Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
ུབ་པར་མ་བྱས་པའི་ལྷ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྟག་ཏུ་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་
ཡང་མ་བྲལ་བར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་འབྲལ་
བར་མི་འགྱུར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཁང་སྟོང་ན་འདུག་ཀྱང་རུང་། བླ་གབ་མེད་པ་ན་འདུག་ཀྱང་རུང་། འདུན་ཁང་ན་འདུག་ཀྱང་རུང་སྟེ། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་དག་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་རྟག་ཏུ་མི་དམིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཤིན་ཏུ་བསྒོམས་ཤིང་དེ་བཞིན་དུ་རྟག་ཏུ་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཤིན་ཏུ་བསྒོམས། དེ་བཞིན་དུ་རྟག་ཏུ་མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་

ཏུ་བསྒོམས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་།
གཞན་འཕྲུལ་དབང་བྱེད་རྣམས་ནས་གནས་གཙང་མའི་བར་གྱི་ལྷ་འཁོད་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། ལུང་འབོགས་པ་དང་། འཆང་བ་དང་། ཀློག་པ་དང་།
འཆད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་བྲལ་བར་མི་འགྱུར་བ་དེ་དག་ལ་བདག་ཅག་གིས་རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱབ་པར་བགྱི་ལགས་སོ། །དེ་ཅིའི་
ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་རྣམས་རྒྱུན་འཆད་པར་འགྱུར། དུད་འགྲོའི་སྐྱེ་གནས་རྣམས་རྒྱུན་འཆད་པར་འགྱུར། ལྷ་དབུལ་པོ་རྣམས་དང་། ཀླུ་དབུལ་པོ་རྣམས་དང་། གནོད་སྦྱིན་
དབུལ་པོ་རྣམས་དང་། མི་དབུལ་པོ་རྣམས་དང་། ཡམས་ཀྱི་བྲོ་ནད་ཐམས་ཅད་དང་། གནོད་པ་དང་། བྲོ་ནད་འགོ་བ་དང་། འཁྲུག་པ་རྣམས་མི་སྐྱེ་མི་འབྱུང་ཞིང་སེལ་བར་འགྱུར་ལ། དེ་བཞིན་དུ་མུ་གེ་དང་། འཁྲུག་པ་དང་། ནང་འཁྲུག་ཐམས་ཅད་རྒྱུན་འཆད་པར་འགྱུར།
སེལ་བར་འགྱུར་ཞིང་མ་མཆིས་པར་འགྱུར་བ་དང་། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་ཞིང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་བཞི་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེ་བཞིན་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར།
དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་སླད་དུའོ། །
བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། ཁྱིམ་བདག་གི་རིགས་
ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་
རྣམས་མཆིས་ལགས་སོ། །དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷ་རྣམས་མཆིས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མཆིས་ལགས་སོ། །རྒྱུན་དུ་ཞུགས་པ་མཆིས་ལགས་སོ། །དེ་
བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། དེ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མཆིས་ལགས་སོ། །རང་བྱང་ཆུབ་མཆིས་ལགས་སོ། །རང་སངས་རྒྱས་མཆིས་
ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བ་མཆིས་ལགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་མཆིས་ལགས་སོ། །དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ལགས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་འཇིག་རྟེན་ན་མཆིས་ལགས་སོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་བཞུགས་ལགས་སོ། །ཆོས་དཀོན་མཆོག་བཞུགས་ལགས་སོ། །དགེ་འདུན་དཀོན་མཆོག་
བཞུགས་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་
བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་རྣམས་རྒྱུན་འཆད་པར་འགྱུར།
བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་འཆད་པར་འགྱུར། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་དཀོན་མཆོག་གི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཀཽ་ཤི་ཀ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་ནི་ང་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་། དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉན་ཐོས་

སམ། རང་སངས་རྒྱས་ཤ་སྟག་གིས་འདི་ལྟ་སྟེ། འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་ལ། དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་
ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་བས། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་གཅིག་ལ་བསྟི་སྟང་བྱས། བླ་མར་བྱས།
རི་མོར་བྱས། མཆོད་པར་བྱས་ན། དེ་ཉིད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་མ་ཡིན་གྱི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་དེ་དག་ལ་རྟག་ཏུ་
རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། རྣམ་པར་རྟོག་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་གྱིས་

