Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅། །ཁྲི་བརྒྱད་ཁ་པ་བཞུགས་སོ། །

༄༅༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བརྗོད་པ་མཛད་པ་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡོངས་སུ་བརྗོད་པ་
མ་མཛད་ལགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་
བསྔགས་པ་ཡོངས་སུ་བརྗོད་པ་མ་མཛད་པ་ལགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་མིང་ཡོངས་སུ་བརྗོད་པ་མ་མཛད་ལགས་སོ། །དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་

ལྔ་པོ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་སྔོན་དུ་འགྲོ་བ་ཡིན་ནོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པར་ཕ་རོལ་ཏུ་
ཕྱིན་པའི་མིང་འཐོབ་པར་འགྱུར་སྙམ་འམ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པར་ཕ་རོལ་ཏུ་ཕྱིན་པའི་མིང་
འཐོབ་པར་འགྱུར་སྙམ་འམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་
གཏན་དང་། ཤེས་རབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་
དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་རོ། །ལེན་པ་མེད་པའི་ཚུལ་དང་། མི་དམིགས་པའི་ཚུལ་
གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ། ཡོངས་སུ་བསྡོས་

པས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་
པས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཟུགས་གཉིས་སུ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། བྱང་ཆུབ་ཀྱི་བར་
དུ་གཉིས་སུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་ཇི་ལྟ་བུ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཉིས་སུ་མ་
མཆིས་པའི་ཚུལ་ཇི་ལྟ་བུ་ལགས། བྱང་ཆུབ་ཀྱི་བར་དུ་གཉིས་སུ་མ་མཆིས་པའི་ཚུལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ནི་ཚོར་བས་སྟོང་ངོ་། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ་། །
འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་དེ་ནི་གཉིས་སུ་མེད་
ཅིང་གཉིས་སུ་དབྱེར་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་བར་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་དང་། བྱང་ཆུབ་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྔོན་དུ་འགྲོ་བ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་བརྟེན་ནས་ཚོགས་པའི་དབང་གིས་ས་བོན་རྣམས་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་།

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ན་ཡང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་
དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་དེ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཕ་རོལ་ཏུ་ཕྱིན་པ་འདི་དག་དང་། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡོངས་སུ་འདྲེན་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་
དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་དག་ཡོངས་སུ་འཛིན་པའི་ཡོན་ཏན་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོངས་སུ་བརྗོད་པ་
མ་མཛད་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ཞིང་ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་ལགས་སོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིས་པས་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་
འཇིག་རྟེན་ན་མཆིས་པ་ལགས་སོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་འཇིག་རྟེན་ན་མཆིས་པ་ལགས་སོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་

པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིས་པས་ནི་རྒྱུན་དུ་ཞུགས་པ་རྣམས་འཇིག་རྟེན་ན་མཆིས་པ་ལགས་སོ། །ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་།
དགྲ་བཅོམ་པ་རྣམས་མཆིས་པ་ལགས་སོ། །རང་སངས་རྒྱས་རྣམས་མཆིས་པ་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིས་
པས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་བཞུགས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་
བུའམ་རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱས་པས་དེ་དག་གི་ཡོན་ཏན་ནི་དེ་ཙམ་དུ་ཟད་ཅེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་
ཡང་འབྲལ་བར་མི་འགྱུར་རོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་
གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་འབྲལ་བར་མི་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་

པ་དེ་དག་ནི་དེ་བཞིན་གཤེགས་པ་དང་འདྲ་བར་རིག་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་འབྲལ་བར་མི་འགྱུར་རོ། །ཀཽ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་
གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་གང་ཡིན་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་
བའི་ཕུང་པོ་དེ་ནི་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་བར་གང་ཡིན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་
མཐོང་བའི་ཕུང་པོའི་བར་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་སེམས་ནི་ཉན་
ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་རྣམ་པར་གྲོལ་ཞིང་། ཆོས་གང་དང་ཡང་བྲལ་བ་མེད་ལ་སྐྱེས་པ་ཡང་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཆང་ཞིང་མེ་ཏོག་དང་། བདུག་པ་དང་། སྤོས་
དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་གང་ཡིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཀྱང་ཚེ་འདི་དང་། ཚེ་ཕྱི་
མའི་ཡོན་ཏན་རྣམས་འཐོབ་པར་རེ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་།

འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་
དང་། བ་དན་དག་གིས་བཀུར་སྟི་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་གང་ལགས་པ་དེ་ལ་བདག་གིས་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་འབྲལ་བར་མི་འགྱུར་
ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དེའི་གན་དུ་ལྷའི་བུ་འབུམ་ཕྲག་མང་པོ་ཆོས་ཉན་པའི་ཕྱིར་
འོང་བར་འགྱུར་ཏེ། ལྷའི་བུ་རྣམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྤོབས་པ་ཉེ་བར་སྒྲུབ་པར་སེམས་པར་འགྱུར་རོ། །གང་གི་ཚེ་ཆོས་སྨྲ་བ་དེ་དག་སྨྲ་བར་མི་འདོད་པ་ན་ཡང་ལྷའི་བུ་དེ་དག་ཉིད་ཆོས་ལ་གུས་པས་སྤོབས་
པ་ཉེ་བར་སྒྲུབ་པར་སེམས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་དེ་གླེགས་བམ་དུ་ཡང་བྲིས་
ནས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་དེ་དག་ཀྱང་ཐོབ་པར་
འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་དེ་དག་ནི་འཁོར་བཞི་པོ་དག་གི་མདུན་དུ་བདག་ལ་ལ་ལ་ཞིག་བཀའ་གཅོག་ཅིང་ཀླན་ཀ་ཚོལ་དུ་འོང་ངོ་སྙམ་དུ་སེམས་ཞུམ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།

འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྲུང་ཞིང་སྐྱོབ་ལ་སྦེད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་།
ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། ཐུན་མོང་བ་རྣམས་དང་། ཐུན་མོང་མ་ཡིན་པ་རྣམས་དང་། དགེ་བ་རྣམས་དང་། མི་དགེ་བ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་།
རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། ཆོས་ཐམས་ཅད་ཐ་དད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནང་སྟོང་པ་ཉིད་ལ་གནས་པ་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པ་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀླན་ཀ་ཚོལ་བ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཀླན་ཀ་ཚོལ་བར་བྱེད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ་ལ་ནི་ཀླན་ཀ་ཚོལ་བ་མེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་ནི། སེམས་ཞུམ་པར་མི་འགྱུར།
ཀུན་ཏུ་ཞུམ་པར་མི་འགྱུར། སྐྲག་པར་མི་འགྱུར། དངང་བར་མི་འགྱུར། ཀུན་ཏུ་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ནི་གང་ཞུམ་པའམ། ཀུན་ཏུ་ཞུམ་པ་འམ། སྐྲག་པ་འམ། དངང་བ་འམ། ཀུན་
ཏུ་དངང་བར་འགྱུར་བའི་དངོས་པོ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་

དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་དེ་དག་ཡོངས་སུ་འཛིན་པར་
འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་དེ་གླེགས་བམ་དུ་ཡང་བྲིས་ཏེ། མེ་ཏོག་དང་།
བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དེ་ནི་ཕ་དང་། མ་དང་། མཛའ་བོ་དང་། ཕྱི་འཁོར་དང་། གཉེན་
དང་། སྣག་གི་གཉེན་མཚམས་རྣམས་དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་
དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། སློབ་པ་ཐམས་ཅད་དང་། མི་སློབ་པ་དེ་དག་ཐམས་ཅད་ལ་སྡུག་པར་འགྱུར་རོ། །འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེར་
བཅས་པའི་སྐྱེ་དགུ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་རོ། །སྤོབས་པ་མི་ཆོད་པ་དང་ཡང་ལྡན་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཆོད་པ་དང་ཡང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་དང་། བཟོད་པ་དང་།
བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཆོད་པ་དང་ཡང་ལྡན་པར་འགྱུར་རོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་ཆོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་།

རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་མི་ཆོད་པ་དང་། སོ་སོ་ཡང་དག་པར་
རིག་པ་བཞི་མི་ཆོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་ཆོད་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་ཀྱི་སྒོ་རྣམས་མི་ཆོད་པ་དང་། མངོན་པར་ཤེས་པ་རྣམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་བྱ་བ་མི་ཆོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཆོད་པ་དང་ལྡན་པར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒོལ་བ་བྱུང་ངོ་ཅོག་ལ། ཆོས་དང་ལྡན་པས་ཚར་གཅོད་ནུས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་དེ་ཡི་གེར་ཡང་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་།
གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་ནི་ཚེ་འདི་དང་། ཚེ་ཕྱི་མའི་ཡོན་ཏན་དེ་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་
འབྲལ་བར་མི་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ། འཆང་བར་བྱེད་པ་དེར། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་
བུ་བླ་ན་མེད་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་གང་ཡིན་པ་དེ་དག་དེར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་། ཕྱག་བྱས་ཏེ་བཏུད་ནས་ཕྱིར་འདོང་བར་འགྱུར་རོ། །དེ་བཞིན་དུ་སུམ་

ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་འཁོར་རྣམས་དང་། འོད་ཆུང་རྣམས་
དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། ཚངས་པ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དེ་
དག་ཀྱང་དེར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱས་ནས་ཕྱིར་འདོང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མི་ཆེ་བ་དང་། ཤིན་ཏུ་མཐོང་བ་དང་།
གྱ་ནོམ་སྣང་བ་དང་། མི་གདུང་བ་དང་། འོག་མིན་གྱི་ལྷའི་བུ་གང་ཡིན་པ་དེ་དག་ཀྱང་དེར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱས་ཏེ། ཕྱག་བྱས་ནས་ཕྱིར་འདོང་བར་
སེམས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཀྱང་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་ལྷའི་བུ་རྒྱལ་ཆེན་བཞིའི་རིས་སུ་གཏོགས་པ་ནས་འབྲས་བུ་ཆེ་བ་མན་ཆད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་གང་ཡིན་པ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་གང་ཡིན་པ་རྣམས་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་
ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཡིན་པ་དེ་དག་འདིར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱས་ཤིང་ཕྱག་བྱས་ཏེ། མཆོད་པ་བྱས་པ་རྣམས་ཕྱིར་དེང་ཤིག །ཆོས་ཀྱི་སྦྱིན་པ་འདི་ཡང་

