Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 032_ཁྲི་པ།_ང

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པའི་ཆོས་རྣམས་ཇི་ལྟར་རྣམ་པར་གཞག་
ལགས། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཇི་ལྟར་རྣམ་པར་གཞག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་འདི་ཇི་སྙམ་དུ་སེམས། ཅི་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་
འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ཡང་དག་པར་རྫོགས་པའི་བྱང་ཆུབ་
ཀྱི་བར་གྱི་ཆོས་འགའི་བརྗོད་པ་ཡང་ཡོད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ཐ་དད་པ་མ་ཡིན་པ། མཚན་ཉིད་མེད་
པ། སྐྱེ་བ་མེད་པ། འགག་པ་མེད་པ་དེ་ལྟར་རིག་པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཀྱང་འདི་ལྟ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། འདུས་བྱས་སམ།
འདུས་མ་བྱས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཆོས་འགའི་ངོ་བོ་ཉིད་ཀྱང་མ་དམིགས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པ་ནི་བྱང་ཆུབ་ཀྱི་
ལམ་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས། ཅི་ནས་

ཀྱང་སེམས་ཅན་རྣམས་ཕྱིས་ས་གསུམ་དུ་རྒྱུ་བར་མི་འགྱུར་བར་འདུལ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མཚན་ཉིད་མེད་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་རྨི་ལམ་ལྟ་བུ་དང་དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་འདི་ལྟ་སྟེ། འདི་དག་ནི་
དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་བསྟན་པ་དག་གོ། །འདི་དག་ནི་ལུང་དུ་མ་བསྟན་པ་དག་གོ། །འདི་དག་ནི་ཟག་པ་དང་བཅས་པ་དག་གོ། །འདི་དག་ནི་ཟག་པ་མ་མཆིས་པ་དག་གོ། །འདི་དག་ནི་འཇིག་རྟེན་པ་དག་གོ། །
འདི་དག་ནི་འཇིག་རྟེན་ལས་འདས་པ་དག་གོ། །འདི་དག་ནི་འདུས་བྱས་དག་གོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་སོ། །ཆོས་འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་
བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་རང་བྱང་ཆུབ་ཏུ་འགྱུར་བ་དག་གོ། །ཆོས་འདི་དག་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དག་གོ་ཞེས་ཇི་ལྟར་རྣམ་པར་གཞག་པར་འགྱུར་ལགས། དེ་བཞིན་དུ་རྨི་ལམ་ལྟ་བུའི་ཆོས་རྣམས་དང་། བྲག་ཅ་ལྟ་བུའི་ཆོས་རྣམས་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། གཞི་མ་མཆིས་པ་དང་། དངོས་པོ་མ་
མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ། འདི་དག་ནི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ་ཞེས་བགྱི་བ་ནས། ཆོས་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

འགྱུར་བ་དག་གོ་ཞེས་བགྱི་བའི་བར་དུ་ཇི་ལྟར་རྣམ་པར་གཞག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི། རྨི་ལམ་དམིགས་
རྨི་ལམ་རྨི་བ་པོ་ཡང་དམིགས་སོ། །དེ་བཞིན་དུ་སྤྲུལ་པ་དམིགས། སྤྲུལ་པ་མཐོང་བ་པོའི་བར་དུ་ཡང་དམིགས་སོ། །དེ་རྨི་ལམ་དང་། རྨི་ལམ་རྨི་བ་པོ་ཡང་དམིགས་པ་ནས། དེ་བཞིན་དུ་སྤྲུལ་པ་དང་། སྤྲུལ་པ་མཐོང་བ་པོའི་བར་དུ་དམིགས་པས་ལུས་དང་། ངག་
དང་། ཡིད་ཀྱིས་ཕྱིན་ཅི་ལོག་ཏུ་གཏོགས་པ་མི་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །ལུས་དང་། ངག་དང་། ཡིད་ཀྱིས་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །དེ་བཞིན་དུ་ལུས་དང་། ངག་དང་། ཡིད་ཀྱིས་བསོད་ནམས་དང་། བསོད་
ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདུས་བྱས་ལ་སྟོང་པ་ཉིད་གཉིས་ཀྱིས་བརྟགས་ནས། སྟོང་པ་ཉིད་གཉིས་པོ་དེ་ཉིད་ལ་གནས་ཏེ། བྱིས་པ་
སོ་སོའི་སྐྱེ་བོ་རྣམས་ལ་ཆོས་སྟོན་ཏོ། །སྟོང་པ་ཉིད་གཉིས་པོ་གང་ལ་གནས་ཏེ་སྟོན་ཅེ་ན། འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལའོ། །ཆོས་ཅི་སྐད་སྟོན་ཅེ་ན། འདི་ལྟ་སྟེ། གཟུགས་དེ་ནི་བདག་དང་བདག་གིས་སྟོང་ངོ་། །དེ་
བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་སྐྱེ་མཆེད་འདི་དག་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་ཁམས་རྣམས་ནི་བདག་དང་བདག་གིས་སྟོང་ངོ་། །ཀྱེ་ཕུང་པོ་རྣམས་ནི་རྨི་ལམ་
ལྟ་བུ་ནས། སྤྲུལ་པའི་བར་ལྟ་བུའོ། །སྐྱེ་མཆེད་དེ་དག་ནི་རྨི་ལམ་ལྟ་བུ་ནས། སྤྲུལ་པའི་བར་ལྟ་བུའོ། །ཁམས་འདི་དག་ནི་སྤྲུལ་པའི་བར་དག་ལྟ་བུ་སྟེ། ཀྱེ་འདི་དག་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་ཅི་ཡང་མེད་དོ། །འདི་ལ་རྨི་ལམ་མམ། རྨི་ལམ་རྨི་བ་པོ་

འགའ་ཡང་མེད་དོ། །བྲག་ཅ་འམ། བྲག་ཅ་ཉན་པ་པོའམ། མིག་ཡོར་རམ། མིག་ཡོར་མཐོང་བ་པོའམ། དེ་བཞིན་དུ་སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་མཐོང་བ་པོ་ཡང་མེད་དེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་དངོས་པོ་མེད་པའི་
ངོ་བོ་ཉིད་ཡིན་ནོ། །ཁྱེད་ནི་ཕུང་པོ་མེད་པ་ལ་ཕུང་པོར་འདུ་ཤེས་པར་འགྱུར། ཁམས་མེད་པ་ལ་ཁམས་སུ་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་མེད་པ་ལ་སྐྱེ་མཆེད་དུ་འདུ་ཤེས་པར་ཟད་དོ། །ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་ལོག་ལས་
སྐྱེས་པ་དང་། ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་ཟིན་པ་ཡིན་ན། འདི་ལ་ཁྱེད་དངོས་པོ་མེད་པའི་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པའི་རྒྱུ་གཞན་གང་ཡིན་ཞེས་སྟོན་པར་བྱེད་ཅིང་། སེམས་ཅན་སེར་སྣ་ཅན་གང་དག་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཐབས་ལ་མཁས་པ་དེས་སེར་སྣ་དེ་ལས་བཟློག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་དེ་དག་གི་སྦྱིན་པ་ཡོངས་སུ་གཏོང་བ་དེ་ཡང་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་རོ། །དེ་ལས་ཀྱང་བཟློག་ནས། ཚུལ་ཁྲིམས་ལ་སྦྱོར་བར་བྱེད་
དོ། །དེ་དག་གི་ཚུལ་ཁྲིམས་ཡང་དག་པར་བླང་བ་དེ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །དེས་ཀྱང་བཟློག་ནས། ཏིང་ངེ་འཛིན་དག་ལ་སྦྱོར་བར་བྱེད་དེ། དེ་དག་གི་ཏིང་ངེ་འཛིན་དེ་དག་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་
བཟློག་ནས། བསམ་གཏན་གཉིས་པ་ལ་རབ་ཏུ་འགོད་པར་བྱེད་དོ། །བསམ་གཏན་གཉིས་པ་ལས་བཟློག་ནས། བསམ་གཏན་གསུམ་པ་ལ་རབ་ཏུ་འགོད་པར་བྱེད་དོ། །བསམ་གཏན་གསུམ་པ་ལས་བཟློག་ནས། བསམ་གཏན་བཞི་པ་ལ་རབ་ཏུ་འགོད་པར་
བྱེད་དོ། །བསམ་གཏན་བཞི་པ་ལས་བཟློག་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཅི་རིགས་པར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རབ་ཏུ་

