར་འགྱུར། ལེགས་པ་བརྗོད་པ་ཚངས་པའི་
སྤྱོད་པར་འགྱུར། ངན་དུ་བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་གདགས་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་སྤྱོད་པ་ཚངས་པའི་སྤྱོད་པར་འགྱུར། ཡོངས་སུ་སྨོས་པ་ཚངས་པའི་སྤྱོད་པར་འགྱུར། དེ་སྟེ་ཡིད་ཚངས་པའི་སྤྱོད་པ་ཡིན་
ནི། དཔྱོད་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་དཔྱོད་པ་ཚངས་པའི་སྤྱོད་པར་འགྱུར། རྟོག་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་རྟོག་པ་ཚངས་པའི་སྤྱོད་པར་འགྱུར། དྲན་པ་ཚངས་པའི་སྤྱོད་པར་འགྱུར། ཕྱིར་དྲན་པ་ཚངས་
པའི་སྤྱོད་པར་འགྱུར། སེམས་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་སེམས་པ་ཚངས་པའི་སྤྱོད་པར་འགྱུར། སྒྱུ་མ་ཚངས་པའི་སྤྱོད་པར་འགྱུར། རྨི་ལམ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་ཡིད་ཀྱི་ལས་ཚངས་པའི་སྤྱོད་པ་ཡིན་ན་

ནི། འདུ་ཤེས་ཚངས་པའི་སྤྱོད་པར་འགྱུར། ཡིད་ལ་བྱེད་པ་ཚངས་པའི་སྤྱོད་པར་འགྱུར། གྲང་བ་ཚངས་པའི་སྤྱོད་པར་འགྱུར། དྲོ་བ་ཚངས་པའི་སྤྱོད་པར་འགྱུར། བདེ་བ་ཚངས་པའི་སྤྱོད་པར་འགྱུར། སྡུག་བསྔལ་ཚངས་པའི་སྤྱོད་པར་འགྱུར། བཀྲེས་
པ་ཚངས་པའི་སྤྱོད་པར་འགྱུར། བསྐོམ་པ་ཚངས་པའི་སྤྱོད་པར་འགྱུར། དགའ་བ་ཚངས་པའི་སྤྱོད་པར་འགྱུར། ཞུམ་པ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་སངས་རྒྱས་ཚངས་པའི་སྤྱོད་པ་ཡིན་ནི། གཟུགས་སངས་རྒྱས་སམ། འོན་ཏམ་ཚོར་
བ་སངས་རྒྱས་སམ། འདུ་ཤེས་སངས་རྒྱས་སམ། འདུ་བྱེད་སངས་རྒྱས་སམ། རྣམ་པར་ཤེས་པ་སངས་རྒྱས་སམ། མཚན་རྣམས་སངས་རྒྱས་སམ། མངོན་པར་ཤེས་པ་སངས་རྒྱས་སམ། ལས་སངས་རྒྱས་སམ། འོན་ཏམ་རྣམ་
པར་སྨིན་པ་སངས་རྒྱས་སམ། དེ་སྟེ་ལེགས་པར་བཤད་པའི་ཆོས་ཉིད་ཚངས་པར་སྤྱོད་པའི་གནས་ཡིན་ན་ནི། འགོག་པ་གནས་སུ་འགྱུར་རོ། །མྱ་ངན་ལས་འདས་པ་གནས་སུ་འགྱུར་རོ། །བྲལ་བ་གནས་སུ་འགྱུར་རོ། །མ་སྐྱེས་པ་གནས་སུ་འགྱུར་
རོ། །མ་བྱུང་བ་གནས་སུ་འགྱུར་རོ། །གྲགས་པ་མེད་པ་གནས་སུ་འགྱུར་རོ། །རྟོག་པ་མེད་པ་གནས་སུ་འགྱུར་རོ། །རྒྱུ་བ་མེད་པ་གནས་སུ་འགྱུར་རོ། །ཕྲད་པ་མྱེད་པའི་གནས་ནི་ཚངས་པའི་གནས་སུ་འགྱུར་རོ། །དེ་སྟེ་དགེ་འདུན་སྡོམ་
པའི་ནན་ཏན་ཅན། ཚངས་པའི་སྤྱོད་པ་ཡིན་ན་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར། དགེ་འདུན་ནམ། འོན་ཏམ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དགེ་འདུན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར། དགེ་འདུན་ནམ་འོན་ཏམ། ཕྱིར་འོང་བའི་
འབྲས་བུ་དགེ་འདུན། ཕྱིར་མྱི་འོང་བའི་འབྲས་བུའི་ཕྱིར་དགེ་འདུན་ནམ། འོན་ཏམ་ཕྱིར་མྱི་འོང་བའི་འབྲས་བུ་དགེ་འདུན། དགྲ་བཅོམ་པའི་འབྲས་བུའི་ཕྱིར་དགེ་འདུན་ནམ། འོན་ཏམ་དགྲ་བཅོམ་པའི་འབྲས་བུ་དགེ་འདུན། གསུམ་རིག་པ་ཉིད་

