Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
་བ་དང་། རྫུ་འཕྲུལ་
གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་མི་ནུས་ལ། དེ་དག་གིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་མི་ནུས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། དེ་དག་གིས་
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་བསྒོམ་པར་མི་ནུས། དེ་དག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པར་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་འཐུན་པ་ལགས་སོ། །ཇི་ལྟར་ན་ཆོས་འདི་ཆོས་ཐམས་ཅད་དང་འཐུན་པ་ལགས་ཤེ་ན། འདི་ལྟ་སྟེ། ཆོས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་འཐུན་པ་ལགས་སོ། །དེ་བཞིན་དུ་ཆོས་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །ཆོས་འདི་
ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་ནང་སྟོང་པ་ཉིད་དང་འཐུན་པ་ནས། ཆོས་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་འཐུན་པ་ལགས་སོ། །ཆོས་འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་དང་འཐུན་པ་ནས། ཆོས་འདི་
ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་འཐུན་པ་ལགས་སོ། །དེ་བཞིན་དུ་ཆོས་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་འཐུན་པ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་འཐུན་པ་ལགས་སོ། །

དེ་བཞིན་དུ་ཆོས་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་འཐུན་པ་ལགས་སོ། །དེ་བཞིན་དུ་ཆོས་འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་ཕྱིར་མི་འོང་བའི་འབྲས་བུ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་དགྲ་
བཅོམ་པ་ཉིད་ཀྱི་འབྲས་བུ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་རང་སངས་རྒྱས་ཀྱི་འབྲས་བུ་དང་འཐུན་པ་ལགས་སོ། །ཆོས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་འཐུན་པ་ལགས་ཏེ། ཆོས་འདི་ནི་གང་དུ་ཡང་ཐོགས་པ་མ་མཆིས་པ་ལགས་སོ། །ཇི་ལྟར་
ན་ཐོགས་པ་མ་མཆིས་པ་ལགས་ཤེ་ན། འདི་ལྟ་སྟེ། གཟུགས་ལ་ཐོགས་པ་མ་མཆིས་པ་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་པ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། བཙུན་
པ་བཅོམ་ལྡན་འདས་ནམ་མཁའ་མཉམ་པ་ཉིད་ཀྱི་སླད་དུ་དང་། དེ་བཞིན་དུ་ཆོས་གནས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་སླད་དུ་དང་། དེ་བཞིན་དུ་སྟོང་པ་ཉིད་ཀྱི་སླད་དུ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
མཉམ་པ་ཉིད་ཀྱི་སླད་དུ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་མཉམ་པ་ཉིད་ཀྱི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཐོགས་པ་མ་མཆིས་པའི་མཚན་ཉིད་ལགས་སོ། །བཙུན་
པ་བཅོམ་ལྡན་འདས་གཟུགས་ཀྱི་སྐྱེ་བ་དམིགས་སུ་མ་མཆིས་པ་ཉིད་ཀྱི་སླད་དུ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་དམིགས་སུ་མ་མཆིས་པའི་སླད་དུ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་གྱི་སྐྱེ་བ་དམིགས་སུ་མ་མཆིས་པའི་སླད་དུ། ཆོས་འདི་སྐྱེ་བ་མ་མཆིས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གཟུགས་ཀྱི་གཞི་དམིགས་སུ་མ་མཆིས་པའི་སླད་དུ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་

ཤེས་པའི་གཞི་དམིགས་སུ་མ་མཆིས་པའི་སླད་དུ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་གཞི་དམིགས་སུ་མ་མཆིས་པའི་སླད་དུ། ཆོས་འདི་ནི་གཞི་མ་མཆིས་པ་ལགས་སོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་
པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གནས་བརྟན་རབ་
འབྱོར་ནི་གང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་དང་ལྡན་པ་དང་། སྟོང་པ་ཉིད་དང་རྗེས་སུ་འབྲེལ་བར་སྟོན་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དག་གང་འདི་སྐད་དུ་ཉན་ཐོས་གནས་བརྟན་རབ་འབྱོར་ནི་
བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པ་ལགས་སོ་ཞེས་ཟེར་བ་ལ། གནས་བརྟན་རབ་འབྱོར་གང་གི་རྗེས་སུ་སྐྱེས་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན། ཅི་རེ་ཞིག་གནས་བརྟན་རབ་འབྱོར་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པའི་ཕྱིར། དེ་བཞིན་
གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ན་ནི། དེ་བཞིན་ཉིད་དེ་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་ལ། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་སྟེ། དེ་ལྟ་ན་ནི་གནས་བརྟན་རབ་འབྱོར་དེ་བཞིན་
གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་ཡིན་ཞིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ལ། དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མེད་པ་ཡིན་ཏེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་ཡིན་ཏེ།

དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་གང་ལ་ཡང་ཐོགས་པ་མེད་དེ། དེ་
བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་པ་ཉིད་དེ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་ཉིད་དེ་ནི་མ་བྱས་པ་སྟེ། དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ནོ། །
གང་གི་ཕྱིར་དེ་རྟག་ཏུ་དེ་བཞིན་ཉིད་གང་ཡིན་པ་དེའི་ཕྱིར་དེ་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་དེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་ཅིང་བྱེ་བྲག་མེད་ལ།
གཉིས་སུ་མེད་པ་དེ་ལྟར་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་མེད་ལ། དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། དེ་ལྟར་
ན་གནས་བརྟན་རབ་འབྱོར་དང་ཐ་མི་དད་པའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་
བཞིན་ཉིད་ཀྱང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །འདས་པའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་ནི་འདས་པའི་དེ་བཞིན་ཉིད་ཡིན་ནོ། །མ་འོངས་པའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་མ་འོངས་པའི་དེ་བཞིན་ཉིད་ཡིན་ནོ། །ད་ལྟར་བྱུང་བའི་དེ་བཞིན་ཉིད་ནི་དེ་བཞིན་

གཤེགས་པའི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ད་ལྟར་བྱུང་བའི་དེ་བཞིན་ཉིད་ཡིན་ཏེ། དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་
ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་
པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་བདག་གི་དེ་བཞིན་ཉིད་ནས། ཤེས་པ་པོ་དང་། མཐོང་བ་པོའི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་ནི་གཉིས་
སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དེ་
བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་
དང་། དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་
པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་

གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ལྷ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་བཞིན་ཉིད་གང་མངོན་པར་རྫོགས་པར་སངས་
རྒྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་མཚན་ཐོབ་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་འདི་ཡིན་ནོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་
ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །ཤར་ཕྱོགས་མཐོ་ན། ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན། ཤར་
ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན། ལྷོ་ཕྱོགས་དམའོ། །ལྷོ་ཕྱོགས་མཐོ་ན། བྱང་ཕྱོགས་དམའོ། །མཐའ་མཐོ་ན། དབུས་དམའོ། །དབུས་མཐོ་ན། མཐའ་དམའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་དེའི་ཚེ་
ལྷའི་ཙན་དན་གྱི་ཕྱེ་མ་དག་དང་། ལྷའི་རྒྱ་སྤོས་དང་། ཤིང་ཏ་མ་ལའི་ལོ་མའི་ཕྱེ་མ་དག་དང་། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། གནས་བརྟན་རབ་འབྱོར་ལ་གཏོར།
མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས། ཚིག་འདི་སྐད་ཅེས་གནས་བརྟན་རབ་འབྱོར་འདི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ནི་ངོ་མཚར་ལགས་སོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་
གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དག་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་གྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་
མ་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དག་འདི་ལྟར་གང་ཞིག་རྗེས་སུ་སྐྱེ་བར་
འགྱུར་བ་དང་། གང་ལས་སྐྱེ་བར་འགྱུར་བ་དང་། གང་དུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་
ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་འདི་ནི་ཟབ་ལགས་ཏེ། དེ་ལ་ནི་གཟུགས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་ཉིད་མི་དམིགས་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་འདི་ནི་ཟབ་སྟེ། དེ་ལ་ནི་གཟུགས་དང་།
གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །དེ་ལ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟར་དེ་བཞིན་ཉིད་ལ་ནི་རེ་ཞིག་གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་ག་ལ་དམིགས། དེ་བཞིན་དུ་རེ་ཞིག་ཚོར་བ་དང་།
དེ་བཞིན་དུ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་ག་ལ་དམིགས། དེ་བཞིན་དུ་སྦྱར་ཏེ། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་མི་དམིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་
ཉིད་ལྟ་ག་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་ཉིད་འདི་བཤད་པ་ན། དགེ་སློང་ཁྲི་ཉིས་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ལྷ་དང་
མི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲུག་ཅུ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ནི་སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་བྱས་ཤིང་། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་དབུལ་བ་དག་ཕུལ་ཏེ། དེ་དག་ལས་རབ་ཏུ་བྱུང་ནས། ཚུལ་ཁྲིམས་བསྲུངས།
བཟོད་པ་བསྐྱེད། བརྩོན་འགྲུས་བརྩམས། བསམ་གཏན་དག་བསྒྲུབས་མོད་ཀྱི། ཤ་ར་དྭ་ཏིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་། ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར།
འདུ་ཤེས་སྣ་ཚོགས་པ་ཉིད་དང་། སྤྱོད་པ་ཐ་དད་པ་ཉིད་དུ་གྱུར་ཏེ། དེ་དག་ནི་འདི་ལྟ་སྟེ། འདི་ནི་སྦྱིན་པའོ། །དེ་བཞིན་དུ་སྦྱིན་བདག་དང་། འདི་ནི་སློང་བའོ། །འདི་ལྟར་སྦྱིན་པར་བྱའོ། །འདི་ལ་ནི་སྦྱིན་པར་བྱའོ། །དེ་བཞིན་དུ་འདི་ནི་ཚུལ་ཁྲིམས་སོ། །