མི་གོས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་། ལྟ་བར་གྱུར་པ་ཐམས་ཅད་ཀྱི་རབ་རིབ་སེལ་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་ཀྱི་སྔོན་དུ་
མཆི་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་། ཁོན་དུ་འཛིན་པ་དང་། གནོད་པ་ཐམས་ཅད་ལས་བདེ་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ཡོངས་སུ་བཟུང་བའི་སླད་དུ་
སེམས་ཅན་ཐམས་ཅད་ལ་སྣང་བ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་གཉིས་རྣམ་པར་སྤངས་པའི་སླད་དུ་ལམ་གོལ་བར་ཞུགས་པ་རྣམས་ལ་ལམ་སྟོན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
ཉོན་མོངས་པ་དང་། བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་
ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་སླད་དུ་སྐྱེ་བ་མ་མཆིས་པ་དང་། འཇིག་པ་མ་མཆིས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེར་ཟུག་ཏུ་གནས་པ་དང་། འཇིག་པ་མ་
མཆིས་པའི་སླད་དུ་འཁོར་བ་རྣམ་པར་སྤོང་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེ་ཐམས་ཅད་སྩོལ་བའི་སླད་དུ། མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་སླད་དུ། སྟོབས་ཡོངས་སུ་རྫོགས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐོར་བ་དང་ལྡོག་པ་མ་མཆིས་པའི་སླད་དུ། ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་སྐོར་བར་བགྱིད་པ་

ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་སྟོན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འམ། བྱང་
ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཇི་ལྟར་སྟོན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་སྟོན་པ་ལ་ཕྱག་
བྱ་བ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཡང་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་གྱི། སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོན་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རབ་ཏུ་ཕྱེ་བ་ཡིན་ཞིང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་
རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། རྒྱུན་དུ་ཞུགས་པའི་བར་དུ་རབ་ཏུ་ཕྱེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ལ་རབ་ཏུ་ཕྱེ་བ་དང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་འཇིག་རྟེན་ལ་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་བཞིན་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རབ་ཏུ་ཕྱེ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་རབ་ཏུ་ཕྱེ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རབ་ཏུ་ཕྱེ་བའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་ག་ལས་བྱུང་། གླེང་གཞི་ནི་གང་ཞིག་ཡིན་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཞུ་བ་འདི་ག་ལས་བྱུང་། གླེང་གཞི་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པ་རྣམས་ནི་ཐབས་ལ་མཁས་པས། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་བྱུང་བ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཇི་སྲིད་དུ་དམ་པའི་ཆོས་གནས་པའི་བར་སྐབས་དེར་དགེ་བའི་རྩ་བ་གང་དག་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་དང་། རང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་དག་
དང་། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་བཟླུམས་ཤིང་མངོན་པར་བསྡུས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་
བྱེད་པས་ཁོ་བོའི་ཞུ་བ་འདི་བྱུང་ངོ་། །ཀཽ་ཤི་ཀ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་དཔེར་ན་དམུས་ལོང་རྣམས་ནི་བརྒྱའམ། སྟོང་ངམ། འབུམ་ཡང་རུང་སྟེ། དམིགས་བུ་མེད་ན་ལམ་དུ་འགྲོ་བའམ། གྲོང་ངམ། གྲོང་རྡལ་
ལམ། གྲོང་ཁྱེར་རམ། ཡུལ་འཁོར་དུ་འཇུག་པར་མི་ནུས་ཏེ། ཇི་ལྟར་དེ་དག་ཐམས་ཅད་ནི་འགྲོ་བ་དང་། འོང་བ་ལ་སྐལ་བ་མེད་ཅིང་འོས་པ་མ་ཡིན་པ་དེ་བཞིན་དུ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམུས་ལོང་ལྟ་བུར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམིགས་བུ་མེད་པ་དེ་དག་

ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་དེ་ནི་འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ནས་ལམ་དུ་འཇུག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་སྐལ་བ་མེད་དོ། །ཀཽ་ཤི་ཀ་གང་གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་མིག་དང་ལྡན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཡིན་ཏེ། ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ་ཞེས་སྨྲས་ན། བཙུན་པ་ཤ་ར་དྭ་ཏིའི་
བུ་འོ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བམ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བམ་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་དོ། །ཀཽ་ཤི་ཀ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ནང་ན་མཆོག་ཅེས་བྱ། གཙོ་བོ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཤ་ར་དྭ་ཏིའི་བུ་གཟུགས་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ནས། དེ་བཞིན་དུ་སྦྱར་ཏེ། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་མངོན་པར་བསྒྲུབ་ཏུ་མེད་
པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་
བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མངོན་པར་བསྒྲུབ་ཏུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་ཏུ་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་དང་། སྐྱེ་བ་མེད་པའི་ཕྱིར་དང་། དམིགས་སུ་མེད་པའི་ཕྱིར་དང་། འཇིག་པ་མེད་པའི་ཕྱིར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་དང་། སྐྱེ་བ་
མེད་པའི་ཕྱིར་དང་། དམིགས་སུ་མེད་པའི་ཕྱིར་དང་། འཇིག་པ་མེད་པའི་ཕྱིར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་མངོན་པར་བསྒྲུབས་ན་ཆོས་གང་ཞིག་ཐོབ་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ཡང་ཐོབ་པར་མི་བྱེད་དེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གསོལ་པ། བཙུན་
པ་བཅོམ་ལྡན་འདས་ཆོས་ཅི་ཡང་ཐོབ་པར་མི་བགྱིད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་ཆོས་རྣམས་དང་། མི་དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དེ་བཞིན་དུ་འཇིག་རྟེན་པའི་ཆོས་རྣམས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་།
ཟག་པ་དང་བཅས་པའི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་དང་། ཁ་ན་མ་ཐོ་བ་མེད་པའི་ཆོས་རྣམས་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་
དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དག་ལ་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ཏེ། དེས་ན་དེ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་
འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་ཅིང་། དམིགས་པར་མི་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་ཅིང་དམིགས་པར་མི་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་ཅིང་། དམིགས་པར་མི་བགྱིད་པ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་བཞིན་དང་། མཚན་མ་ཇི་ལྟ་བ་བཞིན་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་མི་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་འོ་ན་ཇི་
ལྟར་ཐོབ་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཁས་མི་ལེན་པ་དང་། གནས་པར་མི་བྱེད་པ་དང་། སྤོང་བར་མི་བྱེད་པ་དང་། མངོན་པར་ཞེན་པར་མི་བྱེད་ཅིང་། ཅི་ཡང་ཐོབ་པར་མི་བྱེད་པ་དེ་ལྟར་ཐོབ་པར་བྱེད་དོ། །ཀཽ་ཤི་ཀ་དེ་ལྟར་ན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཅི་ཡང་ཐོབ་པར་མི་བྱེད་པར་ཆོས་ཐམས་ཅད་ཐོབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་
པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱིད་པ་མ་མཆིས་པ་དང་། དམིགས་སུ་མ་མཆིས་པ་དང་། མངོན་པར་ཞེན་པ་མ་མཆིས་པར་བགྱི་བའི་སླད་དུ་ཉེ་བར་གནས་པ་ནི་ངོ་མཚར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཐོབ་པར་བྱེད་དམ། འོན་ཏེ་ཐོབ་པར་མི་བྱེད་སྙམ་དུ་འདུ་ཤེས་ན།
བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་དེ་བཞིན་དུ་རྒྱང་རིང་དུ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གིས་ན་བྱང་

ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་དེ་བཞིན་དུ་རྒྱང་རིང་དུ་བྱེད་པའི་རྣམ་གྲངས་ཡོད་དེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། འདི་སྙམ་དུ་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོབ་བོ། །
གསོག་གོ། །སྙིང་པོ་མེད་པའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡ་མ་བརླའོ་སྙམ་དུ་འདུ་ཤེས་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་རྒྱང་རིང་དུ་བྱེད་པ་ཡིན་ཏེ། རབ་འབྱོར་གང་གིས་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་རྒྱང་རིང་དུ་བྱེད་པའི་རྣམ་གྲངས་ནི་དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གློ་བ་ཆེས་ན་ཆོས་གང་ལ་གློ་བ་མི་ཆེས་པ་ལགས། དེ་སྐད་ཅེས་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་ན་གཟུགས་ལ་ཡིད་མི་ཆེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་མི་ཆེས་སོ། །
མིག་ལ་ཡིད་མི་ཆེས་པ་ནས་ཡིད་ཀྱི་བར་ལ་ཡིད་མི་ཆེས་སོ། །གཟུགས་ཀྱི་སྐྱེ་མཆེད་ལ་ཡིད་མི་ཆེས་པ་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ལ་ཡིད་མི་ཆེས་སོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་མི་ཆེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡིད་མི་ཆེས་སོ། །ནང་
སྟོང་པ་ཉིད་ལ་ཡིད་མི་ཆེས་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡིད་མི་ཆེས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡིད་མི་ཆེས་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡིད་མི་ཆེས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡིད་
མི་ཆེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡིད་མི་ཆེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡིད་མི་ཆེས་སོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཡིད་མི་ཆེས་སོ། །

རང་བྱང་ཆུབ་ལ་ཡིད་མི་ཆེས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡིད་མི་ཆེས་སོ། །ཐམས་ཅད་ཤེས་པ་ཉིད་ལ་ཡིད་མི་ཆེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་མི་ཆེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་མི་ཆེས་ཏེ། རབ་འབྱོར་འོན་ཀྱང་
གཟུགས་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །དེ་བཞིན་དུ་སྦྱར་ཏེ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་ཆེས་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡིད་ཆེས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྣམ་གྲངས་གང་གིས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་སྙམ་འམ། གསོལ་པ། གཟུགས་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་དུ་ནང་སྟོང་པ་ཉིད་ཆེན་

པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད་པ་ནས། དེ་བཞིན་དུ་འཕགས་པའི་
ལམ་ཡན་ལག་བརྒྱད་པའི་བར་དུ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད་པ་ནས། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། བྱང་ཆུབ་
ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད། སངས་རྒྱས་ཆེན་པོར་མི་བགྱིད། ཆུང་ངུར་མི་བགྱིད་ལགས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད་ལགས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད་པ་ནས།
དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད་ལགས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡངས་པར་མི་བགྱིད། དོག་པར་མི་བགྱིད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ཡངས་པར་མི་བགྱིད། དོག་པར་མི་བགྱིད། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་ཡངས་པར་མི་བགྱིད། དོག་པར་མི་བགྱིད་ལགས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད།
དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད་ལགས་སོ། །བཙུན་

པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འདི་
སྙམ་དུ་འདུ་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེན་པོར་བགྱིད་པའམ། ཆུང་ངུར་བགྱིད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེན་པོར་བགྱིད་པའམ། ཆུང་ངུར་བགྱིད་པའོ། །དེ་བཞིན་དུ་སྦྱར་ཏེ། སངས་
རྒྱས་ཀྱི་བར་དུ་ཆེན་པོར་བགྱིད་པའམ། ཆུང་ངུར་བགྱིད་པའོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བའི་བར་དུ་བགྱིད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་ལྡན་
པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པའོ་སྙམ་དུ་དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པའམ།
ཆུང་བར་བགྱིད་པའམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པ་མ་ལགས། གང་གཟུགས་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པའམ། དེ་བཞིན་དུ་གང་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་

པ་མ་ལགས། གང་གཟུགས་ཆེན་པོར་བགྱིད་པའམ། ཆུང་ངུར་བགྱིད་པའམ། དེ་བཞིན་དུ་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེན་པོར་བགྱིད་པའམ། ཆུང་ངུར་བགྱིད་པའམ། དེ་བཞིན་དུ་སྦྱར་ཏེ། སངས་
རྒྱས་ཀྱི་བར་དུ་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པ་འདི་ནི། དེའི་དམིགས་པ་ཆེན་པོ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་རྣམས་ལ་ནི་བྱང་ཆུབ་གང་ཡང་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་
སེམས་ཅན་མ་སྐྱེས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པར་བལྟ་བར་བགྱི། དེ་བཞིན་དུ་གཟུགས་མ་སྐྱེས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པར་བལྟ་བར་བགྱི། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་མ་སྐྱེས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པར་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་མ་སྐྱེས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པར་བལྟ་བར་བགྱི། སེམས་ཅན་ངོ་བོ་ཉིད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ངོ་བོ་ཉིད་མ་མཆིས་པར་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་ངོ་བོ་ཉིད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མ་མཆིས་པར་བལྟ་བར་བགྱི། སེམས་ཅན་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟ་བར་བགྱི།
དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ།
སངས་རྒྱས་ཀྱི་བར་དུ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟ་བར་བགྱི། སེམས་ཅན་དབེན་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་

དང་། རྣམ་པར་ཤེས་པ་དབེན་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་དབེན་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དུ་བལྟ་བར་བགྱི། སེམས་ཅན་མ་མཆིས་པ་ཉིད་ཀྱི་སླད་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་
ཀྱི་བར་དུ་མ་མཆིས་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པ་ཉིད་དུ་བལྟ་བར་བགྱི། སེམས་ཅན་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་
པ་ཉིད་དུ་བལྟ་བར་བགྱི། སེམས་ཅན་འཇིག་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མ་མཆིས་པར་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཇིག་པ་མ་མཆིས་པའི་སླད་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མ་མཆིས་པ་ཉིད་དུ་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་འཇིག་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མ་མཆིས་པར་བལྟ་བར་བགྱི། སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་
པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟ་
བར་བགྱི། སེམས་ཅན་སྟོབས་དང་མི་ལྡན་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་བལྟ་བར་བགྱི། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་མི་ལྡན་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་སྟོབས་དང་མི་ལྡན་པར་བལྟ་བར་བགྱི། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་སྟོབས་དང་མི་ལྡན་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་བལྟ་བར་བགྱི་བའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། འདི་ལྟ་སྟེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་
ཡོངས་སུ་བསྒྲགས་པ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བསྒྲགས་པ་མ་མཛད་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བསྒྲགས་
པ་མ་མཛད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བསྒྲགས་པ་མཛད་པ་དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་མིང་ཡོངས་སུ་བསྒྲགས་པ་མ་མཛད་ལགས་སོ། །དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་སྔོན་དུ་འགྲོ་བ་ཡིན་ཞིང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་སྔོན་དུ་འགྲོ་བ་

ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས།
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་མཆི་བ་ནས།
ཤེས་རབ་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་གྲངས་སུ་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྦྱིན་པ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་
བསྔོས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་བར་དུ་གཉིས་སུ་མེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་
དུ་སྐྱེ་བ་མེད་པའི་ཚུལ་དང་། དམིགས་སུ་མེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་བདུན་པ། གསོལ་
པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་སྦྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། དེ་བཞིན་དུ་སྐྱེ་བ་མ་མཆིས་པའི་ཚུལ་དང་། དམིགས་སུ་མ་མཆིས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་