དགེ་འདུན་ནམ། དྲུག་མངོན་པར་ཤེས་པ་དགེ་འདུན་ནམ། འོན་ཏམ་ཁོང་དུ་ཆུད་པར་ནན་ཏན་དུ་བྱེད་པ་ཚངས་པའི་སྤྱོད་པ། དེ་སྟེ་བསླབ་པ་ཡང་དག་པར་བླང་བ་ཚངས་པའི་སྤྱོད་པ་ཡིན་ན་ནི། ཐ་དད་དུ་གནས་པ་བསླབ་པ་ཡང་དག་པར་
བླང་བའམ། ཡོངས་སུ་དག་པ་བསླབ་པ་ཡང་དག་པར་བླང་བའམ། སློབ་དཔོན་གྱི་ཚིག་བསླབ་པ་ཡང་དག་པར་བླང་བའམ། ལན་གསུམ་དུ་བཟླས་པ་བསླབ་པ་ཡང་དག་པར་བླང་བའམ། མཁན་པོ་བསླབ་པ་ཡང་དག་པར་བླང་བའམ། སྐྲ་བྲེགས་པ་དང་།
ངུར་སྨྲིག་གི་གོས་འཆང་བ་བསླབ་པ་ཡང་དག་པར་བླང་བའམ། སློངས་མོས་འཚོ་བ་བསླབ་པ་ཡང་དག་པར་བླང་བའམ། འོན་ཏམ་དེ་དག་ཚངས་པའི་སྤྱོད་པའམ། ཞེས་དེ་ལྟར་ཆོས་དེ་དག་ལ་རྣམ་པར་སྒོམ་ན། བདག་གི་ལུས་ལ་མངོན་པར་ཆགས་
པ་མེད་པ་དང་། སྒོམ་པ་ལ་ཞེན་པ་མེད་པ་དང་། ཆོས་རྣམས་གནས་པ་མེད་པ་དང་། འདས་པ་རྒྱུ་བ་མེད་པ་དང་། མ་འོངས་པ་མ་ཕྱིན་པ་དང་། ད་ལྟར་བྱུང་བ་སྟོང་པ་དང་། ལས་ལ་བྱེད་པ་མྱེད་པ་དང་། རྣམ་པར་སྨིན་པ་ལ་ཚོར་བ་མྱེད་པ་
དང་། འཇིག་རྟེན་འདི་འཕོས་པ་མེད་པ་དང་། འཇིག་རྟེན་ཕ་རོལ་ཆུད་མྱི་ཟ་བའི་ཕྱིར་ཚངས་པའི་སྤྱོད་པ་ཞེས་བྱ་བའི་ཆོས་དེ་གང་ཡིན། དེ་གང་ལས་བྱུང་དེ་སུའི་དེ་ཅི་ཞིག །དེ་སུས་བྱས། དེ་ཡོད་དམ། དེ་མེད་དམ། དེ་གཟུགས་སམ། དེ་
གཟུགས་མ་ཡིན་ནམ། དེ་ཚོར་བའམ། དེ་ཚོར་བ་མ་ཡིན་ནམ། དེ་འདུ་ཤེས་སམ། དེ་འདུ་ཤེས་མ་ཡིན་ནམ། དེ་འདུ་བྱེད་དམ། དེ་འདུ་བྱེད་མ་ཡིན་ནམ། དེ་རྣམ་པར་ཤེས་པའམ། དེ་རྣམ་པར་ཤེས་པ་མ་ཡིན་ནམ། ཚངས་པར་སྤྱོད་
པའི་ཆོས་དེ་གང་ཞིག་ཅེས་དེ་ལྟར་མྱི་དམྱིགས་ཤིང་། དུས་གསུམ་མཉམ་པ་ཉིད་དུ་ནམ་མཁའ་ཡོངས་སུ་རྒྱས་པར་བྱ་བ་དང་། ཆགས་པ་མྱེད་པར་ཡིད་ལ་བྱ་བ་དང་། སེམས་ལ་བསྒྲིབས་པ་མེད་པར་དང་། གཉིས་སུ་མེད་པར་ཤིན་ཏུ་སྤྱོད་པ་དང་།

