Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
ྣམ་པར་ཤེས་པ་ལ་བརྟེན་པར་མི་བྱེད་ལ། སེམས་ཅན་དེ་དག་ཆོས་དེ་ཐོས་ནས་སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་
བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་སྐྱབས་སུ་འོས་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་
པོ་ཉི་ཤུ་གཉིས་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་དཔུང་གཉེན་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལམ་གྱི་རྣམ་པ་ལ་མཁས་པ་དག་དང་། ལམ་ངན་པར་ཞུགས་
པའི་སེམས་ཅན་རྣམས་ལ་འདི་སྐད་དུ་ཆོས་སྟོན་ཏེ། གཟུགས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་མིག་གི་ཕ་རོལ་
ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་གཟུགས་རྣམས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་
དང་། ཆོས་རྣམས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་
རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་

ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་མ་རིག་པའི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་
བར་གྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་
པའི་སྟོབས་བཅུའི་བར་གྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ནི་རྟག་ཏུ་འཇིགས་པ་མེད་པའོ། །གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་
མ་ཡིན་ནོ། །དེ་བཞིན་དུ་མིག་གི་ཕ་རོལ་གང་ཡིན་པ་དེ་ནི་མིག་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཡིད་མ་ཡིན་ནོ། །དེ་བཞིན་དུ་གཟུགས་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་དག་ནི་གཟུགས་རྣམས་
མ་ཡིན་ནོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་རྣམས་མ་ཡིན་ནོ། །དེ་བཞིན་དུ་མིག་གི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་མིག་གི་ཁམས་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དང་། མིག་གི་
རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །

དེ་བཞིན་དུ་སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་།
ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་མ་རིག་པའི་ཕ་རོལ་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྒ་
ཤིའི་བར་གྱི་ཕ་རོལ་གང་ཡིན་པ་དེ་ནི། རྒ་ཤི་མ་ཡིན་ནོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ཕ་རོལ་གང་ཡིན་པ་དེ་ནི།
འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕ་རོལ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཕ་
རོལ་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །
རབ་འབྱོར་ཆོས་འདི་དག་གི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་གི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ན་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་མ་ལགས་སམ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་དག་ནི་འདུ་བྱེད་རྣམས་

སོ། །འདི་ནི་རྣམ་པར་ཤེས་པའོ། །དེ་བཞིན་དུ་སྦྱར་ཏེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིན་ནོ་སྙམ་དུ་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མ་མཆིས། དེ་བཞིན་དུ་ཚོར་བའི་ཕ་རོལ་དང་། འདུ་ཤེས་ཀྱི་ཕ་རོལ་དང་།
འདུ་བྱེད་རྣམས་ཀྱི་ཕ་རོལ་དང་། རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མ་མཆིས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕ་རོལ་ན། རྣམ་པར་རྟོག་པ་ཅི་ཡང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར། ཇི་སྐད་སྨྲས་པ་དེ་བཞིན་ནོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ། ཆོས་འདི་དག་འདི་ལྟར་ཞི་བ་འདི་ལྟར་ཟབ་པ་ལ་ངེས་པར་སེམས་
ཀྱང་ཞུམ་པར་མི་འགྱུར་ཏེ། དེ་དག་འདི་སྙམ་དུ་བདག་ཅག་གིས་ཆོས་འདི་དག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྟེ། དེ་ལྟར་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འདི་ལྟར་ཟབ་པའི་ཆོས་འདི་དག་
སེམས་ཅན་རྣམས་ལ་བསྟན་པར་བྱའོ་སྙམ་དུ་སེམས་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་དཔུང་གཉེན་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་
ཀྱི་གླིང་ཡིན་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཆུ་ཀླུང་དག་གམ། མཚོའམ། མཚོ་ཆེན་པོ་དག་གམ། རྒྱ་མཚོ་དག་གིས་ཕྱོགས་འདི་དག་ཆུས་ཀུན་ཏུ་ཆོད་པ་གང་དག་ཡིན་པ་དེ་དག་ནི་གླིང་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་སྔོན་གྱི་མཐའ་དང་། ཕྱི་
མའི་མཐའ་ཡོངས་སུ་ཆད་པ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་ཁོ་ན་བཞིན་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་

པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་ཁོ་ན་བཞིན་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་གྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་ཁོ་ན་བཞིན་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་ཆོས་
ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་ཡོངས་སུ་ཆད་པ་ཡིན་ནོ། །རབ་འབྱོར་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པ་གང་ཡིན་པ་དེ་ནི་ཞི་བ་གྱ་ནོམ་པ་ཇི་ལྟ་བ་བཞིན་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་དང་། དམིགས་སུ་མེད་པ་
དང་། ལམ་ཡོངས་སུ་ཆད་པ་དང་། སྲེད་པ་ཟད་པ་དང་། ལྷག་མ་མ་ལུས་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་
ཀྱི་གླིང་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་སྒྲོན་མ་འཛིན་པ་དང་། འོད་བྱེད་པ་ཡིན་ཞེ་ན། བཅོམ་ལྡན་འདས་དག་གིས་དེ་དག་གི་དོན་དེ་ཁོ་ན་ལ་དེ་ཁོ་ནར་རྟོགས་ནས་དེ་ཁོ་ན་བཞིན་དུ་འཛིན་ཅིང་།
སེམས་ཅན་རྣམས་ལ་ཡང་སྟོན་ལ། སེམས་ཅན་རྣམས་ཀྱང་དེ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་སྒྲོན་མ་འཛིན་པ་དང་། འོད་བྱེད་པ་
ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་དེད་དཔོན་དང་། ཡོངས་སུ་འདྲེན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སེམས་ཅན་ལམ་ངན་པར་ཞུགས་པ་འགྲོ་བ་ངན་

པའི་འགྲོ་བར་འགྲོ་བ་དག་ལ། སེམས་ཅན་རྣམས་རྣམ་པར་དག་པར་བྱ་བ་དང་། མྱ་ངན་དང་། གནོད་པ་དག་ལས་ཡང་དག་པར་འདའ་བར་བྱ་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དག་ནུབ་པར་བྱ་བ་དང་། རིགས་པའི་ཆོས་རྟོགས་པར་
བྱ་བ་དང་། མྱ་ངན་ལས་འདའ་བ་མངོན་སུམ་དུ་བྱ་བའི་ཕྱིར་བགྲོད་པ་གཅིག་པའི་ལམ་སྟོན་པར་བྱེད་དོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་
ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་
པར་བྱང་བ་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་
བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་དེད་དཔོན་དང་། ཡོངས་སུ་
འདྲེན་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་རྟེན་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞི་པོ་འདི་
ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་སེམས་ཅན་རྣམས་བསྡུས་ནས་སེམས་ཅན་དེ་དག་ཉིད་ལ་གཟུགས་ནམ་མཁའི་ཚུལ་ཅན་དུ་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།

རྣམ་པར་ཤེས་པ་ནམ་མཁའི་ཚུལ་ཅན་དུ་ཆོས་སྟོན་ཏོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནམ་མཁའི་ཚུལ་ཅན་དུ་ཆོས་སྟོན་ཏོ། །གཞན་ཡང་མ་འོངས་པའི་གཟུགས་ནི་སྟོང་པ་ཉིད་དེ། དེ་ནི་གང་ནས་ཀྱང་འོང་བ་
མེད་ལ། གང་དུ་ཡང་འགྲོ་བ་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་མ་འོངས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། མ་འོངས་པའི་རྣམ་པར་ཤེས་པ་ནི་སྟོང་པ་ཉིད་དེ་དེ་ནི་གང་ནས་ཀྱང་འོང་བ་མེད་ལ་གང་དུ་ཡང་འགྲོ་བ་མེད་
པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ། མ་འོངས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་སྟོང་པ་ཉིད་དེ། དེ་ནི་གང་ནས་ཀྱང་འོང་བ་མེད་ལ། གང་དུ་ཡང་འགྲོ་བ་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་རྣམས་ཀྱི་རྟེན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་
འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །རབ་འབྱོར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དག་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་སོ། །རབ་འབྱོར་དེ་
ལྟར་གོང་མ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །རབ་འབྱོར་

སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དག་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་།
མིག་ཡོར་དང་། བྲག་ཅ་དང་། སྤྲུལ་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་།
སྤྲུལ་པ་དག་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྲི་བ་མེད་པ་དང་། བསྣན་པ་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་དབྲི་བ་མེད་པ་དང་། བསྣན་པ་མེད་པའི་ཚུལ་ཅན་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མ་འོངས་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མ་འོངས་པའི་ཚུལ་ཅན་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ནི་བླང་དུ་མེད་པ་དང་། དོར་དུ་མེད་པའི་བར་གྱི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླང་དུ་མེད་པ་དང་། དོར་དུ་མེད་པ་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་འདྲེ་བ་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདྲེ་བ་མེད་པ་ལ་འགྲོ་བའམ། འོང་བ་ཅི་ཡང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་མེད་པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ལ་ནི་འགྲོ་བའམ། འོང་བ་ཅི་ཡང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་གོང་མ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་དང་། སྐྱེ་བ་པོ་མེད་པ་དང་། སྲོག་མེད་པ་
དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་པ་མེད་པ་དང་། ཤེད་བུ་མེད་པ་དང་། སློང་བ་པོ་མེད་པ་དང་། ཀུན་ནས་སློང་བ་པོ་མེད་པ་དང་། བྱེད་པ་པོ་མེད་པ་དང་། བྱེད་དུ་འཇུག་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མེད་
པའི་ཚུལ་ཅན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་གཏན་མེད་ཅིང་མི་དམིགས་པ་དང་། དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་དང་། ཤེད་
ལས་སྐྱེས་པ་དང་། ཤེད་བུ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་རྟག་པ་དང་། མི་རྟག་པའི་
ཚུལ་ཅན་ནོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་བདེ་བའི་ཚུལ་ཅན་དང་། སྡུག་བསྔལ་བའི་ཚུལ་ཅན་དང་། བདག་གི་ཚུལ་ཅན་དང་། བདག་མེད་པའི་ཚུལ་ཅན་དང་། སྟོང་པའི་ཚུལ་ཅན་དང་། མི་སྟོང་པའི་ཚུལ་ཅན་དང་། མཚན་མའི་ཚུལ་ཅན་དང་།
མཚན་མ་མེད་པའི་ཚུལ་ཅན་དང་། སྨོན་པའི་ཚུལ་ཅན་དང་། སྨོན་པ་མེད་པའི་ཚུལ་ཅན་དང་། ཞི་བའི་ཚུལ་ཅན་དང་། དབེན་པའི་ཚུལ་ཅན་དང་། ཀུན་ནས་ཉོན་མོངས་པའི་ཚུལ་ཅན་དང་། རྣམ་པར་བྱང་བའི་ཚུལ་ཅན་དང་། སྐྱེ་བའི་ཚུལ་ཅན་དང་། སྐྱེ་བ་མེད་པའི་
ཚུལ་ཅན་དང་། འགག་པའི་ཚུལ་ཅན་དང་། འགག་པ་མེད་པའི་ཚུལ་ཅན་དང་། དངོས་པོའི་ཚུལ་ཅན་དང་། དངོས་པོ་མེད་པའི་ཚུལ་ཅན་དང་། སྡུག་པའི་ཚུལ་ཅན་དང་། མི་སྡུག་པའི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

རྟག་པ་དང་། བདེ་བ་དང་། བདག་དང་། སྡུག་པའི་བར་དུ་གཏན་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་གཞི་ཅན་དང་། ཞེ་སྡང་གི་གཞི་ཅན་
དང་། གཏི་མུག་གི་གཞི་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདོད་ཆགས་ཀྱི་གཞི་དང་། ཞེ་སྡང་གི་གཞི་དང་། གཏི་མུག་གི་གཞི་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་
ཆོས་ཐམས་ཅད་ནི་ལྟ་བའི་རྣམ་པའི་གཞི་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྟ་བའི་རྣམ་པའི་གཞི་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་དེ་
བཞིན་ཉིད་ཀྱི་ཚུལ་ཅན་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཅན་དང་། ཡང་དག་པའི་མཐའི་ཚུལ་ཅན་དང་། མཉམ་པ་ཉིད་ཀྱི་ཚུལ་ཅན་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་
དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ཆོས་མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་པའི་ཚུལ་
ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་འགྲོ་བའམ། འོང་བར་འགྱུར་བའི་གཡོ་བ་ཉིད་གང་ཡང་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ཚུལ་ཅན་ནོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་
ཚོར་བའི་ཚུལ་ཅན་དང་། འདུ་ཤེས་ཀྱི་ཚུལ་ཅན་དང་། འདུ་བྱེད་རྣམས་ཀྱི་ཚུལ་ཅན་དང་། རྣམ་པར་ཤེས་པའི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མེད་ཅིང་མི་དམིགས་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།

འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྦྱིན་པའི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པ་གཏན་
མེད་ཅིང་མི་དམིགས་ན། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་ག་ལ་ཡོད། རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཚུལ་ཁྲིམས་ཀྱི་ཚུལ་ཅན་དང་། བཟོད་པའི་ཚུལ་ཅན་དང་། བརྩོན་འགྲུས་ཀྱི་ཚུལ་ཅན་དང་། བསམ་གཏན་གྱི་ཚུལ་ཅན་དང་། ཤེས་རབ་ཀྱི་ཚུལ་
ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ནང་སྟོང་པ་ཉིད་ཀྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཕྱི་སྟོང་པ་ཉིད་ཀྱི་ཚུལ་ཅན་དང་། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
བར་གྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པའི་
ཚུལ་ཅན་ནོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གཏན་མེད་ཅིང་མི་དམིགས་ན། དེ་དག་

གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཚུལ་ཅན་ནོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་
ཀྱི་བར་གྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཏན་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྒྱུན་དུ་ཞུགས་
པའི་འབྲས་བུའི་ཚུལ་ཅན་ནོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
རྒྱུན་དུ་ཞུགས་པའི་འབྲས་བུ་གཏན་མེད་ཅིང་མི་དམིགས་པ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་མེད་ཅིང་མི་དམིགས་ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་
ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་ཅན་ཏེ། ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཏན་མེད་ཅིང་མི་དམིགས་
ན། དེ་དག་གི་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་མོ་འདི་ལ་སུ་དག་
མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་སྤྱད་པ་དག་དང་། སྔོན་གྱི་ཡང་དག་པར་རྫོགས་པའི་

སངས་རྒྱས་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པ་དག་དང་། དགེ་བའི་རྩ་བ་དག་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་རོ། །གསོལ་པ། བཙུན་པ་
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་བ་དེ་དག་གི་སེམས་ཀྱི་ངོ་བོ་ཉིད་དེ་ཅི་འདྲ་བ་ཞིག་ཏུ་འགྱུར་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་དག་གི་རྟགས་ནི་ཅི་འདྲ་བ་ཞིག་ལགས། མཚན་མ་ནི་ཅི་འདྲ་བ་ཞིག །དབྱིབས་ནི་ཅི་འདྲ་བ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ལ་མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་བ་དེ་དག་གི་སེམས་ཀྱི་ངོ་བོ་ཉིད་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དུལ་བ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་
ཡིད་ཆེས་ཤིང་མོས་པར་འགྱུར་བ་དེ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྟགས་དང་། མཚན་མ་དང་། དབྱིབས་ཀྱི་དབེན་པ་དག་ཏུ་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་བ་དེ་དག་ཇི་ལྟ་བུའི་ཚུལ་ཅན་དུ་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
མོ་འདི་ལ་མངོན་པར་ཡིད་ཆེས་ཤིང་མོས་པར་འགྱུར་བ་དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་དུ་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་

ཡོངས་སུ་འཛིན་པ་མ་མཆིས་པ་སྒོམ་པ་དག་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་དུ་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཆོས་ཐམས་ཅད་རྣམ་པར་འཇིག་པ་ལགས་ལ།
བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་རྣམ་པར་འཇིག་པ་ཡང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཆོས་ཐམས་ཅད་གང་དག་རྣམ་
པར་འཇིག་པ་ཡིན། གསོལ་པ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། ཁམས་
བཅྭ་བརྒྱད་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་བདག་དང་། སེམས་ཅན་དང་། སྐྱེ་བ་པོ་དང་། སྲོག་དང་། གསོ་བ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་
དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་
དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། དྲན་པ་

ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་བསྒོམ་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་འཇིག་པ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་གཟུགས་རྣམ་པར་འཇིག་པའོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། མིག་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་དེ་ནི། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། གཟུགས་རྣམས་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་དེ་ནི། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་མིག་གི་ཁམས་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་

པ་དེ་ནི་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་
ཁམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་དེ་ནི། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་
རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི།
དྲན་པ་ཉེ་བར་གཞག་པ་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་རྣམ་པར་འཇིག་པ་ཡིན་ནོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་བསྒོམ་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་
དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཆོས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཇིག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཉེ་བར་བརྟག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཞེན་པར་མི་བྱེད་དོ། །དེ་
བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ན། གཞན་གྱིས་སྨྲས་པའི་ཚིག་དག་ལ་སྙིང་པོ་མེད་པ་དང་། དེ་ཁོ་ན་མ་ཡིན་པར་
ཁོང་དུ་ཆུད་པར་བྱེད་དེ། གཞན་གྱི་དད་པས་མི་འགྲོའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། མཚུངས་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་འཕྲོགས་པར་མི་འགྱུར་རོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་

ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། མི་ཞུམ་མི་འགོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡིད་ཕྱིར་ལྡོག་པར་མི་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་མངོན་པར་དགའ་
ཞིང་། ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀུན་ཆུབ་པར་བྱེད་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དང་། དེ་བཞིན་དུ་སྒྲུབ་པར་བྱེད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་ཡོངས་སུ་དྲི་བ་བྱས་པ་དང་། བཟུང་བ་དང་། ཀུན་ཆུབ་པར་བྱས་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆང་བ་ན། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། མི་ཞུམ་མི་འགོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དེའི་ཡིད་ཕྱིར་ལྡོག་པར་མི་
འགྱུར་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་བྱེད། འཆང་བར་བྱེད། ཀུན་ཆུབ་པར་བྱེད་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆང་བ་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། མི་ཞུམ་མི་འགོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཡིད་ཕྱིར་ལྡོག་པར་མི་འགྱུར་
བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་བགྱིད་པ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཇི་ལྟར་སྤྱད་པར་བགྱི་ལགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་སྤྱད་པར་བྱའོ། །གསོལ་པ། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་སྤྱད་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། སྟོང་པ་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་སྤྱད་པར་བྱའོ། །དེ་བཞིན་དུ་ནམ་མཁའ་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། དེ་བཞིན་དུ་སྦྱར་ཏེ། སྐྱེ་བ་
མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། དེ་བཞིན་དུ་དེ་བཞིན་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། དེ་བཞིན་དུ་དེ་བཞིན་ཉིད་ལ་གཞོལ་བ་དང་། ཆོས་
ཀྱི་དབྱིངས་ལ་གཞོལ་བ་དང་། ཡང་དག་པའི་མཐའ་ལ་གཞོལ་བ་དང་། ཆོས་མཉམ་པ་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གཞོལ་བའི་སེམས་ཀྱི་རྒྱུད་དང་། དེ་བཞིན་དུ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་
ལམ་དང་། མིག་ཡོར་དང་། བྲག་ཅ་དང་། སྤྲུལ་པ་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དང་། དེ་བཞིན་དུ་སྦྱར་ཏེ། སྒྱུ་མ་དང་། སྨིག་
རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། སྤྲུལ་པ་ལ་གཞོལ་བའི་སེམས་ཀྱི་རྒྱུད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ན། བཙུན་པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཟུགས་ལ་སྤྱོད་པ་ལགས་

སམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་གཟུགས་ལ་སྤྱོད་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་པ་མ་ཡིན་ནོ། །རབ་འབྱོར་
དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་མ་ཡིན་ནོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་སུས་ཀྱང་མ་བྱས། འགྱུར་
བར་ཡང་མ་བྱས། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། གང་ལ་ཡང་མི་གནས། ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས་ཏེ། དེ་ལ་ནི་གྲངས་དང་། རྩིས་ཀྱང་མི་གནས་མི་དམིགས་སོ། །གང་ལ་གྲངས་དང་། རྩིས་མི་དམིགས་པ་
དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་
དག་གམ། ཤེས་རབ་བམ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། དེ་བཞིན་དུ་ཚོར་
བ་དང་། དེ་བཞིན་དུ་འདུ་ཤེས་དང་། དེ་བཞིན་དུ་འདུ་བྱེད་རྣམས་དང་། དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་
བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་ཡིན། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་ཡིན། དེ་བཞིན་དུ་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་བསྒོམ་པའི་ལེའུ་
ཞེས་བྱ་སྟེ། ཉི་ཤུ་གཉིས་པའོ།། །།དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དག་གིས་ལྷའི་ཙན་དན་གྱི་ཕྱེ་མ་དག་དང་། རྒྱ་སྤོས་དང་། ཏ་ལའི་ལོ་མའི་ཕྱེ་མ་དག་དང་། ལྷའི་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་
དཀར་པོ་དག་སངས་རྒྱས་བཅོམ་ལྡན་འདས་ལ་གཏོར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་ལྷ་དེ་དག་གིས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་རྟོགས་པར་དཀའ་བ། བརྟག་པར་མི་ནུས་པ། རྟོག་གེའི་སྤྱོད་པ་མ་ལགས་པ། ཞི་བ་ཞིབ་མོ་བརྟགས་པའི་མཁས་པ་དང་། མཛངས་པས་
རིག་པར་བགྱི་བ་ལགས་པ་དང་། བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བསྟན་པ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ལགས་ཏེ། འདི་ལྟར་གཟུགས་ཉིད་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། དེ་བཞིན་དུ་འདུ་ཤེས་དང་། དེ་བཞིན་དུ་འདུ་བྱེད་རྣམས་དང་། དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་ཤེས་པ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་
དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །འདི་ལྟར་མིག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་མིག་ལགས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལགས་ཏེ། མིག་གི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །འདི་ལྟར་གཟུགས་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
གཟུགས་རྣམས་ལགས་སོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་རྣམས་ལགས་སོ། །འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ལགས་

པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །དེ་བཞིན་དུ་མིག་གི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་མིག་གི་ཁམས་ལགས་ཏེ། མིག་གི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །འདི་
ལྟར་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་།
རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལགས་ཏེ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་
བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །དེ་བཞིན་དུ་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དྲན་པ་ཉེ་བར་གཞག་པ་རྣམས་ལགས་
སོ། །དེ་བཞིན་དུ་ཡང་དག་པའི་སྤོང་བ་གང་ལགས་པ་དག་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལགས་ཏེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་དག་ལགས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་ལ། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་གང་ལགས་པ་ཉིད་དེ་བཞིན་གཤེགས་པའི་སྟོབས་བཅུ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་གང་ལགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ལགས་པའི་
དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། གཟུགས་
ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། དེ་བཞིན་དུ་འདུ་ཤེས་དང་། དེ་བཞིན་དུ་འདུ་བྱེད་རྣམས་དང་། དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་ཤེས་པ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ལྷ་དག་དོན་གྱི་དབང་འདི་ཡང་དག་
པར་གཟིགས་པའི་དེ་བཞིན་གཤེགས་པའི་ཐུགས་ནི་ཐུགས་ཀྱི་ཕྲིན་ལས་ཆུང་བ་ལ་གཞོལ་བར་མཛད་ཀྱི་ཆོས་སྟོན་པ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དག་ཀྱེ་མ་ཆོས་འདི་ནི་ཟབ་སྟེ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་པར་མི་ནུས་པ།
ཞིབ་མོ་བརྟགས་པའི་མཁས་པ་དང་། མཛངས་པས་རིག་པར་བྱ་བ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བསྟན་པ་དེ་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ཏེ། དེ་ནི་སུས་ཀྱང་
མངོན་པར་རྫོགས་པར་སངས་མ་རྒྱས། གང་ལས་ཀྱང་མངོན་པར་རྫོགས་པར་སངས་མ་རྒྱས། གང་དུ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། ལྷ་དག་འདི་ནི་གང་ལ་གཉིས་ཀུན་ཏུ་རྒྱུ་བ་ཡང་མེད་པའི་ཆོས་རྣམས་ཀྱི་ཟབ་པ་ཉིད་ཡིན་པའི་ཕྱིར་རོ། །ལྷ་དག་
ནམ་མཁའ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་དེ་བཞིན་ཉིད་ཟབ་པ་ཉིད་ཀྱི་ཕྱིར་དང་། ཆོས་ཀྱི་དབྱིངས་ཟབ་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པའི་མཐའ་ཟབ་པ་ཉིད་ཀྱི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཟབ་པ་ཉིད་ཀྱི་ཕྱིར་དང་། མཐའ་
ཡས་ཤིང་མཐར་ཐུག་པ་མེད་པ་ཟབ་པ་ཉིད་ཀྱི་ཕྱིར་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་ཟབ་པ་ཉིད་ཀྱི་ཕྱིར་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །
ལྷ་དག་དེ་བཞིན་དུ་བདག་ཟབ་པ་ཉིད་ཀྱི་ཕྱིར་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་གཟུགས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།

རྣམ་པར་ཤེས་པ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་མིག་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་གཟུགས་
རྣམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་
ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་
ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་
ཤེས་པའི་ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཉིད་ཀྱི་ཕྱིར་དང་། ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་ནང་སྟོང་པ་ཉིད་
ཟབ་པ་ཉིད་ཀྱི་ཕྱིར་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་

དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་
ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་ཟབ་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་
དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །ལྷ་དག་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭ་བརྒྱད་ཀྱི་བར་དུ་ཟབ་པ་ཉིད་ཀྱི་ཕྱིར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་པ་ཉིད་ཀྱི་ཕྱིར་ཆོས་འདི་ཟབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་
ཀྱིས་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་འདི་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཆོས་འདི་ནི་གཟུགས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་མིག་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་
གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། གཟུགས་རྣམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་གཟུང་བའམ། མི་གཟུང་བར་

བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་རྣ་བའི་ཁམས་དང་།
སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་
བསྟན་པ་མ་ལགས། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་གཟུང་བའམ།
མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་
འམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་
བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་ནང་སྟོང་པ་ཉིད་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་
དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་
མ་ལགས། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་ཆོས་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་
མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའམ། མི་གཟུང་བར་བགྱི་བའི་སླད་དུ་བསྟན་པ་མ་ལགས་སོ། །བཙུན་པ་བཅོམ་
ལྡན་འདས་འཇིག་རྟེན་ནི་བདག་གཟུགས་སོ། །དེ་བཞིན་དུ་བདག་ཚོར་བའོ། །བདག་འདུ་ཤེས་སོ། །བདག་འདུ་བྱེད་རྣམས་སོ། །བདག་གི་འདུ་བྱེད་རྣམས་སོ། །བདག་རྣམ་པར་ཤེས་པའོ། །དེ་བཞིན་དུ་བདག་མིག་གོ། །བདག་གི་མིག་གོ། །བདག་རྣ་
བའོ། །བདག་གི་རྣ་བའོ། །སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་བདག་ཅག་ནི་གཟུགས་རྣམས་སོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱང་དེ་བཞིན་ནོ། །བདག་ཅག་ཆོས་རྣམས་སོ། །བདག་ཅག་གི་ཆོས་

རྣམས་སོ། །མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་བདག་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་
དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་
དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །བདག་གི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་བཞིན་དུ་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བདག་གི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་
དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་
ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། བདག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་།
བདག་གི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་བཞིན་དུ་བདག་ཅག་དྲན་པ་ཉེ་བར་གཞག་པ་རྣམས་སོ། །བདག་ཅག་གི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །དེ་བཞིན་དུ་བདག་ཅག་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་

རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་ཅག་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་བཞིན་དུ་བདག་ཅག་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དེ་བཞིན་དུ་སྦྱར་ཏེ། བདག་ཅག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་ཀྱི་བར་དག་གོ། །དེ་བཞིན་དུ་བདག་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བདག་གི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་བར་དག་གོ། །བདག་རང་བྱང་ཆུབ་བོ། །བདག་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་སྤྱོད་པ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་གསུམ་པ། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་དག་དེ་དེ་བཞིན་ཏེ། ལྷ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷ་དག་ཆོས་འདི་ནི་གཟུགས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་མིག་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་།
ཡིད་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། གཟུགས་རྣམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་
བསྟན་པ་མ་ཡིན། དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་

པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། ལྕེའི་ཁམས་དང་། རོའི་ཁམས་
དང་། ལྕེའི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། ཡིད་ཀྱི་
ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།
སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་།
རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའམ། མི་གཟུང་
བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་།

བྱང་ཆུབ་ཀྱི་ཡན་ཡག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན་ཞིང་། ལྷ་དག་ཆོས་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་
འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་བའམ། མི་གཟུང་བར་བྱ་བའི་ཕྱིར་བསྟན་པ་མ་ཡིན་ན། ལྷ་
དག་གང་ཟག་གང་དག་གཟུགས་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་ནུས་
སོ། །དེ་དག་གིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པར་མི་ནུས་སོ། །དེ་བཞིན་དུ་མིག་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་གཟུགས་རྣམས་དང་། སྒྲ་རྣམས་
དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། སྤང་བར་བྱ་བའི་ཕྱིར་

སྤྱོད་པ་དང་། དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་
རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་།
དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་།
དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།
མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་
པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་ཡང་དག་པའི་སྤོང་
བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་གཟུང་བའམ། སྤང་

བར་བྱ་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཟུང་བའམ། སྤང་བར་བྱ་བའི་ཕྱིར་སྤྱོད་པ་དེ་དག་གིས་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་མི་ནུས། དེ་བཞིན་དུ་ཡང་དག་པའི་སྤོང