Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡང་དག་པར་ཞུགས་པ་ལགས། དེས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བགྱིས་པ་ལགས། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་ཇི་སྲིད་ཅིག་ནས་སྤྱད་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་དོན་དང་ཚུལ་ལས་མོས་པར་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་ དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་ ཚད་མེད་པ་དག་ལ་བསྙེན་བཀུར་བྱས་ནས་འདིར་འོང་བ་དག་ཡིན། འདིར་སྐྱེས་ཞིང་བྱུང་བ་དག་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གཞལ་དུ་མེད་ཅིང་། གྲངས་མེད་ཚད་མེད་པ་ནས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ནོ། །དེས་སེམས་དང་པོ་བསྐྱེད་ཕྱིན་ཆད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འོངས་པ་ཡིན། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འོངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ནི་ཕྱིན་ཆད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་དག་ལ་བསྙེན་བཀུར་བྱེད་ཅིང་འདིར་འོངས་པ་ ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ངམ་ཐོས་ན་བདག་གིས་ནི་སྟོན་པ་མཐོང་ངོ་ཞེས་སེམས་བསྐྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ ཡང་དོན་དང་ཚིག་ལས་མཚན་མ་མེད་པ་དང་། གཉིས་སུ་མེད་པ་དང་། དམིགས་སུ་མེད་པའི་ཚུལ་གྱིས་རྗེས་སུ་རྟོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་ཉན་པ་པོ་དང་། ལྟ་བ་པོ་རྣམས་ཀྱི་སྟོན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་པོ་དང་། ལྟ་བ་པོ་མེད་དོ། །རབ་འབྱོར་ཆོས་བེམས་པོ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར། ནང་སྟོང་པ་ཉིད་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། ཆོས་བེམས་པོ་ཉིད་ཀྱི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ ཆོས་བེམས་པོ་ཉིད་ཀྱི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མི་ཐོས་མི་མཐོང་ངོ་། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་ བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མི་ཐོས་མི་མཐོང་ངོ་། །རབ་འབྱོར་ཆོས་བེམས་པོ་ཉིད་ཀྱི་ཕྱིར། བྱང་ཆུབ་དང་སངས་རྒྱས་ཀྱང་མི་ཐོས་མི་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་མོས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་མ་བཅིངས་མ་གྲོལ་བ་ཡིན་ལ། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། ། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་དངོས་པོ་མེད་པའི་རང་བཞིན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་དངོས་པོ་མེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ དངོས་པོ་མེད་པའི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་དངོས་པོ་མེད་པའི་རང་བཞིན་ནི། དྲན་པ་ཉེ་བར་གཞག་པ་བཞི་ཡིན་པའི་ ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་གཟུགས་ཀྱི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཡིན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་གཟུགས་ནི་སྔོན་གྱི་མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་སྔོན་གྱི་ མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ནི་ཕྱི་མའི་མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་ མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཕྱི་མའི་མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་ པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཕྱི་མའི་མཐའ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ནི་ད་ལྟར་བྱུང་བ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ད་ ལྟར་བྱུང་བ་ལས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་ འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པ་རྣམས་དང་། དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དང་། སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་དང་། བདུད་ཀྱི་དབང་དུ་མཆིས་པ་རྣམས་དང་། ལེ་ལོ་ཅན་རྣམས་དང་། བརྩོན་འགྲུས་ཆུང་བ་རྣམས་དང་། བསྐྱུད་ངས་པ་ རྣམས་དང་། ཤེས་བཞིན་མ་མཆིས་པར་སྤྱོད་པ་རྣམས་ཀྱིས་མོས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པ་དང་། ཤེས་བཞིན་མེད་ པར་སྤྱོད་པ་རྣམས་ཀྱི་བར་དག་གིས་མོས་པར་དཀའ་བ་ཡིན་ནོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་འབྲས་བུ་རྣམ་པར་དག་པ་ཡང་དེ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ཡང་དེ་ཡིན། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ། འབྲས་བུ་རྣམ་པར་དག་པ་ཡང་དེ་ཡིན་ནོ། །རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་ རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་ དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་གཉིས་སུ་མེད་པ་རྣམ་པར་དག་པ་གང་ཡིན་པ་དང་། གཟུགས་རྣམ་པར་དག་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་ དོ། །རབ་འབྱོར་གཞན་ཡང་སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་རྣམ་པར་དག་པས། གཟུགས་རྣམ་པར་དག་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའོ། །དེ་ བཞིན་དུ་སྦྱར་ཏེ། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་དང་། མཐོང་བ་པོ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་མ་རིག་པ་རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པའོ། །འདུ་བྱེད་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་པར་དག་པའོ། །རྣམ་པར་ ཤེས་པ་རྣམ་པར་དག་པས། མིང་དང་གཟུགས་རྣམ་པར་དག་པའོ། །མིང་དང་གཟུགས་རྣམ་པར་དག་པས། སྐྱེ་མཆེད་དྲུག་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་རྣམ་པར་དག་པས། རེག་པ་རྣམ་པར་དག་པའོ། །རེག་པ་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པའོ། །ཚོར་ བ་རྣམ་པར་དག་པས། སྲེད་པ་རྣམ་པར་དག་པའོ། །སྲེད་པ་རྣམ་པར་དག་པས། ལེན་པ་རྣམ་པར་དག་པའོ། །ལེན་པ་རྣམ་པར་དག་པས། སྲིད་པ་རྣམ་པར་དག་པའོ། །སྲིད་པ་རྣམ་པར་དག་པས། སྐྱེ་བ་རྣམ་པར་དག་པའོ། །སྐྱེ་བ་རྣམ་པར་དག་པས། རྒ་ཤི་དང་མྱ་ངན་དང་། སྨྲེ་ སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་དག་པའོ། །རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ དག་པས། ནང་སྟོང་པ་ཉིད་རྣམ་པར་དག་པ་ནས། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་ དག་པས། ཐམས་ཅད་ཤེས་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །ཐམས་ཅད་ཤེས་པ་ཉིད་རྣམ་པར་དག་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཐམས་ ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་ པར་དག་པས། གཟུགས་རྣམ་པར་དག་པའོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། ། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་ པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་བཞིན་དུ་སྦྱར་ཏེ། ལམ་གྱི་བར་དུ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ བར་དུ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་ པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །ཚིག་རེ་རེ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། རྒྱ་ཆེར་ཚིག་རེ་རེ་ལས་ཀྱང་དེ་བཞིན་དུ་སྦྱར་བར་བྱ་ཞིང་རྗེས་སུ་འཇུག་པར་བྱའོ། །རབ་འབྱོར་གཞན་ཡང་འདུས་བྱས་རྣམ་པར་དག་པས། འདུས་མ་ བྱས་རྣམ་པར་དག་པའོ། །འདུས་མ་བྱས་རྣམ་པར་དག་པས། འདུས་བྱས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུས་བྱས་རྣམ་པར་དག་པ་དང་། འདུས་མ་བྱས་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་འདས་པ་རྣམ་ པར་དག་པས། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པའོ། །མ་འོངས་པ་རྣམ་པར་དག་པས། འདས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པའོ། །ད་ལྟར་བྱུང་བ་རྣམ་པར་དག་པས། འདས་པ་དང་མ་འོངས་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདས་པ་རྣམ་པར་དག་པ་ དང་། མ་འོངས་པ་རྣམ་པར་དག་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ འདི་ནི་ཟབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་རྣམ་པར་དག་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ་ལགས། བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་ དག་པ་འདི་ཟབ་བོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་ཟབ་བོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་ཟབ་བོ། །དེ་བཞིན་ དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་ཟབ་བོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་། དེ་བཞིན་གཤེགས་ པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་ཟབ་བོ། །དེ་བཞིན་དུ་བྱང་ཆུབ་རྣམ་པར་དག་ པའི་ཕྱིར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་ཟབ་བོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་སྣང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་སྣང་བ་ཡིན་ནོ། །གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་འདི་སྣང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་སྣང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་འདི་སྣང་བ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་ པའི་ཕྱིར། ཆོས་རྣམ་པར་དག་པ་འདི་སྣང་བ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་ རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མེད་པ་ཡིན་ནོ། །གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་ཉིང་མཚམས་སྦྱོར་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་འཕོ་བ་མེད་པ་དང་། ཤིན་ཏུ་ རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མེད་པ་ཡིན་ནོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕོ་བ་མེད་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མེད་པ་ཡིན་ནོ། ། གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ནོ། །གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ནོ། །དེ་ བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་ཐོབ་པ་མ་མཆིས་ཤིང་མངོན་པར་རྟོགས་པ་མ་མཆིས་པ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པ་ཡིན་ནོ། །གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་ནི་ཐོབ་པ་མ་མཆིས་ ཤིང་མངོན་པར་རྟོགས་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་རྣམ་པར་དག་པ་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཕྱིར། ཆོས་རྣམ་པར་དག་པ་ལ་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པ་ཡིན་ནོ། །གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་མངོན་པར་མ་གྲུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་མངོན་པར་མ་གྲུབ་པ་ནི་ཆོས་རྣམ་ པར་དག་པ་ཡིན་ནོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་མ་གྲུབ་པ་ནི་ཆོས་རྣམ་པར་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་མི་སྐྱེ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་མི་སྐྱེའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་རྣམ་པར་དག་པ་འདོད་པའི་ཁམས་སུ་མི་སྐྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ཤ་ར་དྭ་ཏིའི་བུ་འདོད་པའི་ཁམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་མི་སྐྱེའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་མི་སྐྱེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་མི་སྐྱེའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་མི་སྐྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ ཀྱི་ཁམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར། ཆོས་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་མི་སྐྱེའོ། །གཟུགས་མེད་པའི་ཁམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅྭ་བརྒྱད་པ། གསོལ་ པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་རྣམ་པར་དག་པ་ནི་ཤེས་པ་མེད་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ ལྟར་ན་ཆོས་རྣམ་པར་དག་པ་འཚལ་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར། ཆོས་རྣམ་པར་དག་པ་ནི་ཤེས་པ་མེད་པ་ཡིན་ནོ། །གསོལ་པ། ཅི་ཞིག་འཚལ་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གཟུགས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཤེས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཤེས་པ་མེད་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་ ཐམས་ཅད་རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་རྣམ་པར་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་ རྣམ་པར་དག་པའི་སླད་དུ། ཆོས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་ བགྱིད་པ་ཡང་མ་ལགས། གནོད་པར་བགྱིད་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་བྱེད་པ་ཡང་མ་ཡིན། གནོད་པར་བྱེད་པ་ཡང་མ་ ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་ཡང་མི་བགྱིད། གནོད་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གནས་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཙུན་ པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་ཅི་ཡང་ཡོངས་སུ་མི་འཛིན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་ཅི་ཡང་ ཡོངས་སུ་མི་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཆོས་ཅི་ཡང་ཡོངས་སུ་མི་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ། བདག་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ། བདག་རྣམ་པར་དག་པས། ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལགས་སོ། །དེ་བཞིན་ དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ བདག་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་རྣམ་པར་དག་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་ པས། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་དག་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པས། རྒྱུན་དུ་ ཞུགས་པའི་འབྲས་བུ་རྣམ་པར་དག་པ་ལགས་སོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རང་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་པའི་ཕྱིར་དང་། མཚན་ཉིད་མེད་པའི་ཕྱིར་དང་། ཤེས་པ་པོ་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་ བཅོམ་ལྡན་འདས་གཉིས་རྣམ་པར་དག་པས་ཐོབ་པ་མ་མཆིས་ཤིང་མངོན་པར་རྟོགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པ་མེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་ སླད་དུ་གཉིས་རྣམ་པར་དག་པས་ཐོབ་པ་མ་མཆིས་ཤིང་མངོན་པར་རྟོགས་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་མུ་མ་མཆིས་པའི་སླད་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་མུ་མ་མཆིས་པའི་སླད་དུ་གཟུགས་ དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་བདག་མེད་པའི་ཕྱིར་རོ། །གསོལ་པ། དེ་ལྟར་ རྟོགས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་ དེ་ལྟར་རྟོགས་པ་གང་ལགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་འདི་སྙམ་དུ་གཟུགས་ཀྱིས་གཟུགས་མི་ཤེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་མི་ཤེས་སོ། །འདས་པའི་ཆོས་རྣམས་ཀྱིས་ འདས་པའི་ཆོས་རྣམས་མི་ཤེས་སོ། །མ་འོངས་པའི་ཆོས་རྣམས་ཀྱིས་མ་འོངས་པའི་ཆོས་རྣམས་མི་ཤེས་སོ། །ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་ད་ལྟར་བྱུང་བའི་ཆོས་རྣམས་མི་ཤེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་བར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཤེས་སོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་དཔའ་དེ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ལྟ་སྟེ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་ལ་གཉིས་ཀྱི་འདུ་ཤེས་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ ཀྱི་ཕྱིར་འདི་སྙམ་དུ་བདག་གིས་སྦྱིན་པ་སྦྱིན་པར་བྱའོ། །འདི་ལ་སྦྱིན་པ་སྦྱིན་པར་བྱའོ། །སྦྱིན་པ་འདི་འདྲ་བ་ཞིག་སྦྱིན་པར་བྱའོ། །བདག་གིས་ཚུལ་ཁྲིམས་བསྲུང་བར་བྱའོ། །ཚུལ་ཁྲིམས་འདི་ལྟར་བསྲུང་བར་བྱའོ། །བདག་གིས་བཟོད་པ་བསྒོམ་པར་བྱའོ། །བཟོད་པ་འདི་ལྟར་བསྒོམ་ པར་བྱའོ། །བདག་གིས་བརྩོན་འགྲུས་བརྩམ་པར་བྱའོ། །བརྩོན་འགྲུས་འདི་ལྟར་བརྩམ་པར་བྱའོ། །བདག་གིས་བསམ་གཏན་ལ་སྙོམས་པར་འཇུག་པར་བྱའོ། །བསམ་གཏན་ལ་འདི་ལྟར་སྙོམས་པར་འཇུག་པར་བྱའོ། །བདག་གིས་ཤེས་རབ་བསྒོམ་པར་བྱའོ། །ཤེས་རབ་ འདི་ལྟར་བསྒོམ་པར་བྱའོ། །བདག་གིས་བསོད་ནམས་བསྐྱེད་པར་བྱའོ། །བསོད་ནམས་འདི་ལྟར་བསྐྱེད་པར་བྱའོ། །བདག་གིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འདི་ལྟར་འཇུག་པར་བྱའོ། །བདག་གིས་སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་བྱའོ། །སངས་རྒྱས་ཀྱི་ཞིང་འདི་ལྟར་ཡོངས་སུ་དག་པར་བྱའོ། །བདག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །སེམས་ཅན་རྣམས་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱའོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་འདི་ལྟར་རྗེས་སུ་ཐོབ་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་དེ་དག་ཐམས་ཅད་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་མེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པའི་ཆགས་པ་མེད་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ཆགས་པ་གང་དག་ཡིན་པར་རིག་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་རང་གི་སེམས་ སུ་ཀུན་ཏུ་ཤེས། སྦྱིན་པར་ཀུན་ཏུ་ཤེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། ཚུལ་ཁྲིམས་སུ་ཀུན་ཏུ་ཤེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། བཟོད་པར་ཀུན་ཏུ་ཤེས། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། བརྩོན་འགྲུས་སུ་ཀུན་ ཏུ་ཤེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། བསམ་གཏན་དུ་ཀུན་ཏུ་ཤེས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། ཤེས་རབ་ཏུ་ཀུན་ཏུ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཀུན་ཏུ་ཤེས། དེ་བཞིན་དུ་ནང་སྟོང་པ་ཉིད་དུ་ཀུན་ཏུ་ཤེས། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་ཀུན་ཏུ་ཤེས་པ་དང་། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཀུན་ཏུ་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་བཞིར་ཀུན་ཏུ་ཤེས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཀུན་ཏུ་ཤེས་པ་དང་། དེ་བཞིན་གཤེགས་པའི་ སྟོབས་བཅུར་ཀུན་ཏུ་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཀུན་ཏུ་ཤེས། སངས་རྒྱས་སུ་ཀུན་ཏུ་ཤེས། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་རྣམས་སུ་ཀུན་ཏུ་ཤེས་ཤིང་། ཆོས་དེ་དག་ཐམས་ཅད་ཀྱང་བརྟུལ་ཅིང་བསྡུས་ཏེ་སེམས་ཅན་ཐམས་ཅད་དང་། ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ། དེ་ཡང་ཡོངས་སུ་བསྔོ་བར་ཀུན་ཏུ་ཤེས་པ་སྟེ། ཀཽ་ཤི་ཀ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ཆགས་པ་ཡིན་པར་རིག་པར་བྱ་སྟེ། ཆགས་པ་ དེ་དག་དང་ཀུན་ཏུ་འབྲེལ་ན་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ནི་ཡོངས་སུ་བསྔོ་བར་མི་ནུས་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་ ཡོངས་སུ་བསྔོ་བར་མི་ནུས་ཤིང་། དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་ནི་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་དག་ཀུན་ཏུ་མགུ་བ་དང་། ཆོས་ ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་དང་། རྣམ་པ་ཐམས་ཅད་དུ་འབྱུང་བ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ཀྱིས་གཞན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་དགའ་བར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་ པར་བྱ། ཡང་དག་པར་བསྟན་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། བདག་ནི་སྦྱིན་པ་སྦྱིན་པར་བྱེད་པའོ། །བདག་ནི་ཚུལ་ཁྲིམས་བསྲུང་བའོ། །བདག་ནི་བཟོད་པ་བསྒོམ་པའོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་ པའོ། །བདག་ནི་ཤེས་རབ་བསྒོམ་པའོ། །བདག་ནི་ནང་སྟོང་པ་ཉིད་ལ་སྤྱོད་པའོ། །བདག་ནི་ཕྱི་སྟོང་པ་ཉིད་ལ་སྤྱོད་པའོ། །བདག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའོ། །བདག་ནི་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པའོ། །དེ་བཞིན་དུ་སྦྱར་ཏེ། བདག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་བསྒོམ་པའོ། །བདག་ནི་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པའོ་སྙམ་དུ་མཚན་མ་ལས་རྣམ་པར་རྟོག་པ་དག་ཡིད་ལ་མི་བྱའོ། །དེ་ལྟར་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་དགའ་བར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་བསྟན་པར་བྱའོ། །དེ་ཡང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་འཛིན་དུ་གཞུག་པ་དང་། ཡང་དག་པར་གཟེངས་ བསྟོད་པ་དང་། ཡང་དག་པར་བསྟན་པ་དེས་གཞན་དག་ཡང་དག་པར་དགའ་བར་བྱེད་ཅིང་། ཡང་དག་པར་འཛིན་དུ་གཞུག་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་། ཡང་དག་པར་སྟོན་པར་བྱེད་པ་ན། བདག་ཀྱང་ཉམས་པར་མི་འགྱུར་ཞིང་། སངས་རྒྱས་ཀྱིས་གནང་བ་ དང་། སངས་རྒྱས་ཀྱིས་བསྔགས་པ་ལ་ཡང་དག་པར་འཛིན་དུ་བཅུག་པར་འགྱུར་རོ། །དེ་ལྟར་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ནི་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པའི་མཐའ་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཆགས་པའི་མཐའ་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་ནི་ལེགས་སོ་ལེགས་སོ། ། རབ་འབྱོར་དེའི་ཕྱིར་ཆགས་པའི་མཐའ་ཆེས་ཕྲ་བ་གཞན་དག་ཀྱང་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་ འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལ་ལ་ཞིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མར་ ཡིད་ལ་བྱེད་ན། རབ་འབྱོར་ཅི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དེ་དག་གིས་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཇི་སྲིད་དུ་དམ་པའི་ཆོས་གནས་པའི་ བར་སྐབས་དེའི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱེད་ཅིང་མཚན་མར་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་དེ་ཅི་ཙམ་དུ་མཚན་མར་ ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་ཉན་ཐོས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་དང་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། ཅི་ཙམ་དུ་སེམས་ཅན་རྣམས་མཚན་མར་ཡིད་ལ་བྱེད་པ་ནི་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ཙམ་དུ་ཆགས་པ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གི་དགེ་བའི་རྩ་བ་རྣམས་ཀྱང་མཚན་མར་ཡིད་ལ་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་མ་བྱས་ཤིང་མངོན་པར་འདུས་མ་བྱས་པ་དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཆོས་ཀྱི་རང་བཞིན་ལ་ནི་གཉིས་སུ་མེད་དེ། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གཅིག་ཁོ་ནར་ཟད་དོ། །རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་བོ་གང་ཡིན་པ་དེ་ནི་རང་བཞིན་མེད་པ་ཡིན་ནོ། །རབ་འབྱོར་རང་བཞིན་གང་ ཡིན་པ་དེ་ནི་ཡང་དག་པའི་རང་བཞིན་ཡིན་ནོ། །ཡང་དག་པའི་རང་བཞིན་གང་ཡིན་པ་དེ་ནི་མངོན་པར་འདུས་མ་བྱས་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་མངོན་པར་འདུས་མ་བྱས་པར་ཤེས་ན། ཆགས་ པའི་མཐའ་ཐམས་ཅད་རྣམ་པར་སྤངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་རྣམ་པར་མ་ཤེས་སོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཀྱིས་མ་བསྐྱེད། གཟུགས་ཀྱིས་མ་ཡིན། ཚོར་བས་མ་ཡིན། འདུ་ཤེས་ཀྱིས་མ་ཡིན། འདུ་བྱེད་རྣམས་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་བསྐྱེད་དོ། །དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་ རྣམས་ཀྱིས་མ་བསྐྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱིས་མ་བསྐྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུས་མ་བསྐྱེད། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གིས་མ་བསྐྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། རྣམ་པར་དག་པའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱི་བ་མ་མཆིས་པའི་བྱེད་པ་པོ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གང་གི་ཚེ་གཟུགས་ལ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་ རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ཡིན་ནོ། །གཟུགས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བ་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་ ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ཡིན་ནོ། །གཟུགས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་ཞེས་བྱ་བའམ། མི་དབེན་ ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་ དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བ་ འམ། དངོས་པོ་མེད་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་གཙང་ཞེས་བྱ་བའམ། མི་གཙང་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཙང་ཞེས་བྱ་བའམ། མི་གཙང་ ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་ནས། དེ་བཞིན་དུ་མིག་གི་བར་ལ་གཙང་ཞེས་བྱ་བའམ། མི་གཙང་ཞེས་བྱ་བར་མི་སྤྱོད་ན། དེ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བའམ། མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བའམ། སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བའམ། ཞི་ཞེས་བྱ་བ་ འམ། མ་ཞི་ཞེས་བྱ་བའམ། དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བའམ། ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་ཞེས་བྱ་བའམ། སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བའམ། དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བའམ། གཙང་ ཞེས་བྱ་བའམ། མི་གཙང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། བདེ་ ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། དེ་བཞིན་དུ་སྦྱར་ཏེ། གཙང་ཞེས་བྱ་བའམ། མི་གཙང་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ཡོངས་སུ་རྫོགས་ཞེས་བྱ་བའམ། ཡོངས་སུ་མ་རྫོགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་རྫོགས་ཞེས་བྱ་བའམ། ཡོངས་སུ་མ་རྫོགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཡོངས་སུ་རྫོགས་ཞེས་ བྱ་བའམ། ཡོངས་སུ་མ་རྫོགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་མི་ དམིགས་ལ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་ཤིང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་པའི་ཕྱིར་རོ། །དེ་ནས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་ཙམ་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པ་མ་མཆིས་པ་དེ་དག་ལེགས་པར་བཤད་པ་ནི་ངོ་ མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ ཀྱི་ཆགས་པ་མེད་པ་དག་ལེགས་པར་བཤད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ དང་། ཡིད་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་རྣམས་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་ སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆགས་ཞེས་བྱ་བའམ། མ་ཆགས་ཞེས་བྱ་བར་མི་སྤྱོད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ ན། གཟུགས་ཆགས་ཞེས་བྱ་བར་ཡང་དག་པར་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་ཞེས་བྱ་བར་ཡང་དག་པར་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཆགས་ཞེས་བྱ་བར་ཡང་དག་ པར་ཤེས་སོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཆགས་ཞེས་བྱ་བར་ཡང་དག་པར་ཤེས་སོ། །དེ་ ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ཙམ་དུ་ཆོས་ཟབ་མོ་འདི་མ་བཤད་ཀྱང་འགྲིབ་པ་མ་མཆིས་ལ། བཤད་ཀྱང་འཕེལ་བ་མ་མཆིས་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཟབ་མོ་འདི་མ་བཤད་ཀྱང་འགྲིབ་པ་མེད་ལ། བཤད་ཀྱང་འཕེལ་བ་མེད་དོ། །རབ་འབྱོར་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཇི་སྲིད་འཚོའི་བར་དུ་ནམ་མཁའི་བསྔགས་པ་བརྗོད་ན། ནམ་མཁའ་ལ་ནི་བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་ལ་བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་སྒྱུ་མའི་སྐྱེས་བུ་ལ་ནི་བསྔགས་ པ་བརྗོད་པས་འཕེལ་བ་མེད་ལ། བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་དེ་ནི་བཤད་ཀྱང་འཕེལ་བ་མེད་ལ། མ་བཤད་ཀྱང་འགྲིབ་པ་མེད་དེ། བཤད་ཀྱང་དེ་ཁོ་ནར་ཟད་ལ། མ་བཤད་ཀྱང་དེ་ཁོ་ནར་ཟད་དོ། །དེ་ནས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན། མི་ཞུམ་མི་འགོང་སྟེ། ཞུམ་པར་འགྱུར་ བ་མ་མཆིས་ལ། ཞུམ་པ་མ་མཆིས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་སྙོམས་པར་འཇུག་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པ་ནི་དཀའ་བ་བགྱིད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་ལགས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་ཏེ། ནམ་མཁའ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མ་མཆིས། ནམ་མཁའ་ལ་ནི་ གཟུགས་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་མཆིས། ནམ་མཁའ་ལ་ནི་ནང་སྟོང་པ་ཉིད་མ་མཆིས་པ་ནས། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་མཆིས། ནམ་མཁའ་ལ་ནི་ དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མ་མཆིས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མ་མཆིས། ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ མཆིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་མཆིས། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དག་གོ་ཆ་ཆེན་པོ་འདི་འཚལ་བ་དེ་དག་ནི་ཕྱག་བགྱི་བའི་གནས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའི་སླད་དུ་བརྩོན་པར་འཚལ་བ་དང་། འབད་པར་འཚལ་བ་དང་། རྩོལ་བར་ འཚལ་བ་དག་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་འཁོར་བ་ལས་ཐར་བར་བགྱི་བར་འཚལ་ཞིང་གོ་ཆ་ཆེན་པོ་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་ཐར་བར་བགྱི་བར་འཚལ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་དག་སེམས་ཅན་ རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི་བར་སྣང་འདེགས་པར་འཚལ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་དེ་དག་ནི་བརྩོན་འགྲུས་ ཀྱི་སྟོབས་ཆེན་པོ་ཐོབ་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་ཐམས་ཅད་ཀྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་དཔའ་བ་དང་། རྟུལ་ཕོད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ནམ་མཁའ་དང་འདྲ་བའི་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ གོ་ཆ་ཆེན་པོ་འཚལ་བ་ལགས་ཤིང་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མ་མཆིས་པའི་གོ་ཆ་འཚལ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཤ་སྟག་གིས་དཔེར་བགྱི་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་སཱ་ལུའི་ཞིང་ངམ། མདའ་རྒྱུའི་ཚལ་ལྟར་ཡོངས་སུ་བལྟམས་པར་གྱུར་ཅིང་། དེ་བཞིན་གཤེགས་པ་དེ་དག་ཀྱང་བསྐལ་པ་ འམ། བསྐལ་པ་ལས་ལྷག་པར་བཞུགས་ཏེ། ཆོས་བཤད་པར་གྱུར་ལ། དེ་བཞིན་གཤེགས་པ་རེ་རེས་ཀྱང་སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པ་དག་ཡོངས་སུ་མྱ་ངན་ལས་བཟླས་པར་གྱུར་ཀྱང་། བཙུན་པ་བཅོམ་ལྡན་འདས་སེམས་ ཅན་གྱི་ཁམས་ལ་ནི་བྲི་བའམ། གང་བར་མི་མངོན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པའི་སླད་དུ་དང་། སེམས་ཅན་དབེན་པའི་སླད་དུའོ། །དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རྒྱས་པར་སྦྱར་བར་བགྱི་ སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བདག་འདི་སྐད་དུ་གང་དག་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་ཆེན་པོ་འཚལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་ཐར་བར་བགྱི་ བར་འཚལ་བ་ལགས་སོ་ཞེས་མཆི་ལགས་སོ། །དེ་ནས་འཁོར་དེ་ཉིད་ན་དགེ་སློང་ཞིག་འདི་སྙམ་དུ། ཀྱེ་མ་བཙུན་པ་བཅོམ་ལྡན་འདས་ཆོས་འགའ་ཡང་མི་སྐྱེ་མི་འགག་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་མཆིས། ཏིང་ངེ་འཛིན་གྱི་ཕུང་པོ་ཡང་མཆིས། ཤེས་རབ་ཀྱི་ཕུང་པོ་ཡང་མཆིས། རྣམ་པར་གྲོལ་བའི་ཕུང་པོ་ཡང་མཆིས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་མཆིས་ཤིང་། དེ་བཞིན་དུ་རྒྱུན་དུ་ཞུགས་པ་ཡང་མཆིས། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མཆིས། སངས་རྒྱས་དཀོན་མཆོག་ཀྱང་མཆིས། ཆོས་དཀོན་མཆོག་ཀྱང་མཆིས། དགེ་འདུན་དཀོན་མཆོག་ཀྱང་མཆིས། ཆོས་ཀྱི་འཁོར་ལོ་བསྐོར་བ་ ཡང་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་སྙོམས་ པར་འཇུག་པ་དེ། གང་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ཡིན། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ཡིན་ནོ། །དེ་ནས་ བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཀློག་པ་དང་། ཚུལ་བཞིན་ དུ་ཡིད་ལ་བགྱིད་པ་དེ་ལ་བད