བསྒྲུབས་པ་མྱེད་པའི་སྦྱོར་བ་དང་། མཚན་མ་མྱེད་པའི་ཆོས་གཟུང་བ་དང་། མཚན་ཉིད་མེད་པའི་ཆོས་རབ་ཏུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་སེམས་པས་ཚངས་པའི་སྤྱོད་པ་ཡོངས་
སུ་དག་པར་ཡིད་ལ་བྱའོ། །གོང་དུ་ཡང་ཆོས་བཅུ་དང་ལྡན་པས་ཡིད་ལ་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་ཤེས་པ་དང་ལྡན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་རྣམ་པར་སྨིན་
པ་ཤེས་པ་དང་ལྡན་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་ལྡང་བ་ཤེས་པ་དང་ལྡན་པ་དང་། དབང་པོ་དང་བརྩོན་
འགྲུས་ཐ་དད་པ་དང་། ཡོངས་སུ་རྫོགས་པ་མཆོག་དང་ཐ་མ་ཤེས་པ་དང་ལྡན་པ་དང་། མོས་པ་ཐ་དད་པ་དང་། མོས་པ་དུ་མ་ཤེས་པ་དང་ལྡན་པ་དང་། ཁམས་ཐ་དད་པ་དང་། ཁམས་དུ་མ་ཤེས་པ་དང་ལྡན་པ་དང་། ཐམས་ཅད་དུ་འགྲོ་བའི་
ལམ་ཤེས་པ་དང་ལྡན་པ་དང་། ལྷའི་མྱིག་ཐོགས་པ་མེད་པ་དང་ལྡན་པ་དང་། བསྒྲིབས་པ་མེད་པ་རྗེས་སུ་དྲན་པ་ཤེས་པ་དང་ལྡན་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅད་པ་ཤེས་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པའི་
སྟོབས་རེ་རེ་ལ་ཡང་རྣམ་པར་དབྱེ་བ་ཤིན་ཏུ་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་ཀྱང་ཚད་མེད་པར་བལྟ་བར་བྱའོ། །ཐོས་ནས་ཀྱང་སྙིང་རྗེ་ཆེན་པོ་ལ་བརྟན་པར་བྱའོ། །སེམས་ཅན་རྣམ་པར་བསྒོམ་པ་ཡང་མི་གཏང་བར་བྱའོ། །ཆོས་ལ་ཤིན་ཏུ་
བརྟགས་པ་ཡང་མི་གཞིག་པར་བྱའོ། །བླ་ན་མེད་པའི་ཆོས་ལ་ཡང་དག་པའི་ཡི་དམ་ཡང་ཤིན་ཏུ་བརྩམ་པར་བྱའོ། །རྣམ་པར་སྨིན་པ་ལ་ཡང་རེ་བ་མེད་པར་བྱའོ། །སྒྱུ་མའི་རང་བཞིན་ཡང་རྗེས་སུ་རྟོགས་པར་བྱའོ། །རྨི་ལམ་གྱི་རང་བཞིན་དུ་

ཡང་ཡང་དག་པར་སྦྱང་བར་བྱའོ། །མིག་ཡོར་གྱི་རང་བཞིན་དང་ཡང་ཐ་མི་དད་པར་བྱའོ། །སྒྲ་བརྙན་གྱི་རང་བཞིན་ཡང་སྤྱོད་ཡུལ་དུ་བྱའོ། །སྤྲུལ་པའི་རང་བཞིན་དུ་ཡང་མོས་པར་བྱ་སྟེ། དེ་དེ་ལྟར་ཞུགས་པས་ཉོན་མོངས་པ་ཆུང་བར་སངས་རྒྱས་ཀྱི་ཆོས་
ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །དེས་ཆོས་དེ་དག་གཉིས་སུ་མྱེད་པར་རྟོགས་པས། སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་གནས་ཡོད་དོ། །ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་
པས། གཞན་གྱི་དྲིང་མི་འཇོག་པར་ཤེས་རབ་ཀྱི་ཕུང་པོ་དང་ཡང་ལྡན་པར་འགྱུར་རོ། །ཚངས་པར་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་
ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་དང་ལྡན་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་
ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་གནས་འདི་ནི་ཡིད་ཆེས་པར་ཤིན་ཏུ་དཀའ་སྟེ། ཤེས་པར་དཀའ་བརྟག་པར་དཀའ། མངོན་པར་དད་པར་དཀའ་ཤིན་ཏུ་རྟོགས་པར་དཀའ། ཀུན་ནས་བསྒྲུབ་པར་དཀའ། ཡང་དག་པར་སྤྱད་པར་དཀའ། བརྗོད་པར་
དཀའ། བསྐྱེད་པར་དཀའ། བརྒལ་བར་དཀའ། ཁོང་དུ་ཆུད་པར་དཀའ་འོན་ཀྱང་ཅི་ཚུལ་དུ་སངས་རྒྱས་ཀྱི་མཐུས་བཤད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། གང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་
དེ་དག་ལ་ལ་ཞིག་གིས་བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་པར་གྱུར་ལ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་ཀྱི་ཕྱོགས་མཚམས་དང་།

ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱང་། བསྐལ་པར་
བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་ན། རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས།
བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བསོད་ནམས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པར་གཞན་གྱིས་ཤེས་པར་མི་ནུས་སོ། །སྨྲས་པ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་
པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་ནི། དེ་དག་གི་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་།
བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་། བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། གྲངས་དང་ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་ལྟ་ཞོག་གི། ཀྱེ་རྒྱལ་བའི་
སྲས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག །བསྐལ་པ་བརྒྱར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཡང་དག་པར་སྦྱར་བར་གྱུར་ལ། གཞུང་
དེ་བཞིན་དུ་བསྐལ་པ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བརྒྱ་ཕྲག་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ཚངས་པའི་རྣམ་པར་སྤྱོད་པ་བཞི་ལ་རབ་ཏུ་བཀོད་པ་དང་།

བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པར་གྱུར་པ་དང་། བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། རྒྱུན་ཏུ་ཞུགས་
པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ།
ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། དགྲ་བཅོམ་པ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ།
རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་གཞག་པར་གྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །
བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་།
བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་གང་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
གྲངས་མེད་པར་གཏོགས་པའི་སེམས་ཅན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཤིང་། བསླབ་པའི་ཚིག་ལྔ་ལ་གཞག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱར་བ་དང་། བསམ་གཏན་བཞི་ལ་རབ་ཏུ་

དགོད་པ་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་
ཏུ་དགོད་པ་དེ་ཙམ་གྱིས་ནི་སངས་རྒྱས་སུ་མི་འགྱུར་ཏེ། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་རིགས་རྒྱུན་མི་གཅད་པའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་
པའི་སེམས་ཅན་ཐམས་ཅད་ཡང་དག་པར་བསྒྲལ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདུ་བ་དང་། འཇིག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཀུན་ནས་
ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། བག་ཆགས་
ཀྱི་མཚམས་སྦྱོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། སྦྱོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །
སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དེ་ནི་འདི་ལྟར་
སངས་རྒྱས་ཐམས་ཅད་དང་། ཡུལ་མཉམ་པ་ཉིད་དུ་བྱ་བའི་ཕྱིར་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་བྱུང་སྟེ། དེ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་

པ་འདའ་ལ་སེམས་བསྐྱེད་པ་དེ་དང་འདྲ་བས། ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་འདས་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཟད་པར་མ་རུང་ནས། དེའི་འོག་ཏུ་སྐྱེས་བུ་
གཉིས་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་དེས་བསྐལ་པ་གྲངས་མེད་པ་འདས་པ་སྙེད་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་གསུམ་པ་ཞིག་བྱུང་སྟེ། སྐྱེས་བུ་དེ་གཉིས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་
ཏེ། དེའི་འོག་ཏུ་སྐྱེས་བུ་བཞི་པ་ཞིག་བྱུང་ནས། སྔ་མ་གསུམ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། དེའི་འོག་ཏུ་སྐྱེས་བུ་ལྔ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་འདས་
པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ནས། དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བདུན་པ་ཞིག་སྐྱེས་ལ།
སྐྱེས་བུ་སྔ་མ་དྲུག་གིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བརྒྱད་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་བདུན་གྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་
ལ། དེའི་འོག་ཏུ་སྐྱེས་བུ་དགུ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བརྒྱད་ཀྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་པར་བྱས་ཏེ། དེའི་འོག་ཏུ་སྐྱེས་བུ་བཅུ་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དགུས་བསྐལ་པ་གྲངས་མེད་
པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། སེམས་བསྐྱེད་པ་དེ་ལྟ་བུའི་འདའ་བས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་བགྲོད་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ནི་