དེ་དག་ལ་བྱིན་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་གང་ཡིན་པ་རྣམས་དང་། འབྲས་བུ་ཆེ་བའི་ལྷའི་བུ་མན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་ཡང་དག་པར་ཞུགས་པ་གང་ཡིན་པ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་གང་ཡིན་པ་དེ་དག་ཀྱང་དེར་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་ཕྱག་བྱས་
ཏེ། བཏུད་ནས་ཕྱིར་འདོང་བར་སེམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འཁོད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་གང་ཡིན་པ་རྣམས་དང་། འོག་མིན་གྱི་ལྷའི་བུ་མན་ཆད་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་འཁོད་
པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འོག་མིན་གྱི་ལྷ་མན་ཆད་གང་ཡིན་པ་དེ་དག་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་ཅིང་། དེ་ལ་གླགས་ཚོལ་བ་གང་གིས་ཀྱང་གླགས་མི་རྙེད་དེ། ལས་ཀྱི་རྣམ་
པར་སྨིན་པ་ནི་མ་གཏོགས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཚེ་འདིའི་ཡོན་ཏན་དེ་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་ཡང་དག་པར་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བའི་ཆེད་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་
ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བགྱི་བ་དང་། བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་

པར་བགྱི་བ་དང་། ཕྱག་བགྱི་བ་དང་། གདུད་པར་བགྱི་བའི་སླད་དུ་ཕྱོགས་བཅུའི་ཁོ་ར་ཁོར་ཡུག་དག་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དེར་མཆི་བ་དང་། འོག་མིན་གྱི་ལྷའི་བུ་མན་ཆད་མཆི་བར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཇི་ལྟར་རྟོགས་
པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་མི་མ་ཡིན་པའི་ལྷའི་དྲི་སྔོན་མ་མྱོང་བར་ཚོར་བར་གྱུར་ན། དེས་ལྷའི་བུ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང་།
གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་འདིར་ལྷགས་སོ་སྙམ་དུ་ཤེས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་
གཙང་སྦྲ་བྱས་ན། གཙང་སྦྲ་བྱས་པ་དེས་ལྷ་དེ་དག་ལྷགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱས་
ནས་ཡི་རངས་པར་འགྱུར་རོ། །ཕྱོགས་དེ་ནི་ལྷ་གཟི་བརྗིད་ཆུང་ངུ་གང་ཡིན་པ་དེ་དག་ནི། ལྷ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་གི་གཟི་བརྗིད་དང་། བྱིན་མི་བཟོད་པས་དེ་ནས་གུད་དུ་འདོང་བར་སེམས་སོ། །ལྷ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་ཇི་ཙམ་དུ་དེར་འོང་
བ་དེ་ཙམ་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་རྒྱ་ཆེར་མོས་པར་འགྱུར་རོ། །ས་ཕྱོགས་དེར་ཡང་གཙང་སྦྲ་མི་བྱེད་པའི་བག་སྤྱད་པར་མི་བྱ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དག་གིས་ཀྱང་ས་ཕྱོགས་དེ་བརྒྱན་ཅིང་སྤོས་ཀྱིས་བྱུགས་ལ་མེ་ཏོག་སིལ་མས་གཏོར་བར་བྱའོ། །དར་གྱི་ལྡ་ལྡི་མང་པོ་སྤྱང་ཞིང་བླ་རེ་བྲེས་ལ་རྣམ་པ་དུ་མས་ས་ཕྱོགས་དེ་བརྒྱན་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་ལུས་ངལ་

བར་མི་འགྱུར་བ་དང་། ལུས་བདེ་བར་འགྱུར་བ་དང་། ལུས་ཡང་བར་འགྱུར་བ་དང་། ལུས་ལས་སུ་རུང་བ་དང་། སེམས་ཡང་བ་དང་། སེམས་ལས་སུ་རུང་བ་དང་། སེམས་བདེ་བར་ཉམས་སུ་ཚོར་བར་འགྱུར་ཏེ། དེ་ཕྱིན་ཆད་དེ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བསམ་པ་ཐག་པ་ནས་ཡོངས་སུ་རྟོག་ཅིང་སྡིག་པའི་རྨི་ལམ་རྨི་བར་མི་འགྱུར་རོ། །དེ་རྨི་ལམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པ། སྐུ་གསེར་གྱི་ཁ་དོག་
ཅན། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་པ། ཆོས་སྟོན་ཅིང་བཞུགས་པ་དག་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་ཉིད་ཐོས་
པར་འགྱུར་ཞིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་ལྡན་པའི་གཏམ་ཉིད་ཐོས་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་དོན་ཐོས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་
བརྒྱད་ཀྱི་བར་གྱི་དོན་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཡང་མཐོང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བ་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་གཟུང་བར་བྱའོ། །སེམས་ཅན་རྣམས་ནི་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་
ནི་འདི་ལྟར་ཡོངས་སུ་གཟུང་བར་བྱ་ཞེས། ཆོས་བགྲོ་བ་བྱེད་པ་དག་ཀྱང་མཐོང་བར་འགྱུར་རོ། །ཤར་ཕྱོགས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་དག་གི་སྒྲ་ཡང་ཐོས་པར་འགྱུར་རོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་།

