Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅། །ཁྲི་བ་ང་བཞུགས་སོ། ། ༄༅༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་དགུ་པ། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ འདས་པའི་དུས་ལ་ཤེས་པ་མི་འཇུག །མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ལ་ཤེས་པ་མི་འཇུག་ལ། དུས་གསུམ་པོ་དག་མི་ཤེས་པ་ཡང་མ་ཡིན་པ་སྟེ། དེ་ཡང་མི་དམིགས་ པའི་ཚུལ་གྱིས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདོད་པའི་ཁམས་སུ་ཤེས་པ་མི་འཇུག །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་ཤེས་པ་མི་འཇུག་ལ། ཁམས་གསུམ་ལ་མི་ཤེས་པ་ཡང་མི་འཇུག་པ་གང་ཡིན་པ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འཇིག་རྟེན་པའི་ཆོས་རྣམས་ལ་ཤེས་པ་མི་འཇུག །འཇིག་རྟེན་ལས་འདས་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ལ་མི་ཤེས་པ་མི་འཇུག་ལ། འཇིག་རྟེན་པའི་ཆོས་རྣམས་ལ་མི་ཤེས་པ་ཡང་མི་འཇུག །འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ལ་མི་ཤེས་པ་ཡང་མི་འཇུག་ཅིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་མི་འཇུག་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ལ་གནས་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ཐེག་པ་ཡིན་ཏེ། ཉི་ཚེ་བའི་ཐེག་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བ་མ་ཡིན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་ པ་ཆེན་པོ་ཡང་གཞན་ལ། གོ་ཆ་ཆེན་པོ་ཡང་གཞན་མ་ཡིན་ཏེ། གོ་ཆ་ཆེན་པོ་ཉིད་ཐེག་པ་ཆེན་པོ་ཡིན་ལ། ཐེག་པ་ཆེན་པོ་ཉིད་ཀྱང་གོ་ཆ་ཆེན་པོ་ཡིན་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་གང་ཡིན་པ་དང་། གོ་ཆ་ཆེན་པོ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ སྐྱོན་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བརྗོད་པར་བགྱི་ ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ནས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ཡང་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལེན་པ་ཡང་མི་དམིགས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ནས་མི་དམིགས་པའི་ཚུལ་གྱིས་དགེ་བའི་ཆོས་མི་དམིགས། མི་དགེ་བའི་ཆོས་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་མི་དམིགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་པོ་མི་དམིགས་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་འདྲེས་པས་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །དེ་བཞིན་དུ་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་ཀྱི་བར་དུ་བསྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསྒོམ་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འདི་སྙམ་དུ་སེམས་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ། །དེ་བཞིན་དུ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་རྣམས་ཀྱང་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་དེ་བཞིན་ནོ། །རྣམ་པར་ཤེས་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། རྣམ་པར་ཤེས་པ་འདི་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །མིག་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། འདི་ལྟ་སྟེ། མིག་འདི་ནི་མིང་དང་ཐ་སྙད་ཙམ་ དུ་ཟད་དོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་། ཡིད་ཅེས་བྱ་བ་འདི་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །དེ་བཞིན་དུ་གཟུགས་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། གཟུགས་རྣམས་ཞེས་བྱ་བ་འདི་ དག་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཞེས་བྱ་བ་འདི་དག་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །དྲན་པ་ ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་འདི་དག་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། ལམ་གྱི་བར་དུ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་ རྣམས་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་བཞིན་ནོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ནི་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། མིང་ དང་ཐ་སྙད་ཙམ་དུ་ཟད་དོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་དག་ནི་མིང་དང་ཐ་སྙད་ཙམ་དུ་ཟད་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དེ་དག་ནི་མིང་དང་ཐ་སྙད་ཙམ་ དུ་ཟད་དོ། །ཡང་དག་པའི་མཐའི་བར་དུ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བ་དེ་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །བྱང་ཆུབ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་འདི་ ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་ཐ་སྙད་ཙམ་དུ་ཟད་དོ། །འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདི་ནི་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། མིང་དང་ཐ་སྙད་ཙམ་དུ་ཟད་དོ་སྙམ་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཉམས་པ་མེད་པའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད། སེམས་ཅན་རྣམས་ཡོངས་སུ་ སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ ཡང་དང་ཡང་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་རབ་མཆོག་གི་ཐེག་པ་འདི་ཉིད་ཀྱི་ཆོས་ཀྱང་ཉན་ཏོ། །ཐེག་པ་འདི་ལ་ཞོན་ཏེ། སེམས་ཅན་ལ་ཕན་གདགས་པའི་ཕྱིར་དང་། སངས་རྒྱས་ལ་བལྟ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཡང་དེ་ཕྱིར་ཞིང་སངས་རྒྱས་ཀྱི་ཞིང་གི་ འདུ་ཤེས་ཀྱང་མི་འབྱུང་། སེམས་ཅན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་འབྱུང་ངོ་། །ཡང་དེ་གཉིས་སུ་མེད་པའི་ས་ལ་གནས་ནས། ལུས་ཇི་སྙེད་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་སྐལ་བ་དང་ལྡན་པ་དེ་སྙེད་ཀྱི་ལུས་ཡོངས་སུ་འཛིན་ཏོ། །བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ནམ་ཡང་ཐེག་པ་དེ་དང་བྲལ་བར་མི་འགྱུར་རོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་མ་བསྐོར་ བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་འཚོ་ཞིང་བཞུགས་པ་དང་། དེ་བཞིན་དུ་ཕྱོགས་མཚམས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་གི་བྱེ་མ་སྙེད་དག་ན་འཚོ་ཞིང་བཞུགས་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་གེ་མོ་ཞིག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞོན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ རྗེས་སུ་ཐོབ་ནས། དེ་ལྟ་ན་གཞན་དགེ་སྦྱོང་ངམ། བྲམ་ཟེ་ནས་གཞན་སུས་ཀྱང་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་བསྐོར་རོ་ཞེས་དེའི་བསྔགས་པ་རྗོད་ཅིང་སྙན་པ་སྒྲོགས་ལ་དབྱངས་བརྗོད་པར་མཛད་དེ། ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དྲུག་པོ་དེ་དག་གོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་འདི་ལྟ་སྟེ། ནང་ངམ་ཕྱིའི་དངོས་པོ་དག་གི་སྦྱིན་པ་དེ་འདོད་པ་རྣམས་ལ་སྦྱིན་པར་བྱེད་ཅིང་བྱིན་ནས་ཀྱང་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་སྔོ་བ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ བསྐྱེད་པས་བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་ལེགས་པར་སྤྱོད་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ། རབ་ཏུ་འགོད་ལ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་མེད་པའོ། །དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཀྱང་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ལ། གཞན་དག་ཀྱང་བཟོད་པ་ཡང་ དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། ཕ་རོལ་ཕྱིན་པ་དྲུག་ལ་བརྩོན་པ་མི་གཏོང་བ་ཡིན། སེམས་ཅན་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ལ། དེ་ཡང་ མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཐབས་ལ་མཁས་པས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་སྙོམས་པར་འཇུག་ཅིང་། དེ་དག་གི་དབང་གིས་ཀྱང་མི་སྐྱེ་ལ། གཞན་དག་ཀྱང་བསམ་གཏན་དང་། ཚད་ མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅིང་། ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ནས་ཀྱང་གཞན་དག་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་ དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ལགས་སམ། འོན་ཏེ་འཇིག་རྟེན་ལས་འདས་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་ལྟ་ལགས་སམ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་འཇིག་རྟེན་པ་ལགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་ལྟ་ལགས་ན་ནི། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ ལགས། དེ་ཅིའི་སླད་དུ་ཞེ་ན། འཇིག་རྟེན་པ་ནི་འདུས་བྱས་ལགས་ལ། འདུས་བྱས་གང་ལགས་པ་དེ་ནི་མི་རྟག་པ་ལགས་ན། མི་རྟག་པ་གང་ལགས་པ་དེ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ལགས། ཇི་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ལས་འདས་པ་ ལགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་ལྟ་ལགས་ན་ནི། །དེ་ནི་བྱེད་པ་མ་མཆིས་པ་ལགས་ལ། བྱེད་པ་མ་མཆིས་པ་གང་ལགས་པ་དེ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །ཤ་ར་དྭ་ཏིའི་བུས་གསོལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ནི་གང་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ལས་འདས་པ་ ནི་གང་ལགས། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ཕོད་པ་སྦྱིན་བདག་ཏུ་གྱུར་པ་དེ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། འདྲོན་པ་དང་། སྡུག་འཕོངས་པ་དང་། སློང་བ་རྣམས་ལ་ཟས་འདོད་པ་དག་ལ་ཟས་སྦྱིན་པར་ བྱེད། སྐོམ་འདོད་པ་དག་ལ་སྐོམ་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། གོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། ཁྱིམ་འདོད་པའི་བར་དག་ལ་སྦྱིན་པར་བྱེད་པ་དང་། གནས་འདོད་པ་དག་ལ་གནས་སྦྱིན་པར་བྱེད་ཅིང་། སྨན་འདོད་ པ་རྣམས་ལ་སྨན། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་སློང་བ་རྣམས་ལ་མིའི་ཡོ་བྱད་གང་ཡང་རུང་བ་དག་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་བུ་ཕོ་སྦྱིན་པར་བྱེད་པ་དང་། བུ་མོ་སྦྱིན་པར་བྱེད་པ་དང་། ཆུང་མ་དང་། སླས་ཀྱི་འཁོར་དག་སྦྱིན་པར་བྱེད་པ་ དང་། དེ་བཞིན་དུ་མགོ་དང་། མིག་དག་དང་། རྣ་བ་དང་། སྣ་དང་། རྐང་པ་དང་། ལག་པ་དང་། ཡན་ལག་དང་། ཉིང་ལག་དག་སྦྱིན་པར་བྱེད་ཅིང་། དེ་དག་ཀྱང་དངོས་པོའི་བདག་ཉིད་དུ་གནས་ནས་ཡོངས་སུ་གཏོང་བར་བྱེད་ལ། དེ་འདི་སྙམ་དུ་ཡང་སེམས་ཏེ། བདག་ནི་ སྦྱིན་པར་བྱེད་པའོ། །འདི་དག་ནི་ལེན་པར་བྱེད་པ་དག་གོ། །ཀྱེ་བདག་ནི་སེར་སྣ་མེད་པའོ། །བདག་ནི་སྦྱིན་བདག་ཡིན་ནོ། །བདག་ནི་སློངས་མོ་སྟེར་བའོ། །ཀྱེ་བདག་ནི་ཐམས་ཅད་ཡོངས་སུ་གཏོང་བའོ། །བདག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བཀུར་སྟི་བྱེད་པའོ། ། བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྦྱིན་པ་དེ་བྱིན་ནས་ཀྱང་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་། བདག་གི་སྦྱིན་པ་འདིས་སེམས་ཅན་ཐམས་ ཅད་ཚེ་འདི་ཉིད་ལ་བདེ་བར་གྱུར་ཅིག །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་སྙམ་མོ། །དེ་ནི་ཆགས་པ་གསུམ་ལ་ཆགས་ཤིང་སྦྱིན་པ་དེ་སྦྱིན་པར་བྱེད་དེ། གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་པ་སྟེ། ཆགས་པ་གསུམ་པོ་དེ་དག་ལ་ཆགས་ནས། སྦྱིན་པ་དེ་སྦྱིན་པར་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། འདི་ལྟར་ འཇིག་རྟེན་དང་ལྷན་ཅིག་ཏུ་སྤྱོད་ཅིང་འཇིག་རྟེན་ལས་མི་གཡོ་ལ་ཡང་དག་པར་མི་འདའ་སྟེ། རྒྱུ་དེས་ན་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ། འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་ཀྱེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པ་ཡང་མི་དམིགས། སྦྱིན་པ་པོ་ཡང་མི་དམིགས། ལེན་པ་པོ་ཡང་མི་དམིགས། སྦྱིན་པ་ཡང་མ་ཡིན་ལ། སྦྱིན་པ་དེའི་རྣམ་པར་སྨིན་པ་ལ་ཡང་མངོན་པར་དགའ་བ་མེད་པ་དེ་ནི། ཤ་ར་དྭ་ཏིའི་ བུ་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་སྦྱིན་ཞིང་བྱིན་ནས་ཀྱང་སེམས་ཅན་དེ་དག་ཉིད་ལ་གཏོང་ཡང་སེམས་ཅན་དེ་དག་ཀྱང་མི་དམིགས། ལེན་པ་པོ་ཡང་ཡང་དག་པར་རྗེས་སུ་ མི་མཐོང་། སྦྱིན་པ་དེའི་རྣམ་པར་སྨིན་པ་ལ་ཡང་མངོན་པར་དགའ་བ་མེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཡོངས་སུ་སྔོ་མོད་ཀྱི། མཚན་མ་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི། ཤ་ར་དྭ་ཏིའི་བུ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་ བྱའོ། །དེ་ཅིའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་ཞེ་ན། འདི་ལྟར་འཇིག་རྟེན་ལས་རྒལ་ཞིང་འཇིག་རྟེན་ལས་འཕགས་ལ། འཇིག་རྟེན་ལས་ཡང་དག་པར་འདས་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། གནས་པའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡིན་ལ། མི་གནས་པ་ནི་འཇིག་རྟེན་ལས་འདས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡིན་ལ། མི་གནས་པ་ནི་འཇིག་རྟེན་ལས་འདས་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་དང་། གོ་ཆ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྐྱོན་ མེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་གྱིས་ན་གོ་ཆ་ཆེན་པོ་ བགོས་པ་གོ་ཆ་ཆེན་པོ་བགོས་པ་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། དེ་བཞིན་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། དེ་བཞིན་གཤེགས་པའི་སྟོབས་ བཅུའི་གོ་ཆ་བགོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱེད་དོ། ། དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བས་ཁྱབ་པར་བྱེད་དོ། །དེ་བཞིན་དུ་ཕྱོགས་མཚམས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བས་ཁྱབ་པར་བྱེད་དོ། །ཁྱབ་པར་བྱས་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བར་བྱེད། རབ་ཏུ་གཡོ་བར་བྱེད། ཀུན་ཏུ་རབ་ཏུ་གཡོ་བར་བྱེད་དོ། །དེ་བཞིན་དུ་ཤར་ཕྱོགས་ནས་ཕྱོགས་མཚམས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རྣམ་པ་དྲུག་ཏུ་གཡོ་བར་བྱེད། རབ་ཏུ་གཡོ་བར་བྱེད། ཀུན་ཏུ་རབ་ཏུ་ གཡོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྣང་བ་དེས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ནས། སངས་རྒྱས་ཀྱི་སྐུའི་བར་གྱི་གོ་ཆ་བགོས་པ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་དཱུརྱའི་རང་བཞིན་དུ་མངོན་པར་སྤྲུལ་པར་བྱེད་དོ། ། མངོན་པར་སྤྲུལ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀོད་པ་མངོན་པར་སྤྲུལ་པར་བྱེད་ཅིང་། དེས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀོད་པ་མངོན་པར་སྤྲུལ་ནས་ཀྱང་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད། དེ་བཞིན་དུ་བཏུང་བ་ནས། གོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཁང་པ་དང་། གནས་དང་། མར་མེ་དང་། སྨན་དུ་སྦྱར་བ་དང་། སྨན་གྱི་བར་དུ་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སེམས་ཅན་དག་ལ་སྦྱིན་པར་བྱེད་ཅིང་། དེས་སྦྱིན་པ་དེ་ལྟ་བུ་བྱིན་ནས། སེམས་ཅན་དེ་དག་ཉིད་ ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་འདི་དག་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། ནམ་ཡང་ལོག་པར་ལྟུང་བར་མི་ལྟུང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ནམ་ཡང་ཕ་རོལ་ཏུ་ ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་ཏེ། རབ་འབྱོར་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་ཕལ་པོ་ ཆེའི་མདུན་དུ་ཟས་འདོད་པ་དག་ལ་ཟས་སྦྱིན་པ་ནས་མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུ་འམ། སྒྱུ་མ་མཁན་གྱི་སློབ་མས་སེམས་ཅན་གང་ལ་ཡང་སྦྱིན་པ་བྱིན་པ་ཡོད་སྙམ་འམ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀོད་པ་མངོན་པར་སྤྲུལ་ནས། ཟས་འདོད་པ་དག་ལ་ཟས་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། མིའི་ ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་ཀྱང་སེམས་ཅན་གང་ལ་ཡང་སྦྱིན་པ་ཅི་ཡང་བྱིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་བཟུང་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེ་སྟེ། འཁོར་ལོས་སྒྱུར་བའི་རིགས་ཀྱི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་ འགོད་པར་བྱེད། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་འགོད་པར་བྱེད། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ ཐར་པའི་སྒོ་གསུམ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་འགོད་པར་བྱེད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ནམ་ཡང་ཆོས་བསྟན་ པ་དེ་དག་དང་བྲལ་བར་མི་འགྱུར་རོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུའམ། སྒྱུ་མ་མཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡོད་སྙམ་འམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ བར་དག་ལ་བཀོད་པ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དགེ་བ་བཅུའི་ ལས་ཀྱི་ལམ་ལ་བཀོད་པ་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་ཏེ། རབ་ འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བཟོད་པ་ལ་འགོད་པར་བྱེད་དོ། ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བཟོད་པ་ལ་འགོད་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་ སྟེ། གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། གལ་ཏེ་སེམས་ཅན་ཐམས་ཅད་འོངས་ནས། བདག་ལ་དབྱུག་པ་དང་། མཚོན་ཆ་དང་། བོང་བ་དག་གིས་བསྣུན་ཀྱང་དེ་ལ་བདག་གིས་སེམས་ཅན་གང་ལ་ཡང་འཁྲུག་པ་དང་ལྡན་པའི་སེམས་བསྐྱེད་པ་འགའ་ཡང་བསྐྱེད་པར་མི་བྱའི་བདག་གིས་ སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་ལྟ་བུ་ལ་དགོད་པར་བྱའོ་སྙམ་མོ། །དེས་གོ་ཆ་དེ་ལྟ་བུ་བགོས་ནས་དགྲ་བོ་དང་ཕྱིར་རྒོལ་བ་དག་གིས་བོང་བ་དང་། དབྱུག་པ་དང་། མཚོན་གྱིས་གདབ་པ་དག་གིས་ཉོན་མོངས་ན་ཡང་ནམ་ཡང་སེམས་ཅན་གང་ལ་ཡང་འཁྲུག་པ་དང་ལྡན་པའི་སེམས་མི་སྐྱེད་ཀྱི། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བཟོད་པ་དེ་ལྟ་བུ་ལ་འགོད་པར་བྱེད་དོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུའམ། སྒྱུ་མ་མཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་བཟོད་པ་ལ་བཀོད་པ་ཡོད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བཟོད་པ་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་མི་དགེ་བའི་ཆོས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་སེམས་ཅན་དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཡང་དག་པར་ འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་ དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུ་འམ། སྒྱུ་མ་མཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་བརྩོན་འགྲུས་ལ་བཀོད་པ་ཡོད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། ཆོས་གང་ཡང་མཉམ་ པར་གཞག་པའམ། རྣམ་པར་གཡེང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་དེ་ཁོ་ན་བཞིན་དུ་སེམས་ཅན་དེ་དག་བསམ་གཏན་དེ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ལ། ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ མ་རྒྱས་ཀྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་བ་དེ་ལྟར་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་རབ་ཏུ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུའམ། སྒྱུ་མ་མཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་བཀོད་པ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དུ་མེད་པ་ལ་གནས་ཏེ། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཕ་རོལ་མི་དམིགས་ན། རབ་འབྱོར་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཞིང་། དེ་དེ་ཁོ་ན་བཞིན་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་ མཁས་པ་ཞིག་གིས་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་ བུའམ། སྒྱུ་མ་མཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་གང་དག་སྡིག་པའི་ ལས་ཀུན་ཏུ་སྤྱོད་ཅིང་ལོག་པའི་ཆོས་ལ་གཞོལ་བ་དེ་དག་ཇི་ལྟར་འཚམ་པའི་ལུས་དག་ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ པར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་ ཅིང་། སེམས་ཅན་དེ་དག་ལ་རྟག་ཏུ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་ དྲུག་དང་བྲལ་བར་མི་འགྱུར་རོ། །ཤར་ཕྱོགས་སུ་ཇི་སྐད་བསྟན་པ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞེས་བྱ་བ་ནས་དེ་བཞིན་དུ་ཇི་ལྟར་ ལེའུ་དང་པོར་དཔེ་དང་བཅས་པར་བསྟན་པ་དེ་ཁོ་ན་བཞིན་དུ་འདིར་ཡང་སྔ་མ་བཞིན་དུ་སྦྱར་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་འདི་ བགོས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གནས་པ་ན། སེམས་བསྐྱེད་པ་གཞན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་བསྐྱེད་པ་དག་གི་སྐབས་མི་འབྱེད་ལ་དེ་འདི་སྙམ་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་ པར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་ཞེས་བྱ་བ་སྔ་མ་ཁོ་ན་བཞིན་ནོ། །དེ་བཞིན་དུ་བདག་ གིས་སེམས་ཅན་འདི་སྙེད་ཅིག་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ ཐར་པའི་སྒོ་གསུམ་པོ་དག་ལ་དགོད་པར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་བར་དག་ལ་དགོད་པར་མི་བྱའོ། །དེ་བཞིན་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ དག་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་དགོད་པར་མི་བྱའོ། །དེ་བཞིན་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་ འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་བྱའོ། །དེ་བཞིན་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ཀྱི་བར་ལ་དགོད་པར་མི་བྱའོ། །དེ་བཞིན་དུ་བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། རབ་འབྱོར་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། དྲན་ པ་ཉེ་བར་གཞག་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། བདག་གིས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པའི་བར་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་སྙམ་མོ། །རབ་འབྱོར་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞེས་བྱ་བ་ནས། དེ་ བཞིན་དུ་སྦྱར་ཏེ། ཇི་ལྟར་སྔར་དཔེས་བསྟན་པ་དེ་ཁོ་ན་བཞིན་དུ་སྦྱར་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གོ་ཆ་མ་མཆིས་པའི་གོ་ཆ་འཚལ་བར་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ གཟུགས་ནི་གཟུགས་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། དེ་བཞིན་དུ་མིག་ནི་མིག་གིས་སྟོང་། ཡིད་ཀྱི་བར་ནི་ཡིད་ཀྱིས་སྟོང་། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ ཤེས་པས་སྟོང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་། མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པས་སྟོང་། ཡིད་ཀྱི་འདུས་ཏེ་རེག་པའི་བར་ནི། ཡིད་ཀྱི་འདུས་ཏེ་རེག་པས་སྟོང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་། ནང་སྟོང་པ་ ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ ཀྱི་བར་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱིས་སྟོང་། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་། གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། ཀྱེ་མ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི་གོ་ཆ་མ་མཆིས་པའི་གོ་ཆ་འཚལ་བར་རིག་པར་བགྱི་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རབ་འབྱོར་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་མངོན་པར་འདུས་མ་བྱས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་ཆེད་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། མངོན་པར་འདུས་མ་བྱས་པ་དག་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས་ཤིང་མངོན་པར་འདུས་མ་བགྱིས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་ཆེད་དུ་གོ་ཆ་ཆེན་པོ་ འཚལ་བའི་སེམས་ཅན་དེ་དག་ཀྱང་མ་བགྱིས་ཤིང་མངོན་པར་འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མ་བྱས་མངོན་པར་འདུས་མ་བྱས་པའོ། ། སེམས་ཅན་དེ་དག་ཀྱང་མ་བྱས་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་ དེ། རབ་འབྱོར་དེ་བཞིན་དུ་བདག་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ལ་སོགས་པ་གཏན་དམིགས་སུ་མེད་པའི་ཕྱིར་རོ། །རབ་ འབྱོར་རྨི་ལམ་ཡང་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་ནི་གཏན་དམིགས་སུ་མེད་པའི་ཕྱིར། དེ་བཞིན་དུ་བྲག་ཅ་དང་། མིག་ཡོར་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྤྲུལ་པ་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྤྲུལ་པ་དེ་གཏན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་དེ་གཏན་དམིགས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཏན་དམིགས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཏན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་དག་པའི་མཐའི་བར་དེ་གཏན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བྱེད་མི་འཇིག་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་གཏན་དམིགས་སུ་མེད་པའི་ཕྱིར་ཏེ། རབ་ འབྱོར་རྣམ་གྲངས་དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་མངོན་པར་འདུས་མ་བྱས་པ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་ཆེད་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས་མངོན་པར་འདུས་མ་བྱས་པ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བཙུན་པ་བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བ་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་ལགས་སོ། ། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་བཞིན་ཏེ། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་གང་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་རྨི་ལམ་ལྟ་བུའི་གཟུགས་ནི་མ་བཅིངས་མ་ གྲོལ་བའོ། །དེ་བཞིན་དུ་རྨི་ལམ་ལྟ་བུའི་ཚོར་བ་དང་། རྨི་ལམ་ལྟ་བུའི་འདུ་ཤེས་དང་། རྨི་ལམ་ལྟ་བུའི་འདུ་བྱེད་རྣམས་དང་། རྨི་ལམ་ལྟ་བུའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། བྲག་ཅ་ལྟ་བུའི་གཟུགས་དང་། རྣམ་པར་ཤེས་པའི་བར་ནི་མ་བཅིངས་མ་ གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྤྲུལ་པ་ལྟ་བུའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་ མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་མ་འོངས་པའི་གཟུགས་ནི་མ་ བཅིངས་མ་གྲོལ་བའོ། །དེ་བཞིན་དུ་མ་འོངས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ད་ལྟར་བྱུང་བའི་ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར། རྣམ་ པར་ཤེས་པ་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཟུགས་དབེན་པའི་ཕྱིར། གཟུགས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དབེན་པའི་ཕྱིར་དང་། རྣམ་པར་ཤེས་པ་དབེན་པའི་ཕྱིར། རྣམ་པར་ཤེས་པ་ ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཟུགས་སྐྱེ་བ་མེད་པའི་ཕྱིར། གཟུགས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་སྐྱེ་བ་མེད་པའི་ཕྱིར་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པའི་ཕྱིར། རྣམ་པར་ ཤེས་པ་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཟུགས་འགག་པ་མེད་པའི་ཕྱིར། གཟུགས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་འགག་པ་མེད་པའི་ཕྱིར་དང་། རྣམ་པར་ཤེས་པ་འགག་པ་མེད་ པའི་ཕྱིར། རྣམ་པར་ཤེས་པ་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་གཟུགས་དགེ་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དགེ་བ་དང་། འདུ་ཤེས་དགེ་བ་དང་། འདུ་བྱེད་དགེ་བ་རྣམས་དང་། རྣམ་པར་ཤེས་པ་དགེ་བ་ནི་མ་བཅིངས་ མ་གྲོལ་བའོ། །དེ་བཞིན་དུ་གཟུགས་མི་དགེ་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་མི་དགེ་བ་རྣམས་དང་། རྣམ་པར་ཤེས་པ་མི་དགེ་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཟུགས་ལུང་དུ་མ་བསྟན་པ་ནི་མ་བཅིངས་མ་ གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ལུང་དུ་མ་བསྟན་པ་རྣམས་དང་། རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་འཇིག་རྟེན་པའི་ ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འཇིག་རྟེན་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གཟུགས་ཟག་པ་དང་བཅས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཟག་པ་དང་བཅས་པ་རྣམས་དང་། རྣམ་པར་ཤེས་པ་ཟག་པ་དང་བཅས་པ་ནི་མ་བཅིངས་མ་ གྲོལ་བའོ། །གཟུགས་ཟག་པ་མེད་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཟག་པ་མེད་པ་རྣམས་དང་། རྣམ་པར་ཤེས་པ་ཟག་པ་མེད་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་ དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་མེད་པའི་ཕྱིར་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ གཟུགས་དང་རྣམ་པར་ཤེས་པའི་བར་དུ་དབེན་པའི་ཕྱིར་དང་། གཟུགས་དང་རྣམ་པར་ཤེས་པའི་བར་དུ་སྐྱེ་བ་མེད་པའི་ཕྱིར་དང་། གཟུགས་དང་རྣམ་པར་ཤེས་པའི་བར་དུ་འགག་པ་མེད་པའི་ཕྱིར་དང་། གཟུགས་དང་རྣམ་པར་ཤེས་པའི་བར་དུ་མ་བཅིངས་མ་གྲོལ་བའི་ཕྱིར་དང་། གཟུགས་དང་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་ དབེན་པའི་ཕྱིར་དང་སྐྱེ་བ་མེད་པའི་ཕྱིར་དང་། འགག་པ་མེད་པའི་ཕྱིར་དང་། མ་བཅིངས་པའི་ཕྱིར་དང་། མ་གྲོལ་བའི་ཕྱིར་ཆོས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མེད་པ་ཉིད་ཀྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་མ་བཅིངས་ མ་གྲོལ་བའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ཀྱི་ཕྱིར་དང་། དབེན་པ་ཉིད་ཀྱི་ཕྱིར་དང་། མ་བཅིངས་པ་ཉིད་ཀྱི་ཕྱིར་དང་། མ་གྲོལ་བ་ཉིད་ཀྱི་ ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ཀྱི་ཕྱིར་དང་། དབེན་པ་ཉིད་ཀྱི་ཕྱིར་དང་། སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་དང་། འགག་པ་མེད་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་དུ་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། འདུས་མ་ བྱས་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདུས་མ་བྱས་ཀྱི་བར་དུ་མེད་པ་ཉིད་ཀྱི་ཕྱིར་དང་། དབེན་པ་ཉིད་ཀྱི་ཕྱིར་དང་། སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་དང་། འགག་པ་མེད་པ་ཉིད་ཀྱི་ཕྱིར་དང་། མ་བཅིངས་པ་ཉིད་ཀྱི་ཕྱིར་དང་། མ་གྲོལ་བ་ཉིད་ཀྱི་ཕྱིར་འདུས་མ་བྱས་ཀྱི་བར་དུ་མ་ བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བ་སྟེ། ལེའུ་གོང་མར་ ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མ་བཅིངས་མ་གྲོལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས། དེ་བཞིན་དུ་སྦྱར་ཏེ། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་ལ་གནས་ཏེ། མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་ཁོ་ནའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་མ་བཅིངས་མ་གྲོལ་བ་ཁོ་ནའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ། ། དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་མ་བཅིངས་མ་གྲོལ་བ་ཁོ་ནའི་ཆོས་ཀྱང་ཉན་ཏོ། །མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་རོ། ། མ་བཅིངས་མ་གྲོལ་བའི་མིག་ལྔ་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བའི་གཟུངས་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བའི་ཐམས་ཅད་མཁྱེན་པ་ ཉིད་ཀྱང་མངོན་པར་སྒྲུབ་བོ། །མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་སྐྱེད་པར་བྱེད་དོ། །མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་ཡང་སྐོར་བར་འགྱུར་རོ། ། དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་ལ་སྦྱོར་བར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་མ་བཅིངས་མ་གྲོལ་བའི་ཆོས་ཐམས་ཅད་མངོན་ པར་རྫོགས་པར་འཚང་རྒྱ་སྟེ། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དང་། ཞི་བ་ཉིད་ཀྱི་ཕྱིར་དང་། དབེན་པ་ཉིད་ཀྱི་ཕྱིར་དང་། སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་དང་། འགག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མ་བཅིངས་ མ་གྲོལ་བའི་གོ་ཆ་ཆེན་པོ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། མངོན་པར་ཤེས་པ་དྲུག་པོ་དག་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ནོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། རྫུ་འཕྲུལ་གྱི་བྱ་བ་མངོན་ སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ལྷའི་མིག་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ལྷའི་རྣ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཀྱི་རྣམ་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་ གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་དེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པ་དྲུག་པོ་དག་ཡིན་ ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། རྫུ་འཕྲུལ་གྱི་བྱ་བ་རྣམ་པ་དུ་མ་མྱོང་བར་བྱེད་དེ། དེས་འདི་ཡང་གཡོ་བར་བྱེད་དོ། །དེ་བཞིན་དུ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་ཀྱང་གཅིག་ཏུ་འགྱུར་བ་དང་། དེ་བཞིན་དུ་སྣང་བར་འགྱུར་ཞིང་། མི་སྣང་བར་འགྱུར་བ་ཡང་མྱོང་བར་བྱེད་དོ། །རྩིག་པ་ལ་ཡང་ཐད་ ཀར་འགྲོའོ། །ར་བ་ལ་ཡང་ཐད་ཀར་འགྲོའོ། །རི་ལ་ཡང་མི་ཐོགས་པར་ཐད་ཀར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་བཅས་ནས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བར་ གྲགས་པ་འདི་དག་ལ་ཡང་ལག་པས་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་རོ། །གང་གིས་རློམ་སེམས་སུ་བྱེད་པ་དང་། གང་ལ་རློམ་སེམས་སུ་བྱེད་པ་དང་། གང་ཞིག་རློམ་སེམས་སུ་བྱེད་པ་ངོ་བོ་ཉིད་ཀྱིས་སྟོང་པ་ ཉིད་ཀྱི་ཕྱིར་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རྫུ་འཕྲུལ་དེས་ཀྱང་རློམ་སེམས་སུ་མི་བྱེད། རྫུ་འཕྲུལ་དེ་ལ་ཡང་རློམ་སེམས་སུ་མི་བྱེད། དམིགས་པར་ཡང་མི་བྱེད་ཅིང་། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་ གཏོགས་པར་རྫུ་འཕྲུལ་མངོན་པར་སྒྲུབ་པའི་སེམས་པ་ཡང་མི་སྐྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ནོ། ། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་མིག་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ལྷའི་མིག་ རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་རྣམས་དང་། སྐྱེ་བ་རྣམས་དང་། ཁ་དོག་བཟང་པོ་རྣམས་དང་། ཁ་དོག་ངན་པ་རྣམས་དང་། བདེ་འགྲོ་དང་། ངན་འགྲོ་དང་། ངན་པ་དང་། བར་མ་དང་། གྱ་ནོམ་པའི་སེམས་ཅན་རྣམས་ལས་ཇི་ལྟར་བསགས་ པ་བཞིན་དུ་རབ་ཏུ་ཤེས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དང་ལྡན་པ་དག་སྟེ། ཀྱེ་མ་དེ་དག་ནི་ལོག་པར་ལྟ་ བ་ཡང་དག་པར་བླངས་པའི་རྒྱུ་དང་རྐྱེན་དེས་ལུས་ཞིག་སྟེ་ཤི་ནས། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ ལྡན་པ་དག་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་ལས་ཇི་ལྟར་བསགས་པ་རྣམས་མཐོང་བའི་བར་དང་། བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བའི་བར་དུ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ལྷའི་རྣ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ལྷའི་རྣ་བ་མིའི་ལས་འདས་པས་དེ་འདི་ལྟ་སྟེ། ལྷ་དང་མིའི་སྒྲ་ཉན་ཀྱང་ངོ་ བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་བདག་ནི་སྒྲ་ཉན་ཏོ་ཞེས་ལྷའི་རྣ་བ་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་། རྣ་བས་ཤེས་པར་བྱ་བའི་སྒྲ་དེ་ཡང་མི་དམིགས་ལ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་ གཏོགས་པར་ལྷའི་རྣ་བ་མངོན་པར་བསྒྲུབ་པའི་ཕྱིར་སེམས་ཀྱང་སྐྱེད་པར་མི་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ལྷའི་རྣ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་གྱི་སེམས་ཀྱི་རྣམ་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་ཏེ། དེ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། འདོད་ཆགས་དང་བཅས་པའི་སེམས་ལ། འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ སོ། །འདོད་ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་ལ། ཞེ་སྡང་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་ སྡང་དང་བྲལ་བའི་སེམས་ལ། ཞེ་སྡང་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བཅས་པའི་སེམས་ལ། གཏི་མུག་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ། གཏི་ མུག་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྲེད་པ་དང་བཅས་པའི་སེམས་ལ། སྲེད་པ་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ། སྲེད་པ་དང་བྲལ་བའི་སེམས་སུ་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཉེ་བར་ལེན་པ་དང་བཅས་པའི་སེམས་ལ། ཉེ་བར་ལེན་པ་མེད་པའི་སེམས་དང་། སེམས་བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་དང་། སེམས་ཆུང་ངུ་དང་། སེམས་རྒྱ་ཆེན་པོར་གྱུར་པ་དང་། མཉམ་པར་བཞག་པའི་ སེམས་དང་། མཉམ་པར་མ་བཞག་པའི་སེམས་དང་། སེམས་རྣམ་པར་གྲོལ་བ་དང་། སེམས་རྣམ་པར་མ་གྲོལ་བ་དང་། བླ་ན་ཡོད་པའི་སེམས་ལ། བླ་ན་ཡོད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ། བླ་ན་མེད་པའི་ སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་དག་གིས་རློམ་སེམས་སུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་སེམས་དེ་དག་ནི་སེམས་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་གོང་དུ་བསྟན་པ་དེ་ཁོ་ན་བཞིན་དུ་རྒྱ་ཆེར་ སྦྱར་བར་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་གྱི་སེམས་ཀྱི་རྣམ་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔོན་གྱི་གནས་