ཤེས་པར་མི་རུང་ངོ་། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་
མཚམས་དང་། འོག་དང་སྟེང་གི་ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ་ཡང་དེ་བཞིན་དུ་རྒྱ་ཆེ་བས་ཏེ། སྐྱེས་བུ་དེ་དག་གིས་ཕྱོགས་བཅུར་ཇི་སྙེད་དུ་འདས་པ་དེ་དག་སྐྱེས་བུ་རེ་རེ་ཕྱོགས་བཅུར་རྣམ་པར་དགོད་པས་སེམས་བསྐྱེད་པ་གཅིག་གིས་བསྐལ་པ་
གྲངས་མེད་པ་འདའ་བ་འདིའི་ཚུལ་དུ་བསྐལ་པ་གྲངས་མེད་པར་འདས་པ་དེ་དག །སྐྱེས་བུ་བརྒྱ་དག་གིས་འཇིག་རྟེན་གྱི་ཁམས་ཡོངས་སུ་དགོད་པའི་ཚུལ་དུ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་རྙེད་པར་རུང་ཡང་སྲིད་
ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྐྱེ་བ་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྲོ་
བའམ། གྲངས་ཡོངས་སུ་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱིས། འདི་ལྟར་ཕྱོགས་བཅུ་ཚད་མེད་པར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྐྱེ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཕྲ་བ་
ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཡངས་པ་ཕྲ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྣྲེལ་ཞི་འཇིག་རྟེན་གྱི་ཁམས་སྤྱི་བོ་ཚུགས་སུ་རྒྱུ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྤྱིའུ་ཚུགས་
སུ་རྒྱུ་བ། འཇིག་རྟེན་གྱི་ཁམས་སྣྲེལ་ཞིར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཆུང་ངུ་འཇིག་རྟེན་གྱི་ཁམས་ཆེན་པོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཆེན་པོ་འཇིག་རྟེན་གྱི་ཁམས་ཆུང་ངུར་ཡོངས་སུ་ཤེས་པ་དང་།

འཇིག་རྟེན་གྱི་ཁམས་ཡངས་པ་འཇིག་རྟེན་གྱི་ཁམས་དོག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དོག་པ་འཇིག་རྟེན་གྱི་ཁམས་ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་
ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དང་། གཅིག་ཏུ་ཟད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་
བརྗོད་དུ་མེད་པར་གཟུད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པར་ཡོངས་སུ་
ཤེས་པ་དང་། སྐྲའི་རྩེ་མོ་འཇིག་རྟེན་གྱི་ཁམས་ཚད་མེད་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་པ་སྐྲའི་རྩེ་མོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒྲུབ་པ་ཡོངས་སུ་
ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་མེད་པའི་རང་བཞིན་དུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པ་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་ཐོགས་པ་མེད་པར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེའོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདའ་བའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི །ཀྱེ་རྒྱལ་བའི་སྲས་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་
གིས་ཤར་ཕྱོགས་སུ་འདུ་བ་དང་། འཇིག་པའི་བསྐལ་པ་གྲངས་མེད་པ་བགྲང་ལ། སེམས་བསྐྱེད་པས་བགྲང་བ་འདིའི་ཚུལ་དུ་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་བགྲངས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འདུ་བའི་བསྐལ་

པ་དང་། འཇིག་པའི་བསྐལ་པའི་མཐའ་ཤེས་པར་མ་རུང་ནས། དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་དེས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་ཐམས་ཅད་སྐད་ཅིག་གཅིག་གིས་བགྲངས་ཏེ།
དེའི་འོག་ཏུ་སྐྱེས་བུ་གསུམ་པ་ཞིག་བྱུང་ལ། སྐྱེས་བུ་སྔ་མ་གཉིས་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བགྲང་བ་དེ་དག་སེམས་བསྐྱེད་པ་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བཞི་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་གསུམ་གྱིས་
བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་ལྔ་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ།
དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་ལྔས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བདུན་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དྲུག་གིས་བསྐལ་
པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ། དེའི་འོག་ཏུ་སྐྱེས་བུ་བརྒྱད་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བདུན་གྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་
བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ཏེ། དེའི་འོག་དུ་སྐྱེས་བུ་དགུ་པ་ཞིག་སྐྱེས་ལ། སྐྱེས་བུ་སྔ་མ་བརྒྱད་ཀྱིས་བསྐལ་པ་གྲངས་མྱེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ།
དེའི་འོག་དུ་སྐྱེས་བུ་བཅུ་པ་ཞིག་བྱུང་ནས། སྐྱེས་བུ་དགུ་པོ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ན། ཀྱེ་རྒྱལ་བའི་སྲས་སྐྱེས་བུ་དེ་དག་གྲངས་