སྟེང་དང་། ཕྱོགས་མཚམས་དག་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ག་གེ་མོ་ཞིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཞེས་བྱ་བ། བྱང་
ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་འདི་སྙེད་ཅིག་གིས་མདུན་གྱིས་བལྟས་ནས། ཡོངས་སུ་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་སོ་ཞེས་ཐོས་པར་འགྱུར་རོ། །ཤར་ཕྱོགས་ན་སངས་རྒྱས་བྱེ་བ་
ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་ཞིང་ཕྱོགས་བཅུའི་བར་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་སྐུ་
གདུང་གི་རིང་བསྲེལ་གྱི་རྟེན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཀྱང་མཐོང་བར་འགྱུར་རོ། །མཆོད་རྟེན་དེ་དག་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དག་མཐོང་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྨི་ལམ་བཟང་པོ་དེ་ལྟ་བུ་དེ་དག་རྨི་བར་འགྱུར་རོ། །བདེ་བར་གཉིད་
ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་ཏེ། ལུས་ལ་གཟི་བརྗིད་བཅུག་པར་ཉམས་སུ་ཚོར་ཞིང་ལུས་ཀྱང་ལྕི་བ་མེད་དེ། ཡང་བར་ཉམས་སུ་ཚོར་བར་འགྱུར་རོ། །དེ་ཁ་ཟས་ལ་ཡང་བརྐམ་པའི་ཤས་ཆེ་བར་མི་འགྱུར་རོ། །གོས་དང་། ཟས་དང་། མལ་ཆ་དང་། སྟན་
དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་བརྐམ་པར་མི་འགྱུར་ཏེ། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དགེ་སློང་རྣལ་འབྱོར་སྤྱོད་པ་ཏིང་ངེ་འཛིན་ལས་ལངས་པ་དེ་ནི་ཡིད་ལ་བྱེད་པས་ཚིམ་པར་གྱུར་པའི་སེམས་ཀྱི་ཟས་ལ་བརྐམ་པའི་ཤས་ཆེ་བར་མི་འགྱུར་གྱི་ཆུང་བར་འགྱུར་བ་

བཞིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་མི་མ་ཡིན་པ་རྣམས་གཟི་བརྗིད་སྒྲུབ་པར་འགྱུར་རོ། །ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་
དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཀྱང་ལུས་ལ་གཟི་བརྗིད་འཇུག་པར་བྱེད་དོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་འཛིན་པར་མི་བྱེད། འཆང་བར་མི་བྱེད། ཀློག་པར་མི་བྱེད། ཀུན་ཆུབ་པར་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་གླེགས་བམ་དུ་བྲིས་ཏེ་འཆང་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཀྱང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་གྱི། གང་གིས་ཕྱོགས་བཅུ་ཁོར་ཡུག་གི་འཇིག་
རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་
བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་དང་། ཉན་ཐོས་དང་བཅས་པའི་དགེ་འདུན་ལ་ཡང་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་།

ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་འཛིན་པ་དང་། རི་མོ་བྱེད་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། །།
དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གལ་ཏེ་འཛམ་བུ་གླིང་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བྱས་ཏེ་བཀང་ལ། དེ་དག་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་
དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་བྱིན་པ་གང་ཡིན་པ་ཆ་འདི་གཉིས་
ལས་ཁྱོད་གང་འདོམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་བདག་ལ་སྩལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་སྩལ་བ་ལ། བདག་ནི་ཆ་འདི་གཉིས་
བཞག་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་མ་གུས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་བདག་ནི་གུས་པ་ཁོ་ན་ལགས་ཏེ། བདག་ནི་དེ་བཞིན་གཤེགས་པའི་སྐུ་
གདུང་དག་ལ་བསྟི་སྟང་དུ་བགྱིད་པར་མི་འཚལ་བའམ། བླ་མར་བགྱིད་པར་མི་འཚལ་བའམ། རི་མོར་བགྱིད་པར་མི་འཚལ་བའམ། མཆོད་པ་བགྱིད་པར་མི་འཚལ་བ་ཡང་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བ་ལགས་ཏེ། དེའི་སླད་དུ་དེ་དག་ལ་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པར་བགྱི་བ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་

བསྒོས་པ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུང་
དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་མཚན་ཉིད་གཅིག་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དེ་ཁོ་ན་
ཁྱོད་ཀྱིས་ཇི་ལྟར་བླང་བར་སེམས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་བའམ། མི་གཟུང་བའམ། འགྲིབ་པའམ། འཕེལ་བའམ། དབྲི་བའམ། བསྣན་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཕྱིར་གནས་པ་མ་ཡིན།
སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན།
སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྦྱིན་པར་བྱེད་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། ནང་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པ་མ་ཡིན། ཕ་རོལ་ཏུ་
ཕྱིན་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྦྱིན་པར་བྱེད་པ་མ་ཡིན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པ་མ་ཡིན་

