Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་
ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལས་མི་འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་གང་འདའ་བར་འགྱུར་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལས་མི་འདའ་བ་ལགས་ན། འོ་ན་ཅི་གཟུགས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན་ཡང་དག་པའི་མཐའ་ཡང་གཞན་ཉིད་རྣམ་པར་ཤེས་པའི་བར་

དུ་ཡང་གཞན་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་གཞན་ཟག་པ་དང་བཅས་པ་དང་ཟག་པ་མ་མཆིས་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་གཞན་པ་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཙུན་པ་བཅོམ་ལྡན་འདས་གལ་ཏེ་གཟུགས་ཀྱང་གཞན་མ་ལགས་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་རྣམ་པར་ཤེས་པའི་བར་དུ་ཡང་གཞན་མ་ལགས་ལ་ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་ཏེ། འདུས་བྱས་དང་
འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་ལ་ཡང་སྦྱར་བར་བགྱི་བ་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་ནི་ལས་དཀར་གནག་རྣམས་ཀྱི་རྣམ་པར་སྨིན་པར་རྣམ་པར་དགོད་པ་དང་གདའ་བར་ཇི་ལྟར་འགྱུར་ཏེ། ལས་ནག་པོ་རྣམས་ཀྱི་རྣམ་པར་སྨིན་པ་ནག་པོ་སེམས་ཅན་
དམྱལ་བ་དང་། དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནང་ན་གདའ་བ་དང་། ལས་དཀར་པོ་རྣམས་ཀྱི་རྣམ་པར་སྨིན་པ་དཀར་པོ་ལྷ་དང་མི་རྣམས་ཀྱི་ནང་ན་གདའ་བ་དང་། དེ་བཞིན་དུ་ལས་དཀར་གནག་རྣམས་ཀྱི་རྣམ་པར་སྨིན་པ་དཀར་གནག་དུད་འགྲོའི་སྐྱེ་གནས་སུ་གྱུར་
པ་རྣམས་དང་། མི་རྣམས་ཀྱི་ནང་ན་གདའ་བ་དང་དེ་བཞིན་དུ་ལས་མི་དཀར་མི་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་མི་དཀར་མི་གནག་པ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་།
དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ནས། འབྲས་བུ་རྣམ་པར་གཞག་པ་སྟོན་པར་མཛད་
ཀྱི། དོན་དམ་པའི་བདེན་པར་ནི་འབྲས་བུ་རྣམ་པར་གཞག་པ་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པའི་བདེན་པར་གཟུགས་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་

མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཆོས་དེ་ནི་རྣམ་པར་མི་རྟོག་ཅིང་བརྗོད་དུ་མེད་པ་ཡིན་པའི་
ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ། འབྲས་བུ་རྣམ་པར་གཞག་པ་ལགས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུར་མི་འགྱུར་ལགས་སམ། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་
བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་
བདེན་པའམ། དོན་དམ་པའི་བདེན་པ་ཤེས་སམ། དེ་དག་ལ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྣམ་པར་གཞག་པ་ཡང་མེད་དོ། །རབ་འབྱོར་གང་གི་ཕྱིར་བྱིས་པ་སོ་སོའི་སྐྱེ་
བོ་ཐམས་ཅད་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་མེད་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འབྲས་བུ་མེད་པ་དེ་ཉིད་ཀྱི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་འབྲས་བུ་རྣམ་པར་གཞག་
པར་མི་འགྱུར་རོ། །རབ་འབྱོར་འཕགས་པའི་གང་ཟག་རྣམས་ལ་ནི་མྱ་ངན་ལས་འདས་པའི་ལམ་དང་། མྱ་ངན་ལས་འདས་པའི་ལམ་བསྒོམ་པ་དང་། མྱ་ངན་ལས་འདས་པའི་ལམ་བསྒོམ་པའི་འབྲས་བུ་ཡང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་
གང་ཟག་དེ་དག་ཉིད་ལ་འབྲས་བུ་རྣམ་པར་གཞག་པ་ཡིན་གྱི་གཞན་དག་ལ་ནི་མ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་ལམ་བསྒོམ་ན། འབྲས་བུ་ཐོབ་ལགས་སམ་འོན་ཏེ་

ལམ་མ་བསྒོམས་པ་འབྲས་བུ་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལམ་བསྒོམས་ན་ཡང་འབྲས་བུ་མི་འཐོབ་ལ། ལམ་མ་བསྒོམས་པ་ཡང་འབྲས་བུ་འཐོབ་
པར་མི་འགྱུར་རོ། །རབ་འབྱོར་ལམ་མ་བསྒོམས་པར་ཡང་འབྲས་བུ་མི་འཐོབ་སྟེ། ལམ་མེད་པར་ཡང་འབྲས་བུ་ཐོབ་པ་མེད་ལ་ལམ་ལ་གནས་ཏེ་ཡང་མ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་སེམས་ཅན་རྣམས་ལ་འབྲས་བུ་རྣམ་པར་འགོད་པ་བྱེད་མོད་ཀྱི། འདུས་བྱས་ཀྱི་ཁམས་ལའམ། འདུས་མ་བྱས་ཀྱི་ཁམས་ལ་ཚར་གཅད་པའི་ཚུལ་གྱིས་འབྲས་བུ་རྣམ་པར་འགོད་པ་མ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་འདུས་
བྱས་སམ། འདུས་མ་བྱས་ཀྱི་ཁམས་ལ་ཚར་གཅད་པས་འབྲས་བུ་རྣམ་པར་དགོད་པ་མ་མཆིས་ན། འོ་ན་དེ་བཞིན་གཤེགས་པས་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་ནོ། །འདོད་པའི་འདོད་ཆགས་དང་གནོད་སེམས་
བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །འོག་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མི་འོང་བའི་འབྲས་བུ་ཡིན་ནོ། །གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྦྱངས་པའི་ཕྱིར་དགྲ་བཅོམ་པ་ཉིད་དོ། །ཀུན་
འབྱུང་བའི་ཆོས་གང་ཅི་ཡང་རུང་བ་དེ་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པ་ནི་རང་བྱང་ཆུབ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་ཡིན་ནོ་ཞེས་མ་བསྟན་ལགས་སམ།
གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཚར་གཅད་པས་འབྲས་བུ་རྣམ་པར་དགོད་པ་ནི་མ་ཡིན་ནོ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་ཡིན་ནམ། འོན་ཏེ་འདུས་མ་བྱས་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ནི་འདུས་མ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་འདུས་མ་བྱས་ཀྱི་
ཆོས་རྣམས་ལ་ཚར་གཅད་དུ་ཡོད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །རབ་འབྱོར་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་ཚེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་
པར་རྟོགས་པ་དེའི་ཚེ་འདི་ལྟ་སྟེ་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་ཚར་གཅོད་པར་བྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཚར་གཅད་དུ་མེད་པའི་ཕྱིར་འདི་ལྟ་སྟེ། ནང་སྟོང་པ་ཉིད་ཀྱི་ཕྱིར་དང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་། བདག་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་བྱེད་
ལ། གཞན་དག་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པར་བྱེད་དུ་མི་འཇུག་སྟེ། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་རམ། བསམ་གཏན་དང་པོའམ། བསམ་གཏན་བཞི་པའི་བར་རམ། བྱམས་པ་ལ་སྙོམས་
པར་འཇུག་པའམ། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སྙོམས་པར་འཇུག་པའམ། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་རམ། དྲན་པ་

ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་རམ། རྣམ་པར་ཐར་པའི་སྒོ་གསུམ་འམ་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་མི་བྱེད་དེ་དེ་དག་ལ་མངོན་པར་ཞེན་པར་མི་བྱེད་པས་ཆོས་གང་
ལ་ཡང་ཆགས་པ་མེད་དོ། །དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། སྦྱིན་པའི་འབྲས་བུ་ཡང་ཉམས་སུ་མྱོང་བར་བྱེད་སྦྱིན་པའི་འབྲས་བུ་ལ་ཡང་མི་གནས་ཏེ། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་ཁོ་ནའི་དོན་དུ་ཕ་རོལ་
ཏུ་ཕྱིན་པ་དྲུག་གི་བར་ལ་སྤྱོད་ཅིང་། དེ་བཞིན་དུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་ལ་སྤྱོད་མོད་ཀྱི། ཆོས་གང་ལ་ཡང་མི་གནས་སོ། །རབ་འབྱོར་དེ་བཞིན་
དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་ལ་སྤྱོད་མོད་ཀྱི་ཆོས་གང་ལ་ཡང་མི་གནས་ཤིང་ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པའི་ཕྱིར་རོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་སུམ་ཅུ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་པའི་མཆོག་ལགས་ཏེ། མཚན་མ་ནི་བཏགས་
པ་ཙམ་ཀུན་ཏུ་རྟོག་པ་ལས་བྱུང་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཇི་ལྟར་བདག་ཀྱང་དགེ་བའི་ཆོས་རྣམས་ལས་ཁྱད་པར་དུ་འཐོབ་པར་འགྱུར་ལ། གཞན་དག་ཀྱང་དགེ་བའི་ཆོས་ཁྱད་པར་དུ་འཐོབ་
པ་ལ་སྦྱོར་བར་བགྱིད་ཅིང་། དགེ་བའི་ཆོས་རྣམས་ཀྱིས་ས་ནས་ས་ཡོངས་སུ་རྫོགས་པར་བགྱིད་ལ། སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་པོ་དག་ལ་སྦྱོར་བར་བགྱིད་ཅིང་། རབ་ཏུ་འགོད་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོའམ། དངོས་པོའི་མཚན་མ་ཞིག་སྒོམ་ཞིང་། དངོས་པོ་མེད་པ་དང་། མཚན་མ་མེད་པ་མི་སྒོམ་ན་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཀྱང་ཁྱད་པར་འཐོབ་པར་མི་འགྱུར་ལ། གཞན་དག་ཀྱང་ཁྱད་པར་ལ་སྤྱོད་པར་བྱེད་ཅིང་། རབ་ཏུ་འགོད་པར་མི་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་
མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། གལ་ཏེ་མཚན་མ་མེད་པ་ཁོ་ནའི་ཚུལ་
གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ལ། དེ་བཞིན་དུ་གལ་ཏེ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད། གལ་ཏེ་མཚན་མ་མེད་པའི་ཁོ་ནའི་ཚུལ་གྱིས་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་གལ་ཏེ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སྒོམ་ཞིང་ཡོངས་སུ་རྫོགས་པར་བྱེད། དེ་
བཞིན་དུ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད། མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་ཕྱི་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་སྦྱར་ཏེ། མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་

བྱེད། མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱེད་ན། དེ་ལྟར་ན་དེ་དེ་དག་ལ་མཚན་མ་མེད་པ་ཁོ་ནའི་ཚུལ་གྱིས་ཆགས་པར་མི་བྱེད་ལ། ཕྱིན་ཅི་ལོག་ཏུ་ཡང་མི་འགྱུར་ཏེ། དེ་དགེ་བའི་ཆོས་འདི་དག་བསྒོམས་
ནས་གཞན་དག་ཀྱང་འདི་ལྟ་སྟེ། དགེ་བའི་ཆོས་དེ་དག་ཉིད་ལ་སྦྱོར་བར་བྱེད་ཅིང་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ཐ་ན་སེ་གོལ་གཏོགས་པ་ཙམ་དུ་ཡང་ཆོས་ཀྱི་
མཚན་མ་ཞིག་ཡོད་པར་གྱུར་ན་ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ནས་
འདི་ལྟ་སྟེ། ཟག་པ་མེད་པའི་ཆོས་རྣམས་ལ་དེ་བཞིན་ཉིད་དུ་འགོད་པར་མི་འགྱུར་རོ། །རབ་འབྱོར་ཟག་པ་མེད་པའི་ཆོས་དེ་དག་ཐམས་ཅད་ནི་མཚན་མ་མེད་པ་དང་། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཟག་པ་མེད་པའི་ཆོས་རྣམས་ཀྱིས་རྟག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་དྲན་པ་མ་མཆིས་པ་དང་།
ཡིད་ལ་བྱེད་པ་མ་མཆིས་པ་ལགས་ན་ཅིའི་སླད་དུ་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །འདི་དག་ནི་ཟག་པ་མེད་པ་དག་གོ། །འདི་དག་ནི་འཇིག་རྟེན་པ་དག་གོ། །འདི་དག་ནི་འཇིག་རྟེན་ལས་འདས་པ་དག་གོ། །འདི་དག་ནི་འདུས་བྱས་དག་གོ། །འདི་དག་

ནི་འདུས་མ་བྱས་དག་གོ། །འདི་དག་ནི་ཐུན་མོང་བ་དག་གོ། །འདི་དག་ནི་ཐུན་མོང་མ་ཡིན་པ་དག་གོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་རྣམས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་
སོ། །འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཆོས་རྣམས་ལ་ཐ་དད་པ་མང་པོར་གདགས་པ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་མཚན་མ་མེད་པ་ཡང་གཞན་ལ། ཉན་ཐོས་ཀྱི་ཆོས་
རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ་རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན། ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་
འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་མཚན་མ་མེད་པ་ཡིན་ནམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་མཚན་མ་མེད་པ་ཡིན་ནམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་
དེ་ལྟ་ལགས་ཏེ། བཙུན་པ་བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་རྣམ་གྲངས་དེས་ན། འདི་ལྟར་ཆོས་ཐམས་ཅད་མཚན་མ་མེད་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་མཚན་མ་མེད་པའི་
ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་

པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་
ཆོས་ཐམས་ཅད་ཀྱི་བར་གྱིས་རྟག་ཏུ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་མ་གཏོགས་པར་གཞན་ལ་བསླབ་པར་མི་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་རྣམ་པར་ཐར་པའི་སྒོ་གསུམ་པོ་འདིར་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཡིན་ལ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་མ་ཐམས་ཅད་དང་
བྲལ་བ་ཡིན། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྨོན་ལམ་ཐམས་ཅད་རྣམ་པར་སྤངས་པ་ཡིན་པའི་ཕྱིར་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕུང་པོ་ལྔ་པོ་དག་ལ་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་སློབ་པ་
ཡིན། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་དེ་བཞིན་དུ་འཕགས་པའི་བདེན་པ་བཞི་རྟོགས་པ་ལ་སློབ་པ་ཡིན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་རྟོགས་པར་ཁོང་དུ་ཆུད་པ་ལ་སློབ་པ་ཡིན། དེ་ནས་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་
ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། དེ་བཞིན་དུ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་བར་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་དང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་
སློབ་པ་ཡིན། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སློབ་པ་ཡིན་ནོ། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཆོས་ཀྱི་སྦྱིན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པ་ན་ཕུང་པོ་ལྔ་པོ་དག་ལ་ཇི་ལྟར་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སློབ་པ། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཟུགས་གང་ལས་ཀྱང་མི་སྐྱེ་བ་དང་གང་དུ་ཡང་འགག་པ་མེད་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཇི་ལྟར་ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། དཔེར་ན་དབུ་བ་རྡོས་པ་ལ་སྙིང་པོ་གཏན་མེད་པ་དེ་བཞིན་དུ་གཟུགས་ཀྱང་འདི་ལྟ་སྟེ། ཤིན་ཏུ་གསེ་ཚགས་དང་ཤིན་ཏུ་གསོང་ལྡོང་དུ་རབ་ཏུ་ཤེས་སོ། །གཟུགས་ཀྱི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས་ཤེ་ན། གཟུགས་ནི་གང་ནས་ཀྱང་འོང་བ་
མེད་ལ་གང་དུ་ཡང་འགྲོ་བ་མེད་དེ། གཟུགས་གང་ནས་ཀྱང་འོང་བ་མེད་པ་ཉིད་དང་གང་དུ་ཡང་འགྲོ་བ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་གཟུགས་ཀྱི་སྐྱེ་བ་རབ་ཏུ་ཤེས་སོ། །གཟུགས་ཀྱི་འགག་པ་ཇི་ལྟར་རབ་ཏུ་ཤེས་ཤེ་ན། གཟུགས་དེ་གང་ནས་
ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་ཅན་དང་ལྡན་པ་དེ་ལྟར་གཟུགས་ཀྱི་འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། གཟུགས་ཀྱི་དེ་བཞིན་
ཉིད་ལ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་པ་དེ་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

ཚོར་བ་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། ཆུའི་ཆུ་བུར་གྱི་གནས་པ་བཞིན་དུ་འདི་ལྟ་སྟེ། ཤིན་ཏུ་འབྲས་ཡིན་པ་དང་ཤིན་ཏུ་ཟུག་རྔུ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚོར་བ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། དེ་
ནི་གསུམ་འདུས་པ་ལས་ཀྱང་འབྱུང་བ་དེ་ལྟར་ཚོར་བའི་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚོར་བ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་ཅན་དང་ཡང་ལྡན་པ་དེ་ལྟར་ཚོར་བའི་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་ཤེས་སོ། །ཚོར་བའི་དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་པ་དེ་ལྟར་ཚོར་བའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་ཤེས་ཇི་ལྟར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་ཤེས་ཤེ་ན། དཔེར་ན་སྨིག་རྒྱུ་ནི་ཆུ་འདོད་པ་ལ་སླུ་བར་བྱེད་པ་ཡིན་ཏེ། སྨིག་རྒྱུ་ལ་ཆུ་དམིགས་སུ་མེད་པ་དེ་ལྟར་འདུ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་ཤེས་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ལོག་པར་ཀུན་ཏུ་རྟོག་པ་ལས་
ཀྱང་འབྱུང་ཞིང་གདགས་པས། ཐ་སྙད་དུ་འདོགས་པར་བྱེད་པ་དེ་ལྟར་འདུ་ཤེས་ཀྱི་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་ཅན་ཡང་ལྡན་པ་དེ་ལྟར་འདུ་ཤེས་ཀྱི་འགོག་
པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་པ་དེ་ལྟར་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །
འདུ་བྱེད་རྣམས་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། དཔེར་ན་ཆུ་ཤིང་ཤུན་པ་སོ་སོར་ཕྱེ་ན། སྙིང་པོ་དམིགས་སུ་མེད་པ་དེ་ལྟར་འདུ་བྱེད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་

ལ། ལོག་པར་ཀུན་ཏུ་རྟོག་པ་ལས་ཀྱང་འབྱུང་བ་དེ་ལྟར་འདུ་བྱེད་རྣམས་ཀྱི་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དག་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་དང་ཡང་ལྡན་པ་དེ་ལྟར་འདུ་བྱེད་རྣམས་
ཀྱི་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་པ་དེ་ལྟར་འདུ་བྱེད་རྣམས་ཀྱི་དེ་
བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། དཔེར་ན་སྒྱུ་མ་མཁན་ཞིག་གིས་ལམ་གྱི་བཞི་མདོར་འདུག་ནས། སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་བྱིས་པ་ལ་འདྲིད་པར་བྱེད་པ་དཔུང་གི་ཚོགས་ཡན་ལག་
བཞི་པོ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སྟོན་པར་བྱེད་པ་དེ་ལྟར་རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ།
འདུ་བྱེད་ལས་ཀྱང་རབ་ཏུ་འབྱུང་བ་དང་འདུ་བྱེད་ཀྱི་རྐྱེན་གྱིས་ཀྱང་བསྐྱེད་པ་དེ་ལྟར་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་དེ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་དང་ཡང་ལྡན་པ་དེ་
ལྟར་རྣམ་པར་ཤེས་པའི་འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་དེ་ལྟར་
རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཁམས་རྣམས་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལྟ་སྟེ། མིག་གི་ཁམས་ནི་ངོ་བོ་ཉིད་ཀྱིས་སྟོང་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་