གྲངས་སུ་མཆི་ལགས། དེ་བཞིན་དུ་ཇི་ལྟར་ཤེས་རབ་ཀྱི་བར་དུ་གཉིས་སུ་མ་མཆིས་པའི་ཚུལ་དང་། དེ་བཞིན་དུ་སྐྱེ་བ་མ་མཆིས་པའི་ཚུལ་དང་། དམིགས་སུ་མ་མཆིས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་གྲངས་སུ་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཉིས་སུ་མེད་པའི་ཚུལ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། བྱང་ཆུབ་ཀྱི་བར་དུ་གཉིས་སུ་མེད་པའི་
ཚུལ་གྱིས་སོ། །གསོལ་པ། ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། བྱང་ཆུབ་ཀྱི་བར་དུ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་པ་ནས། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་ནི་བྱང་ཆུབ་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དང་། གཟུགས་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་ལ།
དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་བར་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་སྔོན་དུ་འདྲེན་པ་ཡིན་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྔོན་དུ་འདྲེན་པ་ཡིན་ནོ། །དཔེར་ན་ས་ཆེན་པོ་ལ་ས་བོན་གང་དག་བཏབ་པ་དག་ནི་ཚོགས་པ་རྙེད་ནས་སྐྱེ་སྟེ། ས་ཆེན་པོ་ནི་དེ་དག་གི་རྟེན་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་
ནས་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གི་རྟེན་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། དྲན་པ་ཉེ་བར་གཞག་པ་བཞི་འབྱུང་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་འབྱུང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་

འབྱུང་ངོ་། །ཀུན་དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡིན་ཏེ། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་ཡོངས་སུ་འདྲེན་པ་ཡིན་ཞིང་།
དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་ཡོངས་སུ་འདྲེན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་ནི། ཡོན་ཏན་གང་དག་ཡོངས་སུ་འཛིན་པའི་
ཡོན་ཏན་དེ་དག་ཐམས་ཅད་ནི་བཀའ་མ་སྩལ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིས་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་ལགས་སོ། །དེ་བཞིན་དུ་བསམ་གཏན་
བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། ཚུལ་བཞིན་དུ་ཡིད་
ལ་བགྱིད་པའི་བར་དུ་བགྱིས་ན། རྒྱུན་དུ་ཞུགས་པ་འཇིག་རྟེན་ན་མཆིས་ལགས་སོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་འཇིག་རྟེན་ན་མཆིས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བཟུང་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་

ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་ནས། ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་བྱས་པ་དེ་ལ་ནི་ཡོན་ཏན་དེ་དག་འབའ་ཞིག་ཏུ་ཟད་པར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་
བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་བྲལ་བར་མི་འགྱུར་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་
ཚད་མེད་པ་དང་ལྡན་པར་འགྱུར། དེ་བཞིན་དུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་
ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་
དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་བྲལ་བར་མི་འགྱུར་བ་དེ་ནི། དེ་བཞིན་གཤེགས་པར་ཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་།
ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་གང་ཡིན་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་བར་དེ་ནི། ཀུན་དགའ་བོ་རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་གང་ཡིན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་

ཕུང་པོའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་སེམས་རྣམ་པར་གྲོལ་ཞིང་། དེ་ནི་ཉན་ཐོས་དང་། རང་སངས་
རྒྱས་དེ་དག་གི་ཆོས་ལ་འདོད་པ་མེད་པའི་ཕྱིར་རོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཆང་ཞིང་། དེ་ལ་ཡང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། ན་བཟའ་དང་།
གདུགས་དང་། རྒྱལ་མཚན་སྣ་ཚོགས་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ན། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ཚེ་འདི་དང་། ཚེ་ཕྱི་མའི་ཡོན་ཏན་དང་། ཕན་ཡོན་ནི་དེ་དག་ཡིན་པར་ང་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་
ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་
བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་བྲལ་བར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཡི་གེར་བྲིས་སམ། ཡི་གེར་འདྲིར་སྩལ་ནས། མེ་ཏོག་དང་། བ་དན་སྣ་ཚོགས་པ་དག་གི་བར་དག་དང་། རོལ་མོའི་སྒྲ་དག་གིས་
བསྟི་སྟང་དུ་བགྱིད་པ་དང་། བླ་མར་བགྱིད་པ་དང་། རི་མོར་བགྱིད་པ་དེ་དག་ལ་བདག་གིས་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་ནང་
སྟོང་པ་ཉིད་ལ་ཤིན་ཏུ་གནས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཤིན་ཏུ་རྣམ་པར་གནས་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀླན་ཀ་ཚོལ་བར་བྱེད་པ་འགའ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་ཀླན་