བདག་ཅག་ནི་འདི་ལྟར་ཚུལ་ཁྲིམས་དང་ལྡན་པའོ། །ཚུལ་ཁྲིམས་ནི་འདི་ལྟར་བསྲུང་བར་བྱའོ། །དེ་བཞིན་དུ་འདི་ནི་བཟོད་པའོ། །བདག་ཅག་ནི་འདི་ལྟར་བཟོད་པ་དང་ལྡན་པའོ། །འདི་ལྟར་བཟོད་པ་འདི་བསྐྱེད་པར་བྱའོ། །དེ་བཞིན་དུ་འདི་ནི་བརྩོན་འགྲུས་
སོ། །བདག་ཅག་ནི་འདི་ལྟར་བརྩོན་འགྲུས་དང་ལྡན་པའོ། །འདི་ལྟར་བརྩོན་འགྲུས་འདི་བརྩམ་པར་བྱའོ། །དེ་བཞིན་དུ་འདི་དག་ནི་བསམ་གཏན་ནོ། །བདག་ཅག་ནི་འདི་ལྟར་བསམ་གཏན་པའོ། །འདི་ལྟར་བསམ་གཏན་འདི་དག་ལ་སྙོམས་པར་འཇུག་པར་
བྱའོ་སྙམ་དུ་དེ་ལྟ་བུའི་འདུ་ཤེས་ཅན་དག་ཏུ་གྱུར་ཏོ། །དེ་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པར་སྦྱིན་པ་དག་བྱིན། ཚུལ་ཁྲིམས་དག་བསྲུངས། བཟོད་པ་དག་བསྐྱེད། བརྩོན་འགྲུས་
དག་བརྩམས། བསམ་གཏན་དག་ལ་སྙོམས་པར་ཞུགས་ཏེ། དེ་དག་གིས་ནི་འདུ་ཤེས་ཐ་དད་པ་ཉིད་མེད་པ་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་བའི་འདུ་ཤེས་ཐ་དད་པ་ཉིད་མེད་པ་མ་ཐོབ་པས། དེ་དག་ནི་བྱང་ཆུབ་སེམས་དཔའི་
སྐྱོན་མེད་པ་ལ་མ་ཞུགས་ཀྱི། རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་ཐོབ་ནས། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དེ་
ཡང་ཡོད། མཚན་མ་མེད་པ་ཡང་ཡོད། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡང་ཡོད་མོད་ཀྱི། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར། ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས། ཉན་ཐོས་
སམ། རང་སངས་རྒྱས་སུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དག་སྟོང་པ་ཉིད་དང་།

མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་དེ་དག་ཉིད་སྒོམ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་། ཐབས་ལ་མཁས་པ་དང་བྲལ་ཏེ། ཡང་དག་པའི་མཐའ་མངོན་སུམ་དུ་བགྱིས་ནས། ཉན་ཐོས་སམ། རང་སངས་
རྒྱས་སུ་འགྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་དེ་དག་ཉིད་སྒོམ་དུ་བས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་། ཐབས་ལ་མཁས་པ་ལ་བརྟེན་ཏེ། ཡང་
དག་པའི་མཐའ་མངོན་སུམ་དུ་བགྱིས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་
ཏིའི་བུ་འདི་ལ་གང་ཟག་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་དེ་དག་
སྒོམ་ན། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལེགས་པར་ཟིན་པ་དང་། ཐབས་
ལ་མཁས་པ་ལ་བརྟེན་ཏེ། སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ནས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྒོམ་ན། དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ན་འདབ་ཆགས་བྱ་འདབ་མ་མེད་པ་ལུས་དཔག་ཚད་བརྒྱ་པའམ། དཔག་ཚད་སུམ་བརྒྱ་པ་ཞིག་ཡོད་པར་གྱུར་ལ། དེ་ཡང་དེ་ནས་འཛམ་བུ་གླིང་འདིར་འོང་བར་སེམས་