ཤེས་པའི་ཁམས་ནི་ངོ་བོ་ཉིད་ཀྱིས་སྟོང་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཁམས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་
ནོ། །སྐྱེ་མཆེད་རྣམས་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་ནི་ནང་གི་སྐྱེ་མཆེད་དྲུག་གིས་སྟོང་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཕྱིའི་སྐྱེ་མཆེད་དྲུག་ནི་ཕྱིའི་སྐྱེ་མཆེད་དྲུག་གིས་སྟོང་པར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་སྐྱེ་མཆེད་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། སྡུག་བསྔལ་གྱི་མཚན་ཉིད་ནི་ཉམས་སུ་གནོད་པའོ། །ཀུན་འབྱུང་བའི་མཚན་ཉིད་
ནི་རབ་ཏུ་སྐྱེ་བའོ། །འགོག་པའི་མཚན་ཉིད་ནི་ཞི་བའོ། །ལམ་གྱི་མཚན་ཉིད་ནི་ངེས་པར་འབྱིན་པ་སྟེ། འཕགས་པའི་བདེན་པ་རྣམ་པ་གཉིས་ལས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། འཕགས་པའི་བདེན་པ་རྣམ་པ་གཉིས་མ་ཡིན་པར་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལྟ་སྟེ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་
དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སྤྲོས་པ་དང་བྲལ་བ་དང་། ཞི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་
ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་ལྟར་ཕན་ཚུན་ཐ་དད་པའི་ཆོས་རྣམས་དེ་ལྟར་རབ་ཏུ་འཚལ་ན། འོ་ན་དེས་ཆོས་ཀྱི་དབྱིངས་

རྣམ་པར་དཀྲུགས་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་འགའ་ཞིག་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ན། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་
གཏོགས་པའི་ཆོས་འགའ་ཡང་དམིགས་སུ་མེད་དེ། གལ་ཏེ་དམིགས་སུ་ཡོད་ན་ནི་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་
བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱིས་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་འགའ་ཡང་མི་དམིགས་པའི་ཕྱིར་རོ། །མ་དམིགས་པས་དེ་སྟོན་པར་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས།
ཆོས་ཀྱི་དབྱིངས་དབྱེར་མེད་པ་རྣམ་པར་དཀྲུག་ཏུ་མེད་པ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་
བསླབས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་ནི་ཆོས་ཐམས་ཅད་ལ་བསླབས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་
འདུས་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་ཐམས་
ཅད་ཀྱི་ཆོས་ཀྱི་དབྱིངས་ནི་དབྱེར་མེད་པའི་ཚུལ་གྱིས་གནས་པ་ཉིད་དེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་ཡང་ཆོས་ཐམས་ཅད་དེ། འདི་ལྟ་སྟེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་།

འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བཙུན་པ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་
ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བསམ་གཏན་དང་པོ་དང་། ཇི་ལྟར་གཉིས་པ་དང་། ཇི་ལྟར་གསུམ་པ་དང་། ཇི་ལྟར་བསམ་གཏན་བཞི་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བྱམས་པ་དང་། ཇི་ལྟར་སྙིང་རྗེ་དང་། ཇི་ལྟར་དགའ་
བ་དང་། ཇི་ལྟར་བཏང་སྙོམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཇི་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་དྲན་པ་ཉེ་བར་
གཞག་པ་རྣམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ཡང་དག་པའི་སྤོང་བ་རྣམས་དང་། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་
པར་བགྱི། ཇི་ལྟར་སྟོང་པ་ཉིད་དང་། ཇི་ལྟར་མཚན་མ་མེད་པ་དང་། ཇི་ལྟར་སྨོན་པ་མེད་པ་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་
པའི་སྟོབས་བཅུ་ལ་བསླབ་པར་བགྱི། ཇི་ལྟར་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་དང་། ཇི་ལྟར་སྙིང་རྗེ་ཆེན་པོ་དང་། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་སྐྱེས་བུ་

ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། ཇི་ལྟར་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་བསླབ་པར་བགྱི། ཇི་ལྟར་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཡོངས་སུ་གྲུབ་པར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཡོངས་
སུ་གྲུབ་པར་བགྱི་བ་དང་། ཇི་ལྟར་ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཡོངས་སུ་གྲུབ་པར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སུ་སྐྱེ་བར་
བགྱི་བའི་སླད་དུ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་ཀྱི་བར་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ཚངས་རིས་ཀྱི་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་
ཆེ་བའི་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་མེད་པའི་སེམས་ཅན་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་གནས་གཙང་མའི་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི་ཞིང་དེར་སྐྱེ་བར་ཡང་མི་བགྱིད་ལགས། ཇི་
ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷའི་རིས་སུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི་ཞིང་དེར་ཡང་སྐྱེ་བར་མི་བགྱི་ལགས། དེ་བཞིན་དུ་སྦྱར་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷའི་རིས་ཀྱི་བར་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི་ཞིང་། དེར་ཡང་སྐྱེ་
བར་མི་བགྱི་ལགས། ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་པོ་ལ་བསླབ་པར་བགྱི། ཇི་ལྟར་གཉིས་པ་དང་། ཇི་ལྟར་གསུམ་པ་དང་། ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཅུ་པའི་བར་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་བསླབ་པར་བགྱི། དེ་བཞིན་
དུ་ཇི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པའི་བར་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་རང་སངས་རྒྱས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་

བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་གང་ལ་བསླབས་པས་ཆོས་ཐམས་ཅད་ཀྱི་རྣམ་པ་འཚལ་བར་
འགྱུར་བའི་བྱང་ཆུབ་སེམས་དཔའི་ལམ་ལ་བསླབ་པར་བགྱི། བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་དེ་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་ལགས་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པའམ། གཅིག་ཏུ་མི་འགྱུར་
ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་དེ་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་པའི་སླད་དུ་སྟེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་གི་སྐྱེ་མཆེད་
དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ཡང་མ་ལགས། མིག་གི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་ཡང་མ་ལགས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས། རྣམ་པར་ཤེས་པ་ལས་གུད་
ན་ཡང་མ་མཆིས། མིག་གི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས། མིག་གི་ཁམས་ལས་གུད་ན་ཡང་མ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཆོས་ཀྱི་དབྱིངས་
ལགས་ལ། ཆོས་ཀྱི་དབྱིངས་ཉིད་གཟུགས་ལགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་ཆོས་ཀྱི་དབྱིངས་ལགས་ལ། ཆོས་ཀྱི་དབྱིངས་ཉིད་རྣམ་པར་ཤེས་པ་ལགས་ཏེ། ལེའུ་སྔ་མར་ཇི་ལྟར་བསྒྲེས་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བགྱི་ལགས་སོ། །
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་དེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ཡིན་ལ།

གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ཡིན་ལ། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མེད་དེ། གཟུགས་ཉིད་ཆོས་ཀྱི་དབྱིངས་
ཡིན་ལ། ཆོས་ཀྱི་དབྱིངས་ཉིད་གཟུགས་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་ཉིད་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་ཉིད་རྣམ་པར་ཤེས་པ་ཡིན་ཏེ། ཕུང་པོ་རྣམས་ཀྱི་སྐབས་སུ་ཇི་ལྟར་བསྒྲེས་པ་དེ་བཞིན་དུ་སྐྱེ་མཆེད་རྣམས་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་འགའ་ཡང་མི་མཐོང་སྟེ། དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ན། ཆོས་ཐམས་ཅད་མིང་མེད་པ་ལ་འདི་ནི་གཟུགས་སོ། །འདི་ནི་ཚོར་
བའོ། །འདི་ནི་འདུ་ཤེས་སོ། །འདི་དག་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ། །དེ་བཞིན་དུ་སྦྱར་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བའི་བར་དུ་མིང་གི་བརྡས་སྟོན་པར་བྱེད་དོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་
སློབ་མ་མཁས་པ་ཞིག་གིས་གཟུགས་མཐོང་བ་འགའ་ཞིག་ཁོ་ན་ལ་བྱིན་གྱིས་བརླབས་ནས། སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་གཟུགས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྐྱེས་པའི་གཟུགས་སམ། བུད་མེད་ཀྱི་གཟུགས་སམ། གླང་པོ་ཆེ་དང་། རྟ་དང་། གླང་གི་གཟུགས་རྣམས་སམ།
སྐྱེད་མོས་ཚལ་ཉམས་དགའ་བའམ། ཆུ་ཀླུང་ཉམས་དགའ་བའམ། རྫིང་བུ་ཉམས་དགའ་བའམ། ལྗོན་ཤིང་ཉམས་དགའ་བ་སྣ་ཚོགས་བསྟན་ལ། དེར་ཡང་གདིང་བ་རྣམ་པ་སྣ་ཚོགས་དག་གམ། གོས་བགོ་བ་དག་ཀྱང་བསྟན། མེ་ཏོག་ཕྲེང་བ་སྣ་ཚོགས་དག་ཀྱང་བསྟན།

བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ཟན་དང་། བཏུང་བ་རྣམ་པ་སྣ་ཚོགས་དག་ཀྱང་བསྟན། གླུ་དབྱངས་དང་རོལ་མོའི་སྒྲ་མང་པོས་སྐྱེ་བོ་ཕལ་པོ་ཆེ་དེ་མངོན་པར་དགའ་བར་བྱེད་ཅིང་། བདག་ཉིད་སྦྱིན་པ་སྦྱིན་པར་བྱེད་པར་བསྟན་ཏམ། ཚུལ་ཁྲིམས་སྲུང་བའམ། བཟོད་
པ་སྒོམ་པའམ། བརྩོན་འགྲུས་རྩོམ་པའམ། བསམ་གཏན་དག་ལ་སྙོམས་པར་འཇུག་པའམ། བདག་ཉིད་ཤེས་རབ་སྒོམ་པར་ཡང་བསྟན་ལ། ཡང་དེ་རྣམ་པ་དེ་དག་གིས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་ཡང་བསྟན། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་
ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བ་དང་། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བ་ཡང་བསྟན་ཏམ། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་ཡང་བསྟན། དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་
དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་ཡང་བསྟན་ཏམ། དེ་བཞིན་དུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་ཡང་བསྟན། བདག་ཉིད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ཡང་བསྟན་ཏམ། བདག་ཉིད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་
དུ་ཉེ་བར་འགྲོ་བར་ཡང་བསྟན་ཏམ། དེ་བཞིན་དུ་བདག་ཉིད་རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སུ་བསྟན་ཏམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་
ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་
བཞིན་དུ་ས་དང་པོ་ལ་སྤྱོད་པ་དང་། ས་བཅུ་པའི་བར་ལ་སྤྱོད་པ་དང་། དེ་བཞིན་དུ་མངོན་པར་ཤེས་པ་མངོན་པར་སྒྲུབ་པར་བྱེད་པ་དང་། མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེན་ཅིང་། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་

པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གིས་རྣམ་པར་རྩེན་པར་བྱེད་པ་དེ་དག་དང་། བདག་ཉིད་འདྲ་བར་ཡང་བསྟན། དེ་བཞིན་དུ་བདག་ཉིད་དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་ཐོབ་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ལེགས་
པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་གསལ་བར་བྱས་པར་བསྟན་ན་དེ་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་བྱིས་པ་སོ་སོའི་སྐྱེ་བོའི་རང་བཞིན་ཅན་དེ་དག་ནི་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མི་འདི་ཇི་ཙམ་དུ་འདི་ལྟར་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་
ཀྱི་བར་དུ་ཡང་བསྟན་ཏེ། མིག་ཏུ་སྡུག་ཅིང་སྙིང་དགའ་བར་བྱེད་པའི་གཟུགས་རྣམ་པ་སྣ་ཚོགས་བསྟན་པ་དག་གིས་སྐྱེ་བོ་འདི་དག་དགའ་བར་བྱེད་པ་ནི་ལེགས་པར་བསླབས་པ་ཡིན་ཞིང་། བྱ་བ་མཛེས་པ་དག་བྱེད་དོ་སྙམ་མོ། །དེ་ནས་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་བུ་མོ་མཁས་
པའི་རང་བཞིན་ཅན་ཤེས་ཉེན་ཅན་རྟོག་གེ་དང་སྤྱོད་པར་ལྡན་པ་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། འདི་ལྟར་སྒྱུ་མའི་ལས་འདི་ལ་ཆོས་འགའ་ཡང་དམིགས་སུ་མེད་ན། མི་འདི་ཡོད་པ་མ་ཡིན་པ་མིག་དང་། ཡིད་རྨོངས་པར་བྱེད་པའི་ཆོས་འདི་དག་གིས་སྐྱེ་བོ་འདི་དག་
དགའ་བར་བྱེད་པ་དང་། བྱིས་པའི་རང་བཞིན་ཅན་གྱི་སེམས་ཅན་འདི་དག་ཡོད་པ་མ་ཡིན་པ་ལ་སེམས་ཅན་དུ་འདུ་ཤེས་ཤིང་། རྫས་མེད་པ་ལ་རྫས་སུ་འདུ་ཤེས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ་སྙམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མི་དམིགས་ལ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་ནི་གང་ཡང་མི་མཐོང་སྟེ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་མོད་ཀྱི། ཐབས་ལ་མཁས་པས་བདག་

ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་གོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་བར་དང་། གཞན་དག་ཀྱང་ཤེས་རབ་བསྒོམ་པའི་བར་དུ་ཡང་དག་པར་འཛིན་དུ་འཇུག་ཅིང་ཤེས་
རབ་ཀྱི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བར་དུ་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་ཡང་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཐབས་ལ་མཁས་པས་བདག་ལ་ཕན་པ་དང་། གཞན་ལ་ཕན་པར་བྱེད་ལ་སྐྱོ་བར་ཡང་མི་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་ཇི་ལྟར་བསྒྲེས་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་ལ་ཡང་དེ་བཞིན་དུ་
སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་དང་ཆོས་གང་ཡང་དམིགས་སུ་མ་མཆིས་
ན། འོ་ན་དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་དང་ཆོས་གང་ཡང་དམིགས་སུ་མེད་དོ། །རབ་འབྱོར་གལ་
ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མ་ཡིན་པ་ཞིག་ཏུ་གྱུར་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སེམས་ཅན་རྣམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་སྟོན་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་

གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ནས། སེམས་ཅན་རྣམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་སྟོན་ཏོ། །ཆོས་ཐམས་ཅད་རང་བཞིན་གྱིས་
སྟོང་པ་ཉིད་ཀྱང་གང་ཡིན་ཞེ་ན། རབ་འབྱོར་འདི་ལྟ་སྟེ། གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་
གྱིས་སྟོང་པ་ཉིད་ལ་གནས་ནས། ཕུང་པོ་ལྔ་པོ་འདི་དག་རང་བཞིན་གྱིས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་རིག་ནས་ཀྱང་དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་རང་བཞིན་
གྱིས་སྟོང་པར་རིག་ནས། དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རང་བཞིན་གྱིས་སྟོང་པ་ཉིད་དུ་རིག་ནས། དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་
ལ་ཆོས་སྟོན་ཏོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་རང་བཞིན་གྱིས་སྟོང་པར་རིག་ནས། དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་རྣམ་པར་ཐར་པ་
བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་
དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རང་བཞིན་གྱིས་སྟོང་པར་རིག་ནས། དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་

བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་རང་བཞིན་གྱིས་སྟོང་པར་རིག་ནས། དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་
ཏོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་དངོས་པོ་ཞིག་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཆོས་སྟོན་པར་མི་འགྱུར་ལ་རང་བཞིན་གྱིས་སྟོང་པ་ཉིད་བཤིག་པར་ཡང་འགྱུར་རོ། །དེ་བཞིན་དུ་ཕྱི་སྟོང་
པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་
དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་ཞིག་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་
ཆོས་སྟོན་པར་མི་འགྱུར་ལ། རང་བཞིན་གྱིས་སྟོང་པ་ཉིད་བཤིག་པར་ཡང་འགྱུར་བ་ཞིག་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་ནམ་དུ་ཡང་འཇིག་པར་མི་འགྱུར་ལ། ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན་ཏེ། འགྲོ་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་ན་མི་གནས།
ཕྱོགས་ན་ཡང་མི་གནས་ཏེ། དེ་ནི་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པའི་ཕྱིར་རོ། །དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་ཡིན་ཏེ། དེ་ལ་ནི་སོགས་པའམ། འཇིག་པའམ། འཕེལ་བའམ། འགྲིབ་པའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་
མོངས་པའམ། རྣམ་པར་བྱང་བའི་ཆོས་གང་ཡང་མེད་དེ། དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཡིན་ནོ། །རང་བཞིན་དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་མོད་ཀྱི། ཆོས་གང་ཡང་འཇུག་

པར་མི་མཐོང་ལ། དེས་ཆོས་ཐམས་ཅད་ཞུགས་པ་མེད་ཅིང་གནས་པ་མེད་པར་མཐོང་སྟེ། དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་
རང་བཞིན་གྱིས་སྟོང་པར་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལས་ཕྱིར་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་རང་བཞིན་གྱིས་སྟོང་པ་ཉིད་གང་ལ་བདག་དང་སེམས་ཅན་དང་སྐྱེ་བ་པོ་དང་། གསོ་བ་པོ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་།
ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དམིགས་སུ་མེད་པ་དང་། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་
མེད་པ་དང་། དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་དམིགས་སུ་མེད་པར་རྒྱ་ཆེར་སྦྱར་བར་བྱ་བའི་རང་བཞིན་གྱིས་སྟོང་པ་ཉིད་དེ་ལ་གནས་ནས། ཆོས་གང་ལ་ཡང་སྒྲིབ་པར་མི་མཐོང་སྟེ། དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་མཐོང་བའི་ཕྱིར་རོ། །རབ་འབྱོར་
དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་མི་རྣམས་ལ། དེ་བཞིན་གཤེགས་པས་སྤྲུལ་པ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་རྒྱུན་མ་ཆད་པར་ཆོས་བསྟན་པར་གྱུར་ན། རབ་འབྱོར་འདི་ཇི་
སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པས་སྤྲུལ་པའི་མི་དེ་དག་ལ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་འཐོབ་པའི་སྐལ་བ་ཡོད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་
འདས་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་དག་ལ་དངོས་པོ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དངོས་པོ་མེད་པའི་ཆོས་རྣམས་ལ་འབྲས་བུ་འཐོབ་པར་ཇི་ལྟར་འགྱུར་ཏེ། རབ་འབྱོར་

ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཤེས་རབ་ཅན་སུ་ཞིག་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་མངོན་པར་ཞེན་པར་བྱེད། གཞན་དུ་ན་ཕྱིན་ཅི་ལོག་ཏུ་ལྟུང་བའི་སྐྱེ་དགུ་རྣམས་ཕྱིན་ཅི་ལོག་མེད་པ་ལ་འཛུད་ཅིང་རབ་ཏུ་འགོད་པར་བྱེད་དེ། རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །
ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་དོ། །དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །གང་ལ་གཟུགས་མེད་ཅིང་ཚོར་བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་།
རྣམ་པར་ཤེས་པ་མེད་པ་དེ་ལ་བདག་མེད་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་མེད་དེ། དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ནོ། །དེ་ལ་ནི་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ཕྱིན་ཅི་ལོག་
ལས་རྣམ་པར་གྲོལ་བར་བྱེད་དེ། འདི་ལྟ་སྟེ། སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས་པ་དང་། དེ་བཞིན་དུ་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་དང་། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་འདུ་ཤེས་པའི་སེམས་ཅན་རྣམས་རྣམ་པར་ཤེས་པར་འདུ་ཤེས་པའི་བར་ལས་རྣམ་པར་གྲོལ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བར་གྱི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །
ཟག་པ་མེད་པའི་ཆོས་གང་དག་ཡིན་པ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།

རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དེ་དག་ཀྱང་དོན་དམ་པར་འདུས་མ་བྱས་ཇི་ལྟ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་མ་སྐྱེས་པ་དང་། དངོས་པོ་མེད་པ་ཡིན་ཏེ། དེ་ནི་རང་བཞིན་གྱིས་སྟོང་པ་
ཉིད་ཡིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡིན་ཏེ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་དོ། །གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་
པར་ཤེས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་མ་གཏོགས་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་ཆེད་དུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་དོན་དུ་གཉེར་བར་མི་བྱེད་དོ། །རང་བཞིན་གྱིས་སྟོང་པ་ཉིད་དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་ཀྱི་མཐར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རང་བཞིན་གྱིས་སྟོང་པ་ཉིད་དེ་ལ་གནས་ནས། སེམས་
ཅན་རྣམས་ཀྱི་སེམས་ཅན་དུ་འདུ་ཤེས་པ་དང་། འདུ་ཤེས་ཐམས་ཅད་ལས་རབ་ཏུ་དགྲོལ་བའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པར་བྱེད་དོ། །དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། ཡང་
དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་དང་། ལམ་ཐམས་ཅད་ལ་སྤྱོད་དོ། །དེས་ལམ་རྣམས་ཡོངས་སུ་རྫོགས་པར་བྱས། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ཏེ། དེའི་ཚེ་འདུ་བྱེད་རྣམས་བྱིན་གྱིས་བརླབས་
ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཚུལ་དེ་གང་ཞེ་ན། འདི་

ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཉིད་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཉིད་ཡིན་པར་གྱུར་ཏོ། །སངས་རྒྱས་བཅོམ་
ལྡན་འདས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ཉིད་ཡིན་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་
ཤིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཉིད་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་སྟོང་པ་ཉིད་ལ་མ་གཏོགས་པར་འཇིག་རྟེན་དུ་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟ་
བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ་སྟེ། དེ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་
པར་མི་འགྱུར་རོ། །གསོལ་པ། ཀྱེ་མ་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་སྤྱོད་ཀྱང་། གཟུགས་ཀྱང་གཞན། ཚོར་བ་ཡང་གཞན། འདུ་ཤེས་ཀྱང་གཞན། འདུ་བྱེད་རྣམས་
ཀྱང་གཞན། རྣམ་པར་ཤེས་པ་ཡང་གཞན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་གཞན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གཞན་དུ་རང་བཞིན་གྱིས་སྟོང་པ་ཉིད་
དེ། རྣམ་པར་འཁྲུག་པར་ཡང་མི་བགྱིད་ལ། རང་བཞིན་གྱིས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་རང་བཞིན་གྱིས་སྟོང་པ་ཉིད་ལགས་པ་ནི་ངོ་མཚར་ལགས་སོ།། །།ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་སུམ་ཅུ་གཅིག་པ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་གཟུགས་ཀྱང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན། དེ་བཞིན་
དུ་ཚོར་བ་ཡང་གཞན། འདུ་ཤེས་ཀྱང་གཞན། འདུ་བྱེད་རྣམས་ཀྱང་གཞན། རྣམ་པར་ཤེས་པ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན། བྱང་ཆུབ་ཀྱི་བར་དུ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་ཞིག་ཡིན་པར་གྱུར་ན་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་གཟུགས་ཡིན་ཞིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཡིན་ལ། རང་
བཞིན་གྱིས་སྟོང་པ་ཉིད་རྣམ་པར་ཤེས་པ་ཡིན། རང་བཞིན་གྱིས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡིན་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་རང་བཞིན་གྱིས་
སྟོང་པར་རིག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་འདི་ལ་ཆོས་གང་ཡང་འཇིག་པ་ཡང་མེད། ཐེར་ཟུག་ཏུ་གནས་པ་ཡང་མེད། འགྲོ་བ་ཡང་མེད་པའི་ཕྱིར་རོ། །བྱིས་པ་
འདུ་ཤེས་སྣ་ཚོགས་ཅན་རྣམས་ནི་གཟུགས་ཀྱང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་དུ་ཡོངས་སུ་རྟོག་གོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་དུ་ཡོངས་སུ་རྟོག་གོ། །དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་དུ་ཡོངས་སུ་རྟོག་གོ། །དེ་དག་དེ་ལྟར་ཡོངས་སུ་རྟོག་པར་བྱེད་པས་གཟུགས་ལ་མངོན་པར་ཞེན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་

ཤེས་པ་ལ་མངོན་པར་ཞེན་ཏོ། །དེ་དག་གཟུགས་ལ་མངོན་པར་ཞེན་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་སྤྱོད་ཅིང་། དེ་ལ་ཡང་མངོན་པར་ཞེན་ཏོ། །མངོན་པར་ཞེན་
ནས་ཀྱང་ཡང་གཟུགས་སྐྱེད་པར་བྱེད་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེད་པར་བྱེད་དེ། དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། འགྲོ་བ་ལྔའི་འཁོར་བའི་འཁོར་ལོ་ལས་ཡོངས་སུ་མི་འཐར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་སྟོང་ངམ་འོན་ཏེ་
མི་སྟོང་ཞེས་བྱ་བར་ཁས་མི་ལེན་ཅིང་། ཉེ་བར་མི་ལེན་ལ་རྣམ་པར་འཁྲུག་པར་ཡང་མི་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ངམ། འོན་ཏེ་མི་སྟོང་ཞེས་བྱ་བར་ཁས་མི་ལེན་ཅིང་། ཉེ་བར་མི་ལེན་ལ་རྣམ་པར་འཁྲུག་
པར་ཡང་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་སྟོང་ངམ། འོན་ཏེ་མི་སྟོང་ཞེས་བྱ་བར་ཁས་མི་ལེན་ཅིང་ཉེ་བར་མི་ལེན་ལ། རྣམ་པར་འཁྲུག་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་འདི་ལྟ་སྟེ། འདི་ནི་གཟུགས་སོ། །འདི་ནི་རྣམ་པར་ཤེས་
པའི་བར་རོ། །འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཡིན་ནོ་ཞེས་གཟུགས་རྣམ་པར་འཁྲུག་པར་ཡང་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་པའི་ཕྱིར་རོ། །རབ་འབྱོར་དཔེར་ན་
ནམ་མཁས་ནི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དེ། ནང་གི་ནམ་མཁའི་ཁམས་ཀྱིས་ཀྱང་ཕྱི་རོལ་གྱི་ནམ་མཁའི་ཁམས་རྣམ་པར་འཁྲུགས་པར་མི་བྱེད་ལ། ཕྱི་རོལ་གྱི་ནམ་མཁའི་ཁམས་ཀྱིས་ཀྱང་ནང་གི་ནམ་མཁའི་ཁམས་རྣམ་པར་འཁྲུགས་པར་མི་བྱེད་དོ། །རབ་