འགོད་པར་བྱེད་དོ། །དེ་ལས་ཀྱང་བཟློག་ནས། ཐེག་པ་གསུམ་པོ་དག་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་ནས་སེམས་ཅན་ཁ་ཅིག་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་དེ་ལས་བཟློག་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཛུད་པར་བྱེད། རབ་ཏུ་
འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལས་བཟློག་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་བསམ་གཏན་དང་། བསམ་གཏན་གྱི་འབྲས་བུ་དེ་དག་
ལས་རྣམ་གྲངས་དུ་མས་བཟློག་ཅིང་། འདུན་པ་བཟློག་ནས་མྱ་ངན་ལས་འདས་པའི་དབྱིངས་སུ་འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་འབྲས་བུ་
དེ་དག་ལས་རྣམ་གྲངས་དུ་མས་བཟློག་ཅིང་། འདུན་པ་བཟློག་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་
འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་པོ་དག་ལ་འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭ་བརྒྱད་ལ་འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་དོ། །དེ་ཟག་པ་མེད་པའི་ཆོས་བསྟན་དུ་མེད་པ། ཐོགས་པ་མེད་པ་དེ་དག་དང་ལྡན་པས། སེམས་ཅན་ཁ་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་ཁ་ཅིག་ནི་

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་པར་བྱེད་དོ། །ཁ་ཅིག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ། ཁ་ཅིག་ནི་དགྲ་བཅོམ་པ་ཉིད་ལ། ཁ་ཅིག་ནི་རང་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་དོ། །གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་དོན་དུ་གཉེར་བ་དེ་དག་ལ་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྗོད་པར་བྱེད། སྟོན་པར་བྱེད། སེམས་ཅན་དེ་དག་ལ་ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཆོས་རྣམས་དང་། སྤྲུལ་པའི་བར་ལྟ་བུའི་ཆོས་རྣམས་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་རྣམ་པར་འཇོག་པར་བྱེད་པ་ཡིན་
ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་
ཆོས་རྣམས་དང་། དངོས་པོ་མ་མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་འདི་ལྟ་སྟེ། འདི་དག་ནི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མ་དགེ་བའི་ཆོས་
རྣམས་སོ། །འདི་དག་ནི་ལུང་དུ་བསྟན་པ་དག་གོ། །འདི་དག་ནི་ལུང་དུ་མ་བསྟན་པ་དག་གོ། །འདི་དག་ནི་ཟག་པ་དང་བཅས་པ་དག་གོ། །འདི་དག་ནི་ཟག་པ་མེད་པ་དག་གོ། །འདི་དག་ནི་འཇིག་རྟེན་པ་དག་གོ། །འདི་དག་ནི་འཇིག་རྟེན་ལས་འདས་པ་དག་གོ། །འདི་དག་
ནི་འདུས་བྱས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་སོ་ཞེས་རྣམ་པར་འཇོག་པར་བགྱིད་པ་འདི་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །

ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་གང་ཆོས་རྣམས་ཀྱི་རྣམ་པར་འཇོག་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །
རབ་འབྱོར་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་དག་ཡིན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་མེད་པ་དག་ཤེས་ན་ནི་དེའི་ཕྱིར་ཉན་
ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལན་དུ་ཕན་གདགས་པར་སླ་བ་མ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ངོ་མཚར་
རྨད་དུ་བྱུང་བའི་ཆོས་གང་དག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མ་མཆིས་པ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་ཟུང་ཤིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་དག་ཡིན་པ་བཤད་པར་བྱའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་སྨིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་གནས་ཤིང་། མངོན་པར་ཤེས་པ་ལྔ་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ལ་གནས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་སྟེ། དེ་དག་ཏུ་སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ལ་ནི་སྦྱིན་པས་ཡོངས་སུ་སྡུད་དོ། །གང་དག་ཚུལ་ཁྲིམས་ཀྱིས་བསྡུ་བར་བྱ་བ་དང་། གང་དག་བཟོད་པས་བསྡུ་བར་བྱ་བ་དང་།

གང་དག་བརྩོན་འགྲུས་ཀྱིས་བསྡུ་བར་བྱ་བ་དང་། གང་དག་བསམ་གཏན་གྱིས་བསྡུ་བར་བྱ་བ་དང་། གང་དག་ཤེས་རབ་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཤེས་རབ་ཀྱིས་ཡོངས་སུ་སྡུད་དོ། །དེ་བཞིན་དུ་སེམས་ཅན་གང་དག་ཚད་མེད་པ་བཞི་དང་། བསམ་གཏན་བཞི་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིས་བསྡུ་བར་བྱ་བ་དང་། གང་དག་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པས་བསྡུ་བར་བྱ་བ་དེ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱིས་ཡོངས་སུ་སྡུད་དོ། །དེ་བཞིན་དུ་གང་དག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྡུ་བར་བྱ་བ་དང་། གང་དག་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་བསྡུ་བར་
བྱ་བ་དང་། གང་དག་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་བསྡུ་བར་བྱ་བ་དེ་དག་ནི། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྡུད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པར་སྨིན་པ་ལས་བྱུང་
བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། དེ་བཞིན་དུ་མངོན་པར་ཤེས་པ་ལྔ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་ནས། སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ཇི་ལྟར་སྦྱིན་པས་ཡོངས་སུ་སྡུད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། གོས་འདོད་པ་རྣམས་ལ་ནི་གོས།
མེ་ཏོག་འདོད་པ་རྣམས་ལ་ནི་མེ་ཏོག །ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ། སྤོས་འདོད་པ་རྣམས་ལ་ནི་སྤོས། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ། རྟེན་འདོད་པ་རྣམས་ལ་ནི་རྟེན། མར་མེ་འདོད་པ་རྣམས་ལ་ནི་མར་མེ། །ན་བའི་

གསོ་སྨན་འདོད་པ་ནས་མིའི་ཡོ་བྱད་ཅི་ཡང་རུང་བའི་བར་དུ་འདོད་པ་རྣམས་ལ་ནི་སྦྱིན་པར་བྱེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཇི་ལྟར་འབུལ་བ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཡང་ཆོས་གོས་དང་།
བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་རྣམས་སྦྱིན་པར་བྱེད་དོ། །མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་དང་། འབྲུ་མར་དང་། མར་མེ་དག་
སྦྱིན་པར་བྱེད་དོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་དེ་དག་ལ་སྦྱིན་པ་སྦྱིན་པར་བྱེད་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཡང་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་མི་རྣམས་ལ་ཡང་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་མི་མ་ཡིན་པར་གྱུར་པ་རྣམས་ལ་ཡང་སྦྱིན་པ་
སྦྱིན་པར་བྱེད་དོ། །དེ་སྣོད་དང་སྣོད་མ་ཡིན་པར་ཡོངས་སུ་མི་རྟོག་གི །སེམས་ཅན་ཐམས་ཅད་ལ་ཐ་དད་པ་མེད་པ་ཉིད་ཀྱི་འདུ་ཤེས་ཉེ་བར་གཞག་ནས། སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཐ་དད་པ་མེད་པར་རྟོགས་པའི་ཕྱིར་ཡོངས་སུ་
ཤེས་ཤིང་མངོན་དུ་བྱས་ནས། དེ་ཐ་དད་པ་མེད་པའི་སྦྱིན་པ་བྱིན་པས། ཐ་དད་པ་མེད་པའི་ཆོས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་
ཆགས་མཐོང་ན། འདི་སྙམ་དུ་བདག་གི་སྦྱིན་གནས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་གྱི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་བསྐྱེད་ན། བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་སེམས་ཡོངས་སུ་
དག་ན། བྱང་ཆུབ་སེམས་དཔའི་སྦྱིན་གནས་ཡོངས་སུ་དག་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་བདག་གིས་སེམས་ཅན་དབུལ་པོ་འདི་དག་སྦྱིན་པས་བསྡུས་ན། གཞན་གྱི་རྫས་དག་ལ་རྐུ་བར་མི་འགྱུར་ཞིང་ཆོག་ཤེས་པར་གྱུར་ནས་