པར་བདག་གིས་ཀྱང་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་
ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ་ལེགས་སོ་ལེགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་
ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །ཀཽ་ཤི་
ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་དབྱིངས་ཀྱང་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་
སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་པར་ཟད་དོ། །དེ་ནི་ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་བར་དུ་གཉིས་སུ་འདོད་པར་ཟད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་
རྟེན་གྱིས་ཕྱག་བགྱི་བའི་གནས་ལགས་སོ། །བཅོམ་ལྡན་འདས་གང་གི་ཚེ། ལྷའི་འདུན་ས་ཆོས་བཟང་ན། ལྷའི་དབང་པོའི་སྟན་ལ་བདག་མཆིས་པའི་གནས་ལ། བདག་མཆིས་པ་ན་དེར་ལྷའི་བུ་དག་བདག་ལ་བསྙེན་བཀུར་བགྱིད་པའི་སླད་དུ་མཆིས་ཏེ། གང་གི་ཚེ་བདག་
གི་སེང་གེའི་ཁྲི་ལ་བདག་མ་མཆིས་པ་དེའི་ཚེ། ལྷའི་བུ་དེ་དག་ཆོས་ཀྱི་སྟན་འདི་ལ། ལྷའི་དབང་པོ་བརྒྱ་བྱིན་འདུག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་བསྟན་ཏོ་ཞེས་བདག་གི་སྟན་དེ་ལ་ཕྱག་བགྱིས་ནས་སླར་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་པ་གནས་སམ། ཁ་དོན་དུ་བགྱིད་དམ། གཞན་དག་ལ་ཡང་དག་པར་སྟོན་པ་དེར་ཕྱོགས་བཅུ་ནས་ལྷའི་བུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་
གང་ལྷགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཕྱག་འཚལ་དུ་མཆི་ཞིང་། ཕྱག་བགྱིས་ནས་སླར་མཆི་བར་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་ལ།
སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་རྣམས་ཀྱང་འདི་ལས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་གང་ལགས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་སླད་དུའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་བྱང་
ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་དུ་གྱུར་ཅིང་། རྐྱེན་དུ་གྱུར། རྒྱུར་གྱུར། སྟོབས་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བདག་ནི་ཆ་དེ་གཉིས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་འཚལ་ལགས་ཏེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ནས། དམ་པའི་ཆོས་ལ་སེམས་གདུངས་པས་ཁ་ཏོན་དུ་བགྱིའོ། །བཅོམ་ལྡན་འདས་གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བགྱིད་པ་དེའི་ཚེ། འཇིགས་པར་འགྱུར་བ་འམ། བག་འཁུམ་པར་འགྱུར་བའི་རྒྱུ་ཡང་
དག་པར་རྗེས་སུ་མི་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས་ཤིང་། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པ་ལགས་
པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྨོས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་
ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་དང་བཅས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་
དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་
སུ་མ་མཆིས་པར་ཆོས་སྟོན་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས་གང་གི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པ་ལགས་པ་དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་
མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པར་ཐུགས་སུ་ཆུད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་ལ་མཚན་

མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པ་དང་། ཐ་སྙད་མ་མཆིས་པའི་ཆོས་སྟོན་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་།
རི་མོར་བགྱི་བ་དང་། མཆོད་པ་བགྱི་བ་དང་། གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བགྱི་བ་ལགས་ཏེ། དེ་ལ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །
ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བ་ཡང་མ་མཆིས་པར་འཚལ་བར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་གྱི་བར་དུ། དེ་བཞིན་གཤེགས་པ་མཐོང་བ་དང་། སེམས་ཅན་ཡོངས་སུ་
སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་
དག་གིས་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པ་བགྱི་བ་དང་འབྲལ་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་
ཡོངས་སུ་བཀང་སྟེ། བྱུར་བུར་བགྱིས་པ་ཞིག་ཀྱང་བདག་ལ་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་བདག་ལ་སྩལ་ན། བདག་ནི་ཆ་གཉིས་བཞག་པ་འདི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཚལ་ལགས་སོ། །དེ་

ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་དེ་ལས་བྱུང་སྟེ། བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པ་བགྱི་བ་ལགས་པས་དེས་ན། རིགས་ཀྱི་བུ་གང་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་
བགྱིད། མཆོད་པ་བགྱིད་ན། དེ་དག་ངན་འགྲོ་དག་ཏུ་སྐྱེ་བར་མི་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་ནས། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་
འདའ་བར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་གང་ལགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་གང་ལགས་པ་འདི་ནི་མཚུངས་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ལགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
གང་ལགས་པ་དང་། དེ་བཞིན་གཤེགས་པ་གང་ལགས་པ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་
གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དུ་ཡན་ལག་བཅུ་གཉིས་པའི་ཆོས་བསྟན་པ་གང་ལགས་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་བཟུང་སྟེ། ཀུན་ཆུབ་པར་བགྱིས་ནས་གཞན་དག་ལ་ཡང་བསྟན་པ་གང་ལགས་པ་དེ་ནི་མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་།
གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དག་ནི་འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་།

གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་གྱི་ཆོས་སྟོན་པ་གང་ལགས་པ་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་
སངས་རྒྱས་བཅོམ་ལྡན་འདས་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དུ་ཆོས་སྟོན་པ་གང་ལགས་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ཡོངས་སུ་འཛིན་པ་ནས། གཞན་དག་ལ་སྟོན་པའི་བར་དུ་བགྱིད་པ་གང་ལགས་པ་དེ་ནི་མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱང་འདི་ལས་བྱུང་བ་ལགས་ལ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་།
གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དེ་དག་ཀྱང་འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ལ་ཡང་མེ་
ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་དང་། གང་གིས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་
བགྱིད་པ་དེ་ནི་མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པས། གཞན་དག་ལ་ཡང་ཡང་དག་པར་སྟོན་པ་གང་ལགས་པ་དེ་ལ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་མ་
མཆིས་པར་འཚལ་བར་བགྱི་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བ་ཡང་མ་མཆིས་པར་འཚལ་བར་བགྱི་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་
བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་དེ་ལ་ནི་གང་ལས་ཀྱང་འཇིགས་པ་འབྱུང་བ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། བུ་ལོན་
པས་འཇིགས་པའི་མི་རྒྱལ་པོ་ལ་བརྟེན་ན། དེ་རྒྱལ་པོ་ལ་འཁོར་བས། དེ་གང་དག་གིས་འཇིགས་པར་གྱུར་པ་དེ་དག་ཉིད་ཀྱིས་བརྟེན་པར་འགྱུར་ཏེ། དེ་དག་གིས་འཇིགས་པར་ཡང་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མཐུ་དང་ལྡན་པ་ལ་བརྟེན་པ་ནི་དེ་ལྟར་
འགྱུར་བའི་སླད་དུ་སྟེ་རྒྱལ་པོ་ལ་བརྟེན་པ་ནི་འཇིགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པའི་སྐུ་གདུང་རྣམས་ཀྱིས་ནི་མཆོད་པ་བརྙེས་ལགས་སོ། །བཅོམ་ལྡན་འདས་དེ་ལ་རྒྱལ་པོ་དེ་ཇི་ལྟ་བ་དེ་བཞིན་དུ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བལྟ་བར་བགྱི་ལགས་སོ། །རྒྱལ་པོ་ལ་བརྟེན་པའི་མི་མཆོད་པ་འཐོབ་པ་ཇི་ལྟ་བ་དེ་བཞིན་དུ་ནི། དེ་བཞིན་གཤེགས་པའི་སྐུ་གདུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པས་མཆོད་པ་བརྙེས་པར་བལྟ་བར་བགྱི་ལགས་སོ། །

ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པར་རིག་པར་བགྱི་ལགས་སོ། །དེ་ལྟ་ལགས་པས་བདག་ནི་ཆ་འདི་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཚལ་ལགས་སོ། །དེ་ཅིའི་
སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་འདི་ལས་བྱུང་བ་ལགས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་འདི་ལས་བྱུང་བ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་འདི་ལས་བྱུང་བ་ལགས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ནི་འདི་ལས་བྱུང་བ་ལགས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ནི་འདི་ལས་བྱུང་བས། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ལགས། དེ་བཞིན་
གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལས་བྱུང་བ་ལགས་པའི་སླད་དུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་བཞི་པ། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
གང་ན་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེར་སེམས་ཅན་དེ་དག་ལ་མིའམ། མི་མ་ལགས་པ་གླགས་ཚོལ་བས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་
རིམ་གྱིས་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་ཡང་འགྱུར་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་རིན་པོ་ཆེ་ལྟར་དོན་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་
སེམས་ཅན་གང་དག་འཁོད་པ་དེ་དག་ལ་སངས་རྒྱས་ཀྱི་ཕྲིན་ལས་བགྱིད་པའི་སླད་དུ་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེར་ནི། སངས་རྒྱས་བྱུང་བར་འཚལ་བར་བགྱིའོ། །

བཅོམ་ལྡན་འདས་དཔེར་བགྱི་ན་ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མ་མཆིས་པ་ཞིག་མཆིས་ལ། ནོར་བུ་རིན་པོ་ཆེ་དེ་ཡང་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་ཏེ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་དང་གང་དུ་བཞག་པ་དེ་དང་དེར་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་ཞིང་། གང་དང་གང་
ན་སྐྱེས་པ་འམ། བུད་མེད་མི་མ་ལགས་པས་ཟིན་པ་དེ་དང་དེར། ནོར་བུ་རིན་པོ་ཆེ་དེ་ཕྱུང་ན། ནོར་བུ་རིན་པོ་ཆེ་དེར་ཕྱུང་མ་ཐག་ཏུ་མི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་མི་བཟོད་པས་འབྲོས་པར་འགྱུར་ལགས་སོ། །མཁྲིས་པའི་དབང་གིས་ཚ་བར་གྱུར་པའི་
ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ན། མཁྲིས་པ་དེ་ཡང་སེལ་བར་འགྱུར་ཞིང་། རྣམ་པར་འཕེལ་བར་མི་འགྱུར་ལ། ཞི་བར་འགྱུར་ལགས་སོ། །བསེར་མའི་བྲོ་ནད་ཀྱིས་ཐེབས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ན་ཡང་རླུང་དེ་སེལ་བར་འགྱུར་ལགས་སོ། །བད་
ཀན་གྱི་བྲོ་ནད་ཀྱིས་ཐེབས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ན་ཡང་། བད་ཀན་དེ་དག་ཐམས་ཅད་ཞི་བར་འགྱུར་ལགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདུས་པའི་བྲོ་ནད་ཀྱིས་ཐེབས་པ་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ན་ཡང་དེའི་ནད་དེ་ཞི་བར་འགྱུར་
ལགས་སོ། །ནོར་བུ་རིན་པོ་ཆེ་དེ་མཚན་མོ་ཡང་སྣང་བར་བགྱིད་པར་འགྱུར་ལགས་སོ། །ཚ་བའི་དུས་ལ་བབ་པའི་ཚེས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་བཞག་པའི་ས་ཕྱོགས་དེ་ཡང་བསིལ་བར་འགྱུར་ལགས་སོ། །ལྷགས་པའི་དུས་ལ་བབ་པའི་ཚེ། ས་ཕྱོགས་གང་
དུ་ནོར་བུ་རིན་པོ་ཆེ་དེ་བཞག་པའི་ས་ཕྱོགས་དེ་ཡང་དྲོ་བར་འགྱུར་ལགས་སོ། །ནོར་བུ་རིན་པོ་ཆེ་དེ་གང་དུ་བཞག་པའི་ས་ཕྱོགས་དེ་གྲང་ཡང་མི་གྲང་། ཚ་ཡང་མི་ཚ་སྟེ། དུས་ཚིགས་བདེ་བར་འགྱུར་ལགས་སོ། །ས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་གནས་པའི་ས་
ཕྱོགས་དེར་སྦྲུལ་གདུག་པ་དང་། སྡིག་པ་ལ་སོགས་པའམ། སྡིག་སྦྲུལ་རྣམས་ཀྱང་གནས་པར་མི་འགྱུར་ལགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པར་གྱུར་པ་དེ་ལ་ནོར་བུ་རིན་པོ་ཆེ་དེ་བསྟན་ན། དེ་ལ་བསྟན་མ་ཐག་ཏུ་དུག་དེ་དག་