ཏེ། འཛམ་བུ་གླིང་དུ་གནས་པར་བྱའོ་སྙམ་ནས། དེས་བདག་ཉིད་མཆོངས་ལ་བདག་ཉིད་མཆོངས་པའི་འོག་ཏུ་བར་སྐབས་ན། དེ་འདི་སྙམ་དུ་ད་ནི་བདག་འཛམ་བུ་གླིང་དུ་མ་ལྷུང་བར་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་གནས་པར་བྱའོ་སྙམ་དུ་སེམས་ན། ཤ་ར་
དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་བྱ་འདབ་མ་མེད་པ་དེས་སླར་བདག་ཉིད་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་གཞག་པར་ནུས་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་
ཏིའི་བུ་ཡང་གལ་ཏེ་བྱ་འདབ་མ་མེད་པ་དེ། དེ་ནས་ལྷུང་བཞིན་དུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་བདག་མ་སྨས་མ་སྣང་པར་འཛམ་བུ་གླིང་དུ་གནས་པར་བྱའོ་སྙམ་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་བྱ་འདབ་མ་མེད་པ་དེ་མ་སྨས་མ་སྣད་པར་འཛམ་
བུའི་གླིང་དུ་གནས་པར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་ཏེ། དེ་ནི་སྨས་པ་དང་། སྣང་པ་ཁོ་ནར་འཛམ་བུའི་གླིང་དུ་ལྷུང་ཞིང་འགུམ་པའམ། འགུམ་པ་ལ་ཐུག་པའི་སྡུག་བསྔལ་ཅན་དུ་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཙུན་པ་བཅོམ་ལྡན་འདས་བྱ་གང་ཡང་རུང་བ་ཞིག་ལུས་ཆེ་ཞིང་འདབ་མ་མ་མཆིས་པར་གྱུར་ལ། མཐོན་པོ་ཞིག་ནས་ལྷུང་བ་དེ་ནི་དེ་བཞིན་དུ་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་
བཞིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་གིས་བསྐལ་པ་མང་པོ་ཞིག་ཏུ་སྦྱིན་པ་བྱིན་ཞིང་། དེ་བཞིན་དུ་ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་དག་བསྒྲུབས། ཤེས་རབ་བསྒོམས་
སུ་ཟིན་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་བར་དེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྒོམ་ན། ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་

ཀྱི་སར་ལྟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བས། ཆོས་དེ་དག་བསྐལ་པ་མང་པོ་ཞིག་ཏུ་བསྒོམས་ཤིང་སྦྱིན་པ་བྱིན། དེ་བཞིན་དུ་ཚུལ་ཁྲིམས་
བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་དག་བསྒྲུབས། ཤེས་རབ་བསྒོམས་པར་གྱུར་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བས། དེའི་ཕྱིར་དེ་ནི་ཉན་ཐོས་ཀྱི་ས་
འམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་། ཤེས་རབ་དང་། རྣམ་
པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དེ་དག་སེམས་ཤིང་མཚན་མར་འཛིན་ལ་ཀུན་ཏུ་འཛིན་ཏེ། སྒོམ་མོད་ཀྱི། འོན་ཀྱང་དེས་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕྱོགས་ཙམ་ཡང་མི་ཤེས་སོ། །དེ་བཞིན་དུ་དེས་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་
བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕྱོགས་ཙམ་ཡང་མི་ཤེས་ལ། དེ་ཡང་མི་ཤེས་མི་མཐོང་བཞིན་དུ་བྱང་ཆུབ་ཀྱི་ལམ་སྟོང་པ་ཉིད་དེ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་དེ་དག་གི་སྒྲ་ཉན་པར་བྱེད་དོ། །དེས་སྒྲ་དེ་ཡིད་ལ་བྱས་ནས།
མཚན་མར་འཛིན་ཏོ། །མཚན་མར་གཟུང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། དེ་ལྟར་ཡོངས་སུ་སྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་
གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བ་དེ་ནི་དེ་བཞིན་དུ་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་

དང་པོ་བསྐྱེད་ཕྱིན་ཆད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་། བཟོད་པ་སྐྱེད། བརྩོན་འགྲུས་རྩོམ། བསམ་གཏན་དག་ལ་སྙོམས་པར་འཇུག་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཐབས་ལ་མཁས་པ་དང་མ་བྲལ་བས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་གང་
ཡིན་པ་དེ་མཚན་མར་མི་འཛིན་ལ། དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མཚན་མར་མི་འཛིན། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་མཚན་མར་མི་འཛིན་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་པར་རིག་པར་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སེམས་དང་པོ་བསྐྱེད་ཕྱིན་ཆད་སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་། ཚུལ་ཁྲིམས་བསྲུངས་ཀྱང་མཚན་མར་མ་བཟུང་། བཟོད་པ་བསྐྱེད་ཀྱང་མཚན་མར་མ་བཟུང་།
བརྩོན་འགྲུས་བརྩམས་ཀྱང་མཚན་མར་མ་བཟུང་། བསམ་གཏན་དག་ལ་སྙོམས་པར་ཞུགས་ཀྱང་མཚན་མར་མ་བཟུང་། ཤེས་རབ་བསྒོམས་ཀྱང་མཚན་མར་མ་བཟུང་ལ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མཚན་མར་མ་བཟུང་བའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་གང་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་གཏོང་། ཚུལ་ཁྲིམས་སྲུང་།
བཟོད་པ་སྐྱེད། བརྩོན་འགྲུས་རྩོམ། བསམ་གཏན་དག་ལ་སྙོམས་པར་འཇུག་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་ཡིན་ནོ། །གསོལ་པ། བདག་གིས་བཅོམ་ལྡན་

འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་ཕྱིན་ཆད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བ་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ནི་ཐེ་ཚོམ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་སླན་ཆད་འདི་ལྟ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་
པར་ཤེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་པ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་ནི་ནམ་ཡང་མི་དམིགས་པའི་སླད་དུའོ། །བཙུན་
པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བ་དེ་དག་གིས་སྦྱིན་པ་གང་དང་གང་བཏང་བ་མཚན་མར་མ་བཟུང་། དེ་བཞིན་དུ་ཚུལ་ཁྲིམས་གང་དང་གང་བསྲུངས་པ་དེ་མཚན་མར་མ་བཟུང་།
བཟོད་པ་གང་དང་གང་བསྒྲུབས་པ་དང་། བརྩོན་འགྲུས་གང་དང་གང་བརྩམས་པ་དང་། བསམ་གཏན་གང་དང་གང་དག་ལ་སྙོམས་པར་ཞུགས་པ་དང་། ཤེས་རབ་གང་དང་གང་བསྒོམས་པ་དེ་མཚན་མར་མ་བཟུང་བའི་སླད་དུ་སྟེ། དེ་ལྟ་ལགས་པས་རྒྱུ་དེས་ན། བྱང་ཆུབ་
སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ལྷག་པའི་བསམ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
ཐབས་ལ་མཁས་པ་ལ་གནས་ནས་མི་དམིགས་པ་དང་། མཚན་མ་མ་མཆིས་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་བཏང་བར་བགྱི། དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བར་བགྱི། བཟོད་པ་བསྒྲུབ་པར་བགྱི། བརྩོན་འགྲུས་བརྩམ་པར་བགྱི། བསམ་གཏན་དག་ལ་
སྙོམས་པར་འཇུག་པར་བགྱི། ཤེས་རབ་བསྒོམ་པར་བགྱི་ཞིང་། དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱད་པར་བགྱི་ལགས་སོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་འབྱུང་དཀའ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་བགྱི་
འཚལ་ལ། བཙུན་པ་བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ཀྱང་མ་མཆིས་ཤིང་མི་དམིགས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་
མངོན་པར་འབྱུང་དཀའ་སྟེ། ལྷ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ངས་ཀྱང་དོན་དམ་པར་གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་དུ་མངོན་པར་
རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་འགའ་ཡང་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། ལྷ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་འབྱུང་དཀའོ་ཞེས་བཀའ་སྩལ་ན། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་
འཚལ་བ་དང་། བདག་སེམས་པ་ལྟར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་འབྱུང་སླ་ཞིང་། མངོན་པར་རྫོགས་པར་བྱང་ཆུབ་པར་སླ་བ་སྙམ་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཐམས་
ཅད་ཀྱིས་སྟོང་ལ། ཆོས་གང་གིས་ཀྱང་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། ཆོས་ཐམས་ཅད་སྟོང་པ་ལ་གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་བའི་ཆོས་དེ་མ་མཆིས་ཤིང་མི་དམིགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ཞིག་འགྲིབ་པའམ། འཕེལ་བར་བགྱི་
བའི་སླད་དུ་སྦྱིན་པ་སྩོལ་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་དག་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་ལ་སྤྱོད་པའི་ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་སླ་བ་དང་། མངོན་པར་རྫོགས་པར་སངས་
རྒྱས་པར་སླ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ངོ་བོ་ཉིད་ཀྱིས་སྟོང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེ་ཉིད་ཀྱིས་ན། བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ནི་ཤིན་ཏུ་འབྱུང་བར་དཀའ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་ཤིན་ཏུ་དཀའ་སྟེ། དཔེར་ན་ནམ་མཁའ་ནི་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་
སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་
རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །ཚེ་
དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་སླ་ཞིང་། མངོན་པར་རྫོགས་པར་བྱང་ཆུབ་པར་སླ་སྟེ། འབྱུང་བར་དཀའ་བ་མ་
ཡིན། མངོན་པར་རྫོགས་པར་བྱང་ཆུབ་པར་དཀའ་བ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་
རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤིན་ཏུ་འབྱུང་བར་དཀའ་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པར་དཀའ་བར་མངོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཡོངས་སུ་གཟུང་བ་མེད་པ་དང་། སྤང་བ་མེད་པའི་ལེའུ་ཞེས་

བྱ་སྟེ། ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་གང་ལ་གནས་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་ལ་གནས་པར་བྱ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་པར་བྱའོ། །སྙམ་པའི་སེམས་ཉེ་བར་བཞག་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་
ཀྱིས་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་བསྐྱུང་བར་བྱའོ། །སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་
ལ་སྙན་ཅིང་འཇམ་པའི་ཚིག་གིས་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་རྣམ་པར་ཐོ་འཚམ་པ་མེད་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་
ཕ་མ་དང་། མིང་སྲིང་གི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཛའ་བཤེས་དང་། ནེའུ་ཟླ་དང་། ཉེ་དུའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕ་མ་དང་། མིང་སྲིང་དང་། མཛའ་བཤེས་དང་། ནེའུ་ཟླ་དང་། ཉེ་དུའི་སེམས་ཀྱིས་
གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །དེས་ཀྱང་སྲོག་གཅོད་པ་སྤང་བར་བྱ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཉིད་ཀྱི་ལམ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྟག་ཏུ་སྲོག་གཅོད་པ་སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྲོག་གཅོད་