གཞན་དག་ལ་ཡང་སྦྱིན་པ་བྱེད་པར་འགྱུར། དེ་བཞིན་དུ་སྦྱིན་པས་བསྡུས་ན་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་མི་འགྱུར། དེ་བཞིན་དུ་སྦྱིན་པས་བསྡུས་ན། བརྫུན་མི་ཟེར། ཕྲ་མ་མི་སྨྲ། ངག་རྩུབ་པོ་མི་སྨྲ། ཚིག་འཁྱལ་པ་
མི་སྨྲ་བར་འགྱུར་ཏེ། དེ་དག་རྒྱུ་དེས་ལུས་ཞིག་པའི་འོག་ཏུ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་
ཁྱིམ་དག་ཏུ་སྐྱེ་བར་འགྱུར། དེ་དག་རྒྱུ་དེ་ཉིད་ཀྱིས་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་
འདས་པའི་བར་དུ་འགྱུར་རོ་སྙམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དང་། གནས་མེད་པ་རྣམས་ཀྱི་གནས་དང་། ཡོངས་སུ་འདྲེན་པ་མེད་པ་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར་བར་
བྱའོ་ཞེས་སྔོན་ཡི་དམ་འདི་མ་བཅས་སམ། ཕྱིར་རྒོལ་བའམ། གསོད་པ་གཞན་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་བསླངས་ན་ཡང་དེས་སྦྱིན་ནམ་མི་སྦྱིན་སྙམ་དུ་སེམས་གཞན་བསྐྱེད་པར་མི་བྱའི། འཁྲུག་པ་མེད་པའི་སེམས་
ཀྱིས་ཕྱིར་རྒོལ་བ་དང་། གསོད་པ་དེ་དག་ལ་རང་གི་ལུས་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་གྱི། ལུས་
དང་སྲོག་གི་ཕྱིར་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྦྱིན་ནམ་མི་སྦྱིན་སྙམ་དུ་རྣམ་པར་རྟོག་པར་གྱུར་ན་ནི། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་ལས་

གཞན་པ་འཕགས་པའི་གང་ཟག་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱིས་ཀྱང་དེ་ལ་ཁྱོད་ལ་སུས་གསོལ་བ་བཏབ་ན། བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། གནས་དང་། མགོན་དང་དཔུང་གཉེན་དང་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ་
ཞེས་སྔོན་གྱི་ཚེ་རབས་སུ་ཡི་དམ་འདི་བཅས་ཞེས་སྨྲ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། མཚན་ཉིད་མི་འདྲ་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་
ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པར་བྱེད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ནི་རྣམ་པ་གཉིས་ཏེ། རབ་འབྱོར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་
གང་ཞེ་ན། གང་འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང་། འཆད་པ་དང་། རབ་ཏུ་སྟོན་པ་དང་། རྣམ་པར་འབྱེད་པ་སྟེ། འདི་ལྟ་སྟེ། མི་སྡུག་པའི་ལེའུ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་
དང་། མངོན་པར་ཤེས་པ་ལྔ་བརྗོད་པ་དང་། འཆད་པ་དང་། རབ་ཏུ་སྟོན་པ་དང་། རྣམ་པར་འབྱེད་པ་སྟེ། འདི་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །ཅིའི་ཕྱིར་འཇིག་རྟེན་པ་ཡིན་ཞེ་ན། འཇིག་རྟེན་ལས་མི་འཕགས་པས། དེའི་ཕྱིར་འཇིག་རྟེན་པ་ཞེས་
བྱའོ། །དེ་དག་ནི་འཇིག་རྟེན་པའི་སྦྱིན་པ་དེ་བྱིན་ནས། རྣམ་གྲངས་དུ་མས་སེམས་ཅན་དེ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དེ་དག་ལས་འབྱེད་པར་བྱེད་ཟློག་པར་བྱེད་དེ། ཕྱེ་ཞིང་བཟློག་

ནས་ཀྱང་ཐབས་ལ་མཁས་པས། འཕགས་པའི་ཆོས་ལ་འགོད་པར་བྱེད་དེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འགོད་
པར་བྱེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རང་བྱང་ཆུབ་ཀྱི་བར་ལ་འགོད་པར་བྱེད་དེ། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཡིན་ནོ། །ཅིའི་ཕྱིར་དེ་འཇིག་རྟེན་ལས་འདས་པ་ཡིན་ཞེ་ན། འཇིག་རྟེན་ལས་རྒལ་བ་དང་། འཇིག་
རྟེན་རྣམས་ཀྱི་གོང་ན་འཇུག་པའི་ཕྱིར་རོ། །འཕགས་པའི་ཆོས་རྣམས་ནི་གང་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་གང་ཞེ་ན། འཕགས་པའི་ཆོས་རྣམས་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གོ། །འཕགས་པའི་ཆོས་ཀྱི་འབྲས་བུ་དག་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཀྱི་བར་དག་གོ། །རབ་འབྱོར་དེ་ལྟ་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཕགས་པའི་ཆོས་རྣམས་ནི་གང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་དང་། རང་བྱང་ཆུབ་ཤེས་པའི་བར་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་གྱི་བར་དུ་ཤེས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཤེས་པ་དང་། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་དང་། འཇིག་རྟེན་
པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཕགས་པའི་ཆོས་རྣམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། གང་ཉོན་མོངས་པ་དང་། བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤངས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ལགས་ན། འོ་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱད་པར་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། གདོད་དེ་བཞིན་གཤེགས་པ་ཞེས་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཀྱི་མཐར་ཕྱིན་པ་ཁོ་ན་ཡིན་ལ། བྱང་ཆུབ་སེམས་
དཔའ་ནི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་མུན་པ་མེད་པ་ཉིད་ཐོབ་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་རྗེས་སུ་འཐོབ་པ་ཡིན་ཏེ། རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱད་པར་ཡིན་ནོ། །འདི་ནི་ཐ་དད་དུ་བྱ་བ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའི་རྟེན་

ཡིན་ཞེས་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས། འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ལ་སེམས་ཅན་རྣམས་བཙུད་ནས། འཕགས་པའི་གནས་
འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ལ་འཛུད་པར་བྱེད། འགོད་པར་བྱེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་དགུ་པ། རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་བྱིས་པ་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་དག་གང་ཡིན་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་
གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་
རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཏེ། དེ་དག་རྗོད་པ་དང་། འཆད་
པ་དང་། རབ་ཏུ་སྟོན་པ་དང་། རྣམ་པར་འབྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། དེ་བཞིན་དུ་ཕྱིའི་ལུས་དང་། དེ་བཞིན་དུ་ནང་དང་ཕྱིའི་ཚོར་
བ་རྣམས་དང་། དེ་བཞིན་དུ་སེམས་དང་ཆོས་ལ་ཡང་རྒྱ་ཆེར་སྦྱར་བར་བྱ་སྟེ། དེ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱའོ། །ཡང་དག་པར་སྤོང་བ་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་
རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཡང་དག་པར་རབ་ཏུ་འཇོག་པ་དང་། དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་
ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། མི་ཉམས་
པར་བྱ་བ་དང་། ཤིན་ཏུ་རྒྱས་པར་བྱ་བ་དང་། ཕྱིར་ཞིང་འབྱུང་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཡང་དག་པར་རབ་ཏུ་འཇོག་སྟེ། འདི་དག་ནི་ཡང་དག་པར་སྤོང་བ་བཞི་ཞེས་བྱའོ། །
རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་
གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། སྤྱོད་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་

དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་སྟེ། དེ་དག་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱའོ། །དབང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་
དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི་དབང་པོ་ལྔ་ཞེས་བྱའོ། །སྟོབས་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་
འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། དེ་དག་ནི་སྟོབས་ལྔ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་
པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་
པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །རྣམ་པར་ཐར་པའི་སྒོ་
གསུམ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ། དེ་དག་ནི་རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གང་ཞེ་ན། སྟོང་
པ་ཉིད་ཀྱི་རྣམ་པས་སེམས་རྩེ་གཅིག་པ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཅེས་བྱའོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཞེ་ན། མཚན་མ་མེད་པའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་

བྱའོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཟུགས་
ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་
གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་
ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་
ཤེས་དང་། ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པའི་བར་དག་སྟེ། དེ་དག་ནི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལ་འདོད་པ་དག་ལས་དབེན་པ། སྡིག་
པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་
པའི་བར་དག་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། འདུ་ཤེས་དང་། ཚོར་བ་འགོག་པའི་བར་དུ་བསྒྲུབས་ནས་གནས་པ་སྟེ། དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་བཞིན་

གཤེགས་པའི་སྟོབས་བཅུ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གནས་མ་ཡིན་པ་ལ་ཡང་གནས་
མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་ལེན་པ་རྣམས་ཀྱི་རྣམ་པར་སྨིན་པ་གནས་ཀྱི་སྒོ་དང་། རྒྱུའི་སྒོ་ནས་
ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ། ཁམས་དུ་མ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་།
གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་པ་དང་། མོས་པ་དུ་མ་པའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་
དང་། གཞན་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་
ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་ནས་བདེ་འགྲོར་
འགྲོ་བ་དང་། ངན་འགྲོར་འགྲོ་བ་དང་། ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་བར་དག་མཐོང་ཞིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། ཚེ་རབས་

གཅིག་ཀྱང་རྗེས་སུ་དྲན་པ་ནས། སྔོན་གྱི་གནས་རྣམ་པ་དུ་མའི་བར་དག་ཀྱང་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་རྗེས་སུ་དྲན་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་
རྣམ་པར་གྲོལ་བ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་སྤྱད། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་སོ་ཞེས་བྱ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་
བཅུ་ཞེས་བྱའོ། །མི་འཇིགས་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་ན། འདིར་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་
པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་འཐོབ་ཅིང་བག་ཚ་བ་མེད་པ་ཐོབ་ལ། མི་འཇིགས་པ་ཐོབ་སྟེ། གནས་
ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་
བསྐོར་བ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་། ང་ཟག་པ་ཟད་དོ་ཞེས་དམ་བཅས་ན། འདིར་ཟག་པ་འདི་དག་མ་ཟད་དོ་ཞེས་དགེ་སྦྱོང་ངམ། བྲམ་ཟེ་འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་རྒྱ་ཆེར་སྦྱར་བར་བྱ་བ་དང་། ངས་
ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བཤད་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདིར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་རྒྱ་ཆེར་སྦྱར་

བར་བྱ་བ་དང་། ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པ། ངེས་པར་འབྱེད་པ་དེ་བྱེད་པ་སྡུག་བསྔལ་ཡང་དག་པར་ཟད་པར་འབྱུང་བར་འགྱུར་བ་ལམ་གང་བཤད་པ་དེ་ལ་ལམ་འདི་ནི་ངེས་པར་འབྱིན་པ་མ་ཡིན། ངེས་པར་རྟོགས་པ་མ་ཡིན།
བྱེད་པ་པོའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་མ་ཡིན་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་རྒྱ་ཆེར་སྦྱར་བར་བྱ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་
པའི་མི་འཇིགས་པ་བཞི་ཞེས་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་
རིག་པ་སྟེ། དེ་དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱའོ། །བྱམས་པ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་དགྲ་བོ་དང་། མཛའ་བཤེས་ལ་འདྲ་བར་མཛད་པ་གང་ཡིན་པ་སྟེ། དེ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །
དེ་ལ་སྙིང་རྗེ་ཆེན་པོ་གང་ཞེ་ན། སེམས་ཅན་མ་ཡིན་པའི་སེམས་ཅན་རྣམས་ལ་བྱམས་པ་མི་གཏོང་བ་གང་ཡིན་པ་སྟེ། དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་
འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་
འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། འདས་པའི་དུས་

ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་
ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭ་བརྒྱད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་ནི་ཞབས་ཤིན་ཏུ་གནས་པ་དང་ལྡན་པ་ཡིན་ནོ། །དེ་ལ་ཞབས་ཤིན་ཏུ་གནས་པ་ནི་འདི་ཡིན་ཏེ། ཞབས་ཀྱི་འོག་གི་མཐིལ་
གཉིས་ཐམས་ཅད་ཀྱིས་ས་ལ་ཀུན་ཏུ་རེག་པ་སྟེ། དཔེར་ན་ཟ་མ་ཏོག་ཞབས་ཤིན་ཏུ་མཉམ་ཞིང་ཕྱང་ངེ་བ། ས་གཞི་ཤིན་ཏུ་མཉམ་པ་ལ་བཞག་ན། འོག་གི་ཞབས་ཐམས་ཅད་ཀྱིས་ས་ལ་ཀུན་ཏུ་རེག་པ་བཞིན་དུ་བཅོམ་ལྡན་འདས་ནི་ཞབས་ཤིན་ཏུ་གནས་པ་དང་ལྡན་པ་
ཡིན་ནོ། །བཅོམ་ལྡན་འདས་ནི་ཀུན་ནས་མུ་ཁྱུད་ཁོར་ཡུག་དང་ལྡན་པ་ཡིན་ནོ། །དེ་ལ་མུ་ཁྱུད་ཁོར་ཡུག་དང་ལྡན་པ་ནི་འདི་ཡིན་ཏེ། ཞབས་ཀྱི་འོག་གི་མཐིལ་གཉིས་ལ་འཁོར་ལོ་རྩིབས་སྟོང་དང་བཅས་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་དག་མངའ་སྟེ།
ཐམས་ཅད་ཀྱང་ཁ་དོག་གསེར་ལྟ་བུའོ། །བཅོམ་ལྡན་འདས་ཀྱི་ཕྱག་དང་ཞབས་ཀྱི་མཐིལ་ནི་འཇམ་ཞིང་གཞོན་ཤ་ཆགས་པའོ། །དེ་དག་ལ་ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་ནི་འདི་ཡིན་ཏེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་
འདའ་བ་ལྟ་བུ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་སོར་མོ་རིང་བའོ། །དེ་ལ་སོར་མོ་རིང་བ་ནི་འདི་ཡིན་ཏེ། དེའི་ཕྱག་དང་ཞབས་རྣམས་ཀྱི་སོར་མོ་དག་ལྷག་པར་རིང་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །

བཅོམ་ལྡན་འདས་ནི་ཕྱག་དང་ཞབས་དྲ་བ་དང་ལྡན་པ་ཡིན་ཏེ། དེའི་ཕྱག་དང་ཞབས་ལ་དྲ་བ་ལྷག་པ་དག་མངའ་བ་ནི་ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་ཞབས་རྟིང་པ་ཡངས་པ་དང་ལྡན་པ་ཡིན་ནོ། །དེ་
ལ་རྟིང་པ་ཡངས་པ་ནི་འདི་ཡིན་ཏེ། དེའི་ཞབས་ཀྱི་རྟིང་པ་གཉིས་ཀྱི་མཐིལ་ཡངས་པ་ནི་ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་ཞབས་ལོང་བུའི་ཚིགས་མི་མངོན་པ་ཡིན་ནོ། །དེ་ལ་ཞབས་ལོང་བུའི་ཚིགས་མི་མངོན་པ་ནི་འདི་ཡིན་ཏེ། རྟིང་
པ་ཡངས་པ་ལ་ཡང་དག་པར་སྦྱོར་ལ། རྟིང་པ་ཡངས་པ་ཡང་ཞབས་ལོང་བུའི་ཚིགས་མི་མངོན་པ་ལ་སྦྱོར་བ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་བྱིན་པ་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་ལ་བྱིན་པ་རི་དགས་
ཨེ་ནེ་ཡའི་ལྟ་བུ་ནི་འདི་ཡིན་ཏེ། དེའི་བྱིན་པ་བྱིན་གྱིས་ཕྲ་རབ་སྐྱེས་ཤིང་། བྱིན་གྱིས་ཕྲ་བར་ཡང་དག་པར་བྱུང་བ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་ཨེ་ནེ་ཡའི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ་ཡིན་ནོ། །དེ་ལ་
བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ནི་བཞེངས་ན་སྐུ་མ་བཏུད་པར་ཕྱག་གཉིས་ཀྱིས་རང་གི་པུས་མོའི་ལྷ་ང་ལ་ཡང་དག་པར་རེག་པར་མཛད་ཅིང་། ཀུན་ཏུ་ཉུག་པར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ནི་མདོམས་
ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡིན་ནོ། །དེ་ལ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་ནི་འདི་ཡིན་ཏེ། དཔེར་ན་རིགས་བཙུན་པའི་གླང་པོ་ཆེ་ཅང་ཤེས་སམ། རྟ་ཅང་ཤེས་ཀྱི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་བ་སྤུ་རེ་རེ་ནས་མཛེས་པར་སྐྱེས་ཤིང་གཡས་སུ་འཁྱིལ་པ་
ཡིན་ནོ། །དེ་ལ་བ་སྤུ་རེ་རེ་ནས་མཛེས་པར་སྐྱེས་ཤིང་གཡས་སུ་འཁྱིལ་པ་ཉིད་ནི་འདི་ཡིན་ཏེ། དེའི་སྤུ་ཁུང་བུ་རེ་རེ་ནས། སྤུ་རེ་རེ་མཐོན་ཏིང་ལ་ལྕང་ལོར་འཁྱིལ་པ་འཇམ་ཞིང་སྣུམ་ལ། གཡས་སུ་འཁྱིལ་ཅིང་མཛེས་པར་སྐྱེས་པ་ཡིན་ནོ། །བཅོམ་ལྡན་འདས་

ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་དང་ལྡན་པ་ཡིན་ནོ། །དེ་ལ་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་ནི་འདི་ཡིན་ཏེ། དེའི་དབུ་དང་སྐུ་ལས་སྐྱེས་པའི་དབུ་སྐྲ་དང་། སྤུ་རྣམས་ནི་ཁ་གྱེན་དུ་བལྟས་ཤིང་མཐོན་ཏིང་ལ་ཀུན་ནས་ལྕང་ལོར་འཁྱིལ་པ་འཇམ་ཞིང་སྣུམ་ལ་གཡས་སུ་
འཁྱིལ་པ་མཛེས་པར་སྐྱེས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་པགས་པ་སྲབ་ཅིང་འཇམ་ལ་སྣུམ་པ་ཡིན་ནོ། །དེ་ལ་པགས་པ་སྲབ་ཅིང་འཇམ་ལ་སྣུམ་པ་ནི་འདི་ཡིན་ཏེ། དེའི་སྐུ་ལ་ཆུའམ། རྡུལ་ཀུན་ཏུ་མི་ཆགས་ཤིང་མི་གནས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་
མདོག་གསེར་ལྟ་བུ་དང་ལྡན་ཏེ། དཔེར་ན་འཛམ་བུའི་ཆུ་བོའི་གསེར་གྱི་མཆོད་སྡོང་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟར་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ཡིན་ཏེ། དེས་ན་གསེར་གྱི་མདོག་ལྟ་བུ་ཞེས་བྱའོ། །བཅོམ་ལྡན་འདས་ནི་བདུན་མཐོ་བ་ཡིན་ནོ། །དེ་
ལ་བདུན་མཐོ་བ་ཉིད་ནི་འདི་ཡིན་ཏེ། དེའི་ཞབས་གཉིས་ཀྱི་གོང་མཐོ་བ་གཉིས་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་དང་། དེ་བཞིན་དུ་ཕྱག་གཉིས་ཀྱི་གོང་མཐོ་བ་གཉིས་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་
པ་ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་དང་། ཐལ་གོང་གཉིས་སུ་གཉིས་མཐོ་བར་གྱུར་པ་དང་། གཉའ་གོང་དུ་མཐོ་བ་གཅིག་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་
ནི་དཔུང་མགོ་ཤིན་ཏུ་ཟླུམ་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ཐལ་གོང་རྒྱས་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐུ་ཤིན་ཏུ་དྲང་པོར་འཁྲུངས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐུ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཡིན་ནོ། །དེ་ལ་ནྱ་གྲོ་དྷ་ལྟར་སྐུ་ཆུ་ཞེང་
གབ་པ་ཉིད་ནི་འདི་ཡིན་ཏེ། ཆུར་ཇི་སྲིད་པ་ཞེང་དུ་ཡང་དེ་སྲིད་ལ། ཞེང་དུ་ཇི་སྲིད་པ་ཆུར་ཡང་དེ་སྲིད་དེ། དེ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱའོ། །བཅོམ་ལྡན་འདས་ནི་འགྲམ་པ་སེང་གེའི་འདྲ་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་བཞི་བཅུ་མངའ་བ་

ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་ཐགས་བཟང་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་རྩེ་མོ་མཐོ་ཞིང་རྣོ་ལ་དཀར་བ་ཡིན་ནོ། །བཅོམ་ལྡན་འདས་ནི་རོ་བྲོ་བའི་མཆོག་དང་ལྡན་པ་ཡིན་ཏེ། དེའི་མགུར་དྲང་པོར་མིད་པ་དྲང་ཞིང་མ་ཡོ་ལ་
ཐོགས་པ་མེད་པར་མིད་དུ་རུང་བར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ལྗགས་རིང་ཞིང་སྲབ་པ་ཡིན་ནོ། །དེ་ལ་ལྗགས་རིང་ཞིང་སྲབ་པ་ཉིད་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་བཞེད་ན་ཞལ་ནས་ལྗགས་ཕྱུང་སྟེ། ཤངས་ཀྱི་བུ་ག་གཉིས་དང་། སྤྱན་
གྱི་ཁུང་བུ་གཉིས་དང་། སྙན་གྱི་བུ་ག་གཉིས་སུ་རེག་པར་མཛད་ཅིང་། ཡོངས་སུ་ཉུག་པར་མཛད་ལ། དབུའི་མཚམས་སུ་ཐུག་པའི་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་ཁེབས་པར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚངས་པའི་དབྱངས་དང་ལྡན་པ་ཡིན་ནོ། །
བཅོམ་ལྡན་འདས་ནི་སྤྱན་ཡངས་ཤིང་རྫི་མ་བའི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤྱན་མཐོན་ཏིང་ལྟ་བུ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤྱན་གྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་འོད་འདོམ་གང་བ་ཡིན་ནོ། །བཅོམ་
ལྡན་འདས་ནི་ཞལ་ཟླ་བ་ཉ་བ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་མཛོད་སྤུ་སྨིན་མཚམས་སུ་འཁྲུངས་ལ། ཤིང་བལ་ལྟར་འཇམ་ཞིང་མེ་ཏོག་ཀུན་ད་དང་། ཟླ་བ་དང་། དུང་དང་། པད་མའི་རྩ་ལག་དང་། བའི་འོ་མ་དང་། བ་མོའི་མདོག་ལྟ་བུ་ཡིན་ནོ། །
བཅོམ་ལྡན་འདས་ནི་དབུ་གཙུག་ཏོར་དང་ལྡན་པ་ཡིན་ནོ། །དེ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ཏེ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་དེ་དག་དང་ལྡན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རང་བཞིན་
གྱིས་སྣང་བས་ཁྱབ་པར་མཛད་དོ། །དེ་བཞིན་གཤེགས་པ་བཞེད་ན། མཚན་དེ་དག་གིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་ཚད་མེད་པ་དག་སྣང་བས་ཁྱབ་པར་མཛད་ཅིང་། དེ་ནས་དེ་བཞིན་གཤེགས་པས་སེམས་ཅན་རྣམས་གདུལ་