ཐམས་ཅད་མ་མཆིས་པར་འགྱུར་ལགས་སོ། །ནོར་བུ་རིན་པོ་ཆེ་དེ་ནི་ཡོན་ཏན་དེ་དག་ལ་སོགས་པ་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས་སྐྱེས་པའམ། བུད་མེད་བྲོ་ནད་སྣ་ཚོགས་ཀྱིས་ཐེབས་པ་གང་ལགས་པ་དེ་དག་གིས་ལུས་ལ་གལ་ཏེ་ནོར་བུ་
རིན་པོ་ཆེ་དེ་བཏགས་ན། དེ་དག་གི་བྲོ་ནད་ཐམས་ཅད་ཀྱང་ཞི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཆབ་གང་གི་ནང་དུ་ནོར་བུ་རིན་པོ་ཆེ་སྩལ་བའི་ཆབ་དེ་དག་ཐམས་ཅད་ཀྱང་རང་བཞིན་གྱི་ཁ་དོག་ཇི་ལྟ་བ་དང་ཡན་ལག་བརྒྱད་དང་ལྡན་པར་འགྱུར་ལགས་སོ། །བཅོམ་
ལྡན་འདས་གལ་ཏེ་ནོར་བུ་རིན་པོ་ཆེ་དེ་རས་སྔོན་པོས་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན་ཡང་ཆབ་དེ་སྔོན་པོར་འགྱུར་བར་བགྱིད་ལགས་སོ། །གལ་ཏེ་སེར་པོའམ། གལ་ཏེ་དམར་པོའམ། གལ་ཏེ་བཙོད་ཀའམ། གལ་ཏེ་ཤེལ་གྱི་ཁ་དོག་ལྟ་བུའི་རས་ཀྱིས་ནོར་བུ་
རིན་པོ་ཆེ་དེ་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན་ཡང་ཆབ་དེ་ཡང་དེ་དག་གི་ཁ་དོག་ཏུ་འགྱུར་ལགས་སོ། །རས་ཚོན་སྣ་ཚོགས་སུ་བསྒྲལ་བའི་རས་ཀྱིས་ནོར་བུ་རིན་པོ་ཆེ་དེ་དཀྲིས་ནས་ཆབ་ཀྱི་ནང་དུ་སྩལ་ན་ཡང་ཆབ་དེ་ཁ་དོག་སྣ་ཚོགས་སུ་འགྱུར་བར་བགྱིད་ལགས་སོ། །བཅོམ་
ལྡན་འདས། ཆབ་རྙོག་མ་ཅན་གང་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་སྩལ་བའི་ཆབ་དེ་དག་ཐམས་ཅད་ཀྱང་དང་བར་འགྱུར་ཏེ། ནོར་བུ་རིན་པོ་ཆེ་དེ་ནི་ཡོན་ཏན་དེ་དག་ལ་སོགས་པ་དང་ལྡན་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་
སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ཅི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་དེ་ལྷའི་ཡིན་ནམ། འོན་ཏེ་འཛམ་བུའི་གླིང་གི་མི་རྣམས་ལ་ཡང་རིན་པོ་ཆེ་དེ་ལྟ་བུ་ཡོད་སྙམའམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ནོར་བུ་རིན་པོ་ཆེ་དེ་ནི་ལྷའི་ཡིན་ནོ། །འཛམ་བུའི་གླིང་
གི་མི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་གང་ཡིན་པ་ནི་ཆུང་ལ་ལྕིའོ། །ལྷའི་ནོར་བུ་རིན་པོ་ཆེ་གང་ཡིན་བ་དེ་དག་ནི་ཆེ་ལ་ཡང་སྟེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་རྣམས་ནི། ལྷའི་རིན་པོ་ཆེ་དེ་དག་ལྟར་ཡོན་ཏན་གྱི་རྣམ་པ་ཤིན་ཏུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འཛམ་བུ་གླིང་

པའི་ནོར་བུ་རིན་པོ་ཆེ་དེ་དག་ནི་ལྷའི་རིན་པོ་ཆེ་རྣམས་ཀྱི་གྲངས་སུ་ཡང་ཉེ་བར་མི་འགྲོ་སྟེ། ཆ་དང་བགྲང་བ་དང་དཔེར་ཡང་མི་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་གི་ནང་དུ་སྩལ་བ་ལས།
གང་གི་ཚེ་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་དེའི་ནང་ནས་ཕྱུང་ན་ཡང་ནོར་བུ་རིན་པོ་ཆེ་དེ་དེའི་ནང་ན་མཆིས་མཆིས་སོ་ཞེས་ཟ་མ་ཏོག་དེ་ཡང་ཡིད་དུ་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ས་ཕྱོགས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པ་དེར། རིགས་ཀྱི་
བུའམ་རིགས་ཀྱི་བུ་མོ་དག་གི་ལུས་དང་། སེམས་ཀྱི་སྡུག་བསྔལ་དང་། གནོད་པ་མིས་བགྱིས་པའམ། མི་མ་ལགས་པས་བགྱིས་པ་རྣམས་འབྱུང་བར་མི་འགྱུར་ལགས་སོ། །དེ་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བགྱི་བ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་དཔག་ཏུ་མ་མཆིས་པ་ལགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཇི་སྙེད་ཅིག་ཡོངས་སུ་བརྗོད་པར་རྔོ་ཐོགས་ལགས། དེ་བཞིན་དུ་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་
པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། ཐམས་ཅད་མཁྱེན་པ་
ཉིད་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ཡང་དེ་བཞིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་དེ་དག་གིས་དེ་བཞིན་

གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་སྐུ་གདུང་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བག་ཆགས་དང་། ཉིང་མཚམས་སྦྱོར་བ་
དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་སྣོད་དུ་གྱུར་པ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས་སྐུ་གདུང་དེ་
དག་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་རྣམས་ཀྱི་སྣོད་དུ་གྱུར་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པའི་
ཕ་རོལ་ཏུ་ཕྱིན་པ་དང་། བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། འོང་བ་མ་མཆིས་པ་དང་། འགྲོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའི་སྣོད་དུ་གྱུར་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཆོས་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་
སྣོད་དུ་གྱུར་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཆོས་ཉིད་ཀྱིས་ཡོངས་སུ་བསྒོས་པ་ལགས་ཏེ་དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ། བྱུར་བུར་བགྱིས་པ་ལྟ་ཞོག་ལགས་ཀྱི། བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ། བྱུར་བུར་བགྱིས་ལ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་གླེགས་བམ་དུ་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་བདག་ནི་ཆ་འདི་གཉིས་བཞག་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་

སུ་བསྒོས་པ་ནི་དེ་ལས་བྱུང་བའི་སླད་དུ་མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་གང་ལགས་པ་དེའི་དགེ་བའི་རྩ་བ་དེ་
ནི་མཐར་ཕྱིན་ནས། ལྷ་རྣམས་དང་། མི་རྣམས་ཀྱི་བདེ་བ་དག་ཉམས་སུ་མྱོང་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། རྒྱལ་ཆེན་
བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་བདེ་བ་ཉམས་སུ་མྱོང་སྟེ། དགེ་བའི་རྩ་བ་དེ་ཉིད་ཀྱི་སྡུག་བསྔལ་མཐར་བགྱིད་པར་འགྱུར་བ་ཙམ་དུ་བས་
ཀྱི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་གང་ལགས་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་ལགས་
སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །བཟོད་པའི་ཕ་རོལ་ཏུ་
ཕྱིན་པས་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་ལགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་བགྱིད་ལགས་སོ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་

ནས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཐོབ་པར་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཐོབ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་ཞིང་ལུས་གང་དག་གིས་སེམས་ཅན་རྣམས་
ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ལུས་བསམ་བཞིན་དུ་ལེན་པར་བགྱིད་དེ། ཡང་ན་འཁོར་ལོས་སྒྱུར་བའི་ལུས་སམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་
ལྟ་བུའི་ལུས་བླངས་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་གུས་པར་མི་བགྱིད་པ་ཡང་མ་ལགས་ལ། ལེན་པར་མི་འཚལ་བ་ཡང་མ་ལགས་མོད་ཀྱི།
འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟི་སྟང་བགྱིས་པས། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་བསྟི་སྟང་བགྱིས་པར་འགྱུར། བླ་མར་བགྱིས་པར་འགྱུར། རི་མོར་བགྱིས་པར་འགྱུར། མཆོད་པ་བགྱིས་པར་འགྱུར་ལགས་སོ། །བཅོམ་ལྡན་
འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་དེ་དག་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུར་མཐོང་བར་འཚལ་བ་གང་ལགས་པ་དེ་ནི།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི་ཞིང་ཚུལ་བཞིན་དུ་ཡང་ཡིད་ལ་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཕྱོགས་བཅུའི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི། ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཉིད་

ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་ལགས་སོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་གང་ལགས་ཞེ་ན། ནང་སྟོང་པ་ཉིད་འཚལ་བ་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཚལ་བ་གང་ལགས་པའི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འཚལ་བ་གང་ལགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་འཚལ་བ་གང་ལགས་པ་དང་། མི་འཇིགས་པ་བཞི་འཚལ་བ་གང་ལགས་པ་དང་།
སོ་སོ་ཡང་དག་པར་རིག་པ་བཞི་འཚལ་བ་གང་ལགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཚལ་བ་གང་ལགས་པ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་འཚལ་བ་གང་ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་རྣམས་དང་།
ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མ་མཆིས་པ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་འཚལ་བའི་ཆོས་རྣམས་འཚལ་བ་གང་ལགས་པ་སྟེ། འདི་ནི་འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་
ཅེས་བགྱིའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་གང་ལགས་ཞེ་ན། ཆོས་གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གནས་པ་མ་མཆིས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་
མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། འགྲིབ་པ་མ་མཆིས་པ་དང་། འཕེལ་བ་མ་མཆིས་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱི་བར་དག་ལགས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང་གང་ལགས་ཞེ་ན། ཆོས་
ཐམས་ཅད་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་པས་འདི་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། འདས་པའི་དུས་ན་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་བ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་
དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་སུ་གྱུར་པ་གང་ཡིན་པ་དེ་དག་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་སུ་འགྱུར་བ་གང་ཡིན་པ་དེ་དག་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ད་ལྟར་འཁོད་པ་གང་ཡིན་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཐོབ་པར་འགྱུར་རོ། །འཐོབ་བོ། །འདས་པའི་དུས་ན་རང་སངས་རྒྱས་སུ་གྱུར་
པ་གང་ཡིན་པ་དེ་དག་དང་། མ་འོངས་པའི་དུས་ན་རང་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་དེ་དག་དང