མེད་པའི་ཚུལ་དུ་ཕྱོགས་བཅུར་རྣམ་པར་བཀོད་པ་དང་། སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པ་གྲངས་མེད་པར་བགྲང་བའི་ཚུལ་དུ་བསྐལ་པ་གྲངས་མེད་པར་བགྲངས་ན། འཇིག་རྟེན་གྱི་ཁམས་དེ་དག་
གི་འདུ་བ་དང་། འཇིག་པའི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། ཕྱོགས་བཅུར་མཐའ་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་དགེ་བའི་རྩ་བ་ནི་མཐར་
ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འཇིག་རྟེན་འགའི་འདུ་བ་དང་། འཇིག་པ་བགྲང་བ་རབ་ཏུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མི་སྐྱེའི། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་པའི་བསྐལ་པ་ཤེས་པར་བྱ་བ་ལ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་སྟེ།
འདི་ལྟར་བསྐལ་པ་རིང་པོ་ལ་བསྐལ་པ་ཐུང་ངུར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་ཐུང་ངུ་ལ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་སྐྱེའོ། །བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ། སངས་རྒྱས་དང་
བཅས་པའི་བསྐལ་པ། སངས་རྒྱས་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་མེད་པའི་བསྐལ་པ་སངས་རྒྱས་དང་བཅས་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་བརྗོད་

དུ་མེད་པའི་བསྐལ་པ་སངས་རྒྱས་གཅིག་གི་བསྐལ་པ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་གཅིག་གི་བསྐལ་པ་སངས་རྒྱས་བརྗོད་དུ་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་རྣམ་
པ་ཐ་དད་པ་ལ་བསྐལ་པ་རྣམ་པ་ཐ་མི་དད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་ཟད་པ་ལ་བསྐལ་པ་མ་ཟད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཟད་པ་ལ་བསྐལ་པ་ཟད་པར་ཁོང་དུ་ཆུད་པས་ཡང་
དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་བརྗོད་དུ་མེད་པ་སེམས་བསྐྱེད་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སེམས་བསྐྱེད་པ་གཅིག་བསྐལ་པ་བརྗོད་དུ་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་།
འདི་ལྟ་སྟེ་བསྐལ་པ་ཐམས་ཅད་བསྐལ་པ་མེད་པར་རབ་ཏུ་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཡིན་པ་བསྐལ་པར་འཇུག་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །
འདི་ལྟ་སྟེ་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་དང་། ད་ལྟར་བྱུང་བའི་བསྐལ་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་པའི་བསྐལ་པ་སེམས་
བསྐྱེད་པ་གཅིག་གིས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སེམས་སྐྱེ་སྟེ། འདི་ལྟར་བསྐལ་པ་ཐམས་ཅད་ཀྱི་རྒྱུས་མངོན་པར་ཤེས་པར་བྱ་བའི་ཕྱིར། དེ་ཐོག་མར་
གོ་ཆ་ཆེན་པོ་མངོན་པར་བསྒྲུབ་པོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བའི་དཔེ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེར་སེམས་བསྐྱེད་པ་

གཅིག་གིས། འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་ཐམས་ཅད་ཤེས་པ་ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེ་ཞིང་ཤེས་པས་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་པ་བྱས་ཀྱང་
སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ཟད་པར་མི་རུང་བ་ནས། གཞུང་དེ་བཞིན་དུ་བཅུའི་བར་དུ་སྟེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་བར་གྱི་ཕྱོགས་བཅུ་ཐམས་ཅད་དུ་རྒྱ་ཆེར་བྱས་ན་
དེ་དག་གི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །
དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་གྱི་མོས་པ་ཐ་དད་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་
ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མོས་པ་མཐའ་དང་དབུས་མེད་
པ་ལ་འཇུག་པ་དང་། སེམས་ཅན་གྱི་མོས་པ་ཐ་དད་པ་ལ་མཁས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་
སེམས་ཅན་གྲངས་མྱེད་པར་ཡང་དག་པར་འཇུག་པར་བྱ་བའི་ཕྱིར། དད་པའི་ཚུལ་བརྗོད་དུ་མེད་པའི་སྣང་བའི་འོད་ཀྱིས་མོས་པ་གཅིག་ནས་གཅིག་དུ་བརྒྱུད་པ་མ་ལུས་པ་དང་། འགྲོ་བ་རྒྱ་མཚོ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་

དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བ་དང་། མི་དགེ་བ་ལ་མོས་པ་ཚད་མེད་པ་ལ་འཇུག་པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཀྱི་
མོས་པ་སྣ་ཚོགས་དབང་གིས་ཡོངས་སུ་ཤེས་པར་བྱ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སྐལ་བ་མཉམ་པའི་
མོས་པ་དང་། སྐལ་བ་མི་མཉམ་པའི་མོས་པ་ཤེས་པ་ལ་འཇུག་པར་བྱ་བ་དང་། མོས་པ་ཐམས་ཅད་མོས་པ་གཅིག་ཏུ་ཡང་དག་པར་འཇུག་པ་དང་། མོས་པ་གཅིག་མོས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱ་བ་དང་། དེ་བཞིན་
གཤེགས་པའི་སྟོབས་ལ་རབ་ཏུ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མོས་པ་བླ་མ་དང་བཅས་པ་དང་། མོས་པ་བླ་ན་མེད་པ་དང་། ལྷག་མ་དང་བཅས་
པ་དང་། ལྷག་མ་མེད་པ་དང་། མཉམ་པ་དང་མི་མཉམ་པའི་མོས་པའི་བྱེ་བྲག་ཤེས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་གནས་པའི་
མོས་པ་དང་། མི་གནས་པའི་མོས་པ་དང་། ཐུན་མོང་གི་མོས་པ་དང་། ཐུན་མོང་མ་ཡིན་པའི་མོས་པ་དང་། འདྲེས་པ་དང་། མ་འདྲེས་པ་དང་། དགེ་བ་དང་མི་དགེ་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མོས་པ་དང་། མོས་པ་ཐམས་
ཅད་ཀྱི་བྱེ་བྲག་ཤིན་ཏུ་ཤེས་པའི་དམ་པ་མངོན་པར་འཚང་རྒྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། དགེ་བའི་མོས་པ་དང་། ཡངས་པའི་མོས་པ་

དང་། མོས་པ་བར་མ་དང་། ཐ་དད་པ་དང་། ངེས་པའི་མོས་པ་མ་ལུས་པ་ཐམས་ཅད་བསྒྲིབས་པ་མེད་པའི་ཡེ་ཤེས་དང་། ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་
སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྣམ་པར་དག་པའི་མོས་པ་དང་། ཀུན་ནས་ཉོན་མོངས་པའི་མོས་པ་དང་། ཡངས་པའི་མོས་པ་དང་། དོག་པའི་མོས་པ་དང་། ཕྲ་བའི་མོས་པ་དང་། རྒྱ་
ཆེ་བའི་མོས་པ་དང་། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་མོས་པའི་ཚུལ་རྣམ་པ་ཐ་དད་པ་ལ་རབ་ཏུ་འཇུག་པར་བྱ་བ་དང་། སེམས་ཅན་གཅིག་གི་མོས་པ་སྣ་ཚོགས་འབྱམ་ཀླས་པ་བཅུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་
རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། རྒྱུད་སྟུག་པོའི་མོས་པ་དང་། སྦྱོར་བའི་མོས་པ་དང་། ཡོངས་སུ་བརྟགས་པའི་མོས་པ་དང་། ངང་གིས་རྗེས་སུ་འབྲང་བའི་མོས་པ་དང་། རྒྱུའི་ཚོགས་དང་
ལྡན་པའི་མོས་པ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་མོས་པ་དང་། མོས་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་མོས་པ་སྣ་ཚོགས་ཀྱི་དཔེ་ཐ་དད་པ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་གཅིག་བསྐྱེད་པས་འཇིག་
རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་རབ་ཏུ་ཤེས་པར་གྱུར་ལ། དེ་ལྟ་བུའི་ཚུལ་དུ་སེམས་བསྐྱེད་པ་རེ་རེ་ལ་ཤེས་པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མྱེད་པ་ཟད་པར་བྱས་ཀྱང་། ཤར་ཕྱོགས་