བའི་དབང་ཉེ་བར་བཟུང་ནས། འོད་འདོམ་གང་བར་བྱིན་གྱིས་རློབ་པོ། །གལ་ཏེ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་མ་མཛད་དུ་ཟིན་ན། ཟླ་བ་དང་ཉི་མ་གཉིས་ཀྱང་འཇིག་རྟེན་ན་ཡོད་པར་མི་འགྱུར། ཟླ་བ་གཅིག་དང་། ཟླ་བ་ཕྱེད་དང་། དུས་དང་ལོ་
ཁྱུད་ཁོར་རྣམས་ཀྱང་འཇིག་རྟེན་ན་མི་སྣང་བར་འགྱུར་རོ། །སེམས་ཅན་རྣམས་གདུལ་བའི་དབང་ཉེ་བར་བཟུང་ནས། དེ་བཞིན་གཤེགས་པའི་རང་བཞིན་གྱི་གསུང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གོ་བར་མཛད་དོ། །བཞེད་ན་གོང་དུ་ཡང་གསུང་
ཆེན་པོས་ཀྱང་གོ་བར་མཛད་དོ། །ཡོན་ཏན་དང་། ཕན་ཡོན་དེ་དག་ཐམས་ཅད་ནི་ང་སྔོན་དུ་བྱང་ཆུབ་སེམས་དཔར་གྱུར་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་བསྒྲུབས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པ་གཉིས་པོ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པར་བྱེད་དེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པ་ན། སྙན་པར་སྨྲ་བས་ཇི་ལྟར་སེམས་ཅན་རྣམས་སྡུད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པ་ན། ཐོག་མ་ཁོ་ནར་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་དོ། །དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །དེའི་འོག་ཏུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སོ། །དེའི་འོག་ཏུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །དེའི་འོག་ཏུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སོ། །དེའི་
འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་པར་བྱེད་དེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་

ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་སྤྱོད་པས། ཇི་ལྟར་སེམས་ཅན་རྣམས་སྡུད་ཅེ་ན། རབ་འབྱོར་འདི་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ཡུན་
རིང་པོར་སྤྱོད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་གཞན་མི་བྱེད་པར་རྟག་ཏུ་སེམས་ཅན་རྣམས་སྡུད་པར་བྱེད་དེ། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་སྡུད་པར་བྱེད་དོ། །རབ་འབྱོར་དེ་བཞིན་
གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་ལྡན་པ་ཡིན་ནོ། །སྲེད་མེད་ཀྱི་བུའི་ལྟར་སྐུ་གྲིམས་པ་ཡིན་ནོ། །པུས་མོའི་ལྷ་ང་དག་མཛེས་པར་གྲུབ་པ་ཡིན་ནོ། །སྐུ་
གཙང་བ་དག་ཡིན་ནོ། །སྐུ་འཇམ་པ་དག་ཡིན་ནོ། །སྐུ་མཉེན་པ་དག་ཡིན་ནོ། །སྐུ་སྣུམ་བག་ཅན་དག་ཡིན་ནོ། །སྐུ་མ་བཏུད་པ་དག་ཡིན་ནོ། །སོར་མོ་རྣམས་རིང་བ་དང་། བྱིན་གྱིས་ཕྲ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སོར་མོ་རྣམས་
ཟླུམ་པ་དག་ཡིན་ནོ། །སོར་མོ་རྣམས་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །རྩ་རྣམས་མི་མངོན་པ་དག་ཡིན་ནོ། །ལོང་བུ་རྣམས་མི་མངོན་པ་དག་ཡིན་ནོ། །སྐུ་དབྱིབས་ལེགས་པ་དག་ཡིན་ནོ། །སྐུ་ཤིན་ཏུ་ལེགས་པར་འབྲེལ་བ་དག་ཡིན་ནོ། །སྐྱེ་མཆེད་རྣམས་
ཤིན་ཏུ་ཡོངས་སུ་དག་པ་དག་ཡིན་ནོ། །མཁྱེན་པ་ཡོངས་སུ་དག་པ་དག་ཡིན་ནོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དཔལ་དང་། བློ་གྲོས་དང་ལྡན་པ་དག་ཡིན་ནོ། །བལྟ་བར་འོས་པ་དག་ཡིན་ནོ། །ཞལ་
ཧ་ཅང་མི་རིང་བ་དག་ཡིན་ནོ། །ཞལ་རྐང་རྐོང་མེད་པ་དག་ཡིན་ནོ། །སྒྲོས་བིམ་པ་ལྟར་དམར་བ་དག་ཡིན་ནོ། །ཞལ་ཡོངས་སུ་རྒྱས་པ་དག་ཡིན་ནོ། །དབྱངས་ཟབ་པ་དག་ཡིན་ནོ། །ལྟེ་བ་ཟབ་པ་དག་ཡིན་ནོ། །ལྟེ་བ་ཤིན་ཏུ་ཟླུམ་པ་དག་ཡིན་ནོ། །ལྟེ་བ་

གཡས་སུ་འཁྱིལ་པ་དག་ཡིན་ནོ། །ཕྱག་དང་ཞབས་ཡོངས་སུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་ཇི་ལྟར་དགོངས་པ་བཞིན་དང་ལྡན་པ་དག་ཡིན་ནོ། །ཕྱག་གི་མཐིལ་མཉམ་པ་དག་ཡིན་ནོ། །ཕྱག་གི་རི་མོ་བར་མ་ཆད་པ་
དག་ཡིན་ནོ། །ཕྱག་གི་རི་མོ་མཐོ་བ་དག་ཡིན་ནོ། །སྐུ་ལ་དྲི་མ་མེད་ཅིང་དྲི་མི་ཞིམ་པ་མེད་པ་དག་ཡིན་ནོ། །མདོག་གསལ་བ་དག་ཡིན་ནོ། །སྐྱེ་མཆེད་ཀྱི་སྒོ་བཟང་བ་དག་ཡིན་ནོ། །ཞལ་ཟླ་བ་ཉ་བ་ལྟ་བུ་དག་ཡིན་ནོ། །གསོང་པོར་གསུང་བ་དག་ཡིན་ནོ། །ཞལ་
ཁྲོ་གཉེར་གྱི་རིམ་པ་མེད་པ་དག་ཡིན་ནོ། །སྤུའི་ཁུང་བུ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་འབྱུང་བ་དག་ཡིན་ནོ། །དེ་དག་གི་ཞལ་གྱི་དྲི་ཞིམ་པ་དག་ཡིན་ནོ། །སེང་གེའི་སྟབས་སུ་གཤེགས་པ་དག་ཡིན་ནོ། །གླང་པོ་ཆེའི་དབང་པོའི་སྟབས་སུ་གཤེགས་པ་དག་ཡིན་
ནོ། །ངང་པའི་སྟབས་སུ་གཤེགས་པ་དག་ཡིན་ནོ། །དབུ་གདུགས་དང་འདྲ་བ་དག་ཡིན་ནོ། །གསུང་སྙན་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དག་ཡིན་ནོ། །ཚེམས་མཆེ་བ་རྣོ་བ་དང་ལྡན་པ་དག་ཡིན་ནོ། །ཤངས་མཐོ་བ་དག་ཡིན་ནོ། །ལྗགས་དམར་
བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྗགས་སྲབ་ཅིང་ཆེ་བ་དག་ཡིན་ནོ། །སྤུ་མཐོན་ཏིང་ཅན་དག་ཡིན་ནོ། །སྤུ་གཙང་བ་དག་ཡིན་ནོ། །སྤྱན་ཡངས་པ་དག་ཡིན་ནོ། །བུ་གའི་སྒོ་རྣམས་ཡོངས་སུ་མ་ཉམས་པ་དག་ཡིན་ནོ། །ཕྱག་དང་ཞབས་
ཀྱི་མཐིལ་དམར་བ་དག་ཡིན་ནོ། །ལྟེ་བ་མ་བྱེ་བ་དག་ཡིན་ནོ། །དཀུ་མ་རྙོངས་པ་དག་ཡིན་ནོ། །ཕྱལ་ཕྱང་ངེ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ལ་གཉེར་མ་མེད་པ་དག་ཡིན་ནོ། །ཚིགས་མཛེས་པ་དག་ཡིན་ནོ། །ཚིགས་རིང་བ་དག་
ཡིན་ནོ། །ཕྱག་དང་ཞབས་ཡོངས་སུ་དག་པ་དག་ཡིན་ནོ། །འོད་འདོམ་གང་མཉམ་པ་དག་ཡིན་ནོ། །འོད་ཀྱིས་གསལ་བར་མཛད་ཅིང་གཤེགས་པ་དག་ཡིན་ནོ། །ལྷ་དང་མི་གང་དག་དེ་དག་གི་སྐུ་མཐོང་བ་དེ་དག་ཚིམ་པར་འགྱུར་རོ། །སྲོག་ཆགས་ཐམས་