ཀ་བཙལ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཀུན་དགའ་བོ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟི་བརྗིད་ཀྱིས་ཡོངས་སུ་ཟིན་པས་སུས་ཀྱང་གླགས་མི་རྙེད་དོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དེའི་སེམས་ཞུམ་པར་མི་འགྱུར། འགོང་བར་མི་འགྱུར། དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་གང་ཞུམ་པར་འགྱུར་བའམ། འགོང་
བར་འགྱུར་བའམ། དངང་བར་འགྱུར་བའི་དངོས་པོ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དང་། དེ་ཉིད་ཡི་གེར་བྲིས་སམ། ཡི་གེར་
འདྲིར་བཅུག་ནས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་ཚེ་འདི་དང་། ཕྱི་མའི་ཡོན་ཏན་དང་། ཕན་ཡོན་འདི་ཡང་ཡོངས་སུ་འཛིན་པར་འགྱུར་ཏེ། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། རྒྱལ་པོ་
དང་། བློན་པོ་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་རྣམས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཤིང་གཞེས་ལ་ཆོས་ཀྱང་སྟོན་པ་
དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་དེ་དག་ཀྱང་དེ་ལ་དགའ་བར་འགྱུར་རོ། །དེ་བཞིན་དུ་ལྷ་དང་བཅས་པའི་
འཇིག་རྟེན་དགའ་བར་འགྱུར་རོ། །བདུད་དང་བཅས། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་དག་གི་ཡིད་དུ་འོང་བ་དང་། དགའ་བར་ཡང་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེའི་སྤོབས་པ་མི་ཆོད་པར་འགྱུར། དེ་བཞིན་དུ་དེའི་ནང་སྟོང་པ་ཉིད་བསྒོམ་པ་མི་ཆོད་པར་འགྱུར། དེ་བཞིན་དུ་དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པ་མི་ཆོད་པར་འགྱུར། དེ་བཞིན་དུ་དེའི་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་མི་ཆོད་པར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། དེའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་བསྒོམ་པ་མི་ཆོད་པར་འགྱུར་རོ། །དེ་བཞིན་
དུ་དེའི་ཏིང་ངེ་འཛིན་བསྒོམ་པ་མི་ཆོད་པར་འགྱུར། དེ་བཞིན་དུ་དེའི་གཟུངས་ཀྱི་སྒོ་བསྒོམ་པ་མི་ཆོད་པར་འགྱུར། དེ་བཞིན་དུ་དེའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མི་ཆོད་པར་འགྱུར། དེའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་ཆོད་པར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་བྱ་བ་མི་ཆོད་པར་འགྱུར། དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཆོད་པར་འགྱུར་རོ། །གཞན་ལས་བརྒལ་ཞིང་བརྟག་པ་བྱུང་ངོ་ཅོག་ལས་ངེས་པར་འབྱུང་ནུས་པར་གྱུར་ཏེ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཐམས་ཅད་མཁྱེན་པའི་སེམས་
ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲིས་ནས། གླེགས་བམ་དུ་ཆུད་པར་བྱས་ཏེ། འཆང་ཞིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་།
ཆོས་གོས་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་དག་དང་། རོལ་མོའི་སྒྲ་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དེ་ཚེ་འདི་དང་། ཚེ་ཕྱི་མའི་ཡོན་ཏན་གྱི་ཕན་ཡོན་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཀུན་
དགའ་བོ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་དེར་ལྷགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བལྟས་ཤིང་ཀུན་ཆུབ་པར་བྱས། ཕྱག་བྱས། འདུད་

པར་བྱས་ནས། སླར་འགྲོ་བར་སེམས་པར་འགྱུར་རོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། དེ་བཞིན་དུ་ཚངས་རིས་དང་། ཚངས་འཁོར་དང་།
ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། མི་ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་དང་། འབྲས་བུ་ཆེ་བའི་ལྷ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་
ཀྱང་དེར་ལྷགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བལྟས་ཤིང་བཟུང་ལ་ཀུན་ཆུབ་པར་བྱས། ཕྱག་བྱས། འདུད་པ་བྱས་ནས་སླར་འདོང་བར་སེམས་པར་འགྱུར་རོ། །གནས་གཙང་མ་གང་ཡིན་པ་འདི་ལྟ་སྟེ། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་
དང་། འོག་མིན་གྱི་ལྷ་དེ་དག་ཀྱང་དེ་ཉིད་དུ་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བལྟས་ཤིང་ཕྱག་འཚལ་བའི་བར་དུ་བྱས་ནས་སླར་འདོང་བར་སེམས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས་འབྲས་བུ་ཆེ་བའི་བར་གྱི་ལྷ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དག་དང་། གནས་གཙང་མ་པ་གང་དག་ཡིན་པ་དག་དང་། གཞན་ཡང་ལྷ་དང་།
ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་གང་ཡིན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བལྟ་བ་དང་། བཟུང་བ་དང་། བཅང་བ་དང་། བསྙེན་བཀུར་བྱ་བ་དང་། ཕྱག་བྱ་བ་དང་། མཆོད་པ་
བྱ་བའི་ཕྱིར་ལྷགས་པ་དེ་དག་ལ་བདག་གིས་དེ་ལྟར་ཆོས་ཀྱི་སྦྱིན་པ་བྱིན་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས། འོག་མིན་གྱི་བར་གྱི་ལྷ་འཁོད་པ་གང་དག་ཡིན་པ་དེ་དག་ཀྱང་དེ་ཉིད་