འབྱོར་དེ་བཞིན་དུ་གཟུགས་ཀྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་ཉིད་ཀྱིས་ཀྱང་གཟུགས་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་
ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་བར་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་
དག་ལ་འདི་ནི་སྟོང་ངོ་། །འདི་ནི་མི་སྟོང་ངོ་སྙམ་དུ་རྣམ་པར་རྟོག་པར་བྱེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་རང་བཞིན་གྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་
ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ལགས་སམ། རབ་འབྱོར་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་དག་ལགས། རྟགས་ནི་གང་དག་ལགས། མཚན་མ་ནི་གང་དག་ལགས། བདག་ཅག་གིས་ཇི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལགས་པར་འཚལ་བར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་། ཉན་ཐོས་ཀྱི་ས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ས་གང་ཡིན་པ་དང་། དེ་བཞིན་གཤེགས་
པའི་ས་གང་ཡིན་པའི་ས་བཤད་པ་དེ་དག་ཐམས་ཅད་ནི་ཆོས་ཀྱི་དེ་བཞིན་ཉིད་དེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དེ་བཞིན་ཉིད་དེ། ཆོས་ཀྱི་དེ་བཞིན་ཉིད་དེ་ལ་འཇུག་པར་བྱེད་

ལ། དེ་བཞིན་ཉིད་དེ་ཆོས་ཀྱི་དེ་བཞིན་ཉིད་ལ་མི་རྟོག་སྟེ། རྣམ་པར་མི་རྟོག་པ་ཁོ་ནའི་ཚུལ་གྱིས་དེ་བཞིན་ཉིད་ལ་འཇུག་གོ། །དེ་ལ་ཞུགས་ནས་ཀྱང་དེའི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་ནས། དེ་བོར་ཏེ་འདི་ནི་ཆོས་ཀྱི་དེ་བཞིན་ཉིད་མ་ཡིན་ནོ་སྙམ་དུ་ཆོས་གང་ལ་ཡང་ཐེ་ཚོམ་མི་ཟ་
ཞིང་། དེ་བཞིན་ཉིད་འདི་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དོ་སྙམ་མོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། ཚིག་དོན་དང་ལྡན་པ་ཁོ་ནར་སྨྲའི་དོན་དང་མི་ལྡན་པར་ནི་མ་ཡིན་ནོ། །གཞན་གྱིས་བྱས་པ་དང་མ་བྱས་པ་ལ་
མི་ལྟ་ཞིང་། ལེགས་པར་གསུངས་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་ལྡོག་པ་ཡིན་པར་རིག་པར་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་རྣམ་པ་གང་
དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་སྟོན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པ་མཚན་མ་མེད་པ་ཡིན་ནོ། །
གསོལ་པ། གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། རྟགས་མ་མཆིས་པ་མཚན་མ་མ་མཆིས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དག་ལས་ཕྱིར་ལྡོག་ན། ཕྱིར་མི་ལྡོག་པར་སྟོན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་ཕྱིར་ལྡོག་པ་ཡིན་ཞིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་སྟོན་
ཏོ། །རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོའི་སྐྱེ་བོའི་ས་ལས་ཕྱིར་ལྡོག་པ་དང་། ཉན་ཐོས་ཀྱི་ས་ལས་ཕྱིར་ལྡོག་པ་དང་། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེའི་ཚེ་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་ཕྱིར་མི་ལྡོག་པ་དང་། ནང་སྟོང་པ་ཉིད་ལས་ཕྱིར་མི་ལྡོག་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་ཕྱིར་མི་ལྡོག་པ་དང་། དེ་བཞིན་དུ་སྦྱར་
ཏེ། སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལས་ཕྱིར་མི་ལྡོག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་། བྲམ་ཟེ་འདི་
དག་ནི་ཤེས་པར་བྱ་བ་ཤེས་ཤིང་མཐོང་བར་བྱ་བ་མཐོང་བའམ། ཡང་དག་པའི་ལྟ་བ་འདོགས་པར་བྱེད་པའོ། །ཞེས་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་དག་གི་ངོར་ལྟ་བ་དེ་ནི་གནས་མེད་དེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཐེ་ཚོམ་བསྐྱེད་པར་མི་བྱེད་དེ། ཚུལ་
ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་གྱུར་པ་མ་ཡིན་ནོ། །ལྟ་བ་ངན་པར་མི་ལྟུང་ངོ་། །དགེ་མཚན་དང་། བཀྲ་ཤིས་ལ་དག་པར་མི་འཛིན་ཏོ། །ལྷ་གཞན་དག་ལ་ཕྱག་འཚལ་བར་མི་བྱེད་ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། མར་མེ་དང་།
བདུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དེ་དག་ལ་སྦྱིན་པའམ། བྱ་བར་མི་སེམས་པ་སྟེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རིགས་དམན་པ་དང་།
རིགས་ངན་དུ་མི་སྐྱེ་སྟེ། འདི་ལྟ་སྟེ། གདོལ་པའི་རིགས་རྣམས་སམ། གཡུང་པོའི་རིགས་རྣམས་སམ། སྨྱིག་མ་མཁན་གྱི་རིགས་རྣམས་སམ། དེ་ལས་གཞན་པའི་རིགས་ངན་རྣམས་སམ། མི་ཁོམ་པ་བརྒྱད་པོ་དག་གི་བར་རྣམས་སུ་མི་སྐྱེ། བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་
འཛིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་

བླངས་ནས་གནས་ཏེ། དེ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་སྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། སྲོག་གཅོད་པ་སྤོང་བ་སྒྲུབ་པའི་བསྔགས་པ་ཡང་རྗོད་པ་ཡིན། གཞན་གང་དག་སྲོག་གཅོད་པ་སྤངས་པ་དེ་དག་གི་
བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་གིས་ཀྱང་ལོག་པར་ལྟ་བའི་བར་དུ་སྤངས་ཤིང་། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་སྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། ལོག་པར་ལྟ་བ་སྤོང་བ་སྒྲུབ་པའི་བསྔགས་པ་ཡང་
རྗོད་པ་ཡིན། གཞན་གང་དག་ལོག་པར་ལྟ་བ་སྤངས་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་
འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