ཅད་ཀྱིས་མཐོང་ཡང་བརྙས་པར་མི་བྱེད་དོ། །སེམས་ཅན་རྣམས་ལ་རྗེས་སུ་སྟོན་པར་མཛད་དོ། །དེ་དག་གི་གསུང་ནི་འཁོར་དང་འཐུན་པར་ཁྱབ་པར་མཛད་ཀྱི། འཁོར་གྱི་ཕྱི་རོལ་དུ་གསུང་མི་འགྲོའོ། །རོ་སྟོད་སེང་གེའི་ལྟ་བུ་དག་ཡིན་ནོ། །སྐུའི་ཚིགས་ལེགས་པར་འབྲེལ་པ་དག་ཡིན་ནོ། །
སྤྱི་གཙུག་བལྟར་མི་མཐོང་བ་དག་ཡིན་ནོ། །དབུ་སྐྲ་མཐོན་ཏིང་ལ་འཇམ་ཞིང་རིང་བ་དག་ཡིན་ནོ། །དབུ་སྐྲ་མ་འཁྲུགས་པ་དག་ཡིན་ནོ། །དབུ་སྐྲ་གྱེན་དུ་ཕྱོགས་ཤིང་བཟང་ལ་ལྕང་ལོར་འཁྱིལ་པ་དག་ཡིན་ནོ། །དབུ་
སྐྲ་མ་འཛིངས་པ་དག་ཡིན་ནོ། །ཐུགས་ཁར་དཔལ་གྱི་བེའུས་ལེགས་པར་བརྒྱན་པ་དག་དང་ལྡན་པ་དག་ཡིན་ནོ། །ཕྱག་དང་ཞབས་ཀྱི་མཚན་དཔལ་གྱིས་འབར་བ་དང་ལྡན་པ་དག་ཡིན་ནོ། །མཚལ་དང་། ལྡོང་རོས་དང་། ཙིན་བི་སྟ་དང་། ཐིང་ཤིང་དང་། ཟངས་
གཡའི་ཁ་དོག་གིས་བྲིས་པ་ལྟ་བུའི་མཚན་རྣམས་དང་ལྡན་པ་ཡིན་ནོ། །རབ་འབྱོར་དེ་དག་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན་ཏེ། དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་ལེགས་པར་བརྒྱན་ནས། ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡོངས་སུ་རྫོགས་པར་བྱ་བ་དག་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་སེམས་དཔའ་གཞན་དག་ལ་འདི་སྐད་འདོམས་
ཤིང་འདི་སྐད་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་དག་ཚུར་ཤོག །ཁྱེད་ཅག་ཡི་གེ་མངོན་པར་སྒྲུབ་པ་ལ་མཁས་པར་གྱིས་ཤིག །འདི་ལྟ་སྟེ། ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ལ་མཁས་པར་གྱིས་ཤིག །དེ་བཞིན་དུ་གསུམ་དང་། བཞི་དང་།
ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། དེ་བཞིན་དུ་ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུའི་བར་དང་། ཡི་གེ་བརྒྱ་དང་། ཡི་གེ་སྟོང་གི་བར་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་ངག་གི་རང་བཞིན་ཐམས་ཅད་

རྟོགས་པར་གྱིས་ཤིག །དེ་བཞིན་དུ་གཉིས་དང་། གསུམ་དང་། ཡི་གེ་བརྒྱ་དང་། སྟོང་གི་བར་དག་གིས་ངག་གི་རང་བཞིན་ཐམས་ཅད་རྟོགས་པར་གྱིས་ཤིག །དེ་བཞིན་དུ་ཡི་གེ་གཅིག་ཏུ་ཡི་གེའི་ཕྱི་མོ་བཞི་བཅུ་རྩ་གཉིས་པོ་དག་འདུས་པར་གྱིས་ཤིག །ཡི་གེ་བཞི་
བཅུ་རྩ་གཉིས་ཀྱི་ནང་དུ་ཡི་གེ་གཅིག་འདུས་པར་གྱིས་ཤིག་ཅེས་འདོམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་གཉིས་པོ་དག་འདུས་པར་གྱིས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ནང་དུ་
ཡི་གེ་གཅིག་འདུས་པར་གྱིས་ཤིག །ཡི་གེ་གཅིག་གིས་ཡི་གེ་བཞི་བཅུ་རྩ་གཉིས་ལ་མཁས་པར་བྱས་ལ། དེ་བཞིན་དུ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས་ཡི་གེ་གཅིག་ལ་མཁས་པར་བྱས་ནས། ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་འགྱུར་རོ། །ཡི་གེ་མངོན་པར་
བསྒྲུབ་པ་ལ་མཁས་པར་བྱས་ནས། ཡི་གེ་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པར་འགྱུར་རོ། །དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པ་ཡིན་ཏེ། ཡི་གེས་ཡི་གེ་མེད་པའི་
ཆོས་སྟོན་ཀྱང་། རབ་འབྱོར་ཡི་གེ་དང་ཡི་གེ་མེད་པ་ལ་མ་རྟོགས་པའི་ཆོས་གང་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་
མེད་པ་སྟོང་པ་ཉིད་ཀྱི་སླད་དུ། སེམས་ཅན་ཡང་གཏན་དམིགས་སུ་མ་མཆིས་ལ། ཆོས་ཀྱང་དམིགས་སུ་མ་མཆིས་ཤིང་། ཆོས་ཀྱི་རང་བཞིན་ཡང་དམིགས་སུ་མ་མཆིས་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་སྤྱོད་ཅིང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མེད་

པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པ། རྣམ་པར་སྨིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཇི་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། དེ་བཞིན་དུ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་
ཤེས་པ་དྲུག་གིས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ལགས། སེམས་ཅན་དང་། སེམས་ཅན་དུ་གདགས་པ་ནི་དམིགས་སུ་མ་མཆིས་ལགས་ཏེ། །སེམས་ཅན་དམིགས་སུ་མ་མཆིས་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དམིགས་སུ་མ་མཆིས།
དེ་བཞིན་དུ་སེམས་ཅན་དམིགས་སུ་མ་མཆིས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་དམིགས་སུ་མ་མཆིས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་སུ་མ་མཆིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དམིགས་སུ་མ་མཆིས། སེམས་ཅན་དམིགས་
སུ་མ་མཆིས་པས། སེམས་ཅན་དུ་གདགས་པ་མ་མཆིས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་གདགས་པ་མ་མཆིས། དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་གདགས་པ་དམིགས་སུ་མ་མཆིས་ལགས་ན། བཙུན་པ་བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཆོས་དེ་གང་ལགས། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་མཆིས་པ་མ་ལགས་
པའི་ཆོས་རྣམས་ལ་ཡང་དག་པར་འཛིན་དུ་སྩལ་ཅིང་། དེ་སེམས་ཅན་རྣམས་ལ་ཕྱིན་ཅི་ལོག་ལ་སྦྱོར་བར་བགྱིད་པའམ། གཅིག་ཏུ་མི་འགྱུར་ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་མི་དམིགས་ལགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལྟ་དམིགས་པར་ག་ལ་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་སེམས་ཅན་དམིགས་སུ་མེད་པས་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་།
དོན་དམ་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཕུང་པོ་སྟོང་པ་ཉིད་དང་། སྐྱེ་མཆེད་སྟོང་པ་ཉིད་དང་། འཕགས་པའི་བདེན་པ་སྟོང་པ་ཉིད་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། འདུས་བྱས་དང་། འདུས་མ་བྱས་སྟོང་པ་ཉིད་དང་། བདག་སྟོང་པ་ཉིད་དང་། སེམས་ཅན་སྟོང་པ་ཉིད་དང་། སྐྱེ་བ་པོ་སྟོང་པ་ཉིད་དང་། དེ་བཞིན་དུ་གསོ་བ་དང་། གང་ཟག་དང་།
ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དག་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །
དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། སྨོན་པ་མེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་

པའི་སྟོབས་བཅུ་སྟོང་པ་ཉིད་དང་། དེ་བཞིན་དུ་མི་འཇིགས་པ་བཞི་སྟོང་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོང་པ་ཉིད་དང་། བྱམས་པ་ཆེན་པོ་སྟོང་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་དང་། དགྲ་བཅོམ་པའི་འབྲས་བུའི་བར་དུ་སྟོང་པ་ཉིད་དང་། རང་བྱང་ཆུབ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་སྟོང་པ་ཉིད་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་
སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཞིང་སྟོང་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་མཐོང་
ནས། ཕྱིན་ཅི་ལོག་གིས་ཟིན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ལ། སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །ཆོས་དེ་ཡང་འདི་ལྟར་ཅི་ནས་ཀྱང་སྟོང་པ་ཉིད་དེ་དག་ལས་མི་འདའ་བ་དེ་ལྟར་སྟོན་པར་བྱེད་དོ། །དེ་ལྟར་མཐོང་སྟེ། ཆོས་ཐམས་ཅད་སྒྲིབ་པ་མེད་པ་
ཉིད་དུ་ཤེས་ནས། དེ་ཆོས་གང་ཡང་འཁྲུག་པར་མི་བྱེད་ཅིང་གཉིས་སུ་ཡང་མི་འབྱེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་སྟོན་ཏོ། །རབ་འབྱོར་དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞིག་གིས་སྤྲུལ་པ་སྟོང་ཕྲག་དུ་མ་མངོན་པར་སྤྲུལ་ནས། སྤྲུལ་པ་དེ་དག་ཉིད་ཁ་
ཅིག་ནི་སྦྱིན་པ་ལ་སྦྱོར་བར་བྱེད་ཅིང་། ཁ་ཅིག་ནི་ཚུལ་ཁྲིམས་ལ། ཁ་ཅིག་ནི་བཟོད་པ་ལ། ཁ་ཅིག་ནི་བརྩོན་འགྲུས་ལ། ཁ་ཅིག་ནི་བསམ་གཏན་ལ། ཁ་ཅིག་ནི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་། ཁ་ཅིག་ནི་ཚད་མེད་པ་དག་ལ། ཁ་ཅིག་ནི་གཟུགས་མེད་པའི་སྙོམས་པར་
འཇུག་པ་དག་ལ། ཁ་ཅིག་ནི་མངོན་པར་ཤེས་པ་རྣམས་ལ་སྦྱོར་བར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པའི་སྤྲུལ་པ་དེས་གང་ཡང་བྱེ་བྲག་ཏུ་བྱས་པ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཇི་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དེ་ལྟར་སེམས་ཅན་དེ་དག་ཀྱང་ས་ལ་རབ་ཏུ་འགོད་པར་བྱེད་ལ།
སེམས་ཅན་དེ་དག་ཀྱང་འདི་ལྟ་སྟེ། མ་བཅིངས་མ་གྲོལ་བའི་ཚུལ་གྱིས་ཕྱིན་ཅི་ལོག་དག་ལས་ཡོངས་སུ་ཐར་བར་བྱེད་པ་དེ་ལྟར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་རང་བཞིན་ཉིད་ཀྱིས་མ་བཅིངས་མ་གྲོལ་བ་ཡིན་ལ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རང་བཞིན་ཉིད་ཀྱིས་མ་བཅིངས་མ་གྲོལ་བ་སྟེ། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ལ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་
བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་དུ་འདུས་བྱས་དང་འདུས་མ་བྱས་
ཀྱི་ཆོས་རྣམས་ཀྱི་བར་ལ་ཡང་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཀྱང་སེམས་ཅན་དུ་དམིགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་མི་གནས་པའི་ཚུལ་གྱིས་གནས་ཤིང་། དེ་གཟུགས་དང་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་མི་གནས་པའི་ཚུལ་དང་། འདུས་
བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་སྟོང་པ་ཉིད་ལ་མི་གནས་པའི་ཚུལ་གྱིས་གནས་ལ། རབ་འབྱོར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དང་འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྟོང་པ་ཉིད་ནི་གང་ན་ཡང་མི་གནས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་དང་།

སྟོང་པ་ཉིད་དེ་དག་ལ་གང་ལ་གནས་པར་འགྱུར་བའི་ངོ་བོ་ཉིད་མེད་ཅིང་དམིགས་སུ་མེད་དེ། རབ་འབྱོར་དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལ་མི་གནས་ལ། རང་གི་དངོས་པོ་ཡང་རང་གི་དངོས་པོ་ལ་མི་གནས་ཏེ། གཞན་གྱི་དངོས་པོ་ཡང་གཞན་གྱི་
དངོས་པོ་ལ་མི་གནས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་དམིགས་སུ་མེད་དེ། དམིགས་སུ་མེད་པ་གང་ཡིན་པ་དེ་ནི་གང་ན་ཡང་གནས་པར་མི་འགྱུར་བའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟོང་པ་ཉིད་དེ་དག་ཐམས་ཅད་ཀྱིས་ཆོས་འདི་དག་ལ་རབ་ཏུ་སྒོམ་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་
པའི་ཉན་ཐོས་རྣམས་དང་། འཕགས་པ་ཐམས་ཅད་ལ་ཉེས་པ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་
གཤེགས་པའི་ཉན་ཐོས་རྣམས་ཀྱིས་ཀྱང་ཆོས་ཉིད་འདི་ཉིད་རྗེས་སུ་སངས་རྒྱས་ཤིང་རྟོགས་ཏེ། དེ་ཁོ་ན་བཞིན་དུ་ཆོས་དེ་དག་དང་། ཆོས་རྣམས་ཀྱི་ཆོས་ཉིད་ལས་མི་འདའ་བར་སེམས་ཅན་རྣམས་ལ་བསྟན་ཅིང་སྟོན་པར་མཛད་པའི་ཕྱིར་རོ། །