ཀྱི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐར་ཐུག་བར་མ་རུང་ལ་ཚུལ་དེ་བཞིན་དུ་མོས་པ་ལ་ཇི་སྐད་བརྗོད་པ་བཞིན་དབང་པོ་ཐ་དད་པ་ལ་ཡང་ཤེས་པར་བྱས་ཏེ། དེ་དག་གི་དབང་པོ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། ཕྱོགས་
བཅུ་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །སེམས་ཅན་དེ་ཙམ་དག་གི་དབང་པོ་
སྣ་ཚོགས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་ཡོངས་སུ་
ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་བཞིན་དུ་ཇི་ལྟར་མོས་པ་ལ་བརྗོད་པ་དེ་བཞིན་དུ་དབང་པོ་རྣམས་ལ་ཡང་ཤེས་པར་བྱ་སྟེ། ཐིབས་པོར་གྱུར་པའི་དབང་པོ་དང་།
སྦྱོར་བ་དང་ལྡན་པའི་དབང་པོ་དང་། ཡོངས་སུ་བརྟགས་པའི་དབང་པོ་དང་། ངང་གིས་རྗེས་སུ་འབྲང་བའི་དབང་པོ་དང་། རྒྱུའི་ཚོགས་དང་ལྡན་པའི་དབང་པོ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་དབང་པོ་དང་། དབང་པོའི་དྲ་བ་ཐམས་ཅད་མ་ལུས་པ་ལ་མཉམ་པ་
ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དབང་པོ་སྣ་ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་
རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་གྱུར་ལ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེར་ཤེས་

པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པ་ཟད་པར་བྱས་ཀྱང་སེམས་ཅན་གྱི་བསམ་པ་སྣ་ཚོགས་ཀྱི་མཐར་ཕྱིན་པར་མ་རུང་ལ། གཞུང་དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ནི་ཤེས་པར་རུང་ཡང་སྲིད་
ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་
བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པས་
མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། བསམ་པའི་ཐིབས་པོར་གྱུར་པ་དང་། སྦྱོར་བ་དང་
ལྡན་པའི་བསམ་པ་དང་། ཡོངས་སུ་བརྟགས་པའི་བསམ་པ་དང་། ངང་གིས་རྗེས་སུ་འབྲང་བའི་བསམ་པ་དང་། རྒྱུའི་ཚོགས་དང་ལྡན་པའི་བསམ་པ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་བསམ་པའི་བར་དུ། བསམ་པའི་དྲ་བ་མ་ལུས་
པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་བསམ་པ་སྣ་ཚོགས་ཀྱི་
དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་ཡོངས་སུ་ཤེས་ལ། གཞུང་དེ་ལྟར་མོས་པ་

ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། ཕྱོགས་བཅུའི་སྦྱོར་བ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་
བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་སྦྱོར་བ་སྣ་ཚོགས་ཤེས་པའི་དོན་དུ་ནི། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི།
འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་སྣ་ཚོགས་ཡོངས་སུ་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །
གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་བཞིན་ཏེ། སྦྱོར་བའི་དྲ་བ་མ་ལུས་པ་ཐམས་ཅད་ཀྱི་བར་དུ་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་སྦྱོར་བ་སྣ་ཚོགས་ཀྱི་དཔེ་དེ་དག་ལྟ་འང་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་
པའི་སེམས་ཅན་རྣམས་ཀྱི་སེམས་བསྐྱེད་པ་སྣ་ཚོགས་རབ་ཏུ་ཤེས་ལ། ཚུལ་དེ་ལྟ་བུའི་སེམས་བསྐྱེད་པ་ཡོངས་སུ་ཤེས་པས། གཞུང་དེ་བཞིན་དུ་སྟེ། ཕྱོགས་བཅུའི་སེམས་བསྐྱེད་པ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་ཐུག་པར་རུང་ཡང་
སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་སེམས་སྣ་ཚོགས་ཡོངས་སུ་ཤེས་

པར་བྱ་བའི་དོན་དུ། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། སེམས་ཅན་གྱི་ཁམས་ཀྱིས་གཏུགས་
པ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པའི་སེམས་སྣ་ཚོགས་ཐམས་ཅད་ཡོངས་སུ་ཤེས་པས། མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ། སེམས་བསྐྱེད་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་
དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་སེམས་བསྐྱེད་པའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་
གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་རབ་ཏུ་ཤེས་ལ། སེམས་བསྐྱེད་པ་ཤེས་པའི་ཚུལ་དེ་ལྟ་བུས་ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་ཟད་པར་