དུ་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བལྟས་ཤིང་བཟུང་བཅངས་ཀླགས། ཀུན་ཆུབ་པར་བྱས། ཕྱག་འཚལ་གདུད་པ་བྱས་ནས། སླར་འདོང་བར་སེམས་པར་འགྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་
དང་། སྦེད་པ་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་འཁོད་པ་དག་དེར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་
བལྟས་པ་ནས་ཕྱག་བྱ་བའི་བར་དུ་བྱས་ནས། སླར་འདོང་བར་སེམས་པར་འགྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །ཀུན་དགའ་བོ་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ་དེ་ལ་གླགས་ལྟ་
བ་སུས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། ཀུན་དགའ་བོ་དེ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ཚེ་འདིའི་ཡོན་ཏན་དང་། ཕན་ཡོན་ཡོངས་སུ་འཛིན་པར་འགྱུར་བ་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་འཁོད་པའི་ལྷ་གང་དག་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་འོང་བར་སེམས་པར་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ལྷ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡིན་ཞིང་། སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱོབ་པ་དང་། སེམས་ཅན་རྣམས་ཡོངས་སུ་མི་གཏང་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་།
བདེ་བར་བྱ་བར་གནས་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་

འདིར་མཆིས་པ་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་དག་པར་བལྟ་བ་དང་། གཟུང་བ་དང་། བཅང་བ་དང་། བསྙེན་བཀུར་བགྱི་བ་དང་། མཆོད་པར་བགྱི་བ་དང་། བཀུར་སྟི་བགྱི་བའི་སླད་དུ་མཆིས་པར་ཇི་ལྟར་
འཚལ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་དུ་བཞག་པའི་ཕྱོགས་དེར་སྣང་
བ་རྒྱ་ཆེན་པོ་མཐོང་ན། ངེས་པར་དེར་ལྷ་དབང་ཆེ་བར་གྲགས་པ། མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་དག་པར་བལྟ་བ་དང་། བཟུང་བ་དང་། བཅང་བ་དང་། བསྙེན་བཀུར་བྱ་བ་དང་། མཆོད་པར་བྱ་བ་དང་། བཀུར་སྟི་བྱ་བའི་ཕྱིར་
ལྷགས་པར་ཤེས་པར་བྱའོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་མི་མ་ཡིན་པའི་དྲི་རྒྱ་ཆེན་པོ་མནམ་ན། ངེས་པར་དེར་ལྷ་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བལྟ་བ་དང་། བཟུང་བ་དང་། བཅང་བ་དང་། ཀུན་ཆུབ་
པར་བྱ་བ་དང་། ཕྱག་བྱ་བ་དང་། མཆོད་པར་བྱ་བ་དང་། བཀུར་སྟི་བྱ་བའི་ཕྱིར་འདིར་ལྷགས་པར་ཤེས་པར་བྱའོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་རྟག་ཏུ་ཀུན་ཏུ་སྤྱོད་པ་གཙང་མར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆོ་ག་བཞིན་དུ་
མཆོད་པ་བྱེད་ན། དེའི་ཀུན་ཏུ་སྤྱོད་པ་གཙང་མ་དེས་ལྷ་མང་པོ་དག་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་དག་པར་བལྟས་ཤིང་བཟུང་། ཀུན་ཆུབ་པར་བྱས། བཅངས། བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པས་ཡི་རངས་པར་
འགྱུར་རོ། །ལྷ་དབང་ཆུང་བར་གྲགས་པ་གང་དག་ཕྱོགས་དེ་ན་འཁོད་པ་དེ་དག་ཀྱང་ལྷ་མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ་དེ་དག་གི་གཟི་བརྗིད་དང་དཔལ་དང་། བླ་མར་གྱུར་པ་ཉིད་མི་བཟོད་པས། ཕྱོགས་དེ་ནས་འདོང་བར་སེམས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལྷ་དབང་ཆེ་བར་གྲགས་

རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་འོང་བར་བྱ་བར་སེམས་པ་དེ་ལྟ་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་མོས་པ་རྒྱ་ཆེན་པོར་འགྱུར་རོ། །དེའི་ཉེན་འཁོར་དུ་གཙང་སྦྲ་མི་བྱེད་པའི་བག་སྤྱད་པར་མི་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་
མཆོད་པའི་དོན་དུ་ས་ཕྱོགས་དེ་བདུག་པ་སྣ་ཚོགས་ཀྱིས་བདུག་པར་བྱ། མེ་ཏོག་སྣ་ཚོགས་དགྲམ་པར་བྱ། པོག་ཕོར་རྣམས་ནས་བདུག་པར་བྱ། དར་གྱི་ལྡ་ལྡི་གཙང་མ་བྲེ་བར་བྱ། བླ་རེ་སྣ་ཚོགས་བཟང་པོ་བྲེ་བར་བྱ། ས་ཕྱོགས་དེ་རྣམ་པ་དུ་མས་ལེགས་པར་བརྒྱན་པར་བྱའོ། །ཀུན་
དགའ་བོ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཀུར་སྟི་བྱེད་ཅིང་། མཆོད་པ་བྱེད་པའི་ལུས་ངལ་བར་མི་འགྱུར། ལུས་བདེ་བ་དང་། སེམས་བདེ་བ་དང་། ལུས་ཡང་བ་ཉིད་དང་། ལུས་གཟི་བརྗིད་དང་ལྡན་པ་དང་། སེམས་གསལ་
བར་འགྱུར་རོ། །ཡང་དེ་འདི་ལྟར་འདུ་ཤེས་པར་འགྱུར་ཏེ། ཉལ་བ་ན་རྨི་ལམ་སྡིག་པ་ཅན་དག་མཐོང་བར་མི་འགྱུར་རོ། །དེས་རྨི་ལམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་
བརྒྱན་པ། སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུས་གསལ་བར་བྱས་པ། སྐུ་གསེར་གྱི་མདོག་ཅན་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
དེ་ལས་ཀྱང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དྲན་པ་ཉེ་བར་གཞག་པ་བཞི་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཆོས་ཐོས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་གི་དོན་རྣམ་པར་དབྱེ་བ་ཐོས་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དོན་རྣམ་པར་དབྱེ་བ་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་མཐོང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་

པ་མཐོང་བར་འགྱུར་རོ། །དེ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་ཐོབ་པར་བྱའོ། །སེམས་
ཅན་རྣམས་ནི་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟར་ཡོངས་སུ་དག་པར་བྱའོ། །བདུད་འཁོར་དང་བཅས་པ་ནི་འདི་ལྟར་ཡོངས་སུ་གདུལ་བར་བྱའོ། །ཞེས་འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པ་ཡང་ཤེས་ཤིང་མཐོང་བར་འགྱུར་རོ། །ཤར་ཕྱོགས་
ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གི་སྒྲ་ཐོས་པར་འགྱུར་རོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་ཀྱི་བར་དག་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གི་སྒྲ་ཐོས་པར་འགྱུར་ཏེ། ཀྱེ་འཇིག་
རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞེས་བྱ་བ་ཞིག་བྱང་ཆུབ་སེམས་དཔའ་སྟོང་ཕྲག་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་གཅིག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་
ནས་ཆོས་སྟོན་ཏོ་ཞེས་ཐོས་པར་འགྱུར་རོ། །དེ་བཞིན་དུ་ཤར་ཕྱོགས་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ཡོངས་སུ་མྱ་ངན་ལས་འདའ་བ་དག་མཐོང་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཕྲག་འབུམ་དག་
མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། ན་བཟའ་དང་། གདུགས་དང་།
རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་སྣ་ཚོགས་པ་དག་གིས་བཀུར་སྟི་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་མཐོང་བར་འགྱུར་རོ། །དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྨི་ལམ་བཟང་པོ་དེ་ལྟ་

བུ་དག་མཐོང་བར་འགྱུར་རོ། །དེ་བདེ་བ་ཁོ་ནར་སད་པར་འགྱུར། དེའི་ལུས་ལ་གཟི་བྱིན་འཇུག་པར་འགྱུར། དེའི་ལུས་ཡང་བ་ཉིད་དུ་ཤེས་པར་འགྱུར། དེ་ཟས་ལ་བརྐམ་པ་ཉིད་དུ་མི་འགྱུར། ཆོས་གོས་ལ་བརྐམ་པ་ཉིད་དུ་མ་ཡིན། ན་བའི་གསོ་སྨན་དང་། ཡོ་བྱད་ལ་
བརྐམ་པ་ཉིད་དུ་མི་འགྱུར། དེ་ཟས་ཀྱི་འདུ་ཤེས་ཆུང་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ཡོ་བྱད་ཀྱི་འདུ་ཤེས་ཆུང་བ་ཉིད་དུ་འགྱུར་ཏེ། དཔེར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་འདོད་པ་ནས། ཏིང་ངེ་འཛིན་ལས་ལངས་པ་ཟས་ལ་བརྐམ་པའི་ཤས་ཆེ་བ་མ་ཡིན་པ་དེ་བཞིན་དུ་
ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ལ་ལ་ཞིག་གིས་ལུས་ལ་མི་མ་ཡིན་པ་རྣམས་གཟི་བྱིན་འཇུག་པར་བྱེད་ན། དེ་ནི་དེ་བཞིན་དུ་འགྱུར་ཏེ། དེས་ན་དེ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་
གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་ལུས་ལ་གཟི་བྱིན་ཉེ་བར་བསྒྲུབ་པར་འགྱུར་བས། ཇི་སྲིད་འཚོའི་བར་དུ་བ་དན་གྱི་
བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་དག་གིས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་
འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་གང་ནས་ཤི་འཕོས་ནས་འདིར་མཆིས་པ་ལགས། དེ་ཡུན་ཇི་སྲིད་ཅིག་ནས་