པ་སྤོང་བ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། བདག་གིས་ཀྱང་ལོག་པར་ལྟ་བའི་བར་དུ་སྤང་བར་བྱ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཉིད་ཀྱིས་ལམ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ལོག་པར་ལྟ་བ་
སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་བརྗོད་པར་བྱ། རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་
བར་འདོད་པས་ཆོས་དེ་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །དེ་བཞིན་དུ་བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་བྱ་ཞིང་། བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་པར་བྱའོ། །གཞན་དག་ཀྱང་བསམ་གཏན་
བཞི་པའི་བར་ཡང་དག་པར་འཛིན་དུ་གཞུག་པར་བྱ་ཞིང་། བསམ་གཏན་བཞི་པའི་བར་གྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་པས། ཆོས་དེ་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བྱམས་པའི་སེམས་ལ་སྙོམས་པར་འཇུག་པར་བྱ་བ་ནས། གཞན་གང་དག་བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་ཀྱང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སེམས་
ལ་སྙོམས་པར་འཇུག་པར་བྱ་ཞིང་། གཞན་གང་དག་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སེམས་ཀྱི་ཏིང་ངེ་འཛིན་གྱི་བར་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་

སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱ་ཞིང་།
གཞན་གང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་དག་ཀྱང་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་པར་བྱ་ཞིང་། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་ཇི་
ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་སྦྱར་བ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ། གཞན་དག་ཀྱང་ནང་སྟོང་པ་ཉིད་སྒོམ་
པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ནང་སྟོང་པ་ཉིད་སྒོམ་པའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་གང་དག་ནང་སྟོང་པ་ཉིད་སྒོམ་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡང་དག་པར་འཛིན་དུ་འཇུག་པར་བྱ། དྲན་པ་ཉེ་བར་གཞག་པ་སྒོམ་པའི་བསྔགས་པ་ཡང་བརྗོད་པར་བྱ།
གཞན་གང་དག་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་

པ་སྒོམ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་
པར་འཇུག་པར་བྱ། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དེ་དག་གི་བསྔགས་པ་བརྗོད་པར་བྱ། གཞན་གང་
དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་གི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་
པར་འཇུག་པར་བྱ། གཞན་ཡང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་གི་བསྔགས་པ་བརྗོད་
པར་བྱ། གཞན་གང་དག་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་རྟེན་ཅིང་འབྲེལ་པར་

འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་ལ་ཉེ་བར་བརྟག་པར་བྱའོ། །གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་ལ་ཉེ་བར་རྟོག་པའི་
བསྔགས་པ་བརྗོད་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། གཞན་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་དག་ལ་ཉེ་བར་རྟོག་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་
བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་བསྒོམ་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་བྱ། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་སྤང་བར་བྱ། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་སུམ་དུ་བྱ། སྡུག་བསྔལ་
འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་བསྒོམ་པར་བྱའོ། །གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་བ་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་སྒོམ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། འཕགས་
པའི་བདེན་པ་བཞིའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་སྤོང་བ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་སུམ་དུ་བྱེད་པ་དང་། སྡུག་
བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་སྒོམ་པར་བྱེད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱའོ། །

གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཤེས་པ་སྐྱེད་པར་བྱེད་པ་དེ་
དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །ཇི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་སྐབས་སུ་སྦྱར་བ་དེ་བཞིན་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །བདག་
གིས་ཀྱང་རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱའོ། །གཞན་ཡང་རང་བྱང་ཆུབ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་བསྔགས་པ་བརྗོད་པར་བྱ། གཞན་
གང་དག་རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་ཤེས་པ་སྐྱེད་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་འཛིན་དུ་
གཞུག་པར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་གང་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་ཞིང་། གཞན་གང་དག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཞིང་རྣམས་

ཡོངས་སུ་དག་པར་བྱ་ཞིང་། གཞན་གང་དག་སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་དག་པར་བྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་
པར་བྱ་ཞིང་། གཞན་གང་དག་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྐྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་ཞིང་། གཞན་གང་
དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་
ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་
མོངས་པ་ཐམས་ཅད་སྤོང་བར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་ཆོས་འདི་དག་ལ་དེ་ལྟར་
གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་བཞི་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་
གཟུང་བར་བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ཚེ་ཕུན་སུམ་ཚོགས་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །

བདག་གིས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། གཞན་གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བའམ། བསྐོར་བར་འགྱུར་བའི་བར་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ཞིང་།
དེ་ལྟར་ཐབས་ལ་མཁས་པ་ལ་གནས་པར་བྱའོ། །དེ་ལྟར་སློབ་པ་དང་། དེ་ལྟར་གནས་པ་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར། ཚོར་བ་སྒྲིབ་པ་མེད་པ་དང་། འདུ་ཤེས་སྒྲིབ་པ་མེད་པ་དང་། འདུ་བྱེད་རྣམས་སྒྲིབ་པ་མེད་པ་དང་། རྣམ་པར་ཤེས་པ་སྒྲིབ་པ་མེད་པར་
འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དམ་པའི་ཆོས་གནས་པའི་བར་དུ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྔོན་གྱི་མཐའ་ཉིད་ནས་གཟུགས་ཡོངས་སུ་མ་བཟུང་བ་དང་། དེ་བཞིན་དུ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་བ་ནས། དེ་བཞིན་དུ་སྦྱར་ཏེ། སྔོན་གྱི་མཐའ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་
ཡོངས་སུ་གཟུང་དུ་མེད་པ་དེ་ནི་གཟུགས་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་
གཟུང་དུ་མེད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གནས་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བཀྲེས་པ་དང་། སྐོམ་པ་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་མི་བདོག་པའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་གི་སེར་སྣ་ལས་བྱུང་བའི་སྐྱོན་འདི་འདྲ་བ་འདི་དག་མི་འབྱུང་ཞིང་མེད་ལ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་
དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཅི་འདྲ་བ་དེ་འདྲ་བར་འགྱུར་བར་བདག་གིས་ཀྱང་འབད་པར་བྱ་སྟེ། ཅི་ནས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་
དེ་ལྟ་བུར་འགྱུར་བ་དེ་ལྟར་དེ་སྲིད་དུ། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སྲོག་གཅོད་པ་ནས། ལོག་པར་ལྟ་བའི་བར་རྣམས་དང་། ཚེ་ཐུང་བ་རྣམས་དང་། གནོད་པ་མང་བ་དག་དང་།
མདོག་ངན་པ་དག་དང་། མཐུ་ཆུང་བ་དག་དང་། ལོངས་སྤྱོད་ཆུང་བ་དག་དང་། རིགས་ངན་དུ་སྐྱེས་པ་དག་དང་། ཡན་ལག་དང་ཉིང་ལག་མ་ཚང་བ་དག་དང་། སྐྱེ་བོ་ཁོང་དགེ་བས་སྨད་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་སེམས་ཅན་དེ་དག་གི་འཆལ་པའི་ཚུལ་ཁྲིམས་ལས་བྱུང་བའི་སྐྱོན་འདི་འདྲ་བ་འདི་དག་མི་འབྱུང་ཞིང་མེད་པར་འགྱུར་བ་དེའི་བར་དུ་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་

བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་དག་དང་། ལན་མང་དུ་ཁྲོས་པ་དག་དང་། འཁྲུག་པའི་སེམས་དང་ལྡན་པ་དག་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པས་ཕན་ཚུན་གནོད་
སེམས་བྱེད་པ་དག་དང་། སྲོག་དང་འབྲལ་བར་བྱེད་པའི་སེམས་ཅན་དག་མཐོང་ན་འདི་སྙམ་དུ། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་གནོད་སེམས་
ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱང་དཔེར་ན་འོད་གསལ་གྱི་ལྷ་རྣམས་ལྟར་རྟག་ཏུ་ཕ་མ་དང་། མིང་སྲིང་ལྟ་བུའི་སེམས་སུ་བྱམས་པའི་སེམས་དང་ལྡན་པར་འགྱུར་བ་དེ་སྲིད་དུ་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མྱུར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ལེ་ལོ་ཅན་དག་དང་། མཐོ་རིས་དང་། བྱང་གྲོལ་ལ་རྒྱབ་ཀྱིས་ཕྱོགས་པ་དག་དང་། ཐེག་པ་གསུམ་ལས་ལྷུང་བའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ལེ་ལོ་ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་དགེ་བ་དག་ལ་བརྟེན་ཅིང་། ངེས་པར་ལེགས་པའི་

ཕྱིར་བརྩོན་འགྲུས་བརྩམས་ནས། ཐེག་པ་གསུམ་པོ་གང་ཡང་རུང་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་སྲིད་དུ་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པས་སྒྲིབ་པ་ལྔས་བསྒྲིབས་པ་དག་དང་། བསམ་གཏན་བཞི་དང་བྲལ་བ་དག་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་སྒྲིབ་པ་ལྔའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པ་བརྒྱད་ལ། བསམ་གཏན་པར་འགྱུར་བ་དེ་སྲིད་དུ་བདག་གིས་བསམ་གཏན་གྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་ཤེས་རབ་འཆལ་པ་དག་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དང་བྲལ་བ་དག་དང་། སྡིག་པའི་ལས་ཀུན་ཏུ་སྤྱོད་པ་
དག་དང་། བྱ་བ་མ་ཡིན་པ་སྨྲ་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་གཏི་མུག་ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་

མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་རིག་པ་གསུམ་དང་ལྡན་པར་འགྱུར་བ་དེ་སྲིད་དུ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ཚོགས་གསུམ་པོ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་
ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་ལ་གནས་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་
དག་ཚོགས་གཅིག་པོ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་སུ་འགྱུར་ཞིང་། ཚོགས་གཞན་གཉིས་པོ་འདི་ལྟ་སྟེ། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་ཀྱི་སྒྲ་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་
པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་
དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ངན་སོང་གསུམ་པོ་དག་གི་སྒྲ་ཡང་མི་གྲག་ན།

འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་འདི་སྡོང་དུམ་དང་། ཚེར་མ་དང་། ངམ་གྲོག་དང་། གཡང་ས་དང་། གཏོར་ཁུང་ནས་འབབ་པ་དང་། ཕྱི་ས་ཁུང་གང་དག་ཡོད་པ་དེ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་འབྱུང་ཞིང་། སངས་རྒྱས་ཀྱི་ཞིང་དེ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ཤིང་ལྗོན་
པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། འབྲས་བུ་སྣ་ཚོགས་དང་ལྡན་པ། བྱ་མང་པོ་སྣ་ཚོགས་པ་དག་གདངས་སྙན་པ་སྒྲོགས་པ་དང་། ཆུ་ཀླུང་དང་། ཁྲོན་པ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། རྫིང་བུ་སྣ་ཚོགས་ཕུན་སུམ་ཚོགས་པ་ཅན་དུ་
འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་

ཆེན་པོ་ས་ལས་བྱས་ཤིང་རྡོ་དང་། བྱེ་མས་ཀུན་ཏུ་ཁེབས་ལ་རྡུལ་དང་། གསེག་མ་དང་། གྲམ་པ་དང་། རྡོ་བས་གང་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་
དེ་ན། ཅི་ནས་ཀྱང་ས་ཆེན་པོ་དེ་བཻ་དཱུརྱ་སྔོན་པོ་ལས་བྱས་པ་དང་། གསེར་གྱི་བྱེ་མའི་གཅལ་བཀྲམ་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་
པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་ཡོངས་སུ་འཛིན་པ་ལ་གནས་ཤིང་། དེའི་རྒྱུ་ལས་བྱུང་བ་སྡིག་པའི་ལས་ལྔ་བྱས་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ཡོངས་སུ་འཛིན་པ་འདི་ལྟ་སྟེ། གཟུགས་ཡོངས་སུ་འཛིན་པ་ནས། རྣམ་པར་ཤེས་པའི་བར་དུ་ཡོངས་སུ་འཛིན་པའི་མིང་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་
རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། རིགས་བཞི་པོ་འདི་ལྟ་སྟེ། རྒྱལ་རིགས་དང་།

བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་རིགས་བཞི་པོ་དག་གི་སྒྲ་
ཡང་གྲག་པར་མི་འགྱུར་ཞིང་། གཞན་དུ་ན་མི་ཞེས་བྱ་བ་འབའ་ཞིག་གི་གྲངས་སུ་འགྲོ་བར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་
བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་ཁ་དོག་ཐ་དད་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་
ནས་ཀྱང་སེམས་ཅན་དེ་དག་གི་ཁ་དོག་ཐ་དད་པ་ཉིད་མེད་ཅིང་། གཞན་དུ་ན་གསེར་གྱི་མདོག་ཅན་དག་དང་། བལྟ་ན་སྡུག་ཅིང་གཟུགས་བཟང་ཞིང་མཛེས་ཏེ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་
བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་
རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། བདག་པོ་མཐོང་ན་འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་མ་གཏོགས་པར་སེམས་ཅན་དེ་དག་གི་བདག་པོ་ཟླ་མེད་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་
པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་
དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་འགྲོ་བ་ཐ་དད་པ་དག་མཐོང་ན། འདི་
སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་འགྲོ་བ་ཐ་དད་པ་འདི་ལྟ་སྟེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་
རྟེན་ནམ། ལྷའི་འཇིག་རྟེན་ནམ། མིའི་འཇིག་རྟེན་མེད་པར་འགྱུར་ཞིང་། གཞན་དུ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ལས་གཅིག་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་
ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་
དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞི་པོ་འདི་ལྟ་སྟེ། སྒོ་ང་

ལས་སྐྱེ་བ་དང་། མངལ་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་
ཀྱང་སེམས་ཅན་དེ་དག་གི་སྐྱེ་གནས་གསུམ་པོ་འདི་ལྟ་སྟེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་། མངལ་ནས་སྐྱེ་བའི་སྐྱེ་གནས་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དག་མེད་ཅིང་། སེམས་ཅན་ཐམས་ཅད་སྐྱེ་གནས་གཞན་དུ་རྫུས་ཏེ་སྐྱེ་བ་འབའ་ཞིག་ཏུ་འགྱུར་བ་དེ་སྲིད་དུ།
བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་མངོན་པར་
ཤེས་པ་ལྔ་དང་བྲལ་བ་དག་དང་། དམན་